Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག། next

རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག།


DNG003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པ་རུ་པ་རུ་རཱི་ན་མཿ། བོད་སྐད་དུ། རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ལ། རིགས་ལྔའི་ལྷ་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །བར་དོ་ཡི་ནི་སྣང་བ་ལ། །ཞག་ནི་ཅི་ཙམ་ཐོགས་པར་འགྱུར། །མོས་པའི་འཁོར་ལ་གསུང་དུ་གསོལ། །སྟོབས་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་འདུས་པའི་འཁོར། །སེམས་ཅན་རྣམས་ཀྱི་ལམ་ཆེན་ནི། །ཆོས་ཉིད་རང་སྣང་བར་དོ་ལ། །ཞག་བདུན་བར་དུ་གནས་པར་འགྱུར། །དེ་ནི་རང་རང་སྣང་བའི་ཡུལ། །སེམས་དང་རིག་པ་ཞག་བདུན་བྲལ། །དེ་ཚེ་རྣམ་རྟོག་འགྱུ་མེད་གསལ། །དེ་ནས་ཞག་བདུན་ལོན་པ་དང་། །སྔོན་གྱི་བག་ཆགས་སད་ནས་ནི། །སེམས་ལ་སྣང་བ་ཕྲ་རགས་འབྱུང་། །དེ་ཚེ་བདུན་ཚིགས་དང་པོ་ཡིས། །བག་ཆགས་ཁད་ཀྱིས་འབྲི་བར་གསུངས། །དེ་ནི་རྨི་ལམ་འཛིན་པའི་བར་དོའོ། །དེ་ཉིད་ཞག་བདུན་གནས་པའོ། །དེ་ཚེ་སེམས་ཀྱི་རྣམ་རྟོག་ལྡང་། །སྣང་བའི་ཆོ་འཕྲུལ་དེ་དག་ཀུན། །བན་བུན་ཡད་ཡུད་ལང་ལོང་འོང་། །དེ་ཚེ་ཤེས་པ་གྱ་གྱུར་གནས། །དཔེར་ན་མི་དགའ་བ་ཡི་མི་དག་ལ། །ཚིག་ནི་འཇམ་པོར་སྨྲ་བ་ཡིས། །མི་དགའ་སྤངས་ནས་བདེ་སྤྱོད་ལྟར། །དེ་ཚེ་བདུན་ཚིགས་གཉིས་པ་འདིས། །ཚེ་འདས་རིགས་ཀྱི་བུ་དེ་ཡི། །ཤེས་པ་བཟུང་ནས་བདེ་ལ་གནས། །དེ་ནས་སྲིད་པ་བར་དོ་དེར། །ཞག་བདུན་གནས་ཤིང་སྡུག་བསྔལ་དྲན། །ཚེ་འདས་ཤེས་པ་རང་དབང་མེད། །ཕ་རོལ་དག་གིས་འཕྲོག་པ་དང་། །རང་དབང་མེད་པའི་སྤྱོད་པ་འབྱུང་། །དེ་ནས་ཞག་བདུན་ལོན་པ་དང་། །བདུན་ཚིགས་


DNG003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་དབང་བསྐུར་བས། །མཐོ་རིས་གོ་འཕང་གསུམ་ཐོབ་འགྱུར། །དེ་ལྟར་བདུན་ཚིགས་བྱས་པ་ན། །རང་རང་སྡུག་བསྔལ་གནས་སུ་འགྲོལ། །དེ་ལྟར་བདུན་ཚིགས་བྱས་པས་ན། །དམྱལ་བར་འགྲོ་བའི་མི་དག་ཀུན། །བྱོལ་སོང་གནས་སུ་འདྲེན་པའོ། །ཡི་དྭགས་གནས་སུ་སྐྱེ་བ་རྣམས། །ལྷ་མ་ཡིན་གྱི་གནས་སུ་འདྲེན། །བྱོལ་སོང་གནས་སུ་སྐྱེ་བ་རྣམས། །ལྷ་ཡི་གནས་སུ་འདྲེན་པར་བྱེད། །ཆ་མཉམ་དག་ཏུ་སྐྱེ་བ་རྣམས། །མི་ཡི་གནས་སུ་འདྲེན་པར་བྱེད། །ལྷ་དང་མི་རུ་སྐྱེ་བ་རྣམས། །ས་ལ་གནས་པའི་རིགས་སུ་སྐྱེ། །བྱང་སེམས་རིགས་སུ་སྐྱེ་བ་དག །བླ་མེད་གོ་འཕང་འཐོབ་པར་གསུངས། །དེ་ཕྱིར་བདུན་ཚིགས་ཆོ་ག་བཤད། །བདུན་ཚིགས་བར་མའི་སྦྱོར་བ་ཡི། །ཆོ་ག་མདོར་བསྡུས་ཡན་ལག་དང་། །དཀྱིལ་འཁོར་རྫས་དང་ཡོ་བྱད་རྣམས། །ཉེ་བའི་འཁོར་ལ་བཤད་དུ་གསོལ། །དེ་ནས་རྣམ་གྲོལ་དེ་ཉིད་ཀྱིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་ལེགས་པར་ཉོན། །བདུན་ཚིགས་མཆོད་པ་འདི་ཉིད་ལ། །སྒྲིབ་སྦྱོང་ལས་ཀྱི་དཀྱིལ་འཁོར་བཞེངས། །དཀྱིལ་འཁོར་བཞེངས་སུ་གསོལ་ནས་ནི། །དབུས་སུ་དཔལ་གྱི་གཏོར་མ་བཅའ། །ལན་ཆགས་གཏོར་མ་གོང་དང་མཐུན། །དཀྱིལ་འཁོར་དེ་ཡི་ཤར་སྒོ་རུ། །དྲི་མ་དེ་ཉིད་རྩ་རུ་ཡང་། །ལྷ་བཤོས་མཛེས་པ་བཅུ་གསུམ་བཞག །ཤིན་ཏུ་གཙང་མའི་གཏོར་མ་བཞག །མཆོད་པ་རྣམ་ལྔ་ཉིད་ཀྱང་དབུལ། །ཕྱི་ཆོག་ནང་ཆོག་གཞུང་བཞིན་བྱ། །དགེ་བའི་ལས་རྣམས་ཅི་ནུས་བྱ། །ཚེ་འདས་ཉིད་ཀྱང་བྱེད་པར་བསམ། །རིགས་དྲུག་གནས་ནས་དྲང་བ་དང་། །སྐྱེ་བ་མེད་པར་ལམ་བསྟན་བྱ། །སངས་རྒྱས་སྲས་པོར་དབང་བསྐུར་ཞིང་། །ཞིང་ཁམས་དེ་ལས་མི་གཡོ་བའི། །རབ་ཏུ་གནས་པའི་ཆོ་ག་བྱ། །དེ་ནས་མཆོད་ཆེན་འདི་སྐད་བརྗོད། །ཧཱུྃ་གསང་བ་ཡེ་ཤེས་མཆོད་ཆེན་འདི། །གར་དང་ཡེ་ཤེས་ཕྱག་རྒྱར་གསལ། །མཆོད་པའི་དཀྱིལ་འཁོར་སྤྲིན་ཚོགས་ནི། །གཉིས་མེད་འཁྲིལ་དང་ཡིད་བཞིན་


