Nitartha Digital Library
Tibetan
 
previousརྒྱབ་ཆོས་མཐའ་རྟེན་གྱི་མན་ངགno next

རྒྱབ་ཆོས་མཐའ་རྟེན་གྱི་མན་ངག

གསུམ་པ་རྗེས་རྒྱབ་ཆོས་མཐའ་རྟེན་གྱི་མན་ངག་ལ༔ མི་འགུལ་པ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱི་ཚད་བཟུང་བ༔ ཐོབ་པ་གསུམ་གྱི་གཟེར་གདབ་པ་དང་གསུམ་གསུམ་དགུ་སྟེ༔ ཐལ་འགྱུར་ལས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ སྡོད་པ་གསུམ་གྱིས་ཚད་བཟུང་བས༔ རྨི་ལམ་བཟློག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངེས་བཟུང་བའོ༔ ཐོབ་པ་གསུམ་གྱི་གཟེར་བཏབ་པས༔ ཟག་བཅས་ཕུང་པོ་མི་སྣང་བའོ༔ ཞེས་སོ༔

དང་པོ་ལ་ལུས་སྐུ་གསུམ་གྱི་བཞུགས་སྟངས་ལས་མི་འགུལ་བ༔ མིག་གཟིགས་སྟངས་ལས་མི་འགུལ་བ༔ སེམས་རིག་པ་ཅོག་བཞག་ལས་མི་འགུལ་བ་དང་གསུམ་དུ་ཡོད་པ་སྟེ༔ འདས་རྗེས་ལས༔ མིག་དང་ལུས་དང་རིག་པ་ཉིད༔ འགུལ་བ་མེད་པའི་གནད་ཟིན་ན༔ མངོན་གསུམ་གནད་ལ་ཕེབས་པའོ༔ ཞེས་སོ༔

དང་པོ་ནི༔ ལུས་བཞུགས་སྟངས་གསུམ་ལས་མ་གཡོས་པས་ལུས་མི་འགུལ་བ་གསུམ་གྱིས་དྲང་པོར་གནས་པས་རྩ་མི་འགུལ་བར་དྲང་༔ རྩ་དྲང་བས་མིག་དང་རླུང་མི་འགུལ་བར་དྲང་༔ རླུང་དྲང་བས་སེམས་དྲང་༔ སེམས་དྲང་བས་ཡེ་ཤེས་རང་ལུགས་སུ་གནས་ཤིང་དྲང་བས་ན་ཆོས་ཉིད་མངོན་དུ་འཆར་བའི་གོ་ཕྱེད་པའོ༔ རབ་འབྱམས་ལས༔ དེ་ཡི་རྒྱབ་བརྟེན་དགུ་ཡིན་ཏེ༔ དང་པོར་མི་འགུལ་གསུམ་དུ་བསྟན༔ ལུས་ནི་སྐུ་གསུམ་བཞུགས་སྟངས་ལས༔ སྐད་ཅིག་ཙམ་ཡང་མི་འབྲལ་བྱ༔ དེ་ལྟར་ལུས་ཉིད་མ་འགུལ་བས༔ རྩ་མིག་རླུང་སེམས་མི་འགུལ་ལོ༔ ཞེས་སོ༔

གཉིས་པ་ནི༔ མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་གནས་པའི་གནད་ཀྱིས་རྩ་མི་འགུལ་པས་མིག༔ མིག་མི་འགུལ་བས་སྒྲོན་མ་མི་འགུལ་བར་རྟགས་སྣང་མངོན་པར་མཐོང་ཞིང་བརྟན་པའི་རྟེན་བྱེད་པའང་༔ རབ་འབྱམས་ལས༔ གཟིགས་སྟངས་གསུམ་ལས་འགུལ་མི་བྱ༔ རྩ་གནད་སྒོ་ཡི་ཁྱད་པར་གྱིས༔ རིག་པ་སྒྲོན་མར་འཆར་བའོ༔ རྩ་མ་འགུལ་ན་མིག་མི་འགུལ༔ སྒྲོན་མ་མི་འགུལ་གནད་དུ་ཆེ༔ ཞེས་སོ༔

གསུམ་པ་ནི༔ གནད་དེ་གཉིས་ཀྱི་སེམས་མི་འགུལ་བ༔ རང་ཤུགས་ཀྱིས་གྲུབ་སླ་ཡང་དེ་ཙམ་དུ་མ་ཟད་རིག་པ་ཡེ་ཤེས་རྗེན་པའི་ངང་མཐོང་ཐོག་ལས་མ་གཡོས་པར་བཞག་པས་དབྱིངས་འཆར་ཆ་དང༔ རིག་པ་གཟུང་དུ་ཆུད་ནས་དགོངས་པ་ངོ་བོ་མངོན་སུམ་པའི་གནད་ཐོག་ཏུ་ཕེབས་པའོ༔ དེ་ཡང་རབ་འབྱམས་ལས༔ སེམས་མ་འགུལ་བས་རྟོག་མི་འབྱུང་༔ དབྱིངས་རིག་འདུ་འབྲལ་མེད་པ་སྟེ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ ཞེས་སོ༔

གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ལ༔ རྩ་རྒྱུད་ལས༔ སྡོད་པ་གསུམ་གྱི་ཚད་བཟུང་བས༔ རྨི་ལམ་ལྡོག་དང་ལུས་ངག་ཡིད༔ རྟགས་དང་ཚད་ནི་ངེས་བཟུང་པའོ༔ ཞེས་སྔར་དྲང་བའི་དོན་ལྟར་དངོས་དང་དེ་ལས་བྱུང་བའི་རྟགས་ཚད་གདེངས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས༔

དང་པོ་ལ་གསུམ་སྟེ༔ འདས་རྗེས་ལས༔ ལུས་དང་སྣང་བ་རླུང་ཉིད་ཀྱང་༔ བྱས་པ་མེད་པར་སྡོད་པའོ༔ ཆོས་ཉིད་དལ་བས་གྲུབ་པའོ༔ ཞེས་པས་དེ་ལྟར་མི་འགུལ་བ་གསུམ་ལ་གཞི་བཅས་ནས་དབྱིངས་རིག་ཟུང་འཇུག་གི་དོན་ལ་ཡུན་དུ་གནས་པས༔ ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་ནས་དབྱིངས་རིག་འགྲོ་འོང་མེད་པར་སྡོད༔ ཕུང་པོ་གཡོ་བྱེད་ཀྱི་ལས་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད༔ གསང་བ་འགྱུ་བྱེད་ཀྱི་རྟའི་རླུང་ཟད་པས་སེམས་རྣམ་རྟོག་གི་གཡོ་འགུལ་མེད་པར་སྡོད་པའོ༔ དེ་ལྟར་སྡོད་པ་གསུམ་གྱི་ཚད་དམན་འབྲིང་མཆོག་གསུམ་སྣང་བ་གསུམ་ལ་ཐོབ་པའོ༔ རབ་འབྱམས་ལས༔ ཀྱེ་ཧོ་སེམས་དཔའ་རྡོ་རྗེ་རྩལ༔ གཉིས་པ་སྡོད་པ་གསུམ་དུ་བསྟན༔ ཕྱི་ནང་བསྐྱོད་པའི་རླུང་ཟད་པས༔ དབྱིངས་རིག་འགྲོ་འོང་མེད་པར་སྡོད༔ ཕུང་པོ་བསྐྱོད་པའི་རླུང་ཟད་པས༔ ལུས་ནི་མི་འགུལ་སྡོད་པའོ༔ གསང་བ་འགྱུ་བྱེད་རླུང་ཟད་བས༔ སེམས་རྟོག་མི་འགྱུ་སྡོད་པའོ༔ ཞེས་སོ༔

གཉིས་པ་རྟགས་ཚད་གདེངས་ཀྱི་རིམ་པ་གསུམ་བཤད་པ་ལ༔ ཀློང་གསལ་ལས༔ དེ་ལྟར་ཉམས་སུ་བླངས་བ་ཡི༔ རྟགས་དང་ཚད་དང་གདེང་བཞི་ཉིད༔ ཅེས་པས༔ རྟགས་སྒོ་གསུམ་ལ་འཆར་བ་དང་༔ ཚད་རྨི་ལམ་གྱིས་འཛིན་པ་དང་༔ གདེངས་ལྟ་བ་ལ་ཐོབ་པ་གསུམ་དུ་ཡོད་པར༔ དེ་ཉིད་ལས༔ ཚད་ནི་རྨི་ལམ་དག་གིས་འབྱུང་༔ རྟགས་ནི་ལུས་ངག་ཡིད་ལ་འཆར༔ ཞེས་དང་༔ རབ་འབྱམས་ལས༔ ཚད་ནི་རྨི་ལམ་བཟུང་བ་སྟེ༔ ལུས་ངག་ཡིད་གསུམ་རྟགས་ཚད་བཟུང་༔ ཞེས་སོ༔

དང་པོ་རྟགས་ལ་འགྱུར་བཅས་བར་ཆད་ཀྱི་རྟགས༔ འགྱུར་མེད་དོན་གྱི་ངེས་རྟགས་གཉིས་སུ་ཡོད་པ་ལས༔ དང་པོ་ལ༔ བསླུ་བ་བདུད་ཀྱི༔ ཉམས་ལྟ་མཁའ་འགྲོའི༔ སྣང་ཤེས་ཉམས་ཀྱི་རྟགས་གསུམ་དུ་ཡོད་པ་ཆོས་ཉིད་དོན་གསལ་ལས༔ ལྟ་བསྒོམ་སྤྱོད་པ་ཉམས་བྱུང་གི་བདུད་གཅོད་ཚུལ་དང་བཅས་པས་ལེགས་པར་བཤད་པ་ལྟར་རོ༔

གཉིས་པ་འགྱུར་མེད་དོན་གྱི་རྟགས་ལ་སྤྱིར་བཤད་པ་དང་༔ བྱེ་བྲག་ཏུ་བཤད་པ་གཉིས་ལས༔ སྤྱིར་ལྟ་བ་རྟོགས་ནས་བསྒོམ་པས་ཉམས་སུ་བླངས་བའི་ཡང་དག་པའི་ལམ་དུ་འགྲོ་བའི་རྟགས་ནི༔ འབྱུང་བས་མི་གནོད་པའི་རྟགས་བཅུ་སོགས་ལུས་ཀྱི་རྟགས་དང་༔ ངག་ལ་བདེན་པ་གྲུབ་པས་ཅི་སྨྲས་གཞན་ལ་ཕན་པ་དང་༔ མགྲིན་པའི་རྩ་མདུད་གྲོལ་བས་ཆོས་ཚིག་རང་རྡོལ་དུ་འབྱུང་༔ སེམས་ལ་ཏིང་འཛིན་རྒྱུན་ཆད་མེད་པར་ཆུ་བོའི་རྒྱུན་དུ་གནས༔ སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཤེས་རྩལ་སོ་སོ་ཡང་དག་རིག་པ་བཞིར་འབར༔ སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་དབང་བསྐུར་ཐོབ༔ རླུང་སེམས་ལ་རང་དབང་ཐོབ་ནས་ཉོན་མོངས་པའི་དབང་དུ་མི་འགྲོ་བ་ལ་སོགས་པའོ༔

གཉིས་པ་བྱེ་བྲག་ཏུ་སྣང་བ་བཞི་མངོན་དུ་གྱུར་པའི་རྟགས་སོ་སོ་ནི༔ དབང་བཞིའི་ནུས་པ་སྒོ་གསུམ་ལ་ཞུགས་པ་དང་༔ སྐུ་བཞིའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་དག་པའི་ཡོན་ཏན་གྱི་མངོན་རྟོགས་ཆུང་ངུ་དང་༔ འབྲིང་དང་༔ ཆེན་པོ་དང་༔ མཆོག་གི་རིམ་པས་རྟགས་བཅུ་གཉིས་སུ་ཡོད་དེ་དེ་ཡང་༔ ཆོས་ཉིད་མངོན་སུམ་གྱི་དུས་སུ་སྤྲུལ་སྐུ་ཐུབ་པ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་མཐུན་ཐོབ་པའི་ལུས་ཀྱི་ཉེས་པའི་སྤྱོད་པ་དང་འགུལ་བསྐྱོད་ཀྱི་བྱ་བ་ལ་མི་གནས་པ་རུ་སྤལ་༼ རུས་སྦལ། དཔྱད། ༽མཁར་གཞོང་དུ་བཅུག་པ་ལྟ་བུ་དང་༔ ངག་སྨྲ་བ་ལ་མི་གནས་པ་དཔེ་ལྐུགས་པ་ལྟ་བུ་དང་༔ སེམས་རྣམ་རྟོག་འཕྲོ་ཡང་གར་གཏད་དུ་སྡོད་པ་འདབ་ཆགས་སྙིས་ཟིན་པ་ལྟ་བུ་སྟེ༔ འདི་དག་གི་ཁུངས་ནི་བཤད་རྒྱུད་རབ་འབྱམས་ལས༔ ཆོས་ཉིད་མངོན་སུམ་སྣང་བའི་དུས༔ ལུས་ནི་རུས་སྦལ་སྣོད་བཅུག་འདྲ༔ ངག་ནི་ལྐུགས་པ་སྨྲ་མི་འདོད༔ སེམས་ནི་མི་འཕྲོ་གར་གཏད་སྡོད༔ ཅེས་དང་༔ བཤད་རྒྱུད་ཀློང་གསལ་ལས༔ དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི༔ རྟགས་ནི་རྣམ་པ་གསུམ་འཆར་ཏེ༔ ལུས་ནི་བྱ་བྱེད་མེད་པ་རུ༔ རུས་སྦལ་མཁར་གཞོང་བཅུག་པ་འདྲ༔ ངག་ནི་སྨྲ་སྙིང་མི་འདོད་དེ༔ ལྐུགས་པ་ལྟ་བུར་གྱུར་པའོ༔ སེམས་ནི་འདབ་ཆགས་སྙིས་ཟིན་འདྲ༔ རྣམ་རྟོག་འཕྲོ་ཡང་གར་གཏད་འདུག༔ ཅེས་སོ༔

གོང་འཕེལ་གྱི་དུས་སུ་ལོངས་སྐུ་མ་སྤངས་རྒྱན་རྫོགས་ཀྱི་རོལ་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་མཐུན་པ་དགག་སྒྲུབ་འཛིན་པ་གྲོལ་བའི་ལུས་སྒེག་ཆོས་དང་ངོ་ཚ་མེད་པ་སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུ་དང་༔ ངག་གཏམ་ལ་དགག་སྒྲུབ་དང་དོན་ཏིག་མེད་པ་སྨྱོན་པ་རང་ཚིག་རྡོལ་བ་ལྟ་བུ་དང་༔ སེམས་རྟོག་ཚོགས་རང་གྲོལ་དུ་སོང་ནས་འཁོར་བའི་བྱ་བ་ལ་མི་འཇུག་པ་རྩི་དུག་གིས་ལན་བདུན་མྱོས་པའི་སྐྱེས་བུ་ལྟ་བུ་སྟེ༔ རབ་འབྱམས་ལས༔ ཉམས་སྣང་གོང་འཕེལ་དུས་ཉིད་དུ༔ ལུས་ལ་རྒྱན་དང་བྱི་དོར་བྲལ༔ ངག་ནི་དོན་མེད་ཅལ་ཅོལ་ཏེ༔ སེམས་ནི་ཁམས་གསུམ་ཟློག་རེ་ཀན༔ ཞེས་དང་༔ ཀློང་གསལ་ལས༔ ད་ནི་ཉམས་སྣང་གོང་འཕེལ་གྱི༔ སྣང་བ་ཐོབ་པའི་རྟགས་གསུམ་ནི༔ ལུས་ལ་གཅེས་ལོད་མེད་པ་སྟེ༔ སྐྱེས་བུ་ནད་ཀྱིས་གདུང་བ་ལྟ་བུར་འཆར༔ ངག་ནི་སྨྱོན་པ་ལྟ་བུ་སྟེ༔ གཏམ་ལ་དོན་ཏིག་མེད་པར་འཆར༔ སེམས་ནི་འཁོར་བར་མི་ལྟུང་ཐག་ཆད་དེ༔ སྐྱེས་བུ་དུག་གིས་ཐེབས་པ་ལྟ་བུར་འགྱུར༔ ཞེས་སོ༔

ཚད་ཕེབས་ཀྱི་དུས་སུ་ཆོས་སྐུ་ཀུན་བཟང་བླ་མེད་ཀྱི་སྐུ་གསུམ་ཐུགས་ཀྱི་ངོ་མཚར་རྗེས་མཐུན་པར་ལུས་འབྱུང་བ་ལྔ་ལ་ཐོགས་མེད་ཟང་ཐལ་དུ་འགྲོ་བ་ནི་གླང་པོ་ཆེ་འདམ་དུ་བྱིང་བ་རང་སྟོབས་ཀྱིས་དོན་པ་དང་འདྲ༔ ངག་ཅི་སྨྲས་ཆོས་སུ་འགྱུར་ཞིང་གཞན་ལ་ཕན་ཐོགས་པའི་བདེན་པ་གྲུབ་སྟེ་གཞན་གྱིས་རྣ་བར་འཇུག་བ་ནི༔ གྲུལ་བུམ་གྱི་ཕྲུ་གུས་རྒྱང་གླུ་ལེན་པ་ལྟ་བུའོ༔ སེམས་ཕྱིན་ཆད་འཁོར་བ་ལ་མི་འཇུག་པར་ཐག་ཆོད་ཡིད་ཆེས་ངེས་པའི་གདེང་དང་ལྡན་པ་ནི༔ དཔེ་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུ་སྟེ༔ རབ་འབྱམས་ལས༔ རིག་པ་ཚད་ལ་ཕེབས་དུས་སུ༔ ལུས་ནི་འབྱུང་ལྔ་ཐོགས་མེད་འགྲོ༔ ངག་ལ་ཀུན་ཉན་ཆོས་སུ་འོངས༔ སེམས་ནི་ཡིད་ཆེས་གདེང་ལྡན་ནོ༔ ཞེས་དང་༔ ཀློང་གསལ་ལས༔ རིག་པ་ཚད་ཕེབས་རྟགས་གསུམ་ནི༔ ལུས་ནི་འབྱུང་བ་ལྔ་པོ་ལ༔ ཐོགས་པ་མེད་པར་ཟང་ཐལ་འགྲོ༔ གླང་ཆེན་འདམ་དུ་བྱིང་བ་འདྲ༔ ངག་ནི་ཇི་ལྟར་སྨྲ་བ་བཞིན༔ གཞན་རྣམས་ཉན་ཅིང་ནུས་པ་འབྱུང་༔ དཔེ་ནི་གྲུལ་བུམ་བུ་ཚ་འདྲ༔ སེམས་ནི་འཁོར་བར་མི་ལྟུང་བར༔ དོན་ཐག་ཆོད་པས་ཉག་གཅིག་རྟོགས༔ སྐྱེས་བུ་འབྲུམ་ནད་བྱང་བ་འདྲ༔ ཞེས་སོ༔

ཟད་པའི་དུས་སུ་ངོ་བོ་ཉིད་ཟག་མེད་འདུས་མ་བྱས་པའི་སྐུ་གསུམ་ཐུགས་མཐར་ཐུག་ལྷུན་གྱིས་གྲུབ་པའི་རྗེས་མཐུན་ཐོབ་པས་ལུས་སུ་འཛིན་པའི་བག་ཆགས་དག་ནས་དུར་ཁྲོད་ཀྱི་མི་རོ་ལྟ་བུ་གཤེད་མ་བརྒྱས་བསྐོར་ཀྱང་ཉམས་ང་དང་བག་ཚ་མེད་པ༔ ངག་གི་བག་ཆགས་དག་ནས་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེས་པས་བྲག་ཆ་ལྟར་གཞན་གྱི་རྗེས་སུ་བཟློ་བ་དང་༔ སེམས་ན་བུན་ནམ་མཁའ་ལ་ཡལ་བ་བཞིན་སྐད་ཅིག་ཏུ་མི་སྡོད་པར་རང་ཡལ་ཀ་དག་གི་ངང་དུ་གྲོལ་བ་ནི༔ རབ་འབྱམས་ལས༔ ཆོས་རྣམས་ཟད་པའི་སྣང་བའི་དུས༔ ལུས་ལ་གཤེད་མས་ཡ་ང་མེད༔ ངག་ནི་ཟུངས་ཟད་ལད་མོ་བྲག་ཆ་འདྲ༔ སེམས་ནི་བག་ཆགས་སྐད་ཅིག་ཡལ༔ བར་སྣང་ན་བུན་ཇི་བཞིན་འགྱུར༔ ཞེས་དང་༔ ཀློང་གསལ་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ གདེང་ཚད་གྲོལ་བའི་རྟགས་སུ་ནི༔ ལུས་ནི་དུར་ཁྲོད་མི་རོ་འདྲ༔ ཉམ་ང་མེད་པར་རང་གྲོལ་ལོ༔ ངག་ནི་བྲག་ཆ་ལྟ་བུ་སྟེ༔ གཏམ་གྱི་ཟུངས་ཟད་གཞན་ལེན་སྨྲ༔ སེམས་ནི་ན་བུན་ལྟ་བུ་སྟེ༔ སྐད་ཅིག་མི་འདུག་རང་ཡལ་ལོ༔ བག་ཆགས་ཕུང་པོ་རང་ཡལ་ལོ༔ ཞེས་སོ༔

གཉིས་པ་ཚད་རྨི་ལམ་གྱི་བཟུང་བ་ནི༔ གོམས་པ་རབ་ཏུ་གྱུར་བའི་གང་ཟག་རྣམས་ཀྱིས་བག་ཆགས་ཀྱི་ཞེན་པ་དབྱིངས་སུ་དག་ནས་རྨི་ལམ་གཏན་ནས་ཆད་དེ་འོད་གསལ་འཁོར་ཡུག་ཏུ་འཆར་བའི་ཆོས་ཉིད་ཀྱི་བར་དོ་དང་པོ་ལ་གྲོལ་བའི་ཚད་ཟིན་པའོ༔ འབྲིང་གིས་རྨི་ལམ་དུ་ཤེས་ནས་སྦྱངས༔ བསྒྱུར༔ བཅད་པ་དང་༔ དེར་གདམ་ངག་གོམས་པས་བར་དོར་སངས་རྒྱས་པའི་ཚད་ཟིན༔ ཐ་མས་བག་ཆགས་ངན་པ་དག་ནས་རྨི་ལམ་མི་དགེ་བ་རྒྱུན་ཆད་པའི་དུས་སུ་རང་བཞིན་སྤྲུལ་པའི་སྐུར་དབུགས་དབྱུང་བའི་ཚད་ཟིན་པ་སྟེ༔ རབ་འབྱམས་ལས༔ རབ་ལ་རྨི་ལམ་དབྱིངས་སུ་ཐིམ༔ འབྲིང་དུ་རྨི་ལམ་མངོན་ཤེས་འཆར༔ ཐ་མ་རྨི་ལམ་ངོ་ཡང་ཤེས༔ ཞེས་དང་༔ ཀློང་གསལ་ལས༔ རབ་ནི་རྨི་ལམ་དབྱིངས་སུ་ཐིམ༔ འབྲིང་ནི་རྨི་ལམ་འོད་གསལ་དུ༔ རྨི་ལམ་རྨི་ལམ་ངང་དུ་ཤེས༔ ཐ་མ་རྨི་ལམ་བཟང་རྟོག་འཆར༔ དེ་ལྟར་ཚད་ནི་རྨི་ལམ་ཉིད་ཀྱིས་བཟུང་༔ ཞེས་སོ༔

གསུམ་པ་གདེང་ལྟ་བ་ལ་ཐོབ་པ་ནི༔ ཕྲེང་བ་ལས༔ ཚད་ནི་གདེང་བཞིའི་རྣལ་འབྱོར་ཏེ༔ ཞེས་དང་༔ རིན་ཆེན་སྤུངས་པ་ལས༔ མི་འགྱུར་ལྟ་བའི་གདེང་ཆེན་བཞིས༔ མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་༔ ཞེས་སོ༔ དེ་ཡང་རང་གི་རིག་པ་ཡེ་ནས་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་གྱི་ངོ་བོར་གྲོལ་ཟིན་པའི་སངས་རྒྱས་གཞན་ལ་མི་རེ་བའི་གདེང་ཐོབ་ནས་དཀོན་མཆོག་གི་ཡོན་ཏན་ལ་བྲོད་པ་བསྐྱེད་རྒྱུ་མེད་པ་དང་༔ རིག་པ་ཀློང་དུ་ཕེབས་པ་ལས་མྱང་འདས་གཞན་ན་མེད་པར་རྟོགས་པས་འཕོ་བསྒྲོད་སྨིན་རྟོགས་ཀྱི་སངས་རྒྱས་ཐོབ་པའི་རེ་བ་མེད་པ་སྟེ་ཡར་གྱི་གདེང་གཉིས༔ ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་སོགས་ཐོས་ཀྱང་སྣང་སྲིད་རྣམ་དག་ཏུ་རྟོགས་པས་ཉམ་ང་དང་བག་ཚ་མེད་བའི་གདེང་དང་༔ འཁྱམས་མཁན་གྱི་གང་ཟག་མེད་པར་རྟོགས་པའི་གདེང་དང་༔ དེའི་རྒྱུ་ལས་དང་ཉོན་མོངས་པའི་གཞི་མ་གྲུབ་པས་འཁོར་བར་ལྟུང་གིས་དོགས་པ་མེད་པའི་མར་གྱི་གདེང་གཉིས་དང་བཞི་འབྱུང་སྟེ༔ རབ་འབྱམས་ལས༔ གདེང་ནི་ཡར་མར་གཉིས་གཉིས་བཞི༔ རྟགས་ཚད་རྣམ་གྲངས་མང་བཤད་པ༔ འདི་རུ་མི་འདུ་མེད་པའོ༔ དཀོན་མཆོག་ཡོན་ཏན་ལ་སོགས་པ༔ བྲོད་པ་སྐྱེ་རྒྱུ་རྡུལ་ཙམ་མེད༔ ཡེ་ནས་རིག་པ་སངས་རྒྱས་པས༔ བསྐྱར་ནས་གྲོལ་རྒྱུ་ང་ལ་མེད༔ རང་ཉིད་སངས་རྒྱས་ཡིན་པ་ཡིས༔ གདེང་ཆེན་དེ་ཉིད་ལོན་པའོ༔ དེ་ཉིད་དོན་རྟོགས་གྱུར་པའི་ཕྱིར༔ མྱང་འདས་གཞན་ནས་ག་ལ་རེ༔ གདེང་ཆེན་དམ་པ་ཆོད་པའོ༔ དམྱལ་བ་ལ་སོགས་རིགས་དྲུག་གི༔ སྡུག་བསྔལ་མྱོང་ཚུལ་ཐོས་ན་ཡང་༔ འཁྲུལ་མེད་སྡུག་བསྔལ་དང་བྲལ་བས༔ ཡ་ང་མེད་པའི་གདེང་ཆོས་སོ༔ འཁོར་བར་འཁྱམས་མཁན་མེད་པའི་ཕྱིར༔ འཁོར་བར་ལྟུང་དོགས་ག་ལ་ཡོད༔ ལྟུང་མཁན་མ་གྲུབ་གདེང་ཆོས་སོ༔ མི་འགྱུར་ལྟ་བའི་གདེང་ཆེན་བཞིས༔ མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང༔ ཞེས་དང༔ ཀློང་གསལ་ལས༔ མི་རྟོག་ཡེ་ཤེས་ཚད་བཟུང་བ༔ ཡར་མར་གདེང་ཆེན་བཞི་རུ་འདྲེས༔ དང་པོ་ཡར་གྱི་གདེང་གཉིས་ནི༔ དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ༔ དཔག་མེད་ཐོབ་ཀྱང་དགའ་འབྲོད་མི་སྐྱེད་དོ༔ ཡར་གྱི་སངས་རྒྱས་ཐམས་ཅད་ལ༔ རེ་བ་མེད་དེ་རང་རིག་གདེང་༔ མར་ཀྱི་འགྲོ་བ་རིག་དྲུག་གི༔ སྡུག་བསྔལ་མཐོང་ཡང་འཇིགས་པ་མེད༔ རིག་པ་འཁྲུལ་བ་མེད་པའི་གདེང་༔ མར་གྱི་ངན་སོང་གསུམ་པོ་ལ༔ ལྷུང་གིས་དོགས་པ་མེད་པ་སྟེ༔ མཁན་པོ་མ་གྲུབ་རང་བྱུང་སྟེ༔ ཞེས་སོ༔

གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི༔ ཞལ་ཆེམས་ལས༔ སྐྱེ་དང་འཇིག་དང་རླུང་སེམས་ལ༔ སུ་ཡི་རང་དབང་ཐོབ་པའི་མི༔ སངས་རྒྱས་དགོངས་པའི་དྲོད་རྙེད་དེ༔ ཞེས་པས་དང་པོ་གཉིས་ནི་སྔར་ཆོས་ཉིད་ཟད་པའི་རྣམ་ཐར་དུ་བཤད་ཟིན་པས་འདིར་ལུང་གིས་གསལ་བར་བཤད་ན༔ རབ་འབྱམས་ལས༔ གསུམ་པ་ཐོབ་པ་གསུམ་གྱིས་ནི༔ ཟག་བཅས་ཕུང་པོ་རང་ཡལ་ཏེ༔ སྐྱེ་བ་ཉིད་ལ་རང་དབང་ཐོབ༔ ཕུང་པོའི་སྣང་བ་རང་འགགས་ཏེ༔ རྡོས་བཅས་མི་སྣང་བ་རུ་འགྱུར༔ གལ་ཏེ་སེམས་ཅན་དོན་བྱེད་ནི༔ རང་གི་ལག་སོར་གཏད་པ་ཡིས༔ སྣང་བ་རང་ལོག་སྒྱུ་མ་ལྟ་བུའི་དོན་རྣམས་འགྲུབ༔ རིག་པ་རང་བཅུག་གྲོལ་འགུལ་འགྱུར༔ འཇུག་པ་ཉིད་ལ་རང་དབང་ཐོབ༔ ལག་སོར་ཉིད་ལ་རིག་པ་གཏད༔ སྐད་ཅིག་མི་སྣང་བུདྡྷའོ༔ ཞེས་དང་༔ གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི༔ རླུང་ལས་སུ་རུང་བས་རླུང་སེམས་ཀྱི་ཡོན་ཏན་ཐམས་ཅད་རྫོགས༔ འཆི་འཕོ་བའི་སེམས་ཅན་གཞན་ལ་རིག་པ་བཅུག་པས་མཚམས་མེད་ལྔའི་ལས་བྱས་པ་ཡང་རང་དང་མཉམ་པར་སངས་རྒྱས་པར་བྱེད་ནུས་ཤིང་༔ མངོན་ཤེས་ལ་ཐོགས་པ་མེད༔ རི་བྲག་ལ་ཟང་ཐལ་དུ་རྒྱུ༔ འབྱུང་བའི་གནོད་པས་མི་ཚུགས་པ་སྟེ༔ རབ་འབྱམས་ལས༔ རླུང་སེམས་ཉིད་ལ་དབང་ཐོབ་པས༔ རླུང་གི་ཡོན་ཏན་ཐམས་ཅད་ཐོབ༔ སྡིག་ཅན་འཕོ་དུས་རིག་པ་བཅུག༔ རང་དང་མཉམ་པོར་བུདྡྷའོ༔ བེམ་པོ་རྣམས་ལ་ཐོགས་པ་མེད༔ མངོན་ཤེས་ཕྱོགས་མེད་དུས་གསུམ་ཤེས༔ གསུམ་གསུམ་དགུ་ཡིས་རྒྱབ་བརྟེན་ནོ༔ ཞེས་དང་༔ ཀློང་གསལ་ལས༔ ད་ནི་རླུང་སེམས་གཉིས་ལ་དབང་ཐོབ་བས༔ རླུང་སེམས་ལས་སུ་རུང་བས་ན༔ རླུང་སེམས་ཡོན་ཏན་ཐམས་ཅད་འབྱུང་༔ སེམས་ཅན་གང་དག་ཚེ་འཕོས་པ༔ དེ་དག་རྣམས་ལ་རིག་པ་བཅུག༔ རིག་པ་གང་ལ་གཏད་པ་རྣམས༔ སྔོན་གྱི་མཚམས་མེད་ལྔ་སྤྱད་ཀྱང་༔ ལས་ལ་བཟང་ངན་མེད་པ་རུ༔ རང་དང་མཉམ་པོར་སངས་རྒྱའོ༔ མངོན་པར་ཤེས་པ་ཐོགས་མེད་ཅིང་༔ རི་རབ་རྣམས་ལ་ཟང་ཐལ་རྒྱུ༔ འབྱུང་བཞིའི་གནོད་པས་ཚུགས་མི་འགྱུར༔ ཞེས་སོ༔ དེ་དག་ནི་ཁོང་གསལ་མའི་ཡེ་ཤེས་རང་ལ་ཡོད་པ་ཉིད་གནད་མི་གཡོ་བ་གསུམ་གྱིས་བཅིང་བས་མཁའ་གསལ་བུའི་རྣམ་པར་སྣང་ཞིང་ནང་དུ་མཐོང་བ་ཡིན་པས་ན༔ གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པ་ཞེས་བྱ༔ འདིར་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་དུ་ངོ་འཕྲོད་དེ་ངང་ལ་གནས་པའི་རྣལ་འབྱོར་བ་ནི་ངོ་བོ་ཡེ་སངས་རྒྱས་པའི་ཀློང་དུ་གྱུར་པས་སངས་རྒྱས་ཀུན་ལས་སྔར་སངས་རྒྱས་པ་ཉིད་དེ༔ རྒྱུ་མཚན་དེས་ན་ལམ་གཞན་ལས་འབྲས་བུ་དངོས་ལམ་བྱེད་དུ་གནས་པ་དང་༔ འབྲས་བུ་ལ་ཉེ་བའི་ཐ་ཚིག་ཀྱང་ཡིན་པའི་ཕྱིར༔ སྒྲོན་མ་བརྩེགས་པ་ལས༔ སྙིང་པོ་བཅུད་བསྡུས་མ་ཡིན་དབྱིངས༔ མཁའ་གསལ་འོད་གསལ་བུ་ཡི་ངང་༔ སྙིང་པོ་ཀློང་དུ་རང་ཤར་པའི་༔ མ་བུ་ངོ་འཕྲོད་ཡེ་སངས་རྒྱས༔ ཞེས་དང་༔ རང་ཤར་ལས༔ འདི་ལྟར་ཟིན་པའི་སྐྱེས་བུ་ནི༔ སངས་རྒྱས་བས་ཀྱང་སྔར་སངས་རྒྱས༔ དཔལ་ལྡན་ཚོགས་ཀྱི་བདག་པོ་ཞེས༔ ཧེ་རུ་ཀ་ཡི་དབང་རྣམས་རྫོགས༔ ཞེས་སོ༔

གཉིས་པ་བར་མ་དོ་ལ་འཆར་ཚུལ་དང་དེ་ལ་རང་ས་བཟུང་བ་ནི༔ གཙོ་ཆེར་འཆི་ཁ་བར་དོར་སྟོང་བཞི་ཆོས་སྐུའི་འཆར་ཚུལ་དང་༔ སྣང་བཞིའི་ནང་ནས་ཡེ་ཤེས་བཞིའི་ཆོས་སྐུའི་ལོངས་སྐུ༔ ཕྱི་གསལ་ལྷ་སྐུའི་རྟགས་སྣང་ལས་ཆོས་སྐུའི་སྤྲུལ་སྐུར་ཤར་ནས་རིམ་པས་ཐོག་མའི་ཀ་དག་ཏུ་མཐར་ཐུག་པ་དང་༔ དེ་ལས་སླར་ཡང་ཆོས་སྐུའི་ཆོས་སྐུ་ལས་ལོངས་སྐུ༔ དེ་ལས་སྤྲུལ་སྐུ༔ དེ་རྣམས་ཀྱི་རང་སྣང་ལོངས་སྐུའི་སྐུ་གསུམ༔ ཆོས་ཉིད་བར་དོའི་འོད་གསལ་དང་༔ ཟུང་འཇུག་བཞི་སྦྱོར་སྟེ༔ ལྷུན་གྲུབ་ནི་དེ་ཀུན་གྱི་གཞིར་ལྡན་པའི་ཡན་གར་དུ་མེད་དོ༔ དེ་ལ་བརྟན་པ་མ་ཐོབ་འཕྲལ་སྲིད་པའི་བར་དོ་ལ་རྫོགས་ལྡན་སྤྲུལ་སྐུའི་ཆོས་སྐུ༔ འབྱུང་བཞིའི་བསྐལ་བ་ལ་ལོངས་སྐུ་དང་༔ དེ་ལས་མིང་བཞིའི་ཕུང་པོ་གྲུབ་སྟེ་ཆོས་ཉི་ཤུ་དང་ལྡན་པ་སྤྲུལ་སྐུ་ཡིན་ནོ༔ དེ་ཐམས་ཅད་ཀྱང་མཁའ་གསལ་འཆར་ཚུལ་ཡིན་པས་ད་ལྟ་ནས་ཤེས་ཤིང་གདམ་ངག་དང་འདུན་པ་གང་རུང་གིས་འདྲེས་པར་བྱས༔ ཁྱད་པར་དུ་མཆོག་གི་འོད་གསལ་རྣམ་པར་སྦྱོང་བའི་དགོངས་པས་རང་དབང་བསྒྱུར་བ་མ་བང་༼ པང་། དཔྱད། ༽དུ་བུ་འཇུག་པ་ལྟ་བུ་ཞིག་དགོས་སོ༔ དེ་ལྟར་བར་དོའི་འཆར་ཚུལ་སོ་སོའི་གདམ་ངག་དང་བཅས་པ་ནི་ཁོ་བོའི་བར་དོ་དྲུག་ཁྲིད་དུ་གསལ་བས་འདིར་ཡི་གེའི་ངལ་བས་མ་བྲིས་སོ༔ མདོར་ན་སྔར་སྐུ་གསུམ་ཁོང་གསལ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་བཞུགས་པར་བཤད་པ་སྒྲིབ་བྱེད་སྒོ་གསུམ་གྱི་སྦུབས་དང་བྲལ་བས་མངོན་པར་སྣང་བ་ཡིན་ལ༔ དེ་ལས་ད་ལྟ་འདྲེས་པའི་བར་དོ་ལ་གྲོལ་བའི་གཏན་ཚིགས་ཟབ་མོའོ༔ སངས་རྒྱས་རང་ཆས་པའི་རྒྱུད་ལས༔ སངས་རྒྱས་རང་གི་སྙིང་ནང་ནས་བྱོན་ནས་མིག་ནས་བར་སྣང་ལ་ཕར་ཐོན་པའི་དུས་སུ༔ སྣང་བ་ཐམས་ཅད་འོད་དུ་འཆར་ཏེ༔ ཤར་བ་དེ་རང་གི་སངས་རྒྱས་སུ་ངོ་ཤེས་པས་རང་འོད་སྐུ་ལ་ཐིམ་ནས་སངས་རྒྱའོ༔ དེ་བས་གདམ་ངག་ཐམས་ཅད་ཀྱི་དམར་ཐག་སྣང་སྲིད་སྐུ་དང་འོད་དུ་ཤར་བའི་དུས་སུ་བཅད་དོ༔ ཞེས་སོ༔

གསུམ་པ་མཁའ་གསལ་འདུས་མ་བྱས་པའི་འཐད་པ་བཤད་དེ་མཇུག་སྡུད་པ་ནི༔ ལར་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་པར་མི་འཐད་ཅིང་༔ དེ་ལྟ་ན་ཆོས་སྐུ་དང་ལོངས་སྐུ་ད་ལྟ་ནས་ཡོད་དགོས་པ་དང་༔ ཆོས་ཉིད་མངོན་སུམ་པར་མཐོང་བ་རྫོགས་ཆེན་གྱི་ལྟ་བའི་འཕགས་ཆོས་ལགས་ཏེ༔ གལ་ཏེ་རྣམ་སྤྱི་རྗེས་དཔག་དད་པས་རྟོགས་བྱར་འདོད་ན༔ གཉིས་སུ་ན་སྣང་གསལ་གྱི་མཐའ་འགགས་ཏེ་མུ་སྟེགས་ཆད་ལྟ་དང་ཁྱད་མེད་པར་འགྱུར་བའང་༔ འགའ་ཞིག་གི་དབང་པོའི་ཡུལ་དུ་མཐོང་བའི་ཆོས་སྐུ་བཞད་གད་ཀྱི་གནས་སོ༔ ཞེས་དང་༔ ཐུན་མོང་གི་གོ་སྤྱི་སྐམ་པོའི་ཁྲིད་དེ་གནད་བཅུན་པ་ལ་ལྟོས་པའི་འདུས་མ་བྱས་པ་ཞིག་མཚར་ཆེ་ཟེར་ཡང་༔ ངོ་བོ་གནད་ཀྱིས་བསྐྱེད་པ་མིན་པས་སྐྱོན་ཕྱེ་མ་མེད་ལ༔ སྟོང་གཟུགས་མཐའ་དག་རྒྱུ་མཚན་མཚུངས་པས་སྔ་མའང་མི་སྐྱོན་ཏེ༔ ལར་སྟོང་ཉིད་ངོ་སྤྲོད་ཀྱང་ཡིད་ཀྱི་དབང་པོ་མེད་ན་ཨེ་འོང་༔ ཡོད་ན་འགོ་སྙོམས༔ ཉི་མ་དང་ནམ་མཁའ་མིག་གིས་མཐོང་ན་རྒྱུ་རྐྱེན་ལ་ལྟོས་པའི་འདུས་བྱས་སུ་ཨེ་འགྲོ༔ མཐོང་བྱེད་ཀྱང་གནས་འགྱུར་སྤྱན་ལྔའི་ངོ་བོ་ཉིད་ཡིན་གྱིས་དབང་པོ་རང་མཚན་པ་མིན་ཕྱིར་སྐྱོན་གྱིས་ཀར་དག་པའོ༔ དེས་ན་འདུས་མ་བྱས་ཡིན་པའི་གནད་ཀྱིས་ད་ལྟ་ནས་ཡོད་ཅིང་མཁའ་གསལ་དུ་མཐོང་དགོས་པའང་༔ སྣང་སྲིད་ཁ་སྦྱོར་ལས༔ ཆོས་སྐུ་འདུས་མ་བྱས་བས་ཁ་གསལ་ཆེན་པོ་ཡིན༔ སྙིང་པོ་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ཀུན་གཞི་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ཆོས་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ དབྱིངས་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ སྐྱེ་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ འགྱུར་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ངང་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ གཡོ་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན༔ ཆགས་མེད་ཞེན་པ་མེད་པས་མཁའ་གསལ་ཆེན་པོ་ཡིན༔ བསམ་བརྗོད་བློ་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན༔ མིང་མེད་རྟོག་མེད་ཡུལ་མེད་མཚོན་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན༔ ཞེས་དང་༔ མཁའ་གསལ་ལ་ནི་ནམ་མཁའི་དབྱིངས་ནས་བཟླས༔ ཞེས་དང་༔ སངས་རྒྱས་རང་ཆས་ལས༔ སངས་རྒྱས་མིག་ནས་ཐོན་ནས༔ འཁོར་བ་རུ་ལོག་ནས་ཡུལ་ཡེ་ཤེས་སུ་འཆར་བ་སྟེ་སངས་རྒྱས༔ རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པའི་ཡོན་ཏན་ཡིན་ནོ༔ དེ་ངོ་ཤེས་ན་བསྒོམ་བསྒྲུབ་མི་དགོས་པར་སངས་རྒྱ་བ་སྟེ༔ སངས་རྒྱས་ཆོས་ཀྱི་སྐུ་འདུས་མ་བྱས་སུ་བཞུགས་པའི་ཡོན་ཏན་ཡིན་ནོ༔ ཞེས་དང༔ རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་འདི་སངས་རྒྱས་ཡིན་ནོ༔ སངས་རྒྱས་ཀྱི་ལུས་འོད་ཀྱི་ཕུང་པོར་ཤེས་པར་བྱའོ༔ སངས་རྒྱས་ཀྱི་ལུས་འོད་ཀྱི་ཕུང་པོར་མེད་ན་སྣང་གསལ་གྱི་མཐའ་འགགས་ཏེ༔ མུ་སྟེགས་ཆད་པར་ལྟ་བ་དང་ཁྱད་མེད་དོ༔ ཞེས་སོ༔ དེ་དག་ཀྱང༔ ནོར་བུ་ཕྲ་བཀོད་ལས༔ ཆོས་ཉིད་ཡུལ་གྱི་སྣང་བ་ལ་གཏན་ཚིག་གིས་གཟེར་འདེབས་པར་འདོད་ན༔ ཡེ་ཤེས་མཁའ་གསལ་གྱི་སྣང་བ་ལ་ལྟོས་ཤིག༔ ཅེས་སོ༔ ལམ་ཡེ་ཤེས་སྒྲོན་མ་མཁའ་གསལ་ལས་ཐག་གཅིག་ཐོག་ཏུ་བཅད་པ་སྟེ་རྡོ་རྗེའི་གནས་གཉིས་པའོ༔

༈དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་སྒྲོན་མ་ཡུལ་གསལ་མངོན་དུ་གྱུར་རིམ་ལས་གདེང་གྲོལ་ཐོག་ཏུ་བཅའ་བ་ནི༔ ཡུལ་གསལ་གྱི་རང་བཞིན་ཉིད་མདོར་བསྟན་པ་དང་༔ རྒྱས་པར་བཤད་པ༔ དོན་གྱི་མཇུག་སྡུད་པ་དང་གསུམ་ལས༔

དང་པོ་ནི༔ རྩལ་རྫོགས་ལས༔ དག་པའི་ཡེ་ཤེས་ཡུལ་གསལ་བ༔ དཔེར་ན་ཉི་ཟླའི་འོད་དང་མཚུངས༔ སངས་རྒྱས་ཡེ་ཤེས་སྐུ་མངའ་བ༔ ཡེ་ཤེས་ཆིག་ཆོད་རྣམ་པར་དག༔ ཅེས་སོ༔ དེ་ཡང་ཡུལ་གསལ་ཞེས་པའི་སྒྲའི་བཅད་ཀྱིས་ལམ་གྱུར་གྱི་འབྲས་བུ་སྣང་བཞིའི་ཚད་ཕེབས་ཡན་ཆད་དག་ས་གསུམ་གྱི་མུ་ཚོད་དང་སྦྱར་ཏེ་བཤད་པའི་དགོངས་པ་ཁོ་བོའི་ཕ་གཅིག་ལྟར་ཡིན་ཏེ༔ དེ་དུས་མ་དག་པའི་སྣང་བ་རང་དེངས་ནས་ཆོས་ཉིད་རྣམ་དག་གི་དཀྱིལ་འཁོར་གྱི་རང་གདངས་ཡུལ་ལ་ཤར་བའི་ཕྱིར་རོ༔ འོན་ཀྱང་ད་དུང་ཤེས་སྒྲིབ་ཡོད་པས་སྣང་བ་ཟད་དགོས་པ་ལ་དགོངས་ནས་ཡེ་ཤེས་ཡུལ་གསལ་གྱི་སྐུ་ཐོབ་པ་དངོས་སངས་རྒྱས་ཁོ་ནས་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་དུ་འདིར་གསུངས་པའོ༔

གཉིས་པ་རྒྱས་པར་བཤད་པ་ལ༔ གྲོལ་བ་ཐོབ་པའི་རྟགས་ཚད་ཀྱི་ངེས་པ༔ རྣམ་པར་ཞི་བ་བརྙེས་ཚུལ་གྱི་རང་བཞིན༔ འབྲས་བུ་ཐོབ་པའི་དུས་ཚད་ཀྱི་ཁྱད་པར་དང་༔ འབྲས་བུ་དངོས་ཀྱི་རྣམ་པར་བཞག་པ་དང་བཞི་ལས༔

དང་པོ་ལ༔ རང་ངོས་གཙོ་ཆེར་གྱིས་ཐོབ་པའི་ནང་རྟགས༔ གཞན་ངོས་དབང་བཙན་དུ་བྱས་པའི་ཕྱི་རྟགས་སོ༔ དང་པོ་ལ༔ སྒྲོན་མ་མཐོང་དག་གི་རྟགས་ཚད་དང་༔ ཏིང་འཛིན་གཡོ་མེད་ཀྱི་རྟགས་ཚད་དང་༔ བརྟན་པ་གདེང་གྱུར་གྱི་རྟགས་ཚད་དང་གསུམ་ལས༔ དང་པོ་ལ༔ དག་པས་མཐོང་བའི་རྟགས་དང་༔ མཐོང་བས་དག་པའི་རྟགས་གཉིས་ལས༔ དང་པོ་ལ་སྤྱི་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས༔

དང་པོ་ནི༔ སྣང་བ་བཞིའི་སྒྲོན་མའི་རང་ཞལ་གོང་འཕེལ་དུ་མཐོང་བའི་ཁྱད་པར་ཡིན་ཏེ༔ དེ་དག་ཀྱང་ཕྱི་རྟགས་ཙམ་གྱིས་མ་ཡིན་པར་ནང་གི་ཉོན་མོངས་པའི་རང་བཞིན་ཅན་གྱི་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་སྒྲིབ་པ་དང་༔ དེས་བསྐྱེད་པའི་ལས་དང་བག་ཆགས་དག་སྟོབས་ཀྱིས་མཐོང་བ་དང་གོམས་ཤིང་བརྟན་པ་སྣང་བཞིའི་རྟགས་མངོན་སུམ་གོང་དུ་འཕེལ་བ་རྣམས་སོཿ

གཉིས་བ་བྱེ་བྲག་ཏུ་བཤད་པ་ལ༔ དབྱིངས་དང་༔ ཐིག་ལེ༔ རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་གོམས་པའི་ཚད་བསྟན་པའོ༔

དང་པོ་ནི༔ དབྱིངས་དང་དེའི་འོད་ལ་གོམས་པའི་ཕྱི་ནང་གི་རྟགས་ནི༔ དབུགས་ཀྱི་རྒྱུ་བ་ཆད༔ བྱ་བཞིན་ནམ་མཁའ་འགྲོ༔ ཆུ་ལ་ཉ་ལྟར་རྒྱུ༔ སྔར་མ་མཐོང་བའི་ཡུལ་གླིང་དང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་མཐོང་བ་ནི་ཟླ་བ་བཅུ་དྲུག་གིས་ཆོས་དབྱིངས་མཐོང་བའི་རྟགས་ཡོད་པར་རང་ཤར་ལས་བཤད་དོ༔ ཡང་འོད་ལ་གོམས་པས་འབྱུང་བཞིའི་སྣང་བ་ནུབ་ནས་ཁ་དོག་ལྔ་ལ་སྤྱོད༔ གཞན་ངོར་འབྱུང་བཞི་ལ་ཐོགས་པ་མེད་པར་ཟང་ཐལ༔ ཟས་གོས་ཀྱི་འདོད་ཞེན་བྲལ་ན༔ ཚད་ཕེབས་ཀྱི་མགོ་ཟིན་ནས་ཟག་བཅས་མི་སྣང་བར་འབྲས་བུ་མྱུར་དུ་ཐོབ་པའི་རྟགས་ཚད་དུ་བཤད་དེ༔ སྐུ་གདུང་འབར་བ་ལས༔ གང་གི་འོད་ལ་སུས་གོམས་པ༔ རང་གིས་མཐོང་བའི་སྤྱོད་ཡུལ་དུ༔ ས་ཆུ་མེ་རླུང་འབྱུང་བཞི་ཡིས༔ སྣང་བ་ནུབ་པར་གྱུར་ནས་སུ༔ རིམ་གྱིས་ཁ་དོག་ལྔ་ལ་སྤྱོད༔ ཅེས་སོགས་གསུངས་པ་དང་༔ འབྱུང་བར་རང་སར་གྲོལ་ནས་ནི༔ ཟག་བཅས་ཕུང་པོ་མི་སྣང་བར༔ འབྲས་བུ་ཐོབ་པར་ཐེ་ཚོམ་མེད༔ ཅེས་དང་༔ དེ་བཞིན་སངས་རྒྱས་ཞིང་ཁམས་ནི༔ སྔ་ན་མཐོང་བ་མེད་པ་རྣམས༔ འདི་ཀུན་དུས་གཅིག་མཐོང་བར་འགྱུར༔ འདི་ལྟར་རྟགས་དང་གང་ལྡན་པ༔ ཟླ་བ་ཉིད་ནི་བཅུ་དགུ་ན༔ ཆོས་ཀྱི་དབྱིངས་ཀྱང་མཐོང་བར་འགྱུར༔ ཞེས་སོ༔

