རྒྱུན་བསང་བསྡུས་པ་དངོས་གྲུབ་ཆར་འབེབས།
རྒྱུན་བསང་བསྡུས་པ་དངོས་གྲུབ་ཆར་འབེབས་བཞུགས་སོ།
ཨོཾ་ཨཱཿཧཱུྃ། བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་བ་སེམས་ཅན་ཀུན་དོན་དུ།བདག་གི་བསང་དང་མཆོད་པ་བྱ། །ཆོས་རྣམས་སྟོང་པའི་ངང་ཉིད་ལས། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ། །སྨུག་ནག་སྤྱན་གསུམ་ཨོཾ་གཅིག་བསྡམས།ཐོར་ཚུགས་ཕོད་ཁ་ཆོས་གོས་གསོལ། །རྡོ་རྗེ་ཕྱར་ཞིང་ཕུར་པ་འདྲིལ། །སྟག་མོའི་སྟེང་ན་འདོར་ཐབས་བཞེངས། །ཡེ་ཤེས་དམ་ཚིག་དབྱེར་མེད་པ། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །ཧཱུྃ། སྐུ་གསུམ་དག་
པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་དང་སྲུང་མ་ཐམས་ཅད་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་བསྟོད། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །གྲངས་མེད་བསྐལ་པའི་སྔོན་རོལ་དུ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཉིད།རྒྱལ་པོ་ཆོས་ཀྱི་དབང་ཕྱུག་གྱུར། །དེ་ཡིས་སངས་རྒྱས་མཆོད་པའི་ཕྱིར། །སྤོས་ཀྱི་རིལ་བུ་གཅིག་བསྲེགས་ནས། །སིལ་སྙན་དཀྲོལ་ཞིང་
བསང་མཆོད་མཛད། །སྤོས་སྤྲིན་ན་བུན་ཆེན་པོ་ཡིས། །ཞག་བདུན་བར་དུ་འཛམ་གླིང་ཁྱབ། །དེ་ནས་བསང་བྱུང་གང་ནས་བྱུང་། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས།འཛམ་གླིང་སྤྱི་བསང་བསྡུས་པ་བརྩམ། །རྒྱ་གར་ལྷ་འདྲེ་ཐམས་ཅད་མཉེས། །རྡོ་རྗེ་གདན་གྱི་གཙུག་ལག་གྲུབ། །དེ་རྗེས་སློབ་དཔོན་པདྨ་ཡིས། །ཞི་བརྔན་བསང་གསུམ་ཆོ་ག་མཛད། །བོད་ཀྱི་ལྷ་འདྲེ་ཐམས་ཅད་མགུ། །དཔལ་གྱི་བསམ་ཡས་གཙུག་ལག་གྲུབ། །དེ་རྗེས་རང་བྱུང་རྒྱལ་བ་ཡིས། །འཛམ་གླིང་སྤྱི་བསང་རྒྱས་པ་མཛད། །ཁམས་སོགས་ས་བདག་ཀླུ་གཉན་དགའ། །སོག་གི་ཆུ་ལ་ཟམ་པ་བཙུགས། །སྔོན་གྱི་སྲིད་པ་དེ་བཞིན་དུ། །ད་ལྟ་རྣལ་འབྱོར་བདག་ཅག་གི །བཟང་ཤིང་སྣ་ཚོགས་བསྲེགས་པ་ཡི། །འབྲུ་སྣ་ཕྱེ་མར་ཟས་ཕུད་མཆོད། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །རཾ་ཡཾ་ཁཾ་གིས་མི་ གཙང ་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས། །དྷཾ་ལས་ལྷ་མོ་བདུག་སྤོས་མ། མཐིང་གསལ་མཛེས་སྡུག་རྒྱན་རྣམས་རྫོགས། །ཕྱག་གཡས་བུམ་པས་ཉམས་གྲིབ་བཀྲུ། །གཡོན་པས་སྨན་སྤོས་གཞོང་པ་བསྣམས། །སྤོས་སྤྲིན་བསང་དུད་ཁམས་