DNG003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །ཡིད་དུ་འོང་དང་མཛེས་པ་ཡི། །འོད་ཟེར་སྣ་ཚོགས་འཕྲོ་བ་དང་། །ཡེ་ཤེས་སྒོ་དང་རབ་ལྡན་པའི། །མ་ཉམས་བཀོད་ལེགས་དབྱིབས་ཉིད་དང་། །གསལ་འཚེར་ལྷུན་སྡུག་ཕོ་བྲང་འདིར། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ས་མ་ཡ་མུ་དྲ་སྟྭཾ། ཨོཾ་གདན་བཏིང་ལགས་སོ་བཅོམ་ལྡན་འདས། །ཉི་ཟླ་རིན་ཆེན་སྣ་ལྔ་དང་། །པདྨ་རབ་མཛེས་སྟོབས་ལྡན་པའི། །གླང་ཆེན་རྟ་དང་རྨ་བྱའི་ཁྲི། །ནམ་མཁའ་ལྡིང་དང་སེང་གེ་དང་། །ཉི་ཟླ་གསལ་བའི་གདན་བཏིང་ངོ་། །སྣ་ཚོགས་ཡིད་འོང་གདན་བཏིང་ངོ་། །ས་མ་ཡ་པྲ་བྷ་ན་ཙཀྲ་ཏིཥྛ་ལྷན། ཧཱུྃ་ཤིན་ཏུ་མཛེས་པའི་གདན་དང་ནི། །རང་སྣང་འོད་གསལ་གཞལ་ཡས་འདིར། །བླ་མ་སངས་རྒྱས་སྲས་བཅས་དང་། །རིགས་ལྔ་ཁྲོ་རྒྱལ་ཡབ་ཡུམ་རྣམས། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། ཨོཾ་དམིགས་མེད་མཁའ་མཉམ་རྡོ་རྗེ་སྙིང་པོའི་སྐུ། །ཨཱཿབཅོམ་ལྡན་མགོན་པོ་རྡོ་རྗེ་ཡེ་ཤེས་སྐུ། །ཧཱུྃ་བརྗོད་མེད་བསམ་བྲལ་རྡོ་རྗེ་ཆོས་ཀྱི་སྐུ། །བྱ་བ་རྫོགས་པའི་འགྱུར་མེད་ས་ལ་གནས། །ཡེ་ཤེས་བཅོམ་ལྡན་རྟོག་མེད་ཆོས་ཀྱི་སྐུ། །འཛིན་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་འགག་མེད་རྡོ་རྗེའི་དོན་ཉིད་འཛིན་པ་སྟེ། །ཨཱཿཐུགས་རྗེའི་སྤྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །ཧཱུྃ་མུ་ཁྱུད་ཕོ་བྲང་ལྔ་ལྡན་དཀྱིལ་འཁོར་ན། །སྐུ་ལྔ་རྟོག་མེད་སོ་སོའི་མཚན་འཛིན་པ། །འགྱུར་མེད་དོན་ལྡན་རིགས་ལྔའི་ཡེ་ཤེས་སྐུ། །ཚོམ་བུ་ལྔ་ལྡན་གཙོ་བོའི་དཀྱིལ་འཁོར་སྟོན། །ཡབ་ལྔ་ཡུམ་ལྔ་སྐུ་ལྔ་མདུན་རྒྱབ་མེད། །ཡེ་ཤེས་ཐུགས་རྗེའི་སྤྱན་ལྡན་ལོངས་སྤྱོད་སྐུ། །སྟོང་གསལ་ལོངས་སྤྱོད་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་ཐུགས་རྗེའི་སྟོབས་ཀྱིས་འགྲོ་བ་ཕ་རོལ་སྒྲོལ། །ཨཱཿསྐུ་མདོག་ཁྲོ་བོའི་ཆ་ལུགས་གད་རྒྱངས་ཅན། །ཧཱུྃ་དབུ་གསུམ་ཐོར་ཚུགས་གཅིག་ཏུ་བཅིངས་པས་འཁོར་རྣམས་སྐྲག །ཕྱག་དྲུག་ཕྱག་མཚན་ཐ་དད་བསྣམས་པས་དགྲ་བགེགས་འདུལ། །སྐུ་ལ་ཆས་བརྒྱད་གསོལ་ཞིང་མ་མོ་དབང་དུ་སྡུད། །ཐུགས་རྗེས་འགྲོ་བ་


DNG003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འདམ་ནས་འདྲེན་མཛད་བཅོམ་ལྡན་སྨན་གྱི་བླ། །ཕ་རོལ་སྟོབས་ཀྱིས་འདུལ་བའི་ཁྲོ་རྒྱལ་ཧཱུྃ་སྒྲ་ཅན། །མ་རིག་འཇོམས་པའི་ཐུགས་རྗེའི་འོད་པོ་ཆེ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་སྐུ་གསུམ་དོན་ལྡན་སངས་རྒྱས་ཀུན་གྱི་མེས། །ཨཱཿཐུགས་རྗེའི་སྟོབས་བདག་གཞོན་ནུ་ཉིད་ཀྱི་སྐུ། །ཧཱུྃ་སྐུ་གསུམ་ཡེ་ཤེས་རྫོགས་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿཧཱུྃཿ། བདག་ཅག་སྡུག་བསྔལ་ཆེན་པོས་ཟིན་པ་ལ། །ཐུགས་རྗེའི་ལྕགས་ཀྱུས་འཛིན་པ་སྐུ་དྲིན་ཆེ། །བདག་ཅག་འདོད་པའི་ཚད་པས་གདུང་བ་ལ། །ཐུགས་རྗེའི་ཆུ་རྒྱུན་འབེབས་པ་སྐུ་དྲིན་ཆེ། །བདག་ཅག་འཁོར་བའི་གཅོང་རོང་དོག་མོར་ལྷུང་བ་ལ། །ཐུགས་རྗེའི་ཞགས་པས་འགྲོ་བ་འདྲེན་མཛད་པ། །ཐབས་ལྡན་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །བདག་ཅག་མ་རིག་མུན་པའི་དབང་དུ་འཁྱམས་པ་ལ། །རྣམ་དག་སྒྲོན་མེ་འདེགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་དཔག་ཏུ་མེད་པར་ལམ་སྟོར་བར། །ས་མཁན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །དང་པོའི་ནོར་བུ་མ་རྙེད་རྟག་ཏུ་སྟོར། །གཞལ་ཡས་སྟོན་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ལས་དང་ཉོན་མོངས་རྒྱུད་དྲུག་འཁོར་བ་ཡི། །ཆུ་བོ་སྒྲོལ་མཛད་གྲུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔར་སྤྲུལ་ནས་འགྲོ་དོན་མཛད། །ཡེ་ཤེས་མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་བའི་རྒྱ་མཚོ་དཔག་ཏུ་མེད་པ་ནས། །ཐུགས་རྗེས་འདྲེན་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མཆོག་འབར་བའི་ཡེ་ཤེས་རྣམ་པར་དག །སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཨ་ཏི་ཤ་བཛྲ་ས་མ་ཡ་སྟྭཾ། ཧོ་མི་གནས་པའི་ཡེ་ཤེས་ཀྱི་མངའ་བདག་རྣམས་དགོངས་སུ་གསོལ། ཚེ་ལས་འདས་པ་ཆེ་གེ་མོ་འདི་བྱང་ཆུབ་ཀྱི་སྙིང་པོ་ལ་མ་གནས་པའི་བར་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བསྟན་པ། གསུང་བསྟན་པ། ཐུགས་བསྟན་པ། ཡོན་ཏན་བསྟན་པ། ཕྲིན་ལས་བསྟན་པ་མི་ཟད་པའི་འཁོར་དང་བཅས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་


DNG003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྣང་བ་དང་། མི་སྣང་བ་དང་། གསུང་གྲགས་པ་དང་བཅས་པ་དང་། གྲགས་པ་མེད་པ་དང་། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། ཐུགས་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པ་དང་། རབ་ཏུ་བྱུང་བ་དང་། ཁྱིམ་པའི་བྱང་ཆུབ་སེམས་དཔའ་དང་། སེམས་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང་། ཆོས་ཀྱི་སྐུ་ཐམས་ཅད་དང་། སྤྲུལ་པའི་སྐུ་ཐམས་ཅད་དང་། ལོངས་སྐུ་ཐམས་ཅད་དང་། ངོ་བོ་ཉིད་ཀྱི་སྐུ་ཐམས་ཅད་དང་། དཀྱིལ་འཁོར་ཀྱི་ལྷ་ཚོགས་ཐམས་ཅད་ལ། བདག་རྡོ་རྗེ་སློབ་དཔོན་དང་། ཚེ་ལས་འདས་ཤིང་འཕོས་པའི་ཆེ་གེ་མོ་ཞེས་བྱ་བས། གུས་པའི་ཚུལ་གསུམ་གྱིས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྐྱེ་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པར་མཛད་དུ་གསོལ། ཐབས་ཀྱིས་འཁོར་བའི་ཆུ་བོ་ལས་བསྒྲལ་དུ་གསོལ། ཡེ་ཤེས་ཐོགས་པ་མེད་པའི་སྤྱན་ལྔ་བསྟན་དུ་གསོལ། ལྷའི་སྐུ་ཐམས་ཅད་མངོན་པར་སྣང་བར་མཛད་དུ་གསོལ། དེ་ནས་སློབ་དཔོན་གསང་བའི་དབང་ཐོབ་པ་དེས། ཏིང་འཛིན་ལ་གནས་པར་བྱས་ནས། མཆོད་པ་རྣམ་པ་ལྔ་ལ་སོགས་ཅི་འབྱོར་བའི་མཆོད་པ་འབུལ་ལོ། །ཚིགས་བཅད་གོང་མ་དེ་བར་བར་ལ་གཏང་བར་བྱའོ། །དེ་ནས་སློབ་དཔོན་དེ་ནང་གི་ཕྲིན་ལས་གང་ཡང་རུང་བ་གཞུང་བསྲང་ངོ་། །དཀྱིལ་འཁོར་ཐམས་ཅད་གསལ་བར་བསྒོམ། དེ་ནས་གོང་གི་མཆོད་པ་རྣམས་དང་རིགས་དྲུག་གནས་ནས་དྲང་བའི་ཆོ་ག་ཡང་བྱའོ། །ལན་ཆགས་གཏོར་མའི་ཆོ་ག་ཡང་བྱའོ། །ཚེ་འདས་པའི་རིགས་ཀྱི་བུ་ལ་དབང་བསྐུར་བ་དང་། གནས་སྤར་བའི་ཆོ་ག་ཡང་བྱའོ། །ཆོས་ཀྱི་སྐུའི་གནས་སུ་བརྟན་པར་བཞུགས་པར་བསམ་ཞིང་། རིགས་དྲུག་གི་གནས་ནས་ཡང་ནས་ཡང་དུ་དྲང་ངོ་། །མཆོད་པ་ཐམས་ཅད་ཀྱི་སྔགས་ནི། ཨོཾ་པྲ་བྷཉྩ་ཀྲ་ཐ་ཡཱ་སྟྭ། བཛྲ་པཱུ་ཛ་ཧོ། མ་ཧཱ་ཀ་རུ་ཎི་ཀཱ་ཡཱ་ས་མ་ཡཱ་མུ་དྲ། བཛྲ་དྷུ་པེ་དྷཱུ། བཛྲ་པུཥ྇་པུ། བཛྲ་གནྡྷེ་གན། བཛྲ་ནཱིརྟི་ཧཱུྃ། བཛྲ་གཱིཏཱི་ཧྲཱྀཿ། བཛྲ་ཏིང་ས་ཛ་ཧོ། བཛྲ་ཨཱ་ལོ་ཀེ་ཧྲཱྀཿ། བཛྲ་ཧ་ཧ་ཧེ་ཧེ་ཧྲི་ཧྲི། བཛྲ་མ་ཧཱ་སརྦ་ཀུ་ན་ལ་རག་ཤ་ཧེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡཱ། མ་ཧཱ་མུ་དྲ་ཨཱ། དེ་ལྟར་སྔགས་ཆེན་དེ་བརྗོད་


DNG003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མཆོད་པ་ཆེན་པོ་འདི་སྐད་བརྗོད། ཨོཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདེ་བར་གཤེགས་སོ་ཁྲོ་རྒྱལ་ཚོགས། །ཧཱུཾ་བདེ་བར་གཤེགས་སོ་ཨ་ར་ལི། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ཨ་ལ་ལ་ཧོ། རིགས་ལྔ་ཁྲག་འཐུང་བཅས་པ་ལ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཀུན་ཏུ་བཟང་པོའི་མཆོད་པར་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཚེ་ལས་འདས་པ་ཆེ་གེ་མོ་འདི་དང་། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱི་སྒྲིབ་པ་གཉིས་སྦྱངས། ཚོགས་རྣམ་པ་གཉིས་རྫོགས་ནས། ཐུགས་དམ་རྒྱ་མཚོ་ཡོངས་སུ་བསྐང་བར་གྱུར་ཅིག །ཉམས་ཆག་ཐམས་ཅད་སོར་ཆུད་པར་གྱུར་ཅིག །རྐྱེན་དབང་ཐམས་ཅད་བཟློག་པར་གྱུར་ཅིག །བདུད་ཀྱི་དཔུང་རྣམས་ཆོམས་ཤིག །ཚེ་ལས་འདས་པ་གཤེད་དང་བྲལ་བར་གྱུར་ཅིག །ཚིག་དེ་རྣམས་ནི་མཆོད་པ་ཀུན་གྱི་བར་བར་དུ་ཤེས་པར་བྱའོ། །ད་ནི་རྒྱལ་སྲིད་སྣ་བདུན་གྱིས་མཆོད་པ་ནི། ཧཱུྃ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡིས། །ཏྲཾ། སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །བྷྲཱུཾ། རིན་ཆེན་རྣམ་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཧྲཱྀཿ། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཏྲཾ། བླ་དྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་ཚོགས་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་དང་། །ལྷ་དང་ལྷ་མོ་རྡུལ་སྙེད་པས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་ཚོགས་ལ་འབུལ། །འགྲོ་བའི་ཚེ་འདས་དོན་དུ་བཞེས་སུ་གསོལ། ཞེས་


DNG003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་འགྲེས་དོན་དུ་བཞེས་སུ་གསོལ། །ཏྲཾ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དངོས་གྲུབ་འབྲས་བུ་འདོད་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་མཆོད། །ཕྱི་ཡི་སྦས་པ་གསང་ལ་སོགས། །ནང་གི་མཆོད་པ་མཆོག་འདི་རྣམས། །ཕྱག་རྒྱ་སྦྱོར་བའི་ཚུལ་བཞེས་ལ། །ཚུལ་བཞིན་རྒྱས་པར་དབུལ་བར་བྱའོ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཏྲཾ་རཏྣ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ད་ནི་དུག་ལྔ་ཡེ་ཤེས་ལྔའི་མཆོད་པ་འབུལ་ཏེ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །ཞེ་སྡང་སྤྱོད་པའི་ལས་གང་རྣམས། །རྡོ་རྗེ་རིགས་ཀྱི་ལས་སྤྱོད་དེ། །དམིགས་པ་སྒྲོལ་བའི་མཆོད་པར་བཞེས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །འདོད་ཆགས་སྤྱོད་པའི་ལས་གང་རྣམས། །པདྨ་རིགས་ཀྱི་ལས་སྤྱོད་དེ། །ཐམས་ཅད་ཡབ་ཡུམ་གཉིས་མེད་སྦྱོར། །ཚེ་འདས་དོན་དུ་བཞེས་སུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །གཏི་མུག་སྤྱོད་པའི་ལས་གང་རྣམས། །བདེ་གཤེགས་རིགས་ཀྱི་མཛད་སྤྱོད་དེ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །ང་རྒྱལ་སྤྱོད་པའི་ལས་རྣམས་ཀུན། །རིན་ཆེན་རིགས་ཀྱི་ལས་སྤྱོད་དེ། །དམིགས་པའི་དམ་ཚིག་མཆོད་པར་བཞེས། །ཚེ་འདས་དོན་དུ་བཞེས་སུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །ཕྲག་དོག་སྤྱོད་པའི་ལས་རྣམས་གང་། །ལས་ཀྱི་རིགས་ཀྱི་ལས་སྤྱོད་དེ། །དམིགས་པའི་དམ་ཚིག་མཆོད་པར་བཞེས། །ཚེ་འདས་དོན་དུ་བཞེས་སུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ང་རྒྱལ་ཕྲག་དོག་སྤྱོད་པ་རྣམས། །རྡོ་རྗེ་ཐེག་པར་རབ་རྟོགས་ཏེ། །མཆོག་གི་མཆོད་པར་བཞེས་སུ་གསོལ། །ཚེ་འདས་དོན་ཕྱིར་བཞེས་སུ་གསོལ། །ཨ་ལ་ལ་ཧོ། དུག་ལྔ་ཡེ་ཤེས་ལྔ་ཡི་མཆོད་པ་འདི་ཕུལ་བས། ཚེ་ལས་འདས་པ་ཆེ་གེ་མོ་དང་། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་འཁོར་དང་བཅས་པ་


DNG003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས། ཐུགས་དམ་ཡོངས་སུ་བསྐང་བར་གྱུར་ཅིག །ཉམས་ཆག་སོར་ཆུད་པར་གྱུར་ཅིག །རྐྱེན་རྣམས་བཟློག་པར་གྱུར་ཅིག །བདུད་དཔུང་ཆོམས་ཤིག །ཚེ་འདས་གཤེད་དང་བྲལ་བར་གྱུར་ཅིག །ད་ནི་ཕྱག་རྒྱ་བཞིའི་མཆོད་པ་དབུལ་ཏེ། ཧཱུཾ་ནམ་མཁའི་མཐའ་ཀླས་འཇིག་རྟེན་ནས། །སྲིད་གསུམ་སེམས་ཅན་མ་ལུས་ཀུན། །གཟུགས་སུ་སྣང་བ་ཇི་སྙེད་པ། །སྣ་ཚོགས་ཕྱག་རྒྱའི་དཀྱིལ་འཁོར་ཏེ། །སྐུ་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །སྒྲ་རུ་གྲགས་པ་ཅི་སྙེད་པ། །ཐམས་ཅད་མ་ལུས་སྔགས་ཀྱི་ཚིག །གསུང་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །སེམས་ཀྱི་རྟོག་པ་ཅི་སྙེད་པ། །ཏིང་འཛིན་འབུམ་ཕྲག་བསམ་ཡས་པ། །ཐུགས་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །དགེ་དང་མི་དགེའི་ལས་གང་རྣམས། །ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ། །ལས་ཀྱི་ཕྱག་རྒྱའི་མཆོད་པར་བཞེས། །ཀུན་ནས་ཀུན་ཏུ་ཐམས་ཅད་ཀུན། །དངོས་པོ་ལ་སོགས་བརྟན་གཡོ་ཀུན། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །བདེ་གཤེགས་ཕྱག་རྒྱའི་མཆོད་པ་བཞེས། །ད་ནི་བདུད་རྩིའི་མཆོད་པ་དབུལ་ཏེ། ཧཱུཾ་བདེ་གཤེགས་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །དྲི་ཆེན་ངད་ལྡན་སྤོས་ཀྱི་བསུང་མཆོག་འདི། །གཏི་མུག་ཤེས་རབ་འབར་བར་བྱིན་བརླབ་མཛད་སླད་དུ། །བུཌྜྷ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །མུ་ཏིག་དཀར་པོ་དྲི་མེད་བྱང་ཆུབ་སེམས། །ཐམས་ཅད་བསྐྱེད་པའི་རྒྱུ་སྟེ་འཁོར་བ་འཛིན། །ཞེ་སྡང་བདུད་ཀྱི་རིགས་རྣམས་ཞི་བར་མཛད་སླད་དུ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་པདྨ་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །རཀྟ་ཟླ་གམ་དྲི་མེད་བྱང་ཆུབ་སེམས། །ཐམས་ཅད་བསྐྱེད་པའི་རྒྱུ་སྟེ་འཁོར་བ་འཛིན། །འདོད་ཆགས་ལེན་པ་མེད་པའི་རིགས་པ་སྟེ། །སྦྱོར་བ་རྣམ་པར་དག་པ་མཛད་སླད་དུ། །པདྨ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་རིན་ཆེན་