གཉིས་པ་ནི༔ ཐིག་ལེ་ཉིན་མཚན་མེད་པར་རྩོལ་མེད་རང་བྱུང་དུ་ཤར་བ་དང་༔ ཚིག་གི་སྤྲོས་པ་ཆོད༔ ཡུལ་གཞན་ལ་བློ་མི་འཇུག༔ ངག་གི་གཏམ་རྒྱུན་ཆད༔ སྤྲོས་མེད་ཉག་གཅིག་གི་རྩ་བ་ཆོད་པ་ནི་ལོ་གཉིས་ན་འབྱུང་བ་རང་དངས་སུ་འགྱུར་བ་ཡིན་ཏེ༔ དེ་ཉིད་ལས༔ ཐིག་ལེ་སྟོང་བའི་སྒྲོན་མ་ནི༔ རྩོལ་བ་མེད་པར་རང་ཤར་བ༔ འདི་ཀུན་རང་གི་ཉམས་ཀྱི་རྟགས༔ ཚིག་གི་སྤྲོས་པ་རྣམས་ཆོད་དོ༔ ཞེས་སོ༔ དེ་ནས་ལོ་ནི་གཉིས་ནའང་༔ རིག་པ་ཉིད་ཀྱི་ཚད་ཤེས་ནས༔ དབྱིངས་དང་རིག་པའི་རང་སྣང་དང་༔ འབྲལ་བ་མེད་པར་འཇུག་པའོ༔ དེ་ཡང་འབྱུང་བ་རང་དེངས་སུ༔ འགྱུར་བ་འདི་ལ་ཐེ་ཚོམ་མེད༔ ཅེས་སོ༔

གསུམ་པ་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་གོམས་པ་ལ༔ སྐུ་དང་ཡེ་ཤེས་གཉིས་ཀྱི་ཕྱི་ནང་གི་ཁྱད་པར་ལས༔ དང་པོ་ནི༔ ལུས་གཞན་གྱིས་མི་མཐོང་བ་དང་༔ རང་བཞག་གི་བསམ་གཏན་རྩོལ་བ་མེད་པར་རྒྱུད་ལ་སྐྱེས་པ་ནི༔ ཆོས་ཀྱི་སྐུ་ལ་གོམས་པའི་ཚད་དེ་ཚེ་འདི་ལ་རྒྱལ་བ་ཀུན་གྱི་སྐུའི་ཀློང་དུ་མྱ་ངན་ལས་འདས་པའི་རྟགས་སོ༔ ཡང་སྒྲོན་མས་འཁྲུལ་སྣང་བསྒྲིབ་པ་དང་༔ སྣང་བ་སྐུ་རུ་མཐོང་བ༔ ངག་གི་མི་དགེ་བ་རྣམས་རྒྱུན་ཆད་པ་དང་༔ རྫུ་འཕྲུལ་ཐོགས་པ་མེད་པ་རྣམས་ནི་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གོམས་པའི་ཚད་དང་༔ གསུང་གི་ཀློང་དུ་བར་དོ་ལ་མྱ་ངན་ལས་འདས་པའི་རྟགས་སོ༔ ཡང་སྔོན་ཐོས་པ་དང་མ་ཐོས་པའི་ཆོས་རྣམས་རྒྱུད་ལ་ཤར་ནས་ཅི་སྨྲས་ཆོས་སུ་འགྱུར༔ རྒྱུད་ལུང་མན་ངག་ཀུན་གྱི་ཚིག་དོན་སོ་སོ་ཡང་དག་པར་རིག་པས་སྨྲ་བའི་དབང་པོར་གྱུར༔ སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་ཞིང་གཞན་གྱི་དོན་ལ་འཇུག༔ ལུས་ཀྱིས་སེམས་ཅན་ལ་ཕན་པའི་ཉེར་སྤྱད་སྣ་ཚོགས་གྲངས་ལས་འདས་པར་སྒྱུར་ནུས་པ་དང་༔ མགོ་དང་ཡན་ལག་གཏོང་བར་ནུས་པ་རྣམས་ནི་སྤྲུལ་སྐུ་ལ་གོམས་པས་རང་བཞིན་སྤྲུལ་བར་གྲོལ་བའི་ཚད་དོ༔ གཉིས་པ་ནི༔ རང་སྣང་ལུ་གུ་རྒྱུད་ལ་ཕྱིར་གོམས་པས་ཤེས་པ་གང་ལའང་འཇུག་པ་དང་༔ གཞན་གྱི་མ་དད་པ་བསྒྱུར་ནུས་པས་སྐྱེ་མེད་མཆོག་ལ་བསྙེགས་པའི་རྟགས་སོ༔ འདི་དག་གི་ཤེས་བྱེད་དང་བཅས་པའི་རྒྱས་སྤྲོས་ནི་དཔལ་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལས་གསལ་ལོ༔ རང་ངོ་ཀ་དག་ལ་ནང་དུ་གོམས་པའི་རྟགས་སུ༔ ལུས་ཀྱི་སྐྱེ་བ་ཀུན་རྒྱུན་ཆད་དེ་སྐྲ་དང་སེན་མོ་ཤིག་སྲོ་འབུ་སྲིན་ལ་སོགས་པ་རང་དེངས་པའོ༔

གཉིས་པ་ནི༔ ཐོད་རྒལ་བས་དབྱིངས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བའི་བྱིན་རླབས་ལས་ཚོགས་རྫོགས་པ་དང་སྒྲིབ་པ་དག་སྟོབས་གཞན་ལས་ཆེ་ཞིང་མྱུར་བ་དང་༔ དེས་ན་སེམས་གསུམ་སེམས་ཡིད་རྣམ་ཤེས་དོན་གྱི་ངོ་བོའི་སྒྲོ་བཏགས་ཀྱིས་ཡུལ་ལུས་འཆིང་ཞེན་དམ་པོ་འོད་གསལ་དུ་རང་གྲོལ་བས་དབང་བཅུ་ཕུལ་དུ་ཕྱུང་བ་ཐོབ་ནས་འབྱུང་བས་མི་གནོད་པ་དང་༔ འབྱུང་བ་རང་སར་དེངས་པའི་རྟགས་ཚད་ལུས་ཤིང་བལ་ལྟར་ཡངས་བ་དང་༔ འབྱུང་བཞི་ལ་ཐོགས་པ་མེད་པ༔ སྐྲ་དཀར་དང་གཉེར་མ་མེད་པ་དང་༔ སེམས་དང་ཉོན་མོངས་པ་དཀོན་པ་དང་༔ བཙལ་ཀྱང་མི་རྙེད་པ་ལ་སོགས་སྣང་བཞིའི་དུས་སུ་བཤད་པ་རྣམས་ཏེ༔ ཐལ་འགྱུར་ལས༔ དེ་ལྟར་ཉམས་སུ་བླངས་བ་ལས༔ རྟགས་དང་ཚད་ནི་འདི་ལྟ་སྟེ༔ ལུས་ནི་ཡང་ཤིང་ཟང་ཐལ་སྣང་༔ ས་ལ་རེག་མེད་ཐོགས་མེད་དང་༔ ངག་གི་ནུས་རྫོགས་གཏམ་ཟུངས་ཟད༔ སེམས་ནི་འཕོ་བར་ནུས་པའོ༔ མིག་དང་རྣ་བ་སྣ་དང་ལྕེ༔ ལུས་ཀྱི་དབང་པོ་ཀུན་ཟད་དེ༔ རང་བཞིན་མེད་པར་གྱུར་པའི་ཚད༔ ཅེས་སོ༔

གཉིས་པ་ཏིང་འཛིན་གཡོ་མེད་ཀྱི་རྟགས་ཚད་ནི༔ ཀློང་དྲུག་ལས༔ རང་གནས་ཅོག་བཞག་ཏིང་འཛིན་ཚད༔ འབྱུང་བའི་དགྲས་མ་གནོད་པའི་ཟུངས༔ དེ་བཞིན་ཐོག་བབས་ཏིང་འཛིན་ཚད༔ འདོད་ཆགས་ལ་སོགས་ཉོན་མོངས་རྣམས༔ རང་གི་རྒྱུད་ལ་གཏན་མི་རྙིད༔ མི་དགེའི་བསམ་པ་གཏན་མི་སྲིད༔ འདི་ནི་དེ་ཡི་ཚད་རྣམས་ཟུངས༔ རྒྱས་འདེབས་ཆེན་པོའི་ཏིང་འཛིན་ཚད༔ རགས་པའི་སྣང་བ་འགགས་པས་ཟུངས༔ ཞེས་སོ༔

གསུམ་པ་བརྟན་པ་གདེང་གྱུར་གྱི་རྟགས་ཚད་ནི༔ རང་ཤར་ལས༔ སྐྱེ་བ་མེད་པའི་ཚད་འཆི་བ་མེད་པ་ལ་ཟུངས་ཤིག༔ འགག་པ་མེད་པའི་ཚད་སྣ་ཚོགས་སུ་སྣང་བ་ལ་ཟུངས་ཤིག༔ འགྱུར་བ་མེད་པའི་ཚད་གཏིང་ཟབ་པ་ལ་ཟུངས་ཤིག༔ ཡངས་པའི་ཚད་མཐའ་དབུས་མེད་པ་ལ་ཟུངས་ཤིག༔ དགོངས་པའི་ཚད་མ་ཡེངས་པ་ལ་ཟུངས་ཤིག༔ མ་བཅོས་པའི་ཚད་སྐྱོན་མེད་པ་ལ་ཟུངས་ཤིག༔ རྟོགས་པ་ལམ་དུ་འཁྱེར་བའི་ཚད་འཆར་ནུབ་མེད་པ་ལ་ཟུངས་ཤིག༔ གདམ་ངག་ཐེབས་པའི་ཚད་སྣང་བ་ཟད་པ་ལ་ཟུངས་ཤིག༔ ཅེས་སོ༔

གཉིས་པ་གཞན་ངོས་དབང་བཙན་དུ་བྱས་པའི་ཕྱི་རྟགས་ལ༔ སྤྱིར་སངས་རྒྱས་པའི་རྟགས་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཚེ་འདི་ལ་ཕུང་པོ་ལྷག་མ་མེད་པར་གྲོལ་བ་སྟེ༔ དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ཀྱི་ངོ༵་བོ༵་སྐུར༵་བཞུག༵ས་པ་ལ་གནས་ལུགས་དང་མཐུན་པའི་རྟོགས་པ་རྒྱས༵་པས་ཐ་མལ་པའི་ལུས་མ་སྤངས་སྐུ་རྡོ་རྗེའི་རང་བཞིན་དུ་དེངས༔ རང༵་བཞིན༵་གསུང་འོད༵་དུ༵་བཞུགས་པ་ལ་རྟོགས་པ་དེ་བཞིན་ཉིད་དུ་རྒྱས༵་ནས་ངག་མ་སྤངས་ལོངས་སྤྱོད་རྫོགས་སྐུར་དེངས༔ ཐུག༵ས་རྗེ༵་ཡེ་ཤེས་ཟེར༵་གྱི་སྒྲོན་མར་གནས་པ་ལ་རྟོགས་པ་རྒྱས༵་ཏེ་ཇི་ལྟ་ཇི་སྙེད་པའི༵་མཁྱེན་གཟིགས་ཡང་དག་པར་ཤར་ནས་མཁའ་གསལ་དེས་སྙིགས་མའི་སྦུབས་གསུམ་བསྒྲིབས་ཤིང་༔ ཡུལ་གསལ་དུ་མངོན་སུམ་པར་རྒྱས༔ འབྱུང་བ་མ་ལ་ཐིམ་པ་ལ་ལྷག་མེད་སངས་རྒྱས་ཞེས་བྱའོ༔ དེ་ཡང་རབ་འབྱམས་ལས༔ དེ་ཡང་རྣམ་པ་གཉིས་སུ་འདུས༔ ཡང་དག་རྫོགས་པའི་སངས་རྒྱས་དང་༔ མངོན་པར་རྫོགས་པའི་སངས་རྒྱས་གཉིས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ངོ་བོ་སྐུ་རུ་རྒྱས་པ་དང་༔ རང་བཞིན་འོད་དུ་རྒྱས་པ་དང་༔ ཐུགས་རྗེ་ཟེར་དུ་རྒྱས་པའོ༔ ཞེས་དང་༔ ཐོག་མར་མ་རིག་པ་ཡི་སེམས༔ རིག་པ་བསྐྱེད་པའི་ལུས་སེམས་འདི༔ ཡེ་ཤེས་ཉིད་ཀྱི་ངོ་བོ་སྟེ༔ འབྱུང་ལྔ་ཡེ་ཤེས་ལྔ་ལ་ཐིམ༔ ལྷག་མ་མེད་པར་སངས་རྒྱས་སོ༔ ཞེས་སོ༔ དེས་སྐྱེ་བ་འདི་ལ་གཞན་དོན་རྒྱ་ཆེན་པོ་འབྱུང་བའང་པདྨ་ཀཱ་ར་བཞིན་ཏེ༔ དེ་ཉིད་ལས༔ དེ་ཡི་ཐུགས་རྗེའི་ཆ་ཙམ་ལས༔ གཞན་དོན་དཔག་མེད་འབྱུང་བའོ༔ ཞེས་སོ༔ འཇའ་ལུས་ཆེན་པོ་དེར་རྟགས་མེད་པའང་པུར་སྦྱངས་རྒྱུ་མེད་པའི་ཕྱིར་རོ༔ ཀློང་གསལ་ལས༔ བདེ་ཆེན་བཞི་ཡི་མཐར་ཐུག་ནི༔ ཡང་དག་རྫོགས་པའི་སངས་རྒྱས་དང་༔ མངོན་པར་རྫོགས་པའི་སངས་རྒྱས་གཉིས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ཕུང་པོ་ལྷག་མ་མེད་པར་རྒྱས༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ འོད་དང་སྐུ་དང་སྒྲ་དང་གདུང་༔ ས་གཡོས་ལ་སོགས་འཆི་ལྟས་འབྱུང་༔ མངོན་པར་སྟོན་ཏེ་སངས་རྒྱས་སོ༔ ཞེས་དང་༔ རབ་འབྱམས་ལས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ལྷག་མ་མེད་པར་སངས་རྒྱས་སོ༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ རྟགས་དང་མཚན་མར་སངས་རྒྱའོ༔ ཞེས་སོ༔

གཉིས་པ་ལ་ནི༔ སངས་རྒྱས་ཐོབ་པའི་ཁྱད་པར་གྱི་རྟགས༔ སྐྱེ་བ་བརྒྱུད་པའི་རིགས་ཅན་གྱི་རྟགས་སོ༔ དང་པོ་ལ་མདོར་བསྟན་པ་དང་༔ དེ་ཉིད་རྣམ་པར་འགྲོལ་བའི་སྒོ་ནས་བཤད་པ༔ དེ་དག་གི་མཇུག་སྡུད་པའོ༔

དང་པོ་ནི༔ རང་ཤར་དང་བསྟན་བུ་དག་ལས༔ མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་སྐུ་འོང་ངོ་༔ ཞེས་དང་༔ རབ་འབྱམས་ལས༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ སྐུ་དང་གདུང་དང་འཇའ་དང་འོད༔ མངོན་སུམ་གསལ་ན་རྒྱས་པའོ༔ ཞེས་གསུངས་པ་ལྟར་རོ༔

གཉིས་པ་ལ་སྐུ་གསུང་ཐུགས་གསུམ་ཆར་ཐོབ་པའི་རྟགས་ཀྱི་རིམ་པ་བཞིས་ངེས་པའོ༔ དེ་ཡང་བར་དོའི་རྒྱུད་ལས༔ སྐུ་གདུང་རིང་བསྲེལ་རྣམ་ལྔ་འབྱུང་༔ ཕྱག་རྒྱ་ཐོབ་པའི་སྐུ་གཟུགས་འབྱུང་༔ གསུང་ཉིད་ཐོབ་པས་སྒྲ་འོད་འབྱུང་༔ ཐུགས་ནི་ཐོབ་པས་འཇའ་འོད་འབྱུང་༔ གསང་སྔགས་འབྲས་བུ་ཐོབ་པའི་རྟགས༔ འབྲས་བུ་ཐོབ་པའི་རྣལ་འབྱོར་བས༔ ཡེ་ཤེས་ཡོན་ཏན་མ་འགགས་པའི༔ འབྲས་བུ་ཐམས་ཅད་ཐོབ་པའི་རྟགས༔ སྐུ་གཟུགས་ཁ་དོག་ཅིར་ཡང་སྣང་༔ ཆེ་ཆུང་མཐེ་བོང་ཙམ་དུ་འབྱུང་༔ འཇའ་དང་འོད་དང་ཁུ་རླུངས་འབྱུང་༔ སྒྲ་དང་སྐར་མདའ་ན་བུན་འབྱུང་༔ ཞེས་སོ༔

དེ་ལས་དང་པོ་སྐུ་ཐོབ་པའི་རྟགས་ལ་སྐུ་གདུང་རིང་བསྲེལ་གསུམ་འབྱུང་བར༔ བཏགས་གྲོལ་ལས༔ རིགས་ལྔའི་གདུང་དང་སྐུ་ཡང་སྟེ༔ དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ༔ ཞེས་པས་དང་པོ་ནི༔ སྐུ་དེ་ཡང་རིགས་ལྔའི་གང་ལ་བརྟན་པ་ཐོབ་པའི་རྟགས་སུ་དེ་དང་དེའི་རིགས་ཀྱིས་བསྡུས་པའི་ཕྱག་རྒྱར་འབྱུང་བ་དང་༔ དེ་ལའང་ཞི་བ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བསམ་གཏན་གྱི་ཞག་ལྔ་ལ་སངས་རྒྱས་ཏེ་སྤྲུལ་པ་འབྱིན་ལོང་མེད་དོ༔ ཁྲོ་བོར་བྱུང་ན་སྐད་ཅིག་མ་བདུན་ན་སངས་རྒྱས་ནས་རང་སྣང་གི་འཁོར་སྒོ་ལ་ཐུགས་རྗེའི་སྤྲུལ་པ་འབྱིན་པའོ༔ སྐུ་གཉིས་ཀ་དུས་མཉམ་པར་བྱུང་ན་བར་དོ་མེད་པར་སངས་རྒྱས་པའི་རྟགས་ཡིན་ཏེ༔ བསྟན་བུ་ལས༔ སྐུ་ལ་གཉིས་ཏེ་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགག་པ་དང་སངས་རྒྱའོ༔ ཁྲོ་བོའི་སྐུ་བྱུང་ན་ཞག་ལྔ་ན་འདི་སྐད་ཅིག་ལ་དགོངས་པའོ། །སངས་རྒྱའོ༔ ཞེས་སོ༔ དེ་ཡང་ཞིབ་པར་ན་བསམ་གཏན་གྱི་ཞག་ལྔ་ནི་སྐད་ཅིག་དང་མ་འབྲེལ་པར་ལས་དང་པོའི་གནས་ཚད་ཀྱིས་བཤད༔ སྐད་ཅིག་ནི་བྱ་རྫོགས་ཡིན་པས་རིང་ཐུང་ཅི་རིགས་སུ་ཡོད་པས་འབྲིང་ཚད་དང་༔ བར་དོ་མེད་པ་ནི་ཞག་ཙམ་ཡང་མེད་པར་སངས་རྒྱས་པ་ཡིན་པས་ནི་མི་འགྲིགས་པ་གསལ་ལོ༔ དེ་ཡང་སྐུ་གདུང་འབར་བ་ལས༔ གལ་ཏེ་གཉིས་ཀ་བྱུང་བ་ན༔ འདི་ནི་བར་དོ་མེད་པར་ཡང་༔ ངོ་བོ་ཀ་དག་ཆེན་པོ་ལ༔ གདེང་དང་ལྡན་པར་འདི་འགྱུར་རོ༔ ཞི་བའི་སྐུ་ཡི་རྟགས་བྱུང་ན༔ ཞག་ནི་ལྔ་ན་བདེན་མཐོང་སྟེ༔ དེ་ཡང་སངས་རྒྱས་ཉིད་དུ་ཐིམ༔ གལ་ཏེ་ཁྲོ་བོའི་སྐུ་བྱུང་ན༔ འདི་ནི་ཆོས་ཉིད་བར་དོ་ལ༔ སྐད་ཅིག་ཉིད་ནི་ཆ་ལྔ་ལ༔ གྲོལ་བར་འགྱུར་རོ་མཁའ་འགྲོ་མ༔ ཞེས་དང་༔ རང་ཤར་ལས༔ སྐུ་ལའང་གཉིས་ལས་ཞི་བའི་སྐུ་དང་ཁྲོ་བོའི་སྐུའོ༔ ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ༔ ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་ཏེ་ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་སྐུ་འབྱིན་ནུས་སོ༔ ཞེས་སོ༔

གཉིས་པ་གདུང་ལ༔ རིགས༔ རྟེན༔ དབྱེ་བ༔ དབྱིབས༔ རྒྱུ༔ མཚན་ཉིད༔ ཚད༔ ཁ་དོག༔ ཡུལ༔ འབྲས་བུ་དང་བཅུ་ལས༔

དང་པོ་ནི༔ དཀྱིལ་འཁོར་ཐམས་ཅད་རིགས་བརྒྱར་འདུས་ཤིང་༔ དེ་ཉིད་རིགས་ལྔ་དང་རིགས་གཅིག་ཏུ་ལྷུན་གྱིས་གྲུབ་པའི་ཕྱིར་གང་དུ་བརྟན་པ་ཐོབ་པའི་རྟགས་སུ་དེའི་རིགས་ཅན་གྱི་གདུང་དང་༔ རིགས་གཅིག་རྡོ་རྗེ་འཆང་གི་གདུང་འབྱུང་བ་ཡིན་ཏེ༔ དེའི་ཁྱད་པར་ཡང་༔ སྐུ་གདུང་འབར་བ་ལས༔ གདུང་དང་རིང་བསྲེལ་ཀྱི་སྒྲ་དོན་ཡིན་ནམ་ཤ་རཱི་རམ་ནི་བདེ་གཤེགས་གདུང་༔ དེ་བཞིན་བ་རཱི་རམ་ཞེས་ནི༔ རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ༔ ཆུ་རཱི་རམ་ནི་རིན་པོ་ཆེ༔ བསེ་རུ་རམ་ནི་པདྨའོ༔ དེ་བཞིན་ཉ་རཱི་རམ་ཞེས་བྱ༔ ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ༔ ཞེས་དང་༔ རང་ཤར་ལས༔ དེ་ཡང་རིགས་བསྟན་འདི་ལྟ་སྟེ༔ རྡོ་རྗེའི་རིགས་དང་པདྨའི་གདུང་༔ རིན་ཆེན་གདུང་དང་ལས་ཀྱི་གདུང་༔ དེ་བཞིན་གཤེགས་པའི་གདུང་དུ་བཤད༔ ཅེས་སོ༔

གཉིས་པ་རྟེན་ནི༔ གང་གི་ཕྱིར་བཞག་ན་ཐབས་ལྡན་མྱ་ངན་ལས་འདས་པའི་དུས་སུ་གཞན་ལམ་ལ་སྤྲོ་བ་འདྲེན་པ་དང་༔ དད་པས་ཕྱག་མཆོད་ཀྱི་ཡུལ་དུ་སྐུའི་ཚབ་མ་དང་༔ སྐུ་འབྱུང་ལྔའི་གདོས་པ་ལས་གྲོལ་བའི་རྟགས་སུ་རྟེན་བཞག་པའོ༔ གང་ལས་བཞག་ན་ཤ་ཁྲག་རུས་པ་ཡན་ལག་དང་༔ སྤྱིའི་རྟེན་དུ་བཞག་པ་སྟེ༔ རང་ཤར་ལས༔ ང་ནི་མྱ་ངན་འདས་འོག་ཏུ༔ སྐུ་ཡི་རྟེན་དུ་གདུང་བཞག་ཅིང་༔ འགྲོ་བའི་མོས་པ་བསྐྱེད་པའི་ཕྱིར༔ ང་ཡི་ཕུང་པོའི་རྟེན་རྣམས་སུ༔ གདུང་གི་རིགས་ཆེན་འདི་བཞག་གོ༔ ཤ་ཡི་རྟེན་དུ་ཤ་རཱི་རམ༔ ཡང་དག་ཉིད་དུ་བཞག་པའོ༔ ཁྲག་གི་རྟེན་དུ་ཆུ་རཱི་རམ༔ སྲ་མཁྲེགས་རྡོ་རྗེའི་རྟེན་དུ་བཞག༔ རུས་པའི་རྟེན་དུ་བ་རཱི་རམ༔ རྒྱལ་བ་ཉིད་ཀྱི་ཚབ་དུ་བཞག༔ ཡན་ལག་རྟེན་དུ་ཉ་རཱི་རམ༔ ཤིན་ཏུ་སྤྲས་ཏེ་བཞག་པའོ༔ རིང་བསྲེལ་ང་ཡི་རྒྱན་དུ་བཞག༔ སྐུ་ནི་ང་ཡི་ཚབ་དུ་བཞག༔ གསང་སྔགས་འབྲས་བུ་བཅུད་ཕྱུང་བ༔ རྒྱལ་བ་ཀུན་གྱི་ཚབ་མར་བཞག༔ ཅེས་སོ༔

གསུམ་པ་དབྱེ་བ་ནི་ལྔ་ཡོད་དེ༔ འབྲས་ཆོས་ལྔའི་རྟགས་སུ་བྱུང་བ་ལས་སོ༔ བཏགས་གྲོལ་ལས༔ ཤ་རཱི་རམ་དང་ཆུ་རཱི་རམ༔ བ་རཱི་རམ་དང་ཉ་རཱི་རམ༔ པཉྩ་རམ་དང་ལྔ་ལྡན་གདུང༔ ཞེས་དང་༔ རང་ཤར་ལས༔ གདུང་ལ་རྣམ་པ་ལྔ་བསྟན་ཏེ༔ ཞེས་སོ༔