གསུམ་ཁྱབ། །རབ་འབྱམས་སངས་རྒྱས་ཞིང་ཁམས་ཀུན། །སྤོས་ཀྱི་འཁྲི་ཤིང་དྲ་བ་འཁྲིགས། །དུ་བའི་ཆ་ཤས་རེ་རེ་ལ། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་མཆོད་པའི་ཚོགས། །ཅི་འདོད་ལོངས་སྤྱོད་ཆར་ལྟར་འབེབས། །དེ་འདྲའི་ངོ་མཚར་མཆོད་པ་འདིས། ཀྱཻ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་བསང་། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་བསང་། །དྲུག་པ་རྡོ་རྗེ་འཆང་ཆེན་བསང་། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་བསང་། །སྤྲུལ་སྐུ་སངས་རྒྱས་སྟོང་རྩ་བསང་། །ཐུབ་པའི་གནས་བརྟན་བཅུ་དྲུག་བསང་། །གུ་རུ་སྐུ་ལྔ་མཚན་བརྒྱད་བསང་། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བསང་། །བོད་ཀྱི་རྗེ་འབངས་ཉེར་ལྔ་བསང་། །ལོ་པཎ་ཆོས་རྒྱལ་ཐམས་ཅད་བསང་། །རྒྱ་བོད་མཁས་གྲུབ་ཐམས་ཅད་བསང་། །རྩ་བར་བརྒྱུད་པའི་བླ་མ་བསང་། །མགོན་པོ་ཚེ་དཔག་མེད་པ་བསང་། །ཡི་དམ་ཐུགས་རྗེ་ཆེན་པོ་བསང་། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསང་། །ཐེག་པ་དགུ་ཡི་ལྷ་ཚོགས་བསང་། །དམར་ནག་མེ་ཕྲེང་ལྷ་ཚོགས་བསང་། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་བསང་། །དབང་ཆེན་རྟ་
མགྲིན་ལྷ་ཚོགས་བསང་། །གསང་བདག་རྡོ་རྗེ་གཏུམ་པོ་བསང་། །བཀའ་དགོངས་ཕུར་གསུམ་ལྷ་ཚོགས་བསང་། །བདེ་གསང་འཇིགས་གསུམ་ལྷ་ཚོགས་བསང་། །སྒྲོལ་མ་ཉི་ཤུ་རྩ་གཅིག་བསང་། །ཕག་ཁྲོས་སེང་གསུམ་ལྷ་ཚོགས་བསང་། །མགོན་ཆེན་སྡེ་བཞི་འཁོར་བཅས་བསང་། །མ་ནིང་མཆེད་གསུམ་རིགས་ལྔ་བསང་། །མགོན་ཆེན་བཞི་བཅུ་ཞེ་ལྔ་བསང་། །དཔལ་ལྡན་ལྷ་མོ་དཔོན་གཡོག་བསང་། །ལྷ་མོ་སྟོང་དང་རྩ་བརྒྱད་བསང་། །དཔལ་མགོན་བདུན་ཅུ་རྩ་གཉིས་བསང་། །ཞིང་སྐྱོང་ཉི་ཤུ་རྩ་གཅིག་བསང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་བསང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །དུར་ཁྲོད་བདག་པོ་བདག་མོ་བསང་། །དམ་ཅན་མགར་བ་དམར་ནག་བསང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །ནོར་ལྷ་རྣམ་སྲས་རིགས་བརྒྱད་བསང་། །གཏེར་བདག་ཛཾ་ལྷ་རིགས་ལྔ་བསང་། །ནོར་རྒྱུན་ལྷ་མོ་མཆེད་ལྔ་བསང་། །གནོད་སྦྱིན་འབྲོག་གནས་མཆེད་ལྔ་བསང་། །རེ་མན་ལྷ་ལྔ་བརྒྱ་བསང་། །གནོད་སྦྱིན་ནོར་ལྷ་མཆེད་བརྒྱད་བསང་། །མ་
གཅིག་དཔལ་ལྡན་ལྷ་མོ་བསང་། །ཨ་ཕྱི་ཆོས་སྒྲོན་མཆེད་ལྔ་བསང་། །བཀྲ་ཤིས་ཚེ་རིང་མཆེད་ལྔ་བསང་། །རྡོ་རྗེ་གཡུ་ཡི་སྒྲོལ་མ་བསང་། །བོད་ཁམས་བརྟན་མ་བཅུ་གཉིས་བསང་། །རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་བསང་། །ཕ་མཚུན་དགྲ་ལྷ་ཐམས་ཅད་བསང་། །ཞིང་ལྷ་ཁྱིམ་ལྷ་ཐམས་ཅད་བསང་། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །ངོམ་རྒྱལ་མཚོ་བཀྲ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །གཡོ་རྫོང་མཚོ་སྨན་ལ་སོགས་པའི། །ངོམ་གྱི་མཚོ་སྨན་སྤྱན་གསུམ་བསང་། །གོ་རྒྱལ་རྡོ་རྗེ་བདུད་འཇོམས་ལ་སོགས་པའི། །རྫ་ཡི་གཞི་བདག་ཐམས་ཅད་བསང་། །དཀར་པོ་མཛེས་ལ་སོགས་པའི། །དཀར་ཕྱོགས་ཀླུ་རིགས་ཐམས་ཅད་བསང་། །ནག་པོ་སྦལ་མགོ་ལ་སོགས་པའི། །ཀླུ་བདུད་ཀླུ་བཙན་ཐམས་ཅད་བསང་། །སྐུ་རྒྱལ་ཤེ་ནེ་ལ་སོགས་པའི། །མདོ་ཁམས་སྒང་གི་གཞི་བདག་བསང་། །ཚམ་ཕུ་དུང་རྣ་ལ་སོགས་པའི། །ཆམ་གྱི་གཞི་བདག་
ཐམས་ཅད་བསང་། །རྫ་རྒྱལ་ངང་པ་ལ་སོགས་པའི། །རྫ་ཡི་གཞི་བདག་ཐམས་ཅད་བསང་། །སྤྱམ་རྒྱལ་ཕྱག་མཛོད་ལ་སོགས་པའི། །སྤྲམ་གྱི་གཞི་བདག་ཐམས་ཅད་བསང་། །གསང་རྒྱལ་གཏམ་རྒྱལ་སྤ་རྒྱལ་སོགས། །ལྕི་དཔལ་གཏམ་གསུམ་གཞི་བདག་བསང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ས་བདག་ཡུལ་བདག་གྲོང་གི་བདག །གནས་འདིའི་གཞི་བདག་གཉན་པོ་ཀུན། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །ཕྱེ་མར་འབྲུ་སྣ་ཟས་ཕུད་དང་། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །ཡི་དམ་རྣམས་ཀྱིས་དངོས་གྲུབ་སྩོལ། །མཁའ་འགྲོ་རྣམས་ཀྱིས་བར་ཆད་སོལ། །ཆོས་སྐྱོང་རྣམས་ཀྱིས་ཕྲིན་ལས་སྒྲུབས། །ནོར་ལྷ་རྣམས་ཀྱིས་ཕྱུ་གཡང་ཕོབ། །གཞི་བདག་རྣམས་ཀྱིས་སྡོང་གྲོགས་མཛོད། །གྲིབ་དང་མི་ གཙང ་སང་གྱུར་ཅིག་།ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །དེ་ནས་ཁུ་ཡེ་ནི། རྐང་བཞི་ནོར་གྱི་ཕྱུགས་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །
བང་མཛོད་འབྲུ་ཡི་ནས་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །མི་འཕེལ་རྟ་གཡག་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཐུགས་དང་འགལ་བ་ཐམས་ཅད་བཤགས། །མགྲོན་རྣམས་གཤེགས་བཞུགས་ཅི་དགྱེས་མཛོད། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག །ཐམས་ཅད་དམིགས་མེད་སྤྲོས་དང་བྲལ། །སྐྱེ་མེད་ཆོས་སྐུའི་ཀློང་དུ་ཨ་ཨཱཿ །ཞེས་རྒྱུན་བསང་དངོས་གྲུབ་ཆར་འབེབས་༧ ཀརྨ་ཨ་རཱ་གས་སྦྱར་བའོ། །དགེ་ལེགས་འཕེལ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།