DNG003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཐུགས་དམ་བསྐང་བ་ནི། །ཤ་ཆེན་ཤེས་རབ་འབར་བའི་བྱིན་རླབས་ཀྱིས། །ཁམས་གསུམ་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ང་རྒྱལ་བདུད་ཀྱི་རིགས་རྣམས་ཞི་བར་མཛད་སླད་དུ། །རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །རྡོ་རྗེ་ལས་ཀྱི་ཆུ་སྟེ་པཉྩ་ཨ་མྲྀ་ཏ། །ཕྲག་དོག་ཆེན་པོའི་ལས་ཀྱི་རྒྱུ་སྦྱང་སྟེ། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་ཏེ། ཨོཾ་དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ། །ཨཱཿ། ལོག་རྟོག་མཚན་མ་མང་པོའི་སྤྲིན་ཕུང་རྣམས། །ཧཱུཾ་ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་བསལ་ཏེ། །དག་པའི་དོན་དུ་རྟོགས་ཏེ་མཆོད་པར་འབུལ། །ཨཱོཾ་དམ་རྫས་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཨཱཿསྐུ་ལྔ་ཆོས་ལྔའི་རང་བཞིན་དབྱེར་མེད་ཅིང་། །ཧཱུཾ་དེ་བཞིན་དག་པ་ཉིད་ཀྱི་དག་པ་ཉིད་མཆོད་ནས། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ་པར་འབུལ། །ཤེས་རབ་སེམས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོད་བཀོད་དེ། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར་མཆོད་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་མཆོད་པར་འབུལ། །ཨཱོཾ་ལྡན་དཀར་ལ་འཚེར་བའི་ཡོན་ཏན་ལས། །ཨཱཿལྡན་དམར་ལ་དྭངས་པའི་བྱིན་རླབས་ཀྱིས། །ཧཱུཾ་ལྡན་བདེ་ཆེན་གར་མཛད་གར་གྱི་དབང་ཕྱུག་ཆེ། །བདེ་ཆེན་སྐུ་ལ་དབང་གི་མཆོད་པ་འབུལ། །ཨཱོཾ་དག་ཅིང་གསལ་བ་ཤེལ་གྱི་དཀྱིལ་འཁོར་དུ། །ཨཱཿཕྲ་ཞིང་མཉེན་པ་གསེར་གྱིས་ལུག་རྒྱུད་བཞིན། །ཧཱུཾ་དབྱེར་མེད་དབྱིངས་སུ་གཅིག་པས་ན། །བྱང་ཆུབ་སེམས་སུ་རྟོགས་ནས་རིག་པ་ཉིད་ལ་མཆོད་པར་འབུལ། །ཨཱོཾ་བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཨཱཿའཕྲུལ་ཞལ་ཡིད་འོང་རི་མོས་བརྒྱན་པ་འདི། །ཧཱུཾ་འོད་དང་དུ་བ་སྒྲ་དང་དྲི་ལ་སོགས། །དབྱིངས་ནས་བཏོན་ནས་དབྱིངས་སུ་མཆོད་པར་འབུལ། །ཚེ་འདས་དོན་དུ་མཆོད་པ་བཞེས་སུ་གསོལ། །ཐབས་དང་ཤེས་རབ་གསང་བ་


DNG003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་མཆོད་པར་ཕུལ་བ་ལ་སོགས་པའོ། །ད་ནི་རྨད་དུ་བྱུང་བ་གཏོར་མའི་མཆོད་པ་འབུལ་ཏེ་འདི་སྐད་དོ། །ཧཱུཾ་རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་བའི། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་ཞིང་། །བཅོམ་ལྡན་བདེ་གཤེགས་དཀྱིལ་འཁོར་ཅན། །ཞི་ཁྲོ་འཁོར་བཅས་མ་ལུས་ཐམས་ཅད་དང་། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་ལ་སོགས། །རྣལ་འབྱོར་སྒྲུབ་དང་རིག་འཛིན་ཐམས་ཅད་ལ། །ཚེ་འདས་དོན་ཕྱིར་མཆོད་ཅིང་ཕྱག་འཚལ་ལོ། །མི་མཉམ་མཉམ་པས་ནམ་མཁའ་ཁྱབ་པ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་རབ་བརྒྱན་པས། །ཡིད་བཞིན་སྐུ་མཆོག་ཡོན་ཏན་མཐའ་ཡས་གཏེར། །ཤེས་རབ་དཀྱིལ་འཁོར་མ་ལུས་ཐམས་ཅད་དང་། །ཕྱག་བརྙན་འདུ་འཕྲོ་རྔམ་པའི་ཚོགས་ལ་སོགས། །རྣལ་འབྱོར་ཆེན་པོས་མཆོད་པ་མང་པོ་འཚལ། །དགྱེས་པ་རོལ་མོའི་