Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
སྟག་ཞོན་གྱི་ཀ་བསྟོད།
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  


3 occurrences of འབེན་
[Clear Hits]

 
previousསྟག་ཞོན་གྱི་ཀ་བསྟོད།next

སྟག་ཞོན་གྱི་ཀ་བསྟོད།


CMR029_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཞོན་གྱི་ཀ་བསྟོད་བཞུགས་སོ། །ཀཱ་ལ་མ་ཧཱ་དཔལ་ལྡན་ནག་པོ་ཆེ། །ཁ་གདངས་མཆེ་གཙིགས་ལྗགས་འདྲིལ་སྤྱན་གསུམ་བསྒྲད། །ག་ཤལ་མི་མགོའི་ཕྲེང་བས་རྣམ་པར་བརྒྱན། །ང་རོ་ཧཱུཾ་ཧཱུཾ་ཕཊ་སྒྲས་འཇིག་རྟེན་གཡོ། །ཅ་ཅོ་རྒྱོབ་སོད་བསྲོ་སྒྲས་དགྲ་བགེགས་བསྒྲལ། །ཆ་ལུགས་བེར་གསོལ་སྟག་ལ་ཆིབས་པ་ལ། །ཇ་ཕུད་ཤ་ཕུད་དཀར་གསུམ་མཆོད་པ་འབུལ། །ཉ་རྒྱས་ཟླ་བ་ལྟ་བུའི་སྤྱན་མིག་གིས། །ཏ་ཐཱ་ག་ཏའི་བསྟན་དང་བདག་ཅག་དང་། །ཐ་ན་ནོར་ལུག་བྲན་གཡོག་ཡན་ཆད་ལ། །ད་ནི་ཁྱེད་ཀྱིས་རྟག་ཏུ་བསྲུང་མཛོད་ལ། །ན་ཚ་ཤི་ཆད་གོད་ཁ་མེད་པར་མཛོད། །པ་དེ་པུ་དེའི་འཁུ་ལྡོག་མ་མཛད་པར། །ཕོ་རོལ་གནོད་པར་བྱེད་པའི་དགྲ་བགེགས་རྣམས། །བ་མོ་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་དང་ཕ་ཁུ་རྒན་རབས་ཚེ་བསྲིངས་ལ། །ཙ་རླུང་དར་བའི་གཞོན་ནུ་ཐམས་ཅད་ལ། །ཚ་གྲང་འདུ་བའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་རྡོ་རྗེ་འཆང་གིས་བཀའ་བསྒོས་ལྟར། །ཝ་ལེར་དུས་གསུམ་གཟིགས་པའི་མགོན་པོ་ཁྱོད། །ཞྭ་ལྟར་བླ་མགོན་དབྱེར་མེད་སྤྱི་བོར་བཀུར། །ཟ་འཐུང་ཕུད་ཀྱིས་ཁྱེད་ལ་མཆོད་


CMR029_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པས། །འ་རེ་འུ་རེའི་དམག་ཇག་གནོད་པ་དང་། །ཡ་ང་འཇིགས་པ་བར་དོའི་འཕྲང་ལས་སྐྱོབས། །ར་ཆེན་གནོད་སྦྱིན་ཁྲི་དང་ནག་པོ་སྟོང་། །ལ་ཆེན་ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཤཱ་ས་ན་སོགས་སྙིང་པོ་སྔགས་ཀྱིས་མཆོད། །ས་དང་ལམ་གྱི་བར་ཆད་ཞི་བ་དང་། །ཧ་ཡ་གྷི་ཝའི་གོ་འཕང་ཚེ་འདི་ལ། །ཨ་ལ་ལ་ཧོ་ཐོབ་པར་མཛད་དུ་གསོལ། ཅེས་ཇ་ཕུད་དམ། ཆང་ཕུད་དམ། འོ་ཕུད་དམ། ཤ་ཕུད་ཐུད་དང་ཁུ་བ་སོགས་བྲན་ལ་འདོན་ཆོག །ཇ་ཕུད་ལ་བཏོན་ཡང་རུང་། འབྲོང་པ་ཨོ་རྒྱན་གྱིས་བསྐུལ་ནས། ༧ ཨ་རཱ་གས་འཕྲལ་དུ་བྲིས་པའོ། བཀྲ་ཤིས་པར་ཤོག །


previousསྟག་ཞོན་གྱི་ཀ་བསྟོད།next