བཞི་བ་དབྱིབས་ནི༔ གསང་སྔགས་ཤིན་ཏུ་རྣལ་འབྱོར་གྱི་དོན་ལ་གོམས་པས་སྦུབས་གསུམ་གཅིག་ཏུ་དྲིལ་བའི་ཐིག་ལེ་ཉག་གཅིག་ཆོས་སྐུའི་འབྲས་བུ་ཐོབ་པའི་རྟགས་སུ་ཟླུམ་པོར་ཡོད་པའང་༔ དེ་ཉིད་ལས༔ དེ་ཡང་བསྟན་པ་འདི་ལྟར་ཡིན༔ སྲ་མཁྲེགས་རྡོ་རྗེ་འཇིག་པ་ཀུན་དང་བྲལ༔ གསང་སྔགས་འབྲས་བུ་གཅིག་ཏུ་དྲིལ་བའི་རྟགས༔ དབྱིབས་ཟླུམ་ཁ་དོག་སྣ་ཚོགས་འོད་ཟེར་འཕྲོ༔ ཞེས་སོ༔

ལྔ་བ་རྒྱུ་ནི༔ ཤ་ཁྲག་རུས་པ་ཡན་ལག་དང་༔ འབྱུང་བ་ལྔ་ལ་རྟེན་དུ་བྱུང་༔ ཞེས་པ་འབྱུང་བ་ལྔའི་དྭངས་མ་རུ་བྱུང་བའོ༔

དྲུག་པ་མཚན་ཉིད་ནི༔ འབྱུང་བས་མི་འཇིག་པ་སྟེ༔ སྐུ་གདུང་འབར་བ་ལས༔ གདུང་ནི་སུས་ཀྱང་འཇིག་མི་ནུས༔ སྲ་མཁྲེགས་འཇིག་པ་ཀུན་བྲལ་བས༔ འདི་ཀུན་འཇིག་མེད་སངས་རྒྱས་ཐོབ༔ ཅེས་སོ༔

བདུན་པ་ཚད་ནི༔ ཤ་རཱི་རམ་ནི་སྲན་མ་ཙམ༔ བ་རཱི་རམ་ལ་སྲན་ཆུང་དང་༔ ཉུང་འབྲུའི་ཚད་ཀྱི་རྩང་ཞིབ༔ ཆུ་རཱི་ཉ་རཱི་པཉྩ་རྣམས་ལ་བྱ་མོའི་སྒོ་ང་ཙམ་ནས་ཏིལ་འབྲུ་ཡན་ཆད་ཀྱི་ཚད་དུ་ཡོད་དོ༔ རང་ཤར་ལས༔ ཆེ་བའི་ཚད་ནི་སྲན་འབྲུ་དང་༔ ཆུང་བའི་ཚད་ནི་ཡུངས་འབྲུ་དང་༔ ཏིལ་འབྲུ་ཙམ་དུ་རྒྱལ་བས་བཤད༔ ཅེས་སོ༔

བརྒྱད་པ་ཁ་དོག་ནི༔ ཤ་རཱི་རམ་ནི་དཀར་ལ་དྭངས༔ ཆུ་རཱི་རམ་ནི་སྔོ་ལ་ནག༔ བ་རཱི་རམ་ནི་དཀར་སེར་ལྡན༔ ཉ་རཱི་རམ་ནི་སྨུག་ནག་སྟེ༔ དེ་བཞིན་ཁ་དོག་དབྱེ་བའོ༔ ཞེས་དང་༔ བཏགས་གྲོལ་ལས༔ པཉྩ་རམ་ནི་ལྔ་ལྡན་གདུང་༔ ཞེས་སོ༔ དེ་ཡང་པཉྩ་རམ་ནི་འབྱུང་བ་འདུས་པའི་སྙིང་པོའོ༔

དགུ་པ་ཡུལ་ནི༔ དེ་ཉིད་ལས༔ ཤ་རཱི་རམ་ནི་མགོ་ལས་བྱུང་༔ ཆུ་རཱི་རམ་ནི་ཁྲག་ལས་བྱུང་༔ བ་རཱི་རམ་ནི་ཚིགས་ལས་བྱུང་༔ ཉ་རཱི་རམ་ནི་རྐང་ལས་བྱུང་ཞེས་སོ༔

བཅུ་པ་ནི༔ ཤ་རཱི་རམ་ནི་སྐྱེ་བ་མེད་པ་དབྱིངས་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པའི་རྟགས༔ ཆུ་རཱི་རམ་ཆོས་སྐུ༔ བ་རཱི་ལོངས་སྐུ༔ ཉ་རཱི་སྤྲུལ་སྐུ༔ བསེ་རཱི་རམ་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་མངོན་པར་བྱང་ཆུབ་ཐོབ་པའི་རྟགས་སུ་བྱོན་པ་སྟེ༔ དེ་ཉིད་ལས༔ ཤ་རཱི་རམ་གྱིས་སྐྱེ་མེད་ཐོབ༔ ཆུ་རཱི་རམ་གྱིས་ཆོས་སྐུ་ཐོབ༔ བ་རཱི་རམ་གྱིས་ལོངས་སྐུ་ཐོབ༔ ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ༔ དེ་ནི་འབྲས་བུའི་ཚད་དུ་བསྟན༔ ཞེས་དང་༔ བཏགས་གྲོལ་ལས༔ པཉྩ་རམ་གྱིས་སྐུ་ལྔ་ཐོབ༔ ཅེས་དང༔ བསྟན་བུ་ལས༔ གདུང་དཀར་པོ་བྱུང་ན་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ སེར་པོ་བྱུང་ན་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ གདུང་ཁ་དོག་དམར་པོ་བྱུང་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ གདུང་ཁ་དོག་ལྗང་ཁུ་བྱུང་ན་དོན་ཡོད་གྲུབ་པའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ༔ གདུང་ཁ་དོག་མཐིང་ཀ་བྱུང་ན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སངས་རྒྱ་བ་ཡིན་ནོ༔ ཞེས་སོ༔

གསུམ་པ་རིང་བསྲེལ་ནི༔ གདུང་དང་དབྱིབས་སོགས་འདྲ་བ་ལ་ཏིལ་འབྲུ་ཙམ་པ་འབྱུང་བས་འཇིག་པའོ༔ འདི་ནི་སྐུ་རྟེན་ཡིན་ཀྱང་རང་བཞིན་སྤྲུལ་སྐུར་དབུགས་འབྱིན་པའི་རྟགས་ཙམ་ལས་སངས་རྒྱས་ཐོབ་པའི་རྟགས་ངེས་པར་འདི་གཅིག་པུས་མ་ངེས་སོ༔ སྐུ་གདུང་ལས༔ འདི་ཡང་དེ་དང་འདྲ་བ་ཡིས༔ རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ༔ ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ༔ འདི་ནི་སྤྲུལ་སྐུའི་ཞིང་ཁམས་སུའོ༔ ཞེས་སོ༔ དེ་དག་ཀྱང་རང་ཤར་ལས༔ ཐབས་ལྡན་མྱ་ངན་འདས་པ་སྟེ༔ སྐུ་དང་གདུང་དང་རིང་བསྲེལ་དང་༔ དཔག་ཏུ་མེད་པའི་རྟགས་འབྱུང་ངོ་༔ དེ་ནི་སྐུ་ཡི་རྟེན་དུ་བྱུང་བའོ༔ ཞེས་དང་༔ སྐུ་དང་གདུང་དང་རིང་བསྲེལ་གསུམ༔ རྣམ་གསུམ་ང་ཡིས་སྐུ་རྟེན་བཞག༔ ཅེས་སོ༔

གཉིས་པ་གསུང་གི་རྟགས་ལ་འོད་དང་སྒྲ་མེ་པྲ་གསུམ༔ དང་པོ་ནི༔ འོད་གྱེན་བསྒྲེངས་སུ་སྐས་ཀྱི་ཚུལ་དུ་བྱུང་ན་ཞག་བདུན་མངོན་པར་རྫོགས་པར་འཚང་རྒྱའོ༔ འོད་ཁྱིམ་གྱི་ཚུལ་དུ་བྱུང་བ་ནི་ཞག་ལྔ་ན་མངོན་པར་རྫོགས་པར་འཚང་རྒྱའོ༔ འོད་རྩིབ་ཤར་དུ་བྱུང་བ་ན་བར་དོ་ཐ་མ་ལ་མངོན་པར་རྫོགས་པར་སངས་རྒྱའོ༔ བསྟན་བུ་ལས༔ འོད་གྱེན་ལ་བསྒྲེངས་ནས་སྐས་ཀྱི་ཚུལ་དུ་བྱུང་ན་དབུགས་ཆད་པ་དང་སངས་མི་རྒྱ་བར་ཞག་ལྔ་ནས་སངས་རྒྱའོ༔ ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན་ཞག་ལྔ་ན་བརྟན་པ་ཐོབ་ནས་སངས་མི་རྒྱ་བར་དབུགས་ཆད་པ་དང་སངས་རྒྱའོ༔ ཞེས་དང་༔ སྐུ་གདུང་ལས༔ འོད་ནི་རྩིབས་སུ་སྣང་གྱུར་ན༔ འདི་ནི་བར་དོ་ཐ་མ་ལ༔ མངོན་པར་བྱང་ཆུབ་ཉིད་བརྙེས་སོ༔ ཞེས་སོ༔

གཉིས་པ་ལ་ཕྱོགས་ཀྱི་ཁྱད་པར་ལས་རིགས་གང་དུ་འབྲས་བུ་ཐོབ་པ་དང་༔ སྒྲས་ཁྱད་པར་གྱིས་ཞི་ཁྲོ་གང་ལ་བརྟན་པ་དང་འབྲས་བུ་ཐོབ་བའི་དུས་ཚད་བཟུང་བའི་དབྱེ་བ་གཉིས་སོ༔

དང་པོ་ནི༔ ཤར་ནས་རྡོ་རྗེ༔ ལྷོར་རིན་ཆེན༔ ནུབ་ཏུ་པདྨ༔ བྱང་ནས་ལས་རིགས༔ དབུས་ཕྱོགས་སུ་སངས་རྒྱས་རིགས་ལ་བརྟན་པ་ཐོབ་པར༔ སྐུ་གདུང་ལས༔ ཤར་གྱི་ཕྱོག་སུ་ཉེ་བའི་སར༔ སྒྲ་ནི་རབ་ཏུ་གྲགས་གྱུར་ན༔ འདི་ནི་རྡོ་རྗེའི་རིགས་སུ་འགྱུར༔ དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་༔ སྒྲས་ནི་རིན་ཆེན་རིགས་སུ་སྣང༔ ནུབ་ཏུ་པདྨ་དེ་བཞིན་ནོ༔ བྱང་དུ་ལས་ཀྱི་རིགས་སུ་འགྱུར༔ དེ་བཞིན་སྟེང་དུ་དེ་བཞིན་རིགས༔ ཞེས་སོ༔

གཉིས་པ་ལ་གཉིས་ལས་དང་པོ་ནི༔ སྒྲ་འུར་ཞིང་རྒྱུན་རིང་བ་ནི་ཞི་བའི་བར་དོ་ལ་གྲོལ་བ་ཐོབ་བའི་རྟགས་དང་༔ སྒྲ་འཐུག་བརྩེགས་སུ་བྱུང་ན་ཞི་བ་རང་ངོ་མ་ཤེས་པར་ཕྱིར་འཁྱར་ཀྱང་ཁྲོ་བོའི་བར་དོ་ལ་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའི་རྟགས་ཡིན་པར་སྐུ་གདུང་ལས༔ སྒྲ་ཡི་རང་བཞིན་འདི་ལྟ་སྟེ༔ འུར་ཞིང་འཐུག་པ་བརྩེགས་མ་དང་༔ རྒྱུན་རིང་འཇམ་དལ་རིང་བའི་སྒྲ༔ ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ༔ འདིས་ནི་ལོངས་སྤྱོད་རྫོགས་པ་ཡི༔ སྐུ་ཡི་འབྲས་བུ་ཐོབ་པའོ༔ ཞེས་སོ༔ གཉིས་པ་ནི༔ སྒྲ་དེ་ཡང་གྲགས་པའི་ཁྱད་པར་གྱིས་གྲོལ་ལ་སྔ་ཕྱི་དབང་པོ་རབ་འབྲིང་ཉི་ཤུ་རྩ་གཅིག་གི་རིམ་པའི་གྲོལ་ཚུལ་ཡོད་པས་ན༔ བསྟན་བུ་ལས༔ སྒྲ་ལ་གཉིས་ཏེ་འུར་ཟེར་ན་ཞག་ལྔ་ན་སངས་རྒྱའོ༔ སྒྲ་འཐུག་ཟེར་ན་ཞག་བདུན་ནས་སངས་རྒྱའོ༔ ཞེས་སོ༔

གསུམ་པ་མེ་པྲ་ལ་རིགས་གང་ལ་གཏོགས་པའི་ཕྱག་མཚན་གྱི་རྣམ་པའི་མེ་ལྕེ་དང་ཁ་དོག་གི་ཁྱད་པར་འབྱུང་བར་གསུངས༔ དུད་པ་གྱེན་བསྒྲེངས་དང་༔ གཡས་འཁྱིལ་སོགས་ཕྱིར་མི་ལྡོག་པའི་གྲོལ་རྟགས་སོ༔ བཏགས་གྲོལ་ལས༔ འོད་ཟེར་མེ་འོད་དུ་བའི་རྟགས༔ རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ ཞེས་སོ༔ དེ་ལྟར་གསུང་ཐོབ་པའི་རྟགས་དེ་དག་ཀྱང་དེ་ཉིད་ལས༔ གསུང་ཐོབ་རྟགས་སུ་མེ་འོད་སྒྲ༔ ཞེས་སོ༔

གསུམ་པ་ཐུགས་ཐོབ་པའི་རྟགས་ནི༔ ནམ་མཁའ་སྤྲིན་བྲལ་དྭངས་བ་ནི༔ རྟགས་གཞན་ཀུན་དང་འཛོམ་ན་ཀ་དག་གི་དབྱིངས་སུ་མྱ་ངན་ལས་འདས་པའི་རྟགས་ཡིན་པར༔ དེ་ཉིད་ལས༔ འཇའ་འོད་ནམ་མཁའ་དྭངས་གསལ་བ༔ ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ༔ ཞེས་སོ༔

བཞི་བ་གསུམ་ཆར་ཐོབ་པའི་རྟགས་སུ་ནི་སྐུ་གདུང་མེ་འོད༔ ཐུགས་ཐོབ་པའི་རྟགས་ཐམས་ཅད་ཅིག་ཆར་དུ་འབྱུང་བའོ༔ བར་དོའི་རྒྱུད་ལས༔ འབྲས་བུ་ཐམས་ཅད་ཐོབ་པའི་རྟགས༔ སྐུ་གཟུགས་ཁ་དོག་ཅིར་ཡང་སྣང་༔ ཞེས་སོགས་སྔར་དྲངས་པ་ལྟར་རོ༔

དོན་གསུམ་པ་དེ་དག་གི་མཇུག་བསྡུ་བ་ནི༔ ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན་དུ་ཁ་དོག་སྣ་ཚོགས་འབར་བའི་འོད་དུ་སྣང་ཞིང་༔ ཤེས་བྱའི་སྒྲིབ་པ་སྤངས་བའི་ཡོན་ཏན་དུ་གདུང་དང་རིང་བསྲེལ་འབྱུང་བ་ཡིན་པས་ན༔ འདི་དག་ནི་སྤངས་བ་ཕུན་སུམ་ཚོགས་པ་མཐར་ཕྱིན་པའི་རྟགས་སུ་ཤར་བའང་༔ བར་དོའི་རྒྱུད་ལས༔ ཉོན་མོངས་སྒྲིབ་པ་དག་པའི་རྟགས༔ ཁ་དོག་དཀར་པོའི་འོད་ཉིད་འབྱུང་༔ ཤེས་བྱའི་སྒྲིབ་པ་དག་པའི་རྟགས༔ ཤ་རཱི་རམ་དང་ཉ་རཱི་རམ༔ གདུང་ནི་རྒུན་འབྲུམ་ཚད་ཙམ་འབྱུང་༔ ཞེས་སོ༔ ཡང་རྟོགས་པ་ཕུན་ཚོགས་འབྲས་བུ་ཐོབ་པའི་རྟགས་ནི་སྔར་བཤད་ཀྱང་སྐུ་གསུམ་ལམ་དུ་སྣང་བའི་སྒྲོན་མ་མེ་ཏོག་གི་རྒྱུད་ལ་གོམས་པའི་རྟགས་ལ་སྦྱར་ན༔ དབྱིངས་ལ་གོམས་པ་མཐར་ཐུག་བའི་གྲོལ་ཚད་དུ༔ འོད་སྣང་བ་དང་༔ ཐིག་ལེ་ལ་རིང་བསྲེལ༔ རླུང་ལས་སྒྲ༔ རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་གོམས་པའི་སྐུ་འབྱུང་བ་ནི༔ རྟགས་ཡིག་ལས༔ འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན༔ ཐིག་ལེའི་ཚད་ནི་གདུང་དུ་སྣང་བ་ཡིན༔ རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ༔ དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན༔ སྐུ་ཡི་ཚད་ནི་ཕྱི་ནང་དེ་བཞིན་སྐུ༔ འདི་རྣམས་ཀྱང་ནི་རིག་པའི་ཡོན་ཏན་ཡིན༔ ཞེས་སོ༔

གཉིས་པ་སྐྱེ་བ་བརྒྱུད་པ་རིགས་ཅན་གྱི་རྟགས་ནི༔ དབུགས་དང་བྲལ་མ་ཐག་ཏུ་ས་གཡོས་ན་ཉན་ཐོས་ཀྱི་ས་ཐོབ༔ ཞག་གསུམ་ནས་ས་གཡོས་ན་རང་རྒྱལ་གྱི་ས་ཐོབ༔ ཞག་དྲུག་ནས་ས་གཡོས་ན་བྱང་སེམས་ཀྱི་ས་ཐོབ༔ ཞག་དགུ་ནས་ས་གཡོས་ན་རིག་འཛིན་གྱི་ས་ཐོབ་པ་ཙམ་ལས་སངས་རྒྱས་དངོས་ཀྱི་འབྲས་བུ་ཐོབ་པའི་སྐལ་བ་མེད་དོ༔ འོན་ཀྱང་རྟགས་གཞན་དང་ལྡན་ན་ནི་དེར་མ་ངེས་ཏེ༔ སྔོན་སངས་རྒྱས་ཀྱི་ཆོ་འཕྲུལ་དང་༔ ཡང་དག་སངས་རྒྱས་ལ་འོད་དང་༔ སྒྲ་དང་ས་གཡོ་སྐུ་གདུང་རིང་བསྲེལ་འབྱུང་བ་བཞིན་ནོ༔ སྐུ་གདུང་འབར་བ་ལས༔ ས་ནི་གཡོ་བའི་སྐལ་ལྡན་ལ༔ སངས་རྒྱས་འབྲས་བུ་མི་སྣང་སྟེ༔ དེ་བཞིན་ས་དང་ལམ་རྣམས་ལ༔ ཡུན་དུ་སྦྱོང་ཞིང་གནས་པའོ༔ ཞེས་སོ༔

གཉིས་པ་རྣམ་པར་ཞི་བ་བརྙེས་ཚུལ་ལ༔ ཐབས་གང་གིས༔ ཚུལ་ཇི་ལྟར༔ འབྲས་བུ་གང་བརྙེས་པའོ༔

དང་པོ་ནི༔ སྔར་བཤད་པ་ལྟར་ཐབས་ཤེས་བསྐྱེད་རྫོགས་སྒྱུ་འོད་སྣང་སྟོང་གི་ཆ་ཐམས་ཅད་སྐུ་གཉིས་ཡེ་ཤེས་ཕྲིན་ལས་དང་བཅས་པའི་བྲལ་དག་གི་རྒྱུ་ཡིན་ཀྱང༔ འདིར་ཆོས་ཉིད་མངོན་སུམ་གྱི་ལམ་འོད་གསལ་ཐོད་རྒལ་ཆེན་པོའི་སྐུ་གསུམ་ལུགས་ལྡོག་དུ་གོམས་པ་ཉིད་ལས་དཔག་ཆེན་གྱི་མདའ་འཕངས་པ་ལྟར་འཁོར་བ་ལ་ཕྱིར་མི་ལྡོག་པའི་ཞི་བ་བརྙེས་པའང་༔ རབ་འབྱམས་ལས༔ མངོན་སུམ་གནད་ལ་གང་གོམས་པ༔ འདི་ནི་སྐྱེས་བུ་མདའ་འཕངས་བཞིན༔ ཚུར་ལ་ལྡོག་པར་ག་ལ་འགྱུར༔ ཞེས་སོ༔

གཉིས་པ་ཚུལ་ཇི་ལྟར་ཞི་བ་བརྙེས་པའི་རྡོ་རྗེའི་གནས་ལ༔ རྩ་བ་དོན་གྱི་འབྲེལ་དགོད་པ༔ ཡན་ལག་འགྲེལ་བའི་སྒོ་ནས་བཤད༔ དོན་གྱི་མཇུག་བསྡུ་བ་དང་གསུམ་ལས༔

དང་པོ་ནི༔ ལྟ་བས་རྟོགས༔ བསྒོམ་པས་ཉམས་སུ་བླངས་བས༔ འབྲས་བུ་མངོན་དུ་གྱུར་པ་དེ་ཡང་སྒྲིབ་བྱེད་ཀྱི་དྲི་མ་བག་ཆགས་དང་བཅས་པ་དབྱིངས་སུ་སངས་བ་ན༔ རང་ལ་ཡེ་ནས་ལྷུན་གྱིས་གྲུབ་པའི་རིགས་ཁམས་ཡང་དག་པར་གསལ་བ་ལ་བྱ་སྟེ༔ དེ་ཡང་དཔེར་ན་སྤྲིན་དེངས་བས་ཉི་མཁའ་མཐོང་བ་ལྟ་བུ་སྟེ༔ རྒྱུད་བླ་མ་ལས༔ རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དེ་མཁའ་བཞིན་གློ་བུར་གྱིས༔ ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ལས་ནི་བྲལ་གྱུར་བ༔ དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད༔ དེ་ནི་ཆོས་ལ་མི་རྟོག་ཡེ་ཤེས་དག་ལ་བརྟེན་ནས་ཐོབ༔ ཅེས་སོ༔ དེ་ཡང་དྲི་མ་རང་མཚན་པ་ཡོད་ནས་བྲལ་བ་ནི་མིན་ཏེ༔ དཔེར་ན་ནམ་མཁའི་ངོ་བོ་ན་སྤྲིན་ཡང་དག་པར་ཡོད་པ་མིན་ཀྱང་གློ་བུར་དུ་བྱུང་བ་དང་༔ ནམ་མཁའི་གཤིས་ལ་ཞུགས་པ་མེད་པས་འབྲལ་བར་རུང་བ་དང་༔ ཅུང་ཟད་ཀྱང་ནམ་མཁའ་ལ་བསྒྱུར་བཀོད་མ་བྱས་པ་ལྟར༔ ཆོས་ཉིད་ཀྱི་ངོ་བོ་ལ་མ་གྲུབ་པ་དང་༔ ཆོས་རང་བཞིན་པའི་སྒྲིབ་པ་ཚུགས་ཐུབ་མེད་པ་དང་༔ གློ་བུར་བ་ཡིན་པས་འབྲལ་རུང་བ་དང་༔ ཆོས་ཉིད་ཀྱི་ངོ་བོ་ལ་བཟང་ངན་གྱི་བྱ་བ་ཅི་ཡང་མ་བྱས་པ་ལ༔ རྟོག་པའི་དབང་གིས་རང་གིས་རང་བཅིངས་པ་རྨི་ལམ་ཙམ་དུ་ཟད་དོ༔ དེས་ན་སྐུ་གསུང་ཐུགས་བདེ་བ་ཆེན་པོའི་རྒྱུད་ལས༔ སྒྱུ་མ་རྨི་ལམ་ལ་སོགས་བཞིན༔ བག་ཆགས་གློ་བུར་སྤྲིན་ཚུལ་དུ༔ མེད་ལས་ཡོད་བརྟགས་ཡོད་ནས་མེད༔ ཅེས་དང་༔ རྒྱུད་བླ་མ་ལས༔ དྲི་མ་གློ་བུར་དང་ལྡན་ཞིང་༔ ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར༔ ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན༔ འགྱུར་བ་མེད་པའི་ཆོས་ཉིད་དོ༔ ཞེས་སོ༔

གཉིས་པ་ལ༔ གཅིག་འགགས་པས་ཆོས་ཚུལ་བཞིའི་སྒོ་ནས་སངས་རྒྱས་པ་དང་༔ གཅིག་སྐྱེ་བས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་པ་དང་༔ གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་དེ་ཞི་བ་མྱ་ངན་ལས་འདས་པ་བརྙེས་པའི་ཚུལ་བཤད་པའོ༔ ཡེ་ཤེས་མར་མེའི་རྒྱུད་ལས༔ སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་ན་གཅིག་འགགས་པས་ལྡོག་ཚུལ་བཞིའི་སྒོ་ནས་སངས་རྒྱས་སོ༔ གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་སོ༔ གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་ནས་ཞི་བ་མྱ་ངན་ལས་འདས་པའོ༔ ཞེས་སོ༔

དང་པོ་ལ་ངོ་བོ་བསྟན་པ་ནི༔ ཡེ་ཤེས་མར་མེ་ལས༔ སངས་རྒྱས་ཀྱི་སྐུ་ངོ་ཤེས་པ་ནི་གཅིག་འགགས་པས་མ་དག་པ་འཁྲུལ་བའི་སྣང་བ་འདི་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་ལྡོག་པ་ཡིན་ནོ༔ འཁོར་བའི་གྲོང་ཁྱེར་འདི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ལྡོག་པ་ཡིན་ནོ༔ ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ལྡོག་པ་ཡིན་ནོ༔ ཤ་ཁྲག་གི་ལུས་རྡོས་པ་ཅན་འདི་འོད་ཀྱི་ལུས་སུ་ལྡོག་པ་ཡིན་ནོ༔ ཞེས་སོ༔

རྣམ་པར་ཕྱེས་ཏེ་བཤད་པ་ནི༔ དེ་ཡང་ལྔར་བཤད་པ་ལྟ་བུའི་འཁོར་བའི་རྩ་བ་མ་རིག་གཉིས་འཛིན་གྱི་དབང་གིས༔ དཔེར་ན་མིག་འཁྲུལ་པའི་རྒྱུ་རྐྱེན་གྱིས་བསླད་པའི་ཟླ་གཉིས་དང་ཐག་སྦྲུལ་དུ་སྣང་ཞེན་འཁྲུལ་བ་འབྱུང་བ་བཞིན༔ ཆོས་དབྱིངས་ཡུལ༔ རིག་པ་སེམས༔ འོད་ལྔ་ལུས་སུ་འཁྲུལ་གཞིར་སོང་བ་ལས༔ ད་གཉེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དབྱིངས་རིག་དབྱེར་མེད་པ་ལ་གོམས་པ་མཐར་ཐུག་པའི་སྟོབས་ལས་ཀུན་འབྱུང་གིས་བསླད་པ་ཞི་བ་དང་༔ མིག་འཁྲུལ་རྐྱེན་བྲལ་བས་སྦྲུལ་སྣང་ལྡོག་སྟེ་ཐག་པ་མཐོང་བ་ལྟར༔ རང་རིག་པའི་ངོ་བོ་དང་རང་རྩལ་རོལ་པའི་སྐུ་དང་ཡེ་ཤེས་ཞིང་དང་གཞལ་ཡས་སུ་རྟོགས་པ་དེ་བཞིན་ཉིད་དུ་རྒྱས་པ་དང་མཉམ་དུ་ཡུལ་ལུས་སེམས་སུ་སྣང་ཞེན་གྱི་འཁྲུལ་པ་ཐམས་ཅད་ནམ་མཁའི་ངང་དུ་སྤྲིན་དེངས་པ་ལ་སོགས་པའི་དཔེས་མཚོན་ཏེ་རང་རྩལ་གཞི་ལ་འདུས་པ་ཞེས་བྱ་སྟེ༔ ལུང་ཡེ་ཤེས་མར་མེ་ལས༔ ཀྱཻ་སངས་རྒྱས་ཐུགས་རྗེ་ཅན༔ སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་པས་གཅིག་འགགས་ཏེ་ལྡོག་ཚུལ་བཞིའི་སྒོ་ནས་སངས་ཇི་ལྟར་རྒྱ་ཞེས་ཞུས་སོ༔ བཀའ་སྩལ་པ༔ ཀྱཻ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག་སངས་རྒྱས་ཀྱི་སྐུ་ངོ་ཤེས་པས་གཅིག་འགགས་པས་མ་དག་འཁྲུལ་བའི་སྣང་བ་འདི་ནི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ལྡོག་པ་ཡིན་ནོ༔ འཁོར་བའི་གྲོང་ཁྱེར་འདི་ནི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ལྡོག་པ་ཡིན་ནོ༔ ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ལྡོག་པ་ཡིན་ནོ༔ ཤ་ཁྲག་གི་ལུས་རྡོས་པ་ཅན་འདི་འོད་ཀྱི་ལུས་སུ་ལྡོག་པ་ཡིན་ནོ༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱཻ་བཅོམ་ལྡན་འདས་འཁྲུལ་བའི་སྣང་བ་འདི་དག་པའི་སྣང་བར་ཇི་ལྟར་ལྡོག༔ བཀའ་བསྩལ་པ༔ ཀྱཻ་གསང་བའི་བདག་པོ་འཁྲུལ་སྣང་འགགས་པས་དག་སྣང་དུ་འཆར་རོ༔ དག་པའི་སྣང་བ་དེ་ཤར་བ་རང་གི་རིག་པ་ལས་བྱུང་༔ རང་གི་རིག་པའི་ངང་དུ་ཞི་བས་ནམ་མཁའ་ལ་སྤྲིན་ལྟར་དུ་སངས་རྒྱའོ༔ ཞེས་བཀའ་སྩལ་ཏེ༔ ཡང་ཞུས་པ༔ ཀྱཻ་སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་གྲོང་ཁྱེར་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་ཇི་ལྟར་ལྡོག་ཅེས་ཞུས་པས༔ བཀའ་བསྩལ་པ༔ ཀྱཻ་གསང་བའི་བདག་པོ་འཁོར་བ་འདི་རང་གི་རིག་པའི་ངང་ལ་ཤར༔ རང་གི་རིག་པའི་ངང་དུ་གྲོལ༔ ཉི་མ་དང་ཟེར་ལྟར་རོ༔ ཞེས་སོ༔ ཡང་ཞུས་པ༔ ཀྱཻ་བཅོམ་ལྡན་འདས་ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ཇི་ལྟར་ལྡོག་ཅེས་ཞུས་པས༔ བཀའ་བསྩལ་པ༔ ཀྱཻ་རྡོ་རྗེ་འཛིན་པ་ཆེན་པོ་རྣམ་པར་རྟོག་པ་ཐམས་ཅད་རང་གི་རིག་པ་རང་ལ་སྣང་༔ རང་གི་རིག་པ་ལ་ལྡོག་པ་རྒྱ་མཚོ་དང་ཆུ་ཕྲན་ལྟ་བུར་སངས་རྒྱའོ༔ ཞེས་སོ༔ ཡང་ཞུས་པ༔ ཀྱཻ་བཅོམ་ལྡན་འདས་རང་ངོ་རང་གིས་ཤེས་པས་ཤ་ཁྲག་གི་ལུས་འོད་ཀྱི་ལུས་སུ་ཇི་ལྟར་ལྡོག་ཅིང་གྲོལ་ཞེས་ཞུས་སོ༔ བཀའ་བསྩལ་བ༔ གསང་བའི་བདག་པོ་འོད་ལྔ་རང་ལ་གསལ༔ རང་འོད་ཀྱི་ངང་དུ་དག༔ མན་ཤེལ་དང་སྣང་བ་ལྟ་བུ་ཡིན་ནོ༔ ཞེས་སོ༔

དོན་གཉིས་པ་གཅིག་སྐྱེ་བས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་པ་ལ༔ བཤད་གཞིའི་རྩ་བ་བཞག་པ་དང༔ དེ་ཉིད་རྣམ་པར་བཤད་པའོ༔

དང་པོ་ནི༔ དེ་ལྟར་འཁྲུལ་པའི་སྣང་བ་འགགས་ནས་སྣང་བ་བཞིའི་རིམ་པས་མྱང་འདས་རིག་པའི་དག་སྣང་ཡིན་པས་དེ་ཡུལ་གསལ་དུ་གྱུར་པ་ལ་ཡུལ་ཡེ་ཤེས་སུ་སྐྱེས་པ་ཞེས་བྱའོ། །རིག༵་པའི༵་གནས་ལུགས་སྐུ་གསུམ་གྱི་དག༵་སྣང༵་ཕུན་སུམ་ཚོགས་པ་ལྔ་ལྔར་ལྡན་པའི་རང་བཞིན་མངོ༵ན་དུ༵་གྱུར༵་བ༵་ན༵་ཡུལ་ཡེ་ཤེས་སུ་སྐྱེ་བ་ཞེས་བྱ་སྟེ༔ མ་དག་འཁྲུལ་པ་སངས་རིམ་དང་བསྟུན་ཏེ་མྱ་ངན་ལས་འདས་པའི་འབྲས་བུའི་ངང་རྒྱས་པ་དང་༔ རང་སྣང་ཡེ་ཤེས་ཀྱི་ལམ་དུ་སྐུ་གསུམ་ལུགས་ལྡོག་ཕྱི་གསལ་ནང་དུ་ཐིམ་པའི་མཐར་ཐུག་ནས་ཆོས་སྐུ་རིག་པ་ཀ་དག་གི་གནས་ལུགས་སམ་ཆོས་ཚུལ་ལྔའི་ངང་དུ་བཙན་ས་ཟིན་ཏེ་མི་འགྱུར་བར་ཞི་བ་བརྙེས་པའོ༔ འདིས་ནི་ཞར་ལ་གྲོལ་ས་ཐོག་མའི་ཀ་དག་ཀྱང་བསྟན་པ་ཡིན་ནོ༔ ཡེ་ཤེས་མར་མེའི་ལུང་ལས༔ ཀྱཻ་རྡོ་རྗེ་འཛིན་པ་ཆེན་པོ་གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་པ་ནི་འདི་ལྟ་སྟེ༔ སྐུ་ལས་འདས་པའི་ཡེ་ཤེས་ཀྱི་སྐུར་སངས་རྒྱས་སོ༔ ཡིད་ལས་འདས་པའི་ཤེས་རབ་ཀྱི་སྐུར་སངས་རྒྱས་སོ༔ ཆོས་ལས་འདས་པའི་སངས་རྒྱས་ཀྱི་སྐུར་སངས་རྒྱས་སོ༔ འབྱུང་བ་ལས་འདས་པའི་རང་གདངས་ཀྱི་སྐུར་སངས་རྒྱའོ༔ ཚིག་ལས་འདས་པའི་རང་སྣང་གི་སྐུར་སངས་རྒྱའོ༔ གཅིག་སྐྱེས་པ་ནི་ཡུལ་ཡེ་ཤེས་སུ་སྐྱེ་བ་ཡིན་ནོ༔ ཆོས་ཚུལ་ལྔ་ནི་ཆོས་སྐུའི་གནས་ལུགས་ལྔ་རུ་གནས་པ་ཡིན་ནོ༔ སངས་རྒྱ་བ་ནི་སྣང་བ་ཐམས་ཅད་རང་གི་རིག་པ་ལ་ཐིམ༔ རིག་པ་ཀ་དག་གི་ས་ལ་རང་ས་ཟིན་ནས་མི་འགྱུར་བ་ཡིན་ནོ༔ ཞེས་སོ༔

གཉིས་པ་དེ་ཉིད་རྣམ་པར་བཤད་པ་ལ་ལྔ་ལས༔ དང་པོ་སྐུ་ལས་འདས་པའི་ཡེ་ཤེས་ཀྱི་སྐུར་སངས་རྒྱས་པ་ནི༔ གཟུགས་སྐུ་ཕྱི་གསལ་གྱི་སྤྲོས་པ་དབྱིངས་སུ་ཞི་ནས་སྟོང་གསལ་རིག་གསུམ་དབྱེར་མེད་པ་གཞན་སྣང་ཐུགས་རྗེའི་ལམ་གྱི་གཟུགས་སྐུ་ཕྲིན་ལས་དང་བཅས་པའི་འཆར་གཞི་མ་འགགས་པར་བཞུགས་སོ༔ དེ་ཡང་འོད་ཀྱི་ཕུང་པོ་ཞེས་པ་ནི་འགགས་མེད་འོད་གསལ་བའི་ཡེ་ཤེས་ཡིན་པ་དང་༔ ཕྱི་གསལ་གྱི་འཆར་སྒོ་ཡོད་པ་ཙམ་ལ་བཤད་ཀྱི་མཚན་དཔེའི་གཟུགས་སུ་ཡོད་པར་ནི་མིན་ཏེ༔ ཤིན་ཏུ་མི་གཡོ་བ་ཆོས་སྐུའི་གནས་སྐབས་ཡིན་པས་ནའོ༔ དེ་ཡང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ སྐུ་ནི་སྟོང་དང་གསལ་བ་དང༔ མཚན་མ་མེད་པའི་རང་བཞིན་ནོ༔ ཞེས་དང་༔ མཚན་མའི་ཆོས་ལས་གྲོལ་བས་ན༔ རིས་ཅན་གཟུགས་སུ་མ་ཡིན་དང་༔ ཞེས་དང་༔ དེ་ཡང་ངོ་བོ་སྐུར་གནས་པའི༔ ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ༔ མ་ཕྱེད་འབྱེད་པ་མེད་པའི་ཚུལ༔ བབས་ལས་གྲུབ་པ་ཉིད་ཀྱི་ཕྱིར༔ སྐུ་མདོག་ལ་སོགས་བློ་ཡུལ་མེད༔ ཅེས་དང༔ རིན་པོ་ཆེ་སྤུངས་པ་ལས༔ འབྲས་བུ་ཆོས་སྐུ་སྟོང་གསལ་ལ༔ དངོས་པོ་ཟད་པ་ཡ་མཚན་ཆེ༔ ཞེས་པ་དག་དང་འགལ་བའི་ཕྱིར་རོ༔

གཉིས་པ་ཡིད་ལས་འདས་པའི་ཤེས་རབ་ཀྱི་སྐུར་གསལ་བ་ནི༔ སེམས་སེམས་བྱུང་གི་འཇུག་པ་མཐའ་དག་ཆོས་དབྱིངས་སུ་ཞི་ནས་ཁམས་གསུམ་གྱི་རྣམ་པར་རྟོག་པ་ལས་འདས་ཀྱང་ཡེ་ཤེས་ཀྱི་རང་བཞིན་ཐུགས་རྗེའི་འཆར་གཞི་གོ་མ་འགགས་པ་ལས་གཟུགས་སྐུ་ཡེ་ཤེས་ཕྲིན་ལས་དང་བཅས་པ་འབྱུང་ཡང་རགས་པའི་ས་ལས་འདས་པའི་ནང་གསལ་ཕྲ་བའི་ཚུལ་དུ་རྟག་ཆད་ཀྱི་མཐའ་གཉིས་རང་སེལ་བའོ༔ སྒྲོན་མ་སྣང་བྱེད་ལས༔ ཡེ་ཤེས་མེད་ན་ཆད་པ་དང་༔ ཁྱད་པར་ཅི་ཡང་ཡོད་མི་འགྱུར༔ རགས་པའི་ཡེ་ཤེས་ཡོད་གྱུར་ན༔ འོན་ཏེ་རྟག་པ་ཉིད་དུ་འགྱུར༔ དེ་ཕྱིར་ཤེས་བྱ་ཉིད་དུ་ནི༔ བརྟེན་ནས་ཡོད་པ་མ་ཡིན་ཏེ༔ ཕྲ་བའི་ཡེ་ཤེས་ཉིད་དུ་གནས༔ ཞེས་དང་ཀློང་དྲུག་ལས༔ ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས༔ བྱ་དང་བྱེད་པ་མེད་པར་ཤར༔ ཞེས་དང་༔ འཇུག་པ་ལས༔ ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ༔ བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་ཀྱི་སྐུ༔ དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད༔ སེམས་འགགས་པ་དེ་སྐུ་ཡིས་མངོན་དུ་མཛད༔ ཅེས་པ་རྣམས་ཀྱིས་ཆོས་སྐུ་ལ་ཡེ་ཤེས་མེད་པ་དང་༔ སེམས་ཡོད་པ༔ ཡེ་ཤེས་ཕྱིར་གསལ་གྱི་གཟུགས་སྐུ་དང་ཁྱད་འབྱེད་དུ་མཛད་པའོ༔

གསུམ་པ་ཆོས་ལས་འདས་པའི་སངས་རྒྱས་ཀྱི་སྐུར་སངས་རྒྱ་ཚུལ་ནི༔ ཐེག་པ་གཞན་ནས་བྱ་རྩོལ་ཐབས་ཤེས་ཀྱི་ལམ་ལ་གནས་པ་དང་༔ འདིར་རང་གནས་སྐུ་རིག་ཡེ་ཤེས་ལམ་དུ་བྱེད་པའི་ཁྱད་པར་ཀྱང་ཡོད་དེ༔ གོང་དུ་སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་ན་ཞེས་ལུང་ན་གསལ་བའི་ཕྱིར་རོ༔ འོན་ཀྱང་འདིར་ནི་ལམ་བདེན་འདུས་བྱས་ཀྱི་ཆ་ཐམས་ཅད་སྤངས་ཏེ་ཟད་ནས་ཆུ་བོ་བརྒལ་བའི་གཟིང་བཞིན་གྱུར་བས་ན་དང་༔ ཚད་ཕེབས་ཡན་ཆད་དག་ས་གསུམ་དང་འདྲ་བས་ལམ་ལ་འབད་རྩོལ་ཞི་ན་མཐར་ཐུག་གི་གྲོལ་ས་ལ་སྨོས་མ་དགོས་ཏེ༔ གཞི་སྣང་ཐོག་མའི་གྲོལ་ས་སེམས་མེད་སེམས་འགག་པ་དེ་སྐུ་ཡི་མངོན་དུ་མཛད་ཞེས་པའི་དོན་ནོ། །ཡེ་ཤེས་ཀྱི་སྐུས་མངོན་དུ་མཛད་པའི་སྤངས་རྟོགས་མཐར་ཐུག་པའོ༔ དེ་ཡང་སྤྱི་མདོ་ལས༔ ཐབས་སམ་ཐེག་པའི་བྱེ་བྲག་ཀུན༔ བརྟེན་ནས་དྲངས་པའི་ཐབས་ཡིན་ཏེ༔ དོན་གྱི་ངེས་པ་རྙེད་མ་ཐག༔ ཆུ་བོ་བརྒལ་བའི་གྲུ་བཞིན་ནོ༔ ཞེས་དང་༔ ཐལ་འགྱུར་ལས༔ རང་གི་གྲུབ་པའི་མཐའ་ཡང་འཇིག༔ འདི་དུས་བླ་མའི་མན་ངག་ནུབ༔ ལྟ་བསྒོམ་སྤྱོད་པའི་མཐའ་སྟོངས་པས༔ ཆོས་སུ་སྣང་བ་ཡོད་མ་ཡིན༔ ཞེས་སོ༔ ཆོས་སུ་སྣང་བ་ནི་ལམ་དང་གཉེན་པོ་ལ་འཁོར་གསུམ་བདེན་ཞེན་གྱི་དྲི་མ་ཕྲ་མོ་ཙམ་ཡང་མེད་པའི་དོན་གྱི་ཆོས་ལས་འདས་པའི་སངས་རྒྱས་ཞེས་བྱའོ༔

བཞི་པ་འབྱུང་བ་ལས་འདས་པའི་རང་གདངས་ཀྱི་སྐུར་སངས་རྒྱ་བ་ནི༔ འབྱུང་བ་མ་ལ་ཞ་བའི་དོན་དེ་འོད༵་ཀྱི༵་ཕུང༵་པོ༵་ཆེན༵་པོ༵་དང༵་འ༵དུ་འབྲལ༵་མེད༵་པ༵་ནི༔ རང་བཞིན་གསལ་བའི་ཡེ་ཤེས་འོད་ལྔའི་འཆར་གཞི་གོ་མ་འགགས་པ་རིན་ཆེན་གྱི་སྦུབས་ལ་རང་རྫོགས་པའི་ཕྱིར་བཤད་པ་ཡིན་གྱི༔ འོད་ལྔ་རང་མཚན་པས་ཞིང་ཁམས་སོགས་སུ་འགྲེལ་ན་སྦུབས་བར་བ་དང་ཁྱད་པར་མེད་པ་དང་༔ འོན་ཀྱང་ཆོས་ལོངས་ངོ་བོ་བདག་གཅིག་གིས་འབྲེལ་བ་དང་རང་སྣང་དབྱེར་མེད་དུ་འགྲེལ་ནའང་༔ ངོ་བོ་བདག་གཅིག་སྤྲུལ་སྐུ་ལའང་མཚུངས་ཤིང་༔ རང་སྣང་ཙམ་གྱི་སྐུ་ལྔར་དབྱེ་བའི་གྲངས་འཇིག་པའི་ཕྱིར་མི་འཐད་དེ༔ འདིར་ཡང་ཆོས་སྐུའི་གནས་ལུགས་ལྔ་རུ་གནས་པ་ཡིན་ནོ༔ ཞེས་པས་ལོངས་སྐུར་མ་གསུངས་སོ༔ ཐལ་འགྱུར་ལས༔ རང་བཞིན་འཆར་བྱེད་འོད་གྱི་ཚུལ༔ དཀར་དམར་སེར་དང་ལྗང་མཐིང་ནི༔ མཚན་མ་རིས་ཅན་མ་ཡིན་པར༔ རིས་མེད་གསལ་བའི་བབས་ལས་གྲུབ༔ ཅེས་སོ༔

ལྔ་པ་ཚིག་ལས་འདས་པའི་རང་སྣང་གི་སྐུར་སངས་རྒྱ་བ་ནི༔ སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བ་ཡིན་ཏེ༔ དེ་ཡང་དེ་གསུམ་གྱི་བག་ཆགས་མཐའ་དག་ལས་གྲོལ་ནས་སྐུ་གསུང་ཐུགས་ཀྱི་ངོ་བོ་མཐར་ཐུག་པ་གཞི་གནས་ཡེ་ཤེས་གསུམ་ལྡན་ཀློང་དུ་གྱུར་བས་ན་རིག་པ་རང་ས་ཟིན་པ་ལས་མི་འགྱུར་བའོ༔ ཉི་ཟླ་འབར་བའི་རྒྱུད་ལས༔ ཡིད་རིག་སེམས་མེད་དྲན་རྟོག་སངས༔ ངང་དྭངས་ཡེ་ཤེསས་ཉི་ཤར་བས༔ མ་རིག་སྒོ་ངའི་ནང་ནས་ཐོན༔ གཏི་མུག་འཁོར་བའི་མུན་པ་སངས༔ སྲིད་པའི་དྲྭ་བ་འཇོམས་པ་ཡིན༔ འཁྲུལ་སྣང་མ་ལུས་རྩད་ནས་ཆོད༔ གཅིག་ཤེས་ཀུན་གྲོལ་དགོངས་པར་ཤར༔ ངོ་བོ་རང་བཞིན་ཐུགས་རྗེ་ལས༔ སྐུ་གསུང་ཐུགས་ཀྱི་ངོ་བོར་རྟོགས༔ དུག་ལྔ་ཉོན་མོངས་རྩད་ནས་ཆོད༔ ཕྱི་རོལ་ནང་དག་འཛིན་པ་བརླག༔ ངང་དྭངས་གསལ་དག་ཐུགས་ལ་གནས༔ ཞེས་དང་༔ རང་ཤར་ལས༔ རིན་པོ་ཆེ་རྡོ་རྗེའི་གདན་ལ་ནི་འགྱུར་བ་མེད་དོ༔ ཞེས་པའོ༔ དེ་དག་ཀྱང་ཡེ་ཤེས་མར་མེའི་རྒྱུད་ལས༔ ཀྱཻ་གསང་བའི་བདག་པོ་སྐུ་ལས་འདས་པའི་ཡེ་ཤེས་ཀྱི་སྐུ་ནི་གཟུགས་སྐུ་ལས་འདས་ནས་ཆོས་སྐུ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་འོད་ལྔའི་ཕུང་པོར་བཞུགས་པ་ཡིན་ནོ༔ ཡིད་ལས་འདས་པའི་ཤེས་རབ་ནི་ཡིད་རྟོག་བཅས་ལས་གྲོལ་ཞིང་འདས་ནས་ཤེས་རབ་རྟོག་མེད་ཀྱི་སྐུ་རུ་བཞུགས་པ་ཡིན་ནོ༔ ཆོས་ལས་འདས་པའི་སངས་རྒྱས་ནི་འབད་རྩོལ་དང་བྲལ་ཏེ༔ རང་གི་རིག་པའི་རང་འོད་དེ་ངོ་ཤེས་ནས་སངས་རྒྱས་པ་ཡིན་ནོ༔ འབྱུང་བ་ལས་འདས་པའི་རང་གདངས་ནི་འབྱུང་བ་ལྔའི་མདུད་པ་ལས་གྲོལ་ནས་རང་གི་རིག་པའི་རང་གདངས་འོད་ཀྱི་ཕུང་པོ་ཆེན་པོ་དང་འདུ་འབྲལ་མེད་པར་བཞུགས་པ་ཡིན་ནོ༔ ཚིག་ལས་འདས་པའི་རང་སྣང་ནི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་མཐར་ཕྱིན་ནས་གཟུང་འཛིན་དང་བྲལ་བའི་རིག་པ་རང་གསལ་རྟོག་མེད་དུ་བཞུགས་པ་ཡིན་ནོ༔ ཞེས་སོ༔

དོན་གསུམ་པ་གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་པ་ལ༔ རྡོས་བཅས་ཤ་ཁྲག་གི་ལུས་ཡེ་ཤེས་འོད་དང་༔ དེ་ཉིད་རིན་པོ་ཆེའི་སྦུབས་ལ་གཤེགས་པ་ནི་ལུས་ལས་གྲོལ་བའི་ངོ་བོ་ཡིན་པས༔ དོན་གསལ་ལས༔ ལུས་ལས་གྲོལ་བའི་ངོ་བོ་ནི༔ རིག་པ་དངོས་མེད་རིན་ཆེན་སྦུབས༔ ཞེས་སོ༔ དེའི་དུས་སུ་ཆོས་སྐུའི་སྐུ་གསུམ་སྙིང་པོ་ལྔ་དང་ལྡན་པའི་ཁོང་གསལ་གཞི་རང་བཞིན་གྱི་སངས་རྒྱས་ཉིད༔ གློ་བུར་རྣམ་དག་དུ་ཡུལ་གསལ་རྟོགས་པ་མངོན་གྱུར་ཐོབ་ནས་མྱ་ངན་ལས་འདའ་བའོ༔ ཡེ་ཤེས་མར་མེ་ལས༔ ཀྱཻ་གསང་བའི་བདག་པོ་གཅིག་གནས་པ་ནི་ཤ་ཁྲག་གི་ལུས་འདི་འོད་ཀྱི་ལུས་སུ་གནས་པ་ཡིན་ནོ༔ སྙིང་པོ་ལྔ་ནི་སངས་རྒྱས་ཆོས་ཀྱི་སྐུ་སྟོང་པ་རིག་པའི་སྙིང་པོ་ཅན་དུ་བཞུགས་སོ༔ རིག་པ་ཤེས་རབ་ཀྱི་སྙིང་པོ་ཅན་དུ་གནས་སོ༔ ཤེས་རབ་ཐུགས་རྗེའི་སྙིང་པོ་ཅན་དུ་གནས་སོ༔ ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་སོ༔ ཡེ་ཤེས་འོད་ཀྱི་ལུས་ཅན་དུ་གནས་སོ༔ འོད་མཐའ་མེད་པའི་ཡུལ་ཅན་དུ་གནས་སོ༔ དེ་ངོ་ཤེས་པས་ཆོག་གོ༔ ཞེས་སོ༔

གསུམ་པ་དོན་གྱི་མཇུག་སྡུད་པ་ནི༔ དེ་ལྟར་ལྡོག་ཚུལ༔ ཆོས་ཚུལ༔ སྙིང་པོ་ལྔ་དང་བཅས་པ་ཀུན་སེམས་དང་སེམས་བྱུང་གི་འཇུག་པ་ཆོས་དབྱིངས་སུ་དང་༔ ཕྱི་གསལ་གཉིས་སྣང་གི་སྦུབས་ཆོས་སྐུར་ཐིམ་ཚུལ་དང་ཐིམ་ནས་དབྱིངས་ངོ་བོ་ཉིད་ཀྱི་ཆོས་སྐུ་དང་༔ རྟོགས་པ་ཡེ་ཤེས་ཆོས་སྐུའི་ངང་དུ་བཞུགས་ཚུལ་གྱི་གོ་རིམ་ཡིན་ནོ༔ འདིའི་ཐད་ན་དགོངས་པ་མི་འདྲ་བ་མང་སྟེ༔ མ་ཧཱས་ཕུང་པོ་སྐུ་ལྔ༔ ཉོན་མོངས་ཡེ་ཤེས༔ འབྱུང་བ་ཡུམ་ལྔ་ལ་སོགས་པ་ཡིན་ཞེས་བཤད་པ་དང་༔ཨ་ནུས་ནང་ལུས་དཀྱིལ་ཡོད་པར་བཤད་ན༔ དེ་གཉིས་ཕྱོགས་བསྡོམས་ནས་ཕུང་ཁམས་སྐྱེ་མཆེད་ཕྱི་ནང་གསང་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སངས་རྒྱས་པའི་དོན་ལ་བློ་མི་འཇུག་པར༔ རང་ཕྱོགས་སེམས་ཀློང་སོགས་རྫོགས་ཆེན་པ་པ་ཁ་ཅིག་ན་རེ༔ གསང་སྔགས་མཐར་ཐུག་རྫོགས་ཆེན་གྱི་རྒྱུད་ལས་ཞེས་ཆོས་ཅན་དུ་བཟུང་གནས་འགྱུར་དང་༡ཕུང་པོ་སངས་རྒྱས་སུ་༢མི་འདོད་དེ༔ཞེས་དམ་བཅའ་སྔ་ཕྱི་གཉིས་བསྟན༔ དེ་དག་དག་བྱ་ཡིན་པས་ན་ཞེས་རྟགས་སུ་བཀོད༔ མེ་ལོང་དང་གཡའ་བཞིན་ནོ་ཞེས་མཐུན་དཔེ་བསྟན༔ དེ་མིན་ན་དངོས་ལ་གནོད་བྱེད་སྐུ་དང་ཡེ་ཤེས་མི་རྟག་པ་སོགས་སུ་ཐལ་བར་འགྱུར་བ་དང་༔ དག་བྱར་འགྱུར༔ ཕུང་པོ་དང་ཉོན་མོངས་འབྲས་བུར་འགྱུར་བ་ལ་སོགས་སྐྱོན་མང་ཞིང་༔དམ་བཅའ་ཕྱི་མ་ལ་ཡང་སྤྲིན་ཉི་ཟླ་དང་ནམ་མཁའ་གནས་མི་འགྱུར་བ་བཞིན་ནོ་ཟེར་རོ༔ འདི་ལའང་ལུང་ནི་གནས་འགྱུར་དང་ཉོན་མོངས་དག་རྒྱུར་འདོད་པའི་ཕྱོགས་ནས་ཀྱང་མང་ཡང་ཅིག་ཤོས་ན་རེ༔ དེ་འདོད་ན་ལྟར་ན་སྲིད་ཞི་མཉམ་ཉིད་ཀྱི་གནས་ལུགས་མེད་པར་ཐལ་ཏེ་འདོད་པ་དེའི་ཕྱིར། རྟགས་ཁས། ཁྱབ་སྟེ་ལ༔ རྫོགས་ཆེན་ལས༔ འཁོར་བ་ཉིད་ཀྱི་དོན་རྟོགས་ན༔ མྱ་ངན་འདས་པ་གཞན་ཡོད་མིན༔ ཞེས་དང་༔ རང་ཤར་ལས༔ འགྲོ་བའི་ཕུང་པོ་སངས་རྒྱས་ལྔ༔ ཡེ་ནས་ཡིན་པ་སྔར་མ་ཤེས༔ ཞེས་དང༔ བདག་རྟོག་བཅིངས་པའི་ཉོན་མོངས་ལྔ༔ ཡེ་ནས་རིག་པར་རང་ཤར་བ༔ ཡེ་ཤེས་ཡིན་པས་ཞལ་མ་འཚོ༔ ཞེས་པ་ལ་སོགས་པ་གསུངས་པ་དང་༔ སྐུ་རིག་འོད་གསུམ་ལས༔ ཡུལ་ལུས་སེམས་སུ་འཁྲུལ་བར་གསུངས་ནས༔ སྔགས་གཞན་ནས་ཀྱང་འཁོར་བའི་ཆོས་དང་འབྲས་ཆོས་ངོ་བོ་བདག་གཅིག་གིས་འབྲེལ་བར་བཤད་པ་ཐམས་ཅད་ཀྱི་སྤྲིན་ནམ་མཁའ་ཡིན༔ གཡའ་མེ་ལོང་ཡིན་ཟེར་བའི་གྲངས་སུ་འདྲེན་ཨེ་སྤོབས་ཟེར༔ དེ་ལའང་རྫོགས་ཆེན་ཕྱོགས་ནས་ཀྱང་ལུང་ཤིན་ཏུ་མང་བས༔ ད་ཁོ་བོ་ནི་ཕུང་པོ་སྐུ་ལྔ་སོགས་ཡེ་ནས་ཡིན་པ་དུང་དཀར་པོ་ལྟ་བུར་ཆོས་ཅན་དང་ཆོས་ཉིད༔ གནས་ལུགས་དང་སྣང་ལུགས་ཙམ་གྱི་ཁྱད་པར་ལས་མེད་པར་འདོད༔ དེ་ལ་མྱང་འདས་སུ་སྣང་ཡང་འཁོར་བར་ཞེན་པ་ཡིན་ནོ༔ ཕུང་པོ་དང་ཉོན་མོངས་དུ་མ་དང་སྐྱེ་འཇིག་དང་སྐྱོན་ལྟར་སྣང་བ་སོགས་ནི་སེར་སྣང་ལྟ་བུར་འདོད༔ དེའི་རྒྱུ་ནི་གཟུང་འཛིན་མ་རིག་པ་ཡིན་པས་མཁྲིས་ནད་ལྟ་བུ༔ ལམ་ནི་སྨན་ལྟ་བུ༔ མ་རིག་པ་སྤངས་པ་ནི་ནད་དྭངས་པ་ལྟ་བུ༔ དེ་ཉོན་མོངས་དང་སྐྱོན་མིན་པ་ནི་སེར་སྣང་དག་པ་ལྟ་བུ༔ ཡེ་ཤེས་སུ་སྣང་བ་ནི་དུང་དཀར་པོ་མཐོང་བ་ལྟ་བུ་སྟེ༔ དེ་ན་དངོས་དབང་གི་ཕྱོགས་ནས་ཉོན་མོངས་ཡེ་ཤེས་ཡིན༔ གནས་འགྱུར་ཀྱང་མི་དགོས༔ ཡེ་ཤེས་ལ་རང་རྩལ་རོལ་པ་དཔག་ཏུ་མེད་པའི་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་གྲངས་མེད་པ་སྣང་ངོ་༔ ད་བསམ་དབང་གི་ཕྱོགས་ནས་གནས་འགྱུར་དང་འདྲ༔ སྒྲིབ་པ་ཡིན་ནས་དག་པ་དང་འདྲ༔ དེའི་ཐད་གྱི་ཡོན་ཏན་མངོན་དུ་གྱུར་བ་དང་འདྲ༔ དེ་ཡང་དུང་སྔོན་སེར་པོ་སྣང་དུས་ནས་དཀར་པོར་གནས་པས་གསར་དུ་མ་འགྱུར་བ་འདྲ་བས་གནས་འགྱུར་ཀྱང་མིན༔ སེར་འཛིན་སྤངས་བས་དུང་མེད་འགྲོ་བའང་མིན༔ དུང་སེར་པོ་དེའི་ཕག་ན་དུང་གཉིས་པ༔ དཀར་པོ་ཞིག་ཡིབ་ཡོད་དེ༔ དེ་ལྷང་ལ་བུད་པའང་མིན་ནོ༔ སྣང་ཚུལ་ལ་སྔར་སེར་པོར་སྣང་བ་རིམ་གྱིས་དཀར་པོར་འགྱུར་སོང་བ་འདྲ་བ་ལྟ་བུར་ཡིན་པ་དང་༔ སྔར་དེས་བསྒྲིབ་སོང་ནས་ད་བུད་ཡོང་བ་ཞིག་དང་འདྲ་བས་ན་བརྗོད་ཚུལ་འདི་ཐམས་ཅད་དོན་ལེགས་པར་བསམ་པའི་ཚུལ་བཤད་མ་ཐག་པའི་རིག་ལམ་འཇུག་ན་མི་འགལ་གྱི༔ ཕྱོགས་གཅིག་ངེས་པར་བཟུང་ན་མི་མཛེས་སོ༔ བང་མཛོད་འཕྲུལ་ལྡེ་ལས༔ རང་བྱུང་ཡེ་ཤེས་ཆེན་པོ་དང་༔ མ་རིག་པ་ཡི་འཁྲུལ་བ་གཉིས༔ གཅིག་པ་ལགས་སམ་ཐ་དད་ལགས༔ ཆོས་ཅན་མཚན་མར་འཛིན་པ་དང་༔ ཆོས་ཉིད་དོན་གྱི་ངོ་བོ་གཉིས༔ གཅིག་པ་ལགས་སམ་ཐ་དད་ལགས༔ ཁམས་གསུམ་འཁོར་བའི་སེམས་ཅན་དང་༔ དུས་གསུམ་བཞུགས་པའི་སངས་རྒྱས་གཉིས༔ གཅིག་པ་ལགས་སམ་ཐ་དད་ལགས༔ གསང་བའི་བདག་པོས་གསུངས་པ༔ བསམ་དབང་འཁྲུལ་བའི་ཕྱོགས་ནས་མི་གཅིག་ཐ་དད་ཀྱང་༔ དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་གཅིག༔ ཅེས་སོ༔ ཆེ་བ་རང་གནས་ལས༔ ཐམས་ཅད་མཁྱེན་པའི་སངས་རྒྱས་དང་༔ མ་རིག་པ་ཡི་སེམས་ཅན་གཉིས༔ ཆེ་ཆུང་ཁྱད་པར་བྱུང་བའང་༔ གསེར་མགར་འདྲ་སྟེ་གཞི་སྣང་གཅིག༔ ཅེས་སོ༔ རྒྱུ་མཚན་དེས་ན་འདིར་ཐིམ་ཞེས་པ་དང་དག་ཞེས་པ་ཐམས་ཅད་དུང་གི་སེར་པོ་དང་དཀར་པོ་ལྟ་བུ་ཡིན་པས་ཐིམ་བྱ་ཐིམ་བྱེད༔ དག་བྱ་དག་བྱེད་དག་གཞི་སོགས་ཐ་དད་པ་ཡོད་པ་ཐིམ་པའང་མིན༔ ཡེ་ནས་མིན་པ་བོང་བ་གསེར་ལྟར་གནས་འགྱུར་མིན་ཏེ༔ རང་བཞིན་འབྲེལ་ཞིང་ངན་པའི་ཉོན་མོངས་ཇེ་བཟང་དུ་སོང་བའང་མིན༔ སྦུབས་གསུམ་དང་སེམས་དང་ཡེ་ཤེས་ཀྱང་དེ་དང་འདྲ་བར་སྣང་ཞེན་ལོག་པ་དག་པ་ཙམ་གྱིས་གནས་སྣང་མཐུན་པ་མངོན་དུ་གྱུར་པའི་ཀློང་གྱུར་ལ་འཇུག་པ་ཆོས་དབྱིངས་སུ་ཞི་བའོ་ཞེས་ཐ་སྙད་གླེང་བ་སྟེ༔ ཡེ་ཤེས་བླ་མའི་རྒྱུད་ལས༔ དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ ལུས་མ་བོར་བར་ལྷ་མོ་འོད་ཟེར་ཅན་གྱི་དཀྱིལ་འཁོར་དུ་སངས་རྒྱས་སོ༔ ངག་མ་བོར་བར་ཚངས་བའི་སྒྲ་སྐད་ཕུན་སུམ་ཚོགས་པར་སངས་རྒྱས་སོ༔ ཡིད་འཇུག་པ་མ་བོར་བར་རང་བྱུང་གི་ཡེ་ཤེས་ཟག་མེད་ཀྱི་ཀློང་དུ་གྲོལ་བ་མཐར་ཕྱིན་པར་སངས་རྒྱས་སོ༔ མཛད་པ་ཕུན་སུམ་ཚོགས་པར་བྱ་བ་མེད་པའི་ཀློང་དུ་སངས་རྒྱས་སོ༔ ཕྲིན་ལས་མཐར་ཕྱིན་པ་མ་བཙལ་བར་གྲུབ་པར་སངས་རྒྱས་སོ༔ ཆོས་ཐམས་ཅད་ཆོས་མེད་པའི་ཀློང་དུ་སངས་རྒྱས་སོ༔ ཕྱི་སྣོད་གྱི་འཇིག་རྟེན་འབྱུང་ལྔས་བསྡུས་པ་ཐམས་ཅད་སྐྱེ་མེད་ཡེ་ཤེས་ཀྱི་ཀློང་མཁའ་ཀློང་རྣམ་པར་དག་པར་སངས་རྒྱས་སོ༔ ནང་བཅུད་ཀྱི་སེམས་ཅན་འགྲོ་བ་རིགས་དྲུག་གིས་བསྡུས་པ་ཐམས་ཅད་ཡེ་ཤེས་ཆེན་པོ་ལྔ་རང་བྱུང་མི་གནས་པའི་ཡེ་ཤེས་དང་དྲུག་ཏུ་སངས་རྒྱས་སོ༔ ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་བདེན་ལ༔ གཟུགས་ཀྱི་སྐུ་གཉིས་འབྲས་བུར་སྨིན་པས་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་སོ༔ ཞེས་མ་སྤངས་རང་གྲོལ་གྱི་སངས་རྒྱ་ཚུལ་དང་༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས༔ མ་དག་འཁྲུལ་བའི་སྣང་བས་ཡེ་ཤེས་སྣང་བ་བསྒྲིབས༔ འཁྲུལ་བའི་སྣང་བ་འགགས་ན་དག་པའི་སྣང་བ་འཆར༔ བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྱུ་ལུས་བསྒྲིབས༔ ལུས་འདི་བོར་བས་འོད་ཀྱི་སྣང་བ་འཆར༔ དེ་ནས་རིན་ཆེན་སྦུབས་ལ་མཐར་ཕྱིན་འགྱུར༔ སྦུབས་གསུམ་གཅིག་ཏུ་འདྲིལ་ནས་སྤྲུལ་པ་ཕྱོགས་བཅུར་བཀྱེ༔ ཞེས་དག་གཞི་དང་དག་བྱ་ཡིན་པར་བཤད་པ་འདྲ་ཡང་དགོངས་པ་སྔ་མ་ལྟར་བླང་ངོ་༔ འོན་ཀྱང་མ་དག་པའི་སྣང་བ་ལ་དེ་འདྲ་འཐད་ཀྱི་རང་སྣང་ལོངས་སྐུ་ནི་མཐོང་བ་ལོགས་པ་མིན་པ་དང་སངས་རྒྱས་ཀྱི་སས་བསྡུས་པས་ན་སྦུབས་གསུམ་གཅིག་དྲིལ་དུ་ཐིམ་ནས་ཞི་བར་མི་འཐད་སྙམ་ན༔ དེ་ཡང་ཀ་དག་ལྷུན་གྲུབ་གཉིས་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་དོན་དམ་པའི་ཆོས་བདེན་གཉིས་ཟུང་དུ་འཇུག་པར་ཡོད་པ་དང་༔ གདུལ་བྱའི་སྣང་བས་མ་བསྡུས་པའི་ཆ་ནས་འཇུག་པ་ཆོས་དབྱིངས་སུ་ཞི་བ་ལ་ནི་དོན་གཅིག༔ སྦུབས་གསུམ་ཡེ་ནས་གཅིག་ཏུ་ཡོད་ཀྱང་འདི་གཉིས་ཡང་དག་པའི་ཀུན་རྫོབ་དང་༔ དོན་དམ་པའི་གནས་ལུགས་མངོན་དུ་གྱུར་པའི་ལྡོག་ཆ་ནས་གཞལ་བས་ན་ཆོས་སྐུའི་ངོས་ནས་སྣང་མེད༔ གཟུགས་སྐུའི་ཆ་ནས་གསལ་བར་ཡོད་པས་བཤད་པར་ཤེས་པ་གལ་ཆེའོ༔ རྒྱུ་མཚན་དེ་ལ་འཇལ་བྱེད་ཀྱི་ཚད་མའང་དོན་དང་མཐའ་དཔྱོད་གཉིས་སུ་ཡོད༔ ལྟ་བའང་ཆོས་ཅན་ཆོས་ཉིད་ལྟ་བ་གཉིས༔ གཞལ་འབྲས་ཀྱི་རྙེད་དོན་ཀྱང་བདེན་པ་གཉིས་ཀྱི་ཚུལ༔ སྒྲུབ་བྱེད་ཀྱི་ལམ་ཀྱང་ཚོགས་གཉིས༔ མཐར་ཐུག་གི་ཇི་ལྟ་ཇི་སྙེད་དང་༔ སྐུ་གཉིས་ཡེ་ཤེས་དང་བཅས་པ་གཉིས་གཉིས་སུ་ཡོད་པ་ཡིན་ནོ༔ འདིར་རྫོགས་པ་ཆེན་པོའི་རང་རིག་ལྟ་བ་སོགས་ནི་དེ་དག་ཟུང་འཇུག་གི་ཚུལ་ཅན་ཡིན་པས་ན་མཐར་ཐུག་པའི་གཟིགས་པ་རྣམ་དག་གིས་སོ་སོའི་ཆ་ནས་བཞག་པའོ༔ ཁྱད་པར་དུ་འོད་ཀྱི་སྦུབས་དང་སྤྲུལ་སྐུ་ལོངས་སྐུར༔ ལོངས་སྐུ་ཆོས་སྐུར་ཐིམ་བའི་ཐ་སྙད་ནི་སྒོ་བརྒྱད་ཀྱི་འཆར་ཆའི་སྒྱུ་མའི་སྦུབས་ལ་ངོས་བཟུང་བ་ཕྱི་གསལ་གྱི་ཆ་ཡིན་ཏེ༔ ལམ་སྣང་གི་སྐུ་གསུམ་འཇོག་ཚུལ་ལོ། །ད་དུང་སྤངས་རྟོགས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །མཐར་ཐུག་གི་འབྲས་བུ་སྤངས་རྟོགས་མཐར་ཕྱིན་པ་ལའང་རྡོ་རྗེ་སྙིང་པོ་བླ་ན་མེད་པའི་ཐེག་པ་འདིར་སྐུ་གསུམ་དགུ་སྤྲུགས་སུ་ཡོད་པའི་ཕྱིར་ལུགས་གཞན་དུ་ཀུན་ཏུ་འོད་ལ་བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་ལམ་གསུམ་སོ་སོར་བསྒྲེངས་བས་ས་བཅུ་གསུམ་དུ་བཞག་པ་དང་། སྔ་འགྱུར་གྱི་རྒྱུད་ལས་ས་མཚན་ཉིད་པ་བཅུ་གསུམ་དུ་བཞག །འདིར་དེའི་སྟེང་དུ་སྟུག་པོ་བཀོད་པ། འཁོར་ལོ་ཚོགས་ཆེན། རྡོ་རྗེ་འཆང་། ཏིང་འཛིན་ཆེན་པོའི་ས། དབྱེ་བ་མེད་པའི་ཡེ་ཤེས་བླ་མའི་ས་སྟེ་དགུར་བཞག་པས་ན་མི་འདྲ་བ་མང་ངོ་༔

གསུམ་པ་འབྲས་བུ་གང་བརྙེས་པ་ནི༔ འབྲས་བུའི་ཆོས་ཐམས་ཅད་བསྡུས་ན་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་འདུ་བ་སྟེ༔ དེ་ཡང་དབྱིངས་ཀྱི་ལྡོག་ཆ་ནས་མི་འགྱུར་རྡོ་རྗེ༔ ཡེ་ཤེས་ཀྱི་ལྡོག་པ་ནས་ཆོས་སྐུ༔ དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་སྤངས་རྟོགས་མཐར་ཕྱིན་པའི་ལྡོག་ཆ་ནས་མངོན་པར་བྱང་ཆུབ་པ་སྟེ༔ དེས་ན་དབྱིངས་ནང་གསལ་གྱི་སྐུ་གསུམ་ཆོས་སྐུར་འདུས་ཤིང༔ གདུལ་བྱ་ཕྱིར་གསལ་གྱི་ལོངས་སྤྲུལ་སོ་སོར་བསྒྲངས་བ་སྟེ༔ དེ་དག་མངོན་དུ་ཐོབ་པའོ༔ མུ་ཏིག་ཕྲེང་བ་ལས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ༔ ཞེས་པ་དང་༔ ཡང་འབྲས་བུའི་སྐུ་གསུམ་ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་པ་ལ་འདུ་བ་སྟེ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱང་དེ་དག་གི་ཡིན་པའི་ཕྱིར་མདོ་དེར་འདུས་པས་ན༔ མདོ་རྒྱན་ལས༔ སྐུ་གསུམ་དག་གིས་སངས་རྒྱས་ཀྱི༔ སྐུ་བསྡུས་པ་ནི་ཤེས་པར་བྱ༔ ཞེས་དང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས༔ འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ཕྱིར་མི་ལྡོག་ཤེས་པར་གྱིས་ཤིག༔ ཅེས་སོ༔

གསུམ་པ་འབྲས་བུ་ཐོབ་པའི་དུས་ཚད་ཀྱི་ཁྱད་པར་ནི༔ ཕྱི་མཚན་ཉིད་པའི་ཐེག་པ་ནས་བརྩོན་འགྲུས་ཆེན་པོས་བསྐལ་པ་གྲངས་མེད་གསུམ༔ ཕྱི་རྒྱུད་པས་མི་ཚེ་བདུན་གསུམ་ལྔ་ལ་སོགས་པས་དང་༔ ནང་རྒྱུད་ནས་ཚེ་གཅིག་གིས་འབྲས་བུ་ཐོབ་པར་བཤད་ཀྱང་༔ འདིར་གཞི་འབྲས་ངོ་བོ་བདག་གཅིག་པའི་སྐུ་གསུམ་གྱི་འབྲས་བུར་ད་ལྟ་ནས་གྲུབ་པ༔ ཆོས་ཉིད་མངོན་སུམ་པའི་གནད་ཀྱིས་མཐོང་བ་ཙམ་ནས་དེའི་ས་ལ་སླེབས་པ་ཞེས་བྱ་སྟེ༔ དུས་ལ་མི་ལྟོས་པའི་ཟང་ཐལ་བདེ་མྱུར་གྱི་ཁྱད་པར་ཆེན་པོས་འཁྲུལ་སྣང་འགགས་སྟོབས་དང་དག་སྣང་ཤར་སྟོབས་ཆེ་བས་དག་ས་ན་གནས་པ་དང་སྐལ་བ་མཉམ་པའོ༔ དེ་ཡང་ཉོན་ཡིད་གནས་སུ་དག་ནས༔ རྣམ༵་པ༵ར་མི༵་རྟོག༵་པའི་ཡེ༵་ཤེས༵་ལ༵་ཤེས་རབ་རང་བྱུང་གི་སྒྲོན་མ་མངོན་དུ་གྱུར་པའི་དབ༵ང་ཐོབ༵༔ འཛིན་བཅས་སྒོ་ལྔ་གནས་སུ་དག་ནས་ཞིང༵་ཁམས་དག༵་པ་དབྱིངས་དང་ཐིག་ལེའི་དཀྱིལ་འཁོར་ལ༵་དབ༵ང་ཐོབ༵༔ ཡིད་ཤེས་དག་པའི་དུས་གསུམ་ཆགས་ཐོགས་མེད་འཇུག་གི་ཡེ་ཤེས་ལ་ཤེས་རབ་ཀྱི་རྩལ་གྱི་དབང་ཐོབ༔ སེམས་སྣང་ཡེ་ཤེས་ཀྱིས་བསྒྲིབས་པའི་ཀུན་གཞི་གནས་སུ་དག་ནས་ཞི་རྒྱས་དབང་དྲག་གི་ཕྲིན༵་ལས༵་ཕུན་སུམ་ཚོགས་པ་གཞིར་རྫོགས་ལྷུན་གྱིས་གྲུབ་པའི་དཔལ་ལ༵་སྤྱོད་པའི་དབ༵ང་ཐོབ༵་པ་སྟེ༔ མདོ་སྡེའི་རྒྱན་ལས༔ ཡིད་དང་འཛིན་དང་རྣམ་པར་རྟོག༔ གྱུར་ཕྱིར་རྣམ་པར་མི་རྟོག་དང་༔ ཞིང་དང་ཡེ་ཤེས་ལས་དག་ལ༔ དབང་ནི་རྣམ་པ་བཞི་ཡི་གནས༔ དབང་དེ་མི་གཡོ་ལ་སོགས་པའི༔ ས་གསུམ་ལ་ནི་རྣམ་བཞི་སྟེ༔ གཅིག་ལ་རྣམ་གཉིས་དེ་ལས་གཞན༔ དབང་ནི་རེ་རེར་འདོད་པ་ཡིན༔ ཞེས་སོ༔ དེ་ལྟར་འབྲས་བུ་ད་ལྟར་གྱི་མཆོག་ཀྱང་༔ ཐལ་བ་ལས༔ འབྲས་བུ་དོན་ལ་རྣམ་གསུམ་སྟེ༔ སེམས་ཉིད་སྟོང་བསྒོམ་སྤྱད་པ་ཡིས༔ འབྲས་བུ་བསྐལ་བ་བདུན་གསུམ་ན༔ ཀུན་ཏུ་འོད་དུ་འགྲོ་བར་འདོད་པའོ༔ བསྐྱེད་རྫོགས་བསྒོམ་བྱེད་འབྲས་བུ་ཡིས༔ ཚེ་བདུན་ལྔ་དང་ཚེ་གཅིག་གིས༔ བཅུ་བཞི་བཅོ་ལྔ་བཅུ་གསུམ་གཉིས་དག་ན༔ དེ་ཡི་ས་ལ་ཕྱིན་པའོ༔ འདོད་ཁམས་འབྲས་བུ་མ་ཤེས་པས༔ འབྲས་བུ་རོ་ལངས་བྱེད་པ་ཡིན༔ དེ་ཡི་ཕྱིར་ན་མཆོག་ཡིན་ཏེ༔ འབྲས་བུ་སངས་རྒྱས་ཞེས་བྱའོ༔ སངས་རྒྱས་སྐུ་གསུམ་ངོ་བོ་ཉིད༔ འདོད་མཁན་གཞི་ལམ་འབྲས་བུར་སྤྲད༔ དེ་ཡི་འབྲས་བུ་སྐུ་གསུམ་སྟེ༔ ད་ལྟ་ཉིད་དུ་བསྟན་པ་ཡིན༔ ཞེས་སོ༔

རྩ་བའི་ས་བཅད་བཞི་པ་འབྲས་བུ་དངོས་ཀྱི་རྣམ་པར་བཞག་པ་ལ༔ འབྲས་བུའི་ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཐུན་དཔེ༔ བརྗོད་ཚུལ༔ སྣང་ཚུལ༔ སྤྱི་བཅིངས༔ གྲགས་ཚོད༔ དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་འདུས་ཚུལ་བཤད་པ་དང་དགུ་ལས༔

དང་པོ་ནི༔ རང་གནས་འཁྲུལ་མེད་ཀྱི་རིག་པ་སྐུ་གསུམ་ལྷུན་གྲུབ་ཁོང་ནས་གསལ་བ་དེ་བྱེ་བྲག་གི་འབྲས་བུའི་ངོ་བོ་ཡིན་ལ༔ ཡང་ལམ་བསྒོམ་པ་སོ་སོའི་ལྟ་བའི་དམིགས་ཡུལ་གཞི་ལ་མཐོང་ཐོབ་ཡོངས་སུ་རྫོགས་པ་སྤྱིའི་འབྲས་བུའི་ངོ་བོ་སྟེ་རིམ་པ་ལྟར་རབ་འབྱམས་ལས༔ དེ་ལྟར་འབྲས་བུ་འཁྲུལ་མེད་གཞི༔ རང་རིག་ཡེ་ནས་འོད་རེ་གསལ༔ སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས༔ འབྲས་བུ་རང་གནས་ཆེན་པོའོ༔ ཞེས་དང་༔ ཀུན་གསལ་ལས༔ འབྲས་བུའི་ངོ་བོ་ནི་སོ་སོའི་ལྟ་བ་ཡོངས་སུ་རྫོགས་པའོ༔ ཞེས་སོ༔

གཉིས་པ་ངེས་ཚིག་ནི༔ སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་མཐའ་དག་ལས་གྲོལ་བ་མཐར་ཕྱིན༔ རྟོགས་པ་ལམ་འབྲས་ཀྱི་ཡེ་ཤེས་ཡོན་ཏན་སྨིན་པ་མཐར་ཕྱིན་ཏེ༔ རང་གཞན་གྱི་དོན་གཉིས་རྫོགས་པ་མཐར་ཕྱིན་ཕྱིར་མི་ལྡོག་པ་སྟེ༔ དེ་ཉིད་ལས༔ འབྲས་བུའི་ངེས་ཚིག་ནི༔ སྨིན་གྲོལ་རྫོགས་དང་མཐར་ཕྱིན་ཕྱིར་མི་ལྡོག་པའོ༔ ཞེས་སོ༔

གསུམ་པ་དབྱེ་བ་ནི༔ སྤྱིར་ཟག་བཅས་དང་ཟག་མེད་ཅི་རིགས་སུ་ཡོད༔ ཟག་མེད་ལའང་བྱང་ཆུབ་གསུམ་གྱི་ཁྱད་པར་དང༔ ཕྱི་མ་ལའང་མདོ་སྔགས་ཀྱི་ལམ་ལྔ་རིག་འཛིན་བཞིའམ་ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་སྣང་བ་བཞིའི་གནས་སྐབས་ཀྱི་འབྲས་བུ་དང༔ མཐར་འབྲས་སྐུ་བཞི་ཡེ་ཤེས་ལྔ་ལྡན་ནམ༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་ཆེན་པོའི་འབྲས་བུ་ཡོད་དེ༔ དེ་ཉིད་ལས༔ དབྱེ་བ་ནི༔ ཟག་བཅས་དང་ཟག་པ་མེད་པའོ༔ ཞེས་སོ༔

བཞི་པ་མཚོན་དཔེ་ནི༔ རིམ་གྱིས་སྨིན་པ་ཤིང་ཐོག་དང་ལོ་ཐོག་ལྟ་བུ་ལམ་དང་རིག་འཛིན་སྣང་བཞི་རིམ་པར་བསྒྲོད་པ་དང་༔ དབང་པོ་ཤིན་ཏུ་རྣོན་པོ་ལམ་དང་སྣང་བཞི་རིམ་མིན་ཐོད་རྒལ་དུ་ཕྱིན་ནས་ཅིག་ཆར་དུ་མངོན་སུམ་ནས་ཆོས་ཟད་ལ་ཕྱིན་པས་སྐུ་དང་ཡེ་ཤེས་སུ་སྨིན་པ་ཨུ་དུམ་ཝཱ་རའི་མེ་ཏོག་གི་འབྲས་བུ་དང་འདྲ་བ་སྟེ༔ གཉིས་སུ་ཡོད་དེ༔ ཀུན་གསལ་ལས༔ རིམ་སྨིན་ཅིག་ཆར་རྫོགས་པའི་དཔེ༔ ཤིང་ཐོག་ལོ་ཐོག་སྨིན་པའམ༔ ཨུ་དུམ་ཝཱ་རའི་མེ་ཏོག་བཞིན༔ སྡོང་བུ་དང་མེ་ཏོག་གཅིག་ཆར་དུ་འབྱུང་བ་ལྟར་རོ། །ཞེས་སོ༔

ལྔ་པ་འབོད་སྐད་ནི༔ དེ་ཉིད་ལས༔ འབྲས་བུ་མཚོན་པའི་ཚིག་ཚོགས་རྣམས༔ མཐར་ཕྱིན་པ་དང་གྲོལ་བ་དང་༔ སྨིན་པ་དང་ནི་གྲུབ་པ་དང་༔ གྲོལ་དང་ཕྱིར་མི་ལྡོག་ལ་སོགས༔ དང་པོ་དགྲ་བཅོམ་ཞེས་པ་དང་༔ ཐ་མ་རང་ས་ཟིན་ཅེས་པར༔ ངས་བསྟན་བཞིན་དུ་ཤེས་པར་བྱ༔ ཞེས་སོ༔

དྲུག་པ་སྣང་ཚུལ་ལ༔ འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གང་ལས་འཆར་བའི་དག་གཞིའམ་བྲལ་གཞི༔ སྒྲིབ་པ་གང་བྲལ་བ་ལས་འཆར་བའི་དག་བྱ༔ ཐབས་གང་གིས་བྲལ་བའི་དག་བྱེད༔ བྲལ་བའི་འབྲས་བུ་སྐུ་དང་ཡེ་ཤེས་ཏེ་དག་འབྲས་དངོས་བཤད་པ་དང་བཞི་ལས༔

དང་པོ་ནི༔ རྟོག་ཚོགས་ཀུན་གྱི་རང་བཞིན་དམ་པ་རིགས་བརྒྱ་ལ་སོགས་པ་ལྷའི་དཀྱིལ་འཁོར་དུ་མ་ཧཱ་ནས་གསུངས་པ་དང་༔ ནང་སྒྱུ་ལུས་ལ་དཀྱིལ་འཁོར་ལྷུན་གྲུབ་བཞུགས་པར་བདེ་མཆོག་སོགས་དང་རྫོགས་ཆེན་ནས་གསུངས་པ་གཟུགས་སྐུའི་བྲལ་གཞི༔ ཡང་འོད་གསལ་ཆོས་སྐུའི་བྲལ་གཞི་དབུ་མ་དང་རྫོགས་རིམ་གྱིས་ལམ་དུ་བྱེད་པའི་གཞི་སྟོང་ཉིད་འོད་གསལ་དོན་དམ་སྤྲོས་བྲལ་གྱི་གནས་ལུགས་ཡིན་ལ༔ རྒྱུ་མཚན་དེས་ན་ཐིག་ལེ་བླ་མེད་ཀྱི་ཐེག་པའི་དོན་འགྲེལ་འདིར་ཡང་༔ གསང་བ་བྱང་ཆུབ་སེམས་ལ་སྐུ་གཉིས་ཡེ་ཤེས་ཞིང་ཁམས་མཛད་པ་དང་བཅས་པ་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་ཡོད་པའི་དོན༔ འོད་གསལ་ཆོས་སྐུའི་ངོས་ནས༔ སྐུ་ལྔ༔ ཡེ་ཤེས་ལྔ༔ འོད་ལྔ༔ རིགས་ཀྱི་ཆོས་ལྔ༔ ཡེ་ཤེས་ཀྱི་རླུང་ལྔ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ལ་སོགས་པའི་འཆར་གཞི་ནང་གསལ་དུ་གྲུབ་ཚུལ་ལས་བཤད་དེ༔ མུ་ཏིག་ཕྲེང་བ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ འོད་ལྔ་ཁ་དོག་རྣམ་པ་ལྔ༔ ཆོས་ལྔ་ཡེ་ཤེས་རླུང་ལྔ་ཉིད༔ ངོ་བོ་ལྔ་དང་རང་བཞིན་ལྔ༔ ཐུགས་རྗེ་ལྔ་ཡིས་ཀུན་ལ་ཁྱབ༔ ཅེས་པ་ལ་སོགས་པའི་དོན་དེ་ཉིད་ཀྱི་རྒྱན་དུ་བསྟན་པ་ལྟར་ལ༔ གཟུགས་སྐུའི་བྲལ་གཞི་སྙིང་ཁར་ཞི་བ༔ སྤྱི་བོར་ཁྲག་འཐུང༔ རྩ་རྣམས་ནི་མཁའ་འགྲོའི་དཀྱིལ་འཁོར་གྱིས་མཚོན་པ་དང་༔ གཞན་ཡང་ལྔ་ཚན་བཅོ་ལྔ་དང་སོ་བདུན་སོགས་ཀློང་གསལ་དང་རབ་འབྱམས་ལས་གསུངས་པ་དག༔ འཁྲུལ་གཞི་གཞི་དང་གཞི་སྣང་དག་པ་རབ་འབྱམས་ཁོང་གསལ་དུ་ཡོད་པར་བཤད་པ་རྣམས་སོ༔ དེས་ན་རང་བཞིན་གྱི་ཆ་ལ་དགོངས་ཏེ་བདེན་གཉིས་སྐུ་གཉིས་ཀྱི་བྲལ་གཞིར་ཐེག་པ་ཐུན་མོང་བ་བཀའ་བར་ཐ་གཉིས་ཀྱིས་བསྟན་པ་དང་རྟོག་ཚོགས་ཀྱི་རང་བཞིན་དང་གཟུགས་བརྙན་ཉིས་ཆར་རྣམ་པར་དག་པའི་དོན་ལས་སྔགས་རྒྱུད་ནས་གསུངས་པ་དང་༔ སྦྱང་བྱ་དང་གནས་འགྱུར་དང་འབྲས་བུ་དངོས་དང་༔ དེས་ཀྱང་མཐར་ཐུག་ཡོངས་གྲོལ་ཆེན་པོའི་དཀྱིལ་འཁོར་དུ་སྟོན་པའི་རྒྱུ་དང་འབྲས་བུ་ཁྱད་པར་གྱི་སེམས་དཔའ་སུམ་བརྩེགས་སུ་གནས་པའི་དོན་དེ་དག་ནི་དག་གཞིའམ་སྦྱང་གཞིའི་ཆོས་ཉིད་ཡིན་ཏེ༔ དེས་ན༔ གསང་སྙིང་ལས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནི༔ རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ ཞེས་སོགས་གསུངས་སོ༔ ལྔ་ཚན་སོ་བདུན་ལ་སོགས་པའི་དག་གཞི་དེ་དག་མདོར་བསྡུས་ནས་འདིར་འབྲས་ཆོས་ཉེར་ལྔར་བསྟན་པ་དང་༔ དེ་དག་གིས་ཀྱང་འཆར་གཞི་མདོར་བསྡུས་ནས༔ ལུས་ངག་ཡིད་གསུམ་གྱི་རང་བཞིན་མཐར་ཐུག་རྒྱལ་བའི་སྐུ་གསུང་ཐུགས་ཆོས་སྐུ་མཐར་ཐུག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བསྒྲུབ་བཞིའམ་སྦྱང་གཞིར་གྲུབ་པར་བསྟན་པར་སྟེ༔ འཁྲུལ་མེད་ཀྱི་ལུང་གི་ངེས་པའང་འབྲས་ཆོས་ལྔའི་དག་གཞི་དང་༔ ཡང་ཡེ་ཤེས་ལྔའི་དག་གཞི་ལ་དགོངས་ནས་མདོ་ཕྱོགས་ནས་ཀྱང་འདི་ལ་སོགས་པར་འབྱུང་སྟེ༔ ཐེག་བསྡུས་ལས༔ གཟུགས་ཀྱི་ཕུང་པོ་གནས་འགྱུར་བའི་ཕྱིར༔ ཞིང་དང་ལུས་དང་༔ མཚན་དང་༔ དཔེ་བྱད་བཟང་པོ་དང་༔ དབྱངས་མཐའ་ཡས་པ་དང་༔ སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་བ་དང་༔ ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར༔ ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེ་བས་བདེ་བར་གནས་པ་ལ་དབང་འབྱོར་བ་དང་༔ འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར༔ མིང་གི་ཚོགས་དང་༔ ཚིག་གི་ཚོགས་དང་༔ ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང་༔ འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར༔ སྤྲུལ་པ་དང་༔ བསྒྱུར་པ་དང་༔ འཁོར་སྡུད་པ་དང་༔ དཀར་པོའི་བསྡུ་བ་ལ་དབང་འབྱོར་བ་དང་༔ རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར་བའི་ཕྱིར༔ མེ་ལོང་ལྟ་བུ་དང་༔ མཉམ་པ་ཉིད་དང་༔ སོ་སོར་རྟོག་པ་དང་༔ བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་པས༔ དབང་འབྱོར་བ་ཐོབ་པའོ༔ ཞེས་དང་༔ ཙནྡྲ་གོ་མའི་སངས་རྒྱས་ཀྱི་ས་ལས༔ ཀུན་གཞིའི་རྣམ་ཤེས་གང་ཡིན་པ༔ དེ་ནི་མེ་ལོང་ཡེ་ཤེས་འགྱུར༔ དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི༔ ངོ་བོ་ཉིད་དུ་ཡང་དག་གསལ༔ ཉོན་མོངས་ཅན་ཡིད་གནས་གྱུར་པ༔ མཉམ་ཉིད་ཡེ་ཤེས་དག་ཏུ་འདོད༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པ༔ སོ་སོར་རྟོག་པ་ཅན་ཞེས་བྱ༔ སྒོ་ལྔའི་རྣམ་ཤེས་གནས་གྱུར་པ༔ དེ་ནི་དོན་ཀུན་གྲུབ་པ་ཉིད༔ ཅེས་དང་༔ སྐུ་གསུམ་ལ་འཇུག་པའི་མདོ་ལས༔ ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ༔ སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ༔ ཞེས་དང་༔ སྔགས་རྫོགས་ནས་ཀྱང་༔ ངོ་བོ་སྐུར་བཞུགས་པ་ཆོས་སྐུ༔ རང་བཞིན་གསུང་དུ་བཞུགས་པ་ལོངས་སྐུ༔ ཐུགས་རྗེ་ཐུགས་སུ་བཞུགས་པ་སྤྲུལ་སྐུའི་དག་གཞི༔ དབྱིངས་འགྱུར་མེད་ཡོངས་གྲུབ་རྡོ་རྗེའི༔ སྤངས་རྟོགས་ལྷུན་གྱིས་གྲུབ་ནས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་མངོན་བྱང་གི་བྲལ་གཞི་སྟེ༔ བདུད་རྩི་བཅུད་ཐིག་ལས༔ ངོ་བོའི་རང་ས་ཟིན་པ་རང་དྭངས་ཆོས་སྐུའོ༔ རང་བཞིན་རང་ས་ཟིན་པ་གསལ་དྭངས་ལོངས་སྐུའོ༔ ཐུགས་རྗེ་རང་ས་ཟིན་པ་རང་སངས་སྤྲུལ་སྐུའོ༔ སྐུ་གསུམ་དབྱེར་མེད་གཅིག་པས་རང་གདངས་ཆེན་པོའོ༔ སྐུ་ལྔ་བདེ་བ་ཆེ་བས་མཁའ་གསལ་ངང་ཉིད་སྐུ༔ སྐུ་ལྔ་འགྱུར་མེད་དབྱིངས་ཐིམ་པས༔ དབྱེར་མེད་གཏིང་གསལ་ངོ་བོ་ཉིད་ཀྱི་སྐུ༔ རང་སེམས་ཆོས་སྐུའི་འབྲས་བུ་ཡིན༔ ཐོག་མ་མེད་པའི་དུས་མཐའ་ནས༔ རང་ལ་རང་ཆས་ཡོད་རྟོགས་པས༔ སྐུ་ལྔ་རྒྱལ་བའི་ཞིང་ཁམས་སོ༔ འབྲས་བུ་མཆོག་ཏུ་རྒྱལ་བས་གསུངས༔ ཞེས་དང༔ རིན་པོ་ཆེ་བཅུད་ཐིག་གི་རྒྱུད་ལས༔ ངོ་བོ་ཡེ་ནས་ཀ་དག་གི༔ རང་ས་ཟིན་པ་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ཆེན་པོ་ཡི༔ རང་ས་ཟིན་པ་ལོངས་སྤྱོད་སྐུ༔ ཐུགས་རྗེ་ཀུན་ཁྱབ་ཕྱོགས་མེད་ཀྱི༔ རང་ས་ཟིན་པ་སྤྲུལ་བའི་སྐུ༔ གསུམ་དུ་དབྱེར་མེད་མཐའ་སྟོང་པའི༔ རང་ས་ཟིན་པ་ངོ་བོའི་སྐུས༔ ཆོས་འདས་ཐོག་མེད་གནས་ལུགས་ཀྱི༔ རང་ས་གཟུང་འཛིན་མིང་མེད་པ༔ བདེ་ཆེན་མངོན་པར་བྱང་ཆུབ་སྐུ༔ ཞེས་དང་༔ ཉི་ཟླ་འབར་བའི་རྒྱུད་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་ལས༔ སྐུ་གསུང་ཐུགས་ཀྱི་ངོ་བོར་རྟོགས༔ ཞེས་སོ༔ གཞན་ཡང་རྒྱུད་སྡེ་ཀུན་གྱི་གཞི་རྒྱུད་དག་མཉམ་གྱི་ལུང་ཡི་གེས་འཇིགས་སོ༔ དེ་དག་ཀྱང་རང་སེམས་ཡེ་ནས་སངས་རྒྱས་སུ་བཞུགས་པའི་དོན་རྟོགས་ནས་ཀློང་དུ་གྱུར་པ་ལས་གཞན་མེད་པར༔ བདུད་རྩི་རྒྱ་མཚོའི་རྒྱུད་ལས༔ སྔོན་ནས་རང་སེམས་སངས་རྒྱས་ཏེ༔ དོན་རྟོགས་ཀློང་གྱུར་མངོན་སངས་རྒྱས༔ ཞེས་སོ༔

གཉིས་པ་དག་བྱ་ནི༔ ལུས་ཀྱིས་སྐུ༔ ངག་གིས་གསུང་༔ སེམས་ཀྱིས་ཐུགས་ལ་བསྒྲིབས༔ ཡུལ་ཁང་ཁྱིམ་ལ་སོགས་པས་ཡོན་ཏན་ལྔ་ལ་བསྒྲིབས༔ འཁྲུལ་བའི་བྱ་བྱེད་ཀྱིས་ཕྲིན་ལས་ལ་བསྒྲིབས་ཏེ་འབྲས་ཆོས་ཉེར་ལྔའི་རང་བཞིན་མི་མཐོང་བ་ལ་སོགས་འཁྲུལ་གཞི་ལྷུན་གྲུབ་ཀྱི་སྒོ་ལ་སྣང་ཞེན་གྱིས་འཁྲུལ་པའི་རྟོག་ཆོས་དེ་དག་ནི་དག་བྱ་ཡིན་ཏེ༔ འདི་དག་གི་བསྒྲིབ་ཚུལ་ལ་སོགས་པ་ལུང་དང་བཅས་པ་སྔར་སེམས་ཅན་འཁྲུལ་ཚུལ་བཤད་པའི་དུས་སུ་སྨོས་གྲུབ་པས་འདིར་དེ་ཙམ་གྱི་འཐུས་སོ༔ དེ་ཡང་དག་བྱ་སྒོ་གསུམ་གྱི་དྲི་མ་དག་སྟོབས་ལས༔ འབྲས་བུ་སྐུ་གསུམ་ཡོན་ཏན་མཛད་པ་དང་བཅས་པ་ཐོབ་པ་ཡིན་པས་ན༔ ཐལ་འགྱུར་ལས༔ ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་༔ ལོངས་སྐུ་ངག་གི་རྣམ་པར་ཐོབ༔ སྤྲུལ་པའི་སྐུ་ནི་ལུས་ཀྱི་སོ༔ ཞེས་སོ༔

གསུམ་པ་དག་རྒྱུ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས༔ དང་པོ་ནི༔ ཡང་སྐུ་གཉིས་ལ་ཚོགས་གཉིས་དང་༔ ཡེ་ཤེས་ལ་སྡེ་སྣོད་གསུམ་གྱི་ཆོས་འཛིན་པའི་ཤེས་རབ་ནི་མེ་ལོང་༔ སྲིད་ཞི་མཉམ་པ་ཉིད་ལ་དམིགས་པ་མཉམ་ཉིད༔ སེམས་ཅན་ལ་ཆོས་སྟོན་པ་སོར་རྟོག༔ གཞན་དོན་གྱི་བྱ་བ་བྱེད་པ་བྱ་གྲུབ་ཡེ་ཤེས་རྣམས་ཀྱི་རྒྱུ་ཡིན་ཏེ༔ རྒྱན་ལས༔ འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར༔ ཡང་དག་ཆོས་རབ་སྟོན་ཕྱིར་དང༔ བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར༔ ཡེ་ཤེས་བཞི་པོ་ཡང་དག་འབྱུང་༔ ཞེས་སོ༔

གཉིས་པ་ནི༔ འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གསང་སྔགས་བསྐྱེད་རྫོགས་དང་༔ རྫོགས་ཆེན་གྱིས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་མཉམ་པར་བཞག་པས༔ གནས་སྐབས་སུ་མཉམ་བཞག་གི་དུས་དང་༔ མཐར་ཐུག་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་ཆོས་ཟད་བློ་འདས་ཆེན་པོའི་བར་དུ༔ མ་དག་པའི་ལས་ཉོན་རྣམ་སྨིན་ཐམས་ཅད་རིམ་གྱིས་ཟད་པའི་རྒྱུ༔ འབྲས་བུ་རྐྱང་དེད་འདིས་འོང་བ་སྟེ༔ ཐོག་མར་ལུ་གུ་རྒྱུད་དང་མི་འབྲལ་བར་ཉམས་སུ་བླངས་པས༔ སྐུ་རྡོ་རྗེ་ལུས་ཀྱིས་བསྒྲིབས་པའི་བྲལ་རྒྱུར་འགྱུར༔ རང་བཞིན་འོད་ཀྱི་ཐིག་ལེར་བཞུགས་པའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་མི་འབྲལ་བས་ཡུལ་འཛིན་རང་སར་གྲོལ་ནས་གསུང་དང་ཡོན་ཏན་གྱི་བྲལ་རྒྱུ་འོད་གསལ་བའི་ཡེ་ཤེས་རང་བྱུང་གི་སྒྲོན་མ་སྐུ་ལྔའི་ཐུགས་ཀྱི་གསང་བ་ཆེན་པོའི་གདངས༔ ཐིག་ལེ་སྟོང་པའི་སྒྲོན་མའི་ཕྱག་རྒྱ་དང་བཅས་པའི་ཉམས་ལེན་གྱིས་ཐུགས་ལྔ་སེམས་ཀྱིས་བསྒྲིབ་པ་བྲལ་དག་གི་རྒྱུར་འགྱུར་བ་དང་༔ བྱ་བ་དགུ་སྤྲུགས་སུ་བཏང་ནས༔ བྱར་མེད་རང་བབས་ཀྱི་ངང་ལ་གནས་པས༔ སྒོ་གསུམ་གྱི་བྱེད་པ་ངན་ཞེན་གྱིས་ཕྲིན་ལས་ལྔར་བསྒྲིབས་པ་བྲལ་དག་གི་རྒྱུར་འགྱུར༔ རྒྱུ་མཚན་དེས་ན་རྫོགས་ཆེན་རྒྱུད་ཀུན་ནས༔ ཐེག་པའི་རིམ་པ་དགུ་དང་རྒྱུད་ཀྱི་དངོས་པོ་བཅུ༔ རིག་པ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ལ་ས་ལམ་རྫོགས་པ་ཆེན་པོར་གསུངས་པ་དེ་ཉིད་ཀྱི་རྒྱན་དུ་སྨྲོས་པ་བཞིན་ནོ༔

བཞི་པ་བྲལ་འབྲས་ལ༔ ཆིངས་ཀྱི་སྒོ་ནས་བསྟན་པ༔ འབྲས་ཆོས་ཉེར་ལྔའི་རྣམ་པར་འཕྲུལ་པ༔ གོ་དོན་བསྡུས་ཏེ་གསལ་བར་བྱས་པ་དང་གསུམ་ལས༔

དང་པོ་ནི༔ ལར་འབྲས་ཆོས་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུ་བ་སྟེ༔ རྩལ་རྫོགས་ལས༔ སངས་རྒྱས་རྣམས་ཀྱི་སྐུ་དང་ནི༔ གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང་༔ ཡོན་ཏན་ཕྲིན་ལས་ལྔར་སྣང་བའོ༔ ཞེས་དང༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས༔ སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་༔ གསུང་གི་དཀྱིལ་འཁོར་འགགས་མེད་ཀློང་༔ ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་ཀློང་༔ ཡོན་ཏན་དཀྱིལ་འཁོར་ཡིད་བཞིན་སེམས༔ ཕྲིན་ལས་དཀྱིལ་འཁོར་རྩལ་མེད་དབྱིངས་ལ་རོལ༔ ཞེས་སོ༔ དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྣམ་པར་ཐར་པ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ་གསུམ་རེའི་ཆིངས་ཀྱིས་བཅིངས་པ་ལས༔

དང་པོ་སྐུ་ལ་ངོ་བོ་ནི༔ འཕོ་འགྱུར་མེད་པའི་རྟག་པ་ཆེན་པོ་སྟེ༔ རྟག་པ་གསུམ་གྱི་དོན་བཤད་པ་ལྟར་རོ༔ ངེས་ཚིག༔ སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོའི་རྟེན་ནམ་ལུས་སུ་རྫོགས་པས་སྐུ་ཞེས་བྱའོ༔ དབྱེ་བ་ནི་སྐུ་ལྔ་ལ་སོགས་པའོ༔ དེ་ལྟར་ཡང་རྩལ་རྫོགས་ལས༔ སྐུ་ཡི་ངོ་བོ་འགྱུར་བ་མེད༔ སྐུ་ཡི་ངེས་ཚིག་གསལ་འཚེར་ལྡན༔ ཞེས་དང༔ རང་ཤར་ལས༔ འགྱུར་མེད་དོན་གྱི་སྐུ་ལྔར་གནས༔ ཞེས་སོ༔

གཉིས་པ་གསུང་ལའང་གསུམ་ལས༔ གསུང་གི་ངོ་བོ་ནི་གོ་བརྡ་སྤྲོད་ཅིང་གྲགས་སྟོང་རང་ཤར་ཆེན་པོ༔ ངེས་ཚིག་ཆོས་ཕུང་སྣ་ཚོགས་སུ་སྣང་བ༔ དབྱེ་ན་གསུང་ལྔ་ལ་སོགས་པར་སྣང་བ་སྟེ༔ དེ་ཉིད་ལས༔ གསུང་གི་ངོ་བོ་གྲགས་པས་སྟོང་༔ གསུང་གི་ངེས་ཚིག་སྣ་ཚོགས་འབྱུང་༔ ཞེས་དང་༔ དེ་དག་ཀྱང་༔ རྩལ་རྫོགས་ལས༔ གསུང་གི་དོན་ཉིད་འདི་ལྟ་སྟེ༔ གསུང་གི་ངོ་བོ་གྲགས་པས་སྟོང་༔ གསུང་གི་ངེས་ཚིག་སྣ་ཚོགས་འབྱུང་༔ དབྱེ་བ་རྣམ་པ་དྲུག་གིས་བསྟན༔ ཞེས་སོ༔

གསུམ་པ་ཐུགས་ལའང་གསུམ་ལས༔ ཐུགས་ཀྱི་ངོ་བོ་ནི༔ ཤེས་བྱ་ཐམས་ཅད་མཁྱེན་ཅིང་སྐུའི་སྙིང་པོར་གྱུར་པ་འཕོ་འགྱུར་དང་རྟོག་པ་མེད་པའོ༔ ཐུགས་ཀྱི་ངེས་ཚིག་ནི༔ རིག་པ་རང་ས་ནས་གསལ་བ༔ དབྱེ་བ་ནི༔ གཞི་འཛིན་པའི་ཡེ་ཤེས་གསུམ༔ མཚན་ཉིད་འཛིན་པ་ལྔ༔ ཡུལ་ཁྱབ་པའི་ཡེ་ཤེས་གཉིས་དང་གསུམ་མོ༔ དེ་ཉིད་ལས༔ ཐུགས་ཀྱི་ངོ་བོ་འཁྲུལ་པ་མེད༔ ཐུགས་ཀྱི་ངེས་ཚིག་བསམ་པར་སྣང༔ དབྱེ་བ་རྣམ་པ་གསུམ་གྱིས་བསྟན༔ ཐུགས་ཀྱི་དྲན་པ་སངས་པ་དང་༔ རྡོ་རྗེ་འགྱུར་མེད་བརྟན་པ་དང་༔ སྣ་ཚོགས་པ་ཡི་ཐུགས་སུ་བསྟན༔ ཞེས་སོ༔

ཡོན་ཏན་ལའང་གསུམ་ལས༔ ངོ་བོ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པ༔ ངེས་ཚིག་ལེགས་ཚོགས་མ་ལུས་ལྷུན་གྲུབ་ཏུ་འབྱུང་༔ དབྱེ་བ་སྤྱིར་སྟོབས་སོགས་ཆོས་སྐུའི་ཟག་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་༔ གཟུགས་སྐུའི་མཚན་གྱི་ཡོན་ཏན་སོ་གཉིས་སྟེ་དྲུག་ཅུ་རྩ་བཞི་ལ་སོགས་པ་དང་༔ གཞན་ཡང་འབྲས་བུའི་ཡོན་ཏན་ལྔ་ལ་སོགས་ཚད་མེད་པ་དང་ལྡན་པ་སྟེ༔ དེ་ཉིད་ལས༔ ཡོན་ཏན་ངོ་བོ་ཐམས་ཅད་བསྐྱེད༔ ཡོན་ཏན་ངེས་ཚིག་སྣ་ཚོགས་གྲུབ༔ ཅེས་དང་༔ ཕྲ་བཀོད་ལས༔ ཡང་དག་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ནི༔ གང་སྟོང་གི་མཐའ་ཡས་ཏེ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུའོ༔ ཞེས་དང་༔ ཡོན་ཏན་འདི་དག་གི་དབྱེ་བ་རྒྱུད་བླ་མའི་ཡོན་ཏན་གྱི་ལེའུ་དང་༔ འོག་ཏུ་འབྱུང་བ་ལས་ཤེས་པར་བྱའོ༔

ལྔ་བ་ཕྲིན་ལས་ལའང་གསུམ་ལས༔ ངོ་བོ་ནི༔ འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཕན་བདེ་ལ་འགོད་པའི་ལས་སོ༔ ངེས་ཚིག་ནི༔ འགྲོ་བའི་ཁམས་ཀྱི་སྒྲིབ་པ་སྦྱངས་ཏེ་སྐུ་གསུམ་གྱི་གོ་འཕང་མཆོག་ལ་དབུགས་དབྱུང་བའི་བྱ་བ་འབྱེད་པའི་ཆ་ནས་བཏགས་པའོ༔ དབྱེ་བ་ནི༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ལྔ་དང་༔ མཛད་པ་སུམ་ཅུ་རྩ་དྲུག་དང་༔ མཛད་པ་བཅུ་གཉིས་ལ་སོགས་ཏེ༔ རྩལ་རྫོགས་ལས༔ ཕྲིན་ལས་ངོ་བོ་གྲུབ་པར་བྱེད༔ ཕྲིན་ལས་ངེས་ཚིག་བྱ་བ་བྱེད༔ དབྱེ་བ་རྣམ་བཞི་བསྟན་པའོ༔ ཞེས་དང་༔ རྒྱུད་བླ་མ་ལས༔ གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང་༔ དེ་ཡི་གནས་དང་དེ་བཞིན་ཉིད་རྣམས་ལ༔ ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས༔ ཞེས་སོ༔

གཉིས་པ་ནི༔ ཁོག་གཞུང་ལས༔ དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ༔ ཞེས་གསུངས་པས༔ ལྔ་ཚན་སོ་ལྔ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མཐའ་དག་ཉེ་བར་བསྡུ་ན༔ ལྔ་ཚན་ལྔ་ལས་དང་པོ་སྐུ་ལྔ་ནི༔ སྐུ་ཐམས་ཅད་ཀྱི་འཆར་གཞིའི་དབྱིངས་སྤྲོས་པ་དང་བྲལ་བ༔ ཆོས་ཉིད་དེ་བཞིན་ཉིད་སྐུ་གསུམ་དབྱེར་མེད་པའི་ངོ་བོ་ཉིད་ལ་རང་ས་ཟིན་པ་ནི་མི་འགྱུར་རྡོ་རྗེའི་སྐུ་བརྙེས་པ་སྟེ༔ རང་ཤར་ལས༔ མཐའ་ལ་མི་གནས་རྡོ་རྗེའི་སྐུ༔ ཞེས་དང་༔ བཤགས་རྒྱུད་ལས༔ ཆོས་དང་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ༔ ཞེས་སོ༔ སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་མངོན་པར་བྱང༵་ཞིང་༔ རྟོགས་བྱ་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་ཡོངས་སུ་རྫོགས་པར་མངོན་པར་ཁོང་དུ་ཆུབ༵་པས་ན་མངོན་པར་བྱང་ཆུབ་པའི་སྐུ་བརྙེས་པ་སྟེ༔ ཡེ་ཤེས་དྲྭ་བ་ལས༔ དྲི་མ་མེད་པས་བྱང་བ་དང་༔ ཡོན་ཏན་རྒྱས་པས་ཆུབ་པ་ཉིད༔ གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར༔ མངོན་པར་བྱང་ཆུབ་སྐུར་བརྗོད་དོ༔ ཞེས་དང་༔ བཤགས་རྒྱུད་ལས༔ ཡོན་ཏན་མ་བཙལ་ལྷུན་རྫོགས་མངོན་བྱང་སྐུ༔ ཞེས་སོ༔ ཁམས་གསུམ་གྱི་སེམས་སེམས་བྱུང་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་ཞིང་༔ དབྱིངས་ཐོག་ཏུ་རིག་པ་གྲོལ་ནས་ཆོས་ཉིད་ཇི་བཞིན་པ་དེ་དང་མཐུན་པར་རྗེས་སུ་གཤེགས་ནས༔ སྒྲིབ་བྲལ་གྱི་དགོངས་པ་དབྱིངས་ཡེ་ཟུང་འཇུག་ཆེན་པོ་མངོན་དུ་མཛད་པ་ལས་མི་གཡོ་ནའང་༔ འགོག་གཞིའི་རིག་པ་གཏན་མེད་དུ་སོང་བ་ལྟ་བུ་མ་ཡིན་པར༔ ནང་གསལ་མཁྱེན་ཆ་མ་འགགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྐུ་ཆེན་པོ༔ སྐུ་དང་ཡེ་ཤེས་ཀུན་གྱི་འཆར་གཞིར་ལྷུན་གྱིས་གྲུབ་ཅིང་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་གྱི་ངོས་ནས་ཆོས་ཀྱི་སྐུ་སྟེ༔ སྒྱུ་འཕྲུལ་བླ་མ་ལས༔ ཆེ་ཕྲའི་ཡེ་ཤེས་ནང་དུ་གསལ༔ དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ༔ ཞེས་དང༔ བཤགས་རྒྱུད་ལས༔ སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཆོས་སྐུ་རང་བྱུང་རིག་པ་དེ༔ དུས་གསུམ་དག་ཏུ་སྐྱེ་འགགས་མེད༔ འགྲོ་འོང་མེད་ཕྱིར་ཡེ་ནས་གནས༔ ཞེས་པ་དག་གིས་སངས་རྒྱས་དུས་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ཤུགས་ཀྱིས་ཁེག་པའང་ཡིན་ནོ༔ དེ་ལྟར་སངས་རྒྱས་པའི་དུས་ནའང་༔ སྣང་བ་ཐམས་ཅད་རྒྱུན་ཆད་དེ་སྟོང་ཆད་འབའ་ཞིག་དང༔ ཡང་ན་གཟུགས་མེད་ལྟར་ཡིད་ལུས་རྐྱང་པ་ཙམ་ཞིག་ལས༔ དག་པའི་སྣང་བ་གཏན་ནས་མེད་པའི་ཆོས་སྐུར་འདོད་པ་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས་ན༔ གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་སྐུའི་ངང་ལས༔ དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱན་གྱི་འཁོར་ལོར་མ་འགགས་པར་འཆར་བའི་སངས་རྒྱས་ཉིད་ཀྱི་རང་སྣང་ལོངས་སྐུ་དང་༔ དེ་ལྟ་བུའི་རང་སྣང་ལོངས་སྐུ་བྱད་ལྟ་བུ་ལས༔ འཁོར་ས་བཅུའི་བྱང་སེམས་སྨིན་པ་རྒྱ་མཚོ་ལ༔ ངེས་པ་ལྔ་ལྡན་གྱི་མཚན་དཔེ་ཐུན་མིན་དང་ལྡན་པར་སྣང་བའི་ཕྱེད་ལོངས་སྐུའི་རྣམ་པར་རྩོལ་མེད་དུ་འཆར་བ་སྟེ༔ གསང་སྙིང་ལས༔ ཡང་དག་ཐར་པའི་གཟུགས་སྐུ་དང་༔ ཞེས་དང་༔ བཤགས་རྒྱུད་ལས༔ ས་ཐོབ་མན་ཆད་སྣང་བ་ལོངས་སྤྱོད་དང་༔ མཚན་དང་དཔེ་བྱད་བརྒྱན་པ་ལོངས་སྐུ་སྟེ༔ ཞེས་དང་༔ མངོན་རྟོགས་རྒྱན་ལས༔ མཚན་ནི་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི༔ ཐེག་ཆེན་ཉེ་བར་ལོངས་སྤྱོད་པའི༔ ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད༔ ཅེས་སོ༔ དེ་ལས་གཞན་མ་དག་པའི་སེམས་ཅན་རྣམས་ལ་རང་རང་གི་ལས་སྨོན་མོས་པ་དང་མཐུན་པར་སྤྲུལ་སྐུ་རྣམ་བཞི་རྒྱུན་མི་འཆད་པར་འབྱུང་བས་འགྲོ་བའི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་ནི་སྤྲུལ་པའི་སྐུ་སྟེ༔ གསང་སྙིང་ལས༔ མཐུན་བྱས་སྐུ་ནི་སྣ་ཚོགས་སྣང་༔ ཞེས་དང་༔ བཤགས་རྒྱུད་ལས༔ སྦྱོར་ལམ་མན་ཆད་ཀུན་ལ་སྣང་བ་ལ༔ མཛད་པ་ཐ་དད་སྣང་བ་སྤྲུལ་པའི་སྐུ༔ ཞེས་དང་༔ མངོན་རྒྱན་ལས༔ གང་གིས་སྲིད་པ་ཇི་སྲིད་དུ༔ འགྲོ་ལ་ཕན་པ་སྣ་ཚོགས་པ༔ མཉམ་དུ་མཛད་པའི་སྐུ་དེ་ནི༔ ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད༔ ཅེས་སོ༔

གཉིས་པ་གསུངས་ལའང་ལྔ་ལས༔ སྒྲ་སྐད་ཐམས་ཅད་ཀྱི་ངོ་བོ་གྲགས་སྟོང་དབྱེར་མེད་འདུས་མ་བྱས་མཐའ་གཉིས་ལས་གྲོལ་བ་ནི་མི་འགྱུར་རྡོ་རྗེའི་གསུང་སྟེ༔ བཤགས་རྒྱུད་ལས༔ རྡོ་རྗེ་གྲགས་སྟོང་དབྱེར་མེད་འདུས་མ་བྱས༔ ཞེས་དང་༔ གསང་སྙིང་ལས༔ སྒྲ་ཉིད་མ་ཆགས་ངང་དུ་གསུང་༔ གསུངས་བ་ཉིད་ན་བརྗོད་དུ་མེད༔ ཅེས་སོ༔ རྟོག་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་གསལ་པས་ཡེ་ཤེས་རང་སྣང་ཆེན་པོའི་གསུང་སྤངས་རྟོགས་ཐོབ་ལ་མ་ཉམས་པའི་བྱིན་བརླབས་ཀྱིས་བརྡ་སྤྲོད་པ་མངོན་བྱང་གི་གསུང་སྟེ༔ མངོན་བྱང་སྒྲ་སྐད་མཐའ་དག་ཐམས་ཅད་ནི༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད་དུ་གསལ༔ ཞེས་སོ༔ ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་སྐྱེ་མེད་མཚོན་པ་ནི་ཆོས་སྐུའི་གསུང་ཡིན་ཏེ༔ ཡེ་ཤེས་མཁའ་མཉམ་ལས༔ ཆོས་སྐུའི་སྟོན་པ་ཀུན་བཟང་གི༔ དགོངས་པའི་ངེས་དོན་བྱིན་བརླབས་ཀྱིས༔ ཕྱོགས་བཅུ་ཉིད་ལས་མི་གཞན་འཁོར༔ དུས་གསུམ་སངས་རྒྱས་རྣམས་ལ་བཤད༔ ཅེས་དང༔ གསང་སྙིང་ལས༔ སྒྲ་དང་མིང་ཚིག་ཀུན་ལས་འདས༔ སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་༔ ཞེས་དང་༔ བཤགས་རྒྱུད་ལས༔ དོན་གསུང་ཆོས་ཉིད་སྐྱེ་མེད་ངང་དུ་གནས༔ སྐྱེ་མེད་སྨྲ་བརྗོད་ཀུན་གྱི་གཞི་རུ་གྱུར༔ ཞེས་སོ༔ མེ་ལོང་ནང་དུ་བལྟས་ན་བྱད་ཀྱི་དྲི་མ་ངོས་ཟིན་པ་ལྟར༔ སྟོན་པ་ལོངས་སྐུའི་སྐུ་མཐོང་བའི་མོད་ལ་ཆེད་དུ་བརྡ་ཐབས་སྟོན་པའི་སྤྲོས་པ་མེད་ཀྱང་༔ བདག་དང་སྟོན་པའི་ཁྱད་མཐོང་ནས་འཁོར་གྱི་བློ་ལ་རང་སའི་སྒྲིབ་པ་དང་༔ དེ་སྦྱོང་བའི་གཉེན་པོ་ལ་སོགས་པའི་དོན་འཇལ་བར་སྟོན་པ་ནི༔ ལོངས་སྐུ་དགོངས་པ་བརྡའི་གསུང་ཡིན་ཏེ༔ ཡེ་ཤེས་མཁའ་མཉམ་ལས༔ ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས༔ ལྡེམ་དགོངས་ཕྱི་ནང་གསང་བའི་དོན༔ ས་བཅུའི་རིག་འཛིན་སེམས་དཔའ་ལ༔ གསང་སྔགས་རང་གི་ངོ་བོས་བཤད༔ ཅེས་དང་༔ ཇི་སྐད་དུ༔ ལོངས་སྐུའི་གསུང་ནི་རང་གི་ཡུལ་རྣམས་ལ༔ བརྡ་ཡི་སྒོ་ནས་གོ་བརྡ་སྤྲོད་པར་བྱེད༔ ཅེས་སོ༔ མཆོག་གི་སྤྲུལ་སྐུའི་ཚངས་དབྱངས་ཡན་ལག་དྲུག་ཅུར་དང་༔ གཞན་ཡང་རང་རང་དང་མཐུན་པའི་སྒྲ་སྐད་གང་ལ་གང་འདུལ་གྱི་ཆོས་ཚིག་བརྗོད་པའི་སྒོ་ནས་སྟོན་པ་འགྲོ་བའི་དོན་དུ་འབྱུང་བ་ནི་སྤྲུལ་སྐུའི་གསུངས་ཏེ༔ གསང་སྙིང་ལས༔ ཀུན་ལ་གྲགས་ཤིང་སོ་སོར་འཇལ༔ ཞེས་དང་༔ བཤགས་རྒྱུད་ལས༔ སྤྲུལ་སྐུའི་གསུང་ནི་ཡན་ལག་དྲུག་ཅུར་སྣང་༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ སྤྲུལ་སྐུའི་གསུང་གི་སྒོ་ནས་ནི༔ གང་ལ་གང་འོས་དྲང་དོན་དུ༔ དགེ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས༔ སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན༔ ཞེས་སོ༔

གསུམ་པ་ཐུགས་ལའང་ལྔ་ལས༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་པ་ཉིད་མཁྱེན་པའི་ཡེ་ཤེས་ཀྱང་ཆོས་ཉིད་དེའི་རྗེས་སུ་སོང་བས་སྤྲོས་རྟོག་གི་ཕྱོགས་སུ་མ་ལྷུང་བར་རང་གསལ་བ་ནི་ཆོས་སྐུའི་ཐུགས་རྣམ་པར་མི་རྟོག་པ་སྟེ༔ ལམ་རིམ་ལས༔ དངོས་པོ་གཉིས་ཀྱི་ཡན་ལག་བཅས༔ སེམས་ཅན་ཕྱིར་ནི་སྟོང་ཆེན་པོའི༔ ཡེ་ཤེས་ཟུག་རྔུ་ལྡན་བྲལ་བའི༔ བདེ་བ་ཆེན་པོ་མཆོག་གི་ཐུགས༔ ནམ་མཁའ་ལྟ་བུར་ཡེ་གསལ་སྟོང་༔ ཞེས་སོ༔ མེ་ལོང་ལས་གཟུགས་བརྙན་འཆར་བ་དང་༔ རྩོལ་རྟོག་མེད་པ་ལྟར་ཡེ་ཤེས་གཞན་གསུམ་གྱི་འཆར་གཞིར་གྱུར་པ་དང་༔ ངར་འཛིན་དང་རྒྱ་ཆད་མེད་པས༔ ཤེས་བྱ་མཁྱེན་ཀྱང་གཟུང་འཛིན་མེད་པ་སྒྲིབ་གཉིས་བག་ཆགས་དང་བྲལ་ཞིང་༔ རྟོགས་པ་མཐར་ཕྱིན་པས་ཤེས་བྱ་མཐའ་དག་རྩོལ་མེད་དུ་མཁྱེན་པ་ནི་མངོན་པར་བྱང་ཆུབ་པའི་ཐུགས་མེ་ལོང་ཡེ་ཤེས་ཡིན་ཏེ༔ རང་ཤར་ལས༔ མེ་ལོང་ཡེ་ཤེས་འགག་མེད་གསལ༔ ཞེས་དང་༔ རྒྱན་ལས༔ མེ་ལོང་ཡེ་ཤེས་མི་གཡོ་སྟེ༔ ཡེ་ཤེས་གསུམ་པོ་དེ་ལས་འབྱུང་༔ ཞེས་དང་༔ ལམ་རིམ་ལས༔ སྤྱི་དང་རང་མཚན་དབྱེར་མེད་ཀུན༔ ཡུལ་མེད་མེ་ལོང་ལྟར་གསལ་བ༔ མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ༔ རྣམ་པར་མི་རྟོག་མཆོག་གི་ཐུགས༔ ཞེས་སོ༔ གནས་ལུགས་འཁོར་འདས་སྣང་སྟོང་བླང་དོར་དབྱེར་མེད་མཉམ་པ་ཉིད་ལྷུན་གྲུབ་ཆེན་པོར་མཁྱེན་པ་ནི༔ ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས་སོ༔ ཀུན་གསལ་ལས༔ གཉིས་སུ་མེད་པར་བརྗོད་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ༔ ཞེས་དང་༔ སྤྲོས་བྲལ་དོན་གསལ་ལས༔ རིག་པ་སྟོང་གསལ་གཉིས་མེད་མཉམ་པ་ཡིས༔ གཉིས་མེད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཞེས་དང་༔ བཤགས་རྒྱུད་ལས༔ མཉམ་ཉིད་ཡེ་ཤེས་བཟང་ངན་མེད་པར་གསལ༔ ཞེས་དང་༔ ལམ་རིམ་ལས༔ ཆེན་པོ་ལྟ་བུར་ཐམས་ཅད་ལ༔ མི་ཕྱེད་བླང་དོར་མེད་མཉམ་ཞིང་༔ མཉམ་པ་ཉིད་ལས་མི་གཡོ་བ༔ མཉམ་པ་ཆེན་པོ་མཆོག་གི་ཐུགས༔ ཞེས་སོ༔ འཁོར་འདས་ཀྱི་ཆོས་སྤྱི་དང་རང་གི་མཚན་མ་ཀུན་དུས་གཅིག་ཏུ་མ་འདྲེས་པར་སོ་སོར་སྣང་ཡང་༔ ངོ་བོ་དབྱེར་མེད་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལས་འཕོ་འགྱུར་བྲི་གང་མེད་པར་མཁྱེན་པ་ནི༔ མི་འགྱུར་རྡོ་རྗེའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་སྟེ༔ རང་ཤར་ལས༔ སོར་རྟོག་ཡེ་ཤེས་གོ་ཞིང་རྟོགས༔ ཞེས་དང་༔ སོར་རྟོག་སྤྱི་དང་རང་མཚན་མ་འདྲེས་གསལ༔ ཞེས་དང་༔ ལམ་རིམ་ལས༔ ཆོས་དང་ཆོས་ཅན་ཀུན་བྲལ་བ༔ རང་སྤྱི་དབྱེར་མེད་དུས་གཅིག་དུ༔ མཁའ་ལ་འཇའ་ལྟར་ཤར་བ་ནི༔ མི་འགྱུར་རྡོ་རྗེའི་ཐུགས་མཆོག་གོ༔ ཞེས་སོ༔ གཞན་གྱི་ངོར་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པས་ཕན་བདེའི་བྱ་བ་རླབས་པོ་ཆེ་བསྒྲུབ་པ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས་རྣམ་པ་བཞི་རྩོལ་མེད་དུ་འཇུག་པ་ནི་སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས་སྟེ༔ སྤྲོས་བྲལ་དོན་གསལ་ལས༔ བྱ་བ་ཐམས་ཅད་ཐོགས་པ་མེད་པར་འགྲུབ༔ བྱ་བ་གྲུབ་པའི་ཡེ་ཤེས་སོ༔ ཞེས་དང་༔ བཤགས་རྒྱུད་ལས༔ བྱ་གྲུབ་བདག་གཞན་དོན་ལ་རྩོལ་མེད་གསལ༔ ཞེས་དང་༔ ལམ་རིམ་ལས༔ ཐུགས་རྗེ་ཆེན་པོའི་འབྲེལ་བ་དང་༔ ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར༔ བྱ་བྱེད་མེད་པར་རྣམ་བཞི་ཡིས༔ འགྲོ་བ་ཀུན་སྒྲོལ་ཐུགས་རྗེ་ཡིན༔ ཞེས་སོ༔ འདིར་སྐུ་ལྔའི་ཡེ་ཤེས་སུ་འཇོག་ཚུལ་གསུངས་པ་དང་༔ མདོ་རྒྱུད་གཞན་ནས་ཀྱང་འཇོག་ཚུལ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་མི་འགལ་བའི་ཚུལ་སངས་རྒྱས་གཅིག་གི་ཡེ་ཤེས་སུ་རོ་གཅིག་པས་ན་ངོ་བོ་ཐ་མི་དད་པའི་ཕྱིར་དང་༔ ཡེ་ཤེས་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རིགས་ཆུང་ཡོད་པའི་ངེས་པས་གསལ་བ་ཡིན་ནོ༔ དེ་ཉིད་ལས༔ སྐུ་གསུམ་ཡེ་ཤེས་