མཆོད་པ་འདི་བཞེས་ལ། །ཨོཾ་གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །རཀྟ་དམར་གྱིས་ཐིག་བཀྱེ་ཞིང་། །མི་བཟུང་གཏོར་བའི་གཏོར་མ་འདི། །འབུལ་ནི་བླ་མ་ལྷ་ལ་འབུལ། །མཆོད་ནི་གསང་བའི་དཀྱིལ་འཁོར་མཆོད། །སྦྱོར་ལྡན་ཚོགས་སུ་བཀྲམ་སྟེ་འབུལ་ལགས་ན། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ། བྷ་ལིངྟ་ཁ་ཁ་ཁཱ་ཧི། ཨ་ལ་ལ་ཧོ། རྨད་དུ་བྱུང་བའི་མཆོད་པའོ། །ད་ནི་གར་གྱི་མཆོད་པ་དབུལ་བར་བྱ་སྟེ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་ཕཊ། དེས་ནི་ཏིང་འཛིན་གསལ་བ་དང་། འདི་སྐད་དོ། །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་དང་། །པདྨ་ཀྲོ་དྷཱི་ཤྭ་རི་ལ། །འབར་བའི་གར་གྱིས་བསྐོར་བ་ནི། །སྲིད་གསུམ་འཇོམས་མཛད་དབྱིངས་ཕྱུག་གཽ་རི་མ། །དམ་ཚིག་དབྱིངས་མཆོག་སྐུལ་བྱེད་ཙཽ་རཱི་མ། །སྟོང་གསུམ་རྒྱལ་མཛད་རྒྱས་བྱེད་པྲ་མོ་ཧ། །མ་ལུས་ཟ་བྱེད་རྡོར་


DNG003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱར་བེ་ཏཱ་ལཱི། །བདེ་ཆེན་ཞིང་དུ་འདྲེན་མཛད་པུཀྐ་སཱི། །བསྒྲལ་ནས་ཞལ་དུ་སྟོབས་མཛད་གྷསྨ་རཱི། །ཐུགས་རྗེའི་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནཱི། །འབར་མ་སྟོང་གསུམ་སྟོངས་མཛད་ཙཎྜ་ལཱི། །གར་དང་དབྱངས་ཀྱི་མཆོད་པ་འདིས། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །དཔལ་གྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་གཡར་དམ་བསྐང་གྱུར་ཅིག །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་དང་། །པདྨ་ཀྲོ་དྷཱི་ཤྭ་རཱི་ལ། །ཕྲ་མེན་གར་གྱིས་བསྐོར་བ་ནི། །འགྲོ་བའི་སྡུག་བསྔལ་གཅོད་བྱེད་སིང་ཧ་མ། །འཆི་བདག་བདུད་ཀྱི་སྡེ་བཅོམ་བྱཱ་གྷྲི་མ། །དུར་ཁྲོད་བགེགས་ཀྱི་ཚོགས་བཅོམ་སྲྀ་ག་ལཱ། །རྡོ་རྗེ་བདུད་འདུལ་ཟ་བྱེད་ཤྭ་ན་མ། །མགྱོགས་མ་ཁྲག་འཐུང་སྙོག་བྱེད་གྲྀ་ཌྷ་མ། །འཁོར་བའི་སྡུག་བསྔལ་ཚེ་འཕྲོགས་ཀཾ་ཀ་མ། །ཡོན་ཏན་ཡིད་བཞིན་བདག་ཉིད་ཀཱ་ཀ་མ། །འགྲོ་བའི་དོན་མཛད་ཁྲག་འཐུང་ཨུ་ལཱུ་མ། །གར་དང་དབྱངས་ཀྱི་མཆོད་པ་འདིས། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །དཔལ་གྱི་ཐུགས་དམ་བསྐངས་གྱུར་ནས། །བདག་ཅག་དབྱར་དམ་བསྐང་གྱུར་ཅིག །ཕྲ་མེན་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་དང་། །ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ། །སྒོ་མ་གར་གྱིས་བསྐོར་བ་ནི། །རྟ་གདོང་དཀར་མོ་ལྕགས་ཀྱུ་འདྲེན། །ཕག་གདོང་ནག་མོ་མཆེ་ཞགས་འཕེན། །ཉི་ཟླ་དམར་མོ་ལྕགས་སྒྲོག་སྡོམ། །ཐལ་བྱེད་ལྗང་ནག་དྲིལ་འཁྲོལ་དགྱེས། །གར་དང་དབྱངས་ཀྱི་མཆོད་པ་འདིས། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །དཔལ་གྱི་ཐུགས་དམ་བསྐང་གྱུར་ཅིག །སྒོ་མའི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་དབྱར་དམ་བསྐང་གྱུར་ཅིག །ཨ་ལ་ལ་ཧོ། གར་དང་ཡེ་ཤེས་མཆོད་པ་འདི་ཕུལ་བས། ཚེ་ལས་འདས་པའི་ཆེ་གེ་མོ་འདི་དང་། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱི། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས། ཐུགས་དམ་རྒྱ་མཚོ་ཡོངས་སུ་བསྐང་བར་གྱུར་ཅིག །


DNG003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཉམས་ཐམས་ཅད་སོར་ཆུད་པར་གྱུར་ཅིག །རྐྱེན་དབང་ཐམས་ཅད་བཟློག་པར་གྱུར་ཅིག །བདུད་དཔུང་ཆོམས་ཤིག །ཚེ་འདས་གཤེད་མ་དང་བྲལ་བར་གྱུར་ཅིག །དེ་ནས་བསྟོད་པའི་རྒྱལ་པོ་གླུ་ཡེ་ཤེས་ཀྱི་མཆོད་པ་བྱུང་སྟེ། འདི་སྐད་དོ། །ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱིས་བརྗིད། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཧཱུཾ་ཕཊ་རྔམས་པའི་ང་རོ་འབྲུག་སྟོང་སྒྲོགས། །ཐུག་ཆོམས་རི་རབ་འབུམ་སྙིལ་སྐད། །ཨ་ལ་ལ་ཡི་གད་རྒྱངས་ཅན། །བཤུག་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོ་བོའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་འོད་ཀྱི་ཐིག་ལེ་ཆེ་ཧོ། །ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེའི་བྲག་སྟེ་སྲ་ཆེན་པོ། །རྡོ་རྗེའི་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེའི་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེའི་རླུང་སྟེ་འཐོར་རླུང་ཆེ། །ཧོ། དེ་ཡན་ཆད་མཆོད་པ་ཆེན་པོའི་རིམ་པའོ། །འདི་མན་ཆད་ཚོགས་དང་བསྟབ་པ་བྱའོ། །ཧོ་ཧེ་རུ་ཀ་ཡི་གནས་ཆེན་པོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀུན། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། །ཨཱོཾ་ཛ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་ཨི་དམ། པུཥྤ། དྷཱུ་བ། ཨཱ་ལོ་ཀ །གྷནྡྷ་ཁ་ཁ་ཁཱ་ཧི་ཁཱི་ཧི། ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་པྲ་བེ་
ཤ་ཡ། ཨཱ་བེ་ཤ་ཡ་པྲ་ཏིཙྪ་ཧོ། ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤྲཱི་བན་ཙ་ཁཱ་ཧི་ཁཱ་ཧི། ད་ནི་ཚོགས་བསྒྲལ་བར་བྱ་སྟེ། མཆེ་བའི་ཕྱག་རྒྱ་བཅས་ལ་འདི་སྐད་དོ། །ཧཱུཾ་ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུག་པ་མ་ལུས་འདུལ་བ་དང་། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲ་བར་ཆགས་པ་ཡི། །དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལ། །འཁོར་གྱི་ཕྲ་མེན་ཚོགས་དང་རོལ། །མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ཉམས་དང་དགྲ་ཆེན་པོ། །ཐུགས་རྗེ་བྱམས་དང་ལྡན་པ་པོས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཛ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་སརྦ་དུཥྚཱན། ས་མ་ཡ། མུ་དྲ་མཱ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲྀ་ད་ཡ། པི་པཱ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ས་མ་ཡ་མུ་དྲ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་ལེ་ཁ་ལེ། ཁ་ཧི། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། དེ་ལྟར་མཆོད་པའི་གཞུང་རྫོགས་ནས། །སྡིག་པ་བཤགས་དང་གསོལ་བ་གདབ། །རིགས་དྲུག་གནས་ནས་དྲང་བར་བྱ། །དཀྱིལ་འཁོར་བསྡུ་ཞིང་མཆོད་རྫོགས་བྱ། །གསང་སྔགས་ཚིག་དང་དགོངས་པས་བསྡུ། །ཕྱག་རྒྱ་དང་ནི་སྔགས་ཚིག་གོ། །ཞེས་རྫོགས་པ་རང་བྱུང་ཆེན་པོ་དབང་བསྐུར་གསང་བའི་རྒྱུད་ལས། རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་གཉིས་པའི་ལེའུ་སྟེ་བཞི་པའོ།། །།


previousརྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག། next