Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།

1 occurrence of ཇི་ཙམ་ཡོད་པ་
[Clear Hits]


  
 
  
  
  
  
  
  
འཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཇི་ཙམ་ཡོད་པ་
[Clear Hits]

 
previousའཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ།next

འཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ།

༄༅། །འཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱ་རྻ་མེ་ཏྲི་ཡ་པ་རི་པྲྀཙྪ་དྷརྨ་ཨཥྚ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱམས་པས་ཞུས་པ་ཆོས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། དྲིས་པ་དེ་དང་དེའི་ལུང་བསྟན་ཏེ་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང༌། མི་ཉམས་ལ། ཡོངས་སུ་མི་ཉམས་ཏེ། ཁྱད་པར་ཐོབ་པར་འགྱུར་བ་དང༌། བདུད་ཕྱིར་རྒོལ་བ་བཅོམ་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བརྟགས་ནས། འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང༌། ཡོངས་སུ་མི་སྐྱོ་བའི་ཡིད་དང་ལྡན་པར་གྱུར་ནས་ཀྱང༌། གཞན་གྱི་ཁ་ན་མ་ལས་པའི་ཡེ་ཤེས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ཡང་འཚང་རྒྱ་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ལེགས་སོ། །བྱམས་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ཁྱོད་ཡང་ལེགས་སོ། །བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བརྒྱད་དང་ལྡན་ན། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང༌། མི་ཉམས་ལ་ཡོངས་སུ་མི་ཉམས་ཏེ། ཁྱད་པར་ཐོབ་པར་འགྱུར། བདུད་ཕྱིར་རྒོལ་བ་བཅོམ་པར་འགྱུར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས། འཁོར་བ་ན་ཡོངས་སུ་མི་སྐྱོ་བར་འགྱུར། ཡོངས་སུ་མི་སྐྱོ་བའི་ཡིད་དང་ལྡན་པར་འགྱུར་ནས་ཀྱང་གཞན་གྱི་ཁ་ན་མ་ལས་པའི་ཡེ་ཤེས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །བརྒྱད་གང་ཞེ་ན་འདི་ལྟ་སྟེ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་པ་ཕུན་སུམ་ཚོགས་པ་ཡིན། སྦྱོར་བ་ཕུན་སུམ་ཚོགས་པ་ཡིན། གཏོང་བ་ཕུན་སུམ་ཚོགས་པ་ཡིན། ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན། བྱམས་པ་ཕུན་སུམ་ཚོགས་པ་ཡིན། སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན། ཐབས་ལ་མཁས་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་ཐོས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་ཐོས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་ངེས་པ་ཡིན། དགེ་འདུན་གྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་ཐོས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསམ་པ་ངེས་པ་ཡིན་ཏེ། བྱམས་པ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྲོག་གཅོད་པ་སྤངས་པ་ཡིན། མ་བྱིན་པ་ལེན་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། ཕྲ་མའི་ཚིག་དང༌། ངག་རྩུབ་པོ་དང༌། ཚིག་འཁྱལ་པ་སྤངས་པ་ཡིན་ཏེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་དང༌། ཕོངས་པ་དང༌། སློང་བ་རྣམས་ལ་གོས་དང༌། ཟས་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་རྣམས་གཏོང་བ་དང༌། སྦྱིན་བདག་ཏུ་གྱུར་པ་ཡིན་ཏེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་ཕུན་སུམ་ཚོགས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་དང༌། ངག་དང༌། ཡིད་ཀྱིས་དགེ་བའི་རྩ་བ་མངོན་པར་དུ་བྱེད་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུང་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གནོད་སེམས་མེད་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། གནོད་སེམས་མེད་པའི་ངག་གི་ལས་དང་ལྡན་པ་ཡིན། གནོས་སེམས་མེད་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། བྱམས་པ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཕུན་སུམ་ཚོགས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཀུན་རྫོབ་ཀྱི་དོན་ལ་མཁས་པ་ཡིན། དམ་པའི་དོན་ལ་མཁས་པ་ཡིན། གཉིས་ཀའི་དོན་ལ་མཁས་པ་ཡིན་ཏེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ནོ། །བྱམས་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་ཡིན་ཞེས་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང༌། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་ཁྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མ་ཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་ངག་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་རྣམས་འབྱུང་བར་གྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་མེད་པའི་ཕྱིར་འདི་མི་འབྱུང༌། འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགེགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་ངག་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུགས་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་འབའ་ཞིག་པོ་འདི་འགག་པར་འགྱུར་རོ་སྙམ་པ་སྟེ། བྱམས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་བྱུང་བ་ཡིན་ནོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཞིང༌། མི་ཉམས་ལ་ཡོངས་སུ་མི་ཉམས་ཏེ། ཁྱད་པར་ཐོབ་པར་འགྱུར། བདུད་ཕྱིར་རྒོལ་བ་བཅོམ་པར་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས། འཁོར་བ་ན་ཡོངས་སུ་མི་སྐྱོ་བར་འགྱུར། ཡོངས་སུ་མི་སྐྱོ་བའི་ཡིད་དང་ལྡན་པས་ཀྱང༌། གཞན་གྱི་ཁ་ན་མ་ལས་པའི་ཡེ་ཤེས་ཀྱིས་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང༌། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་ཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། བྱམས་པས་ཞུས་པ་ཆོས་བརྒྱད་པ་ཞེས་བྱ་བའི་ལེའུ་སྟེ། འདུས་པ་བཞི་བཅུ་རྩ་གཉིས་པ་རྫོགས་སོ།། །།ཤླཽ་ཀ་བརྒྱད་ཅུ་རྩ་གསུམ་མཆིས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ད་ན་ཤི་ལ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་པ་ཕབ་པའོ།། །།


previousའཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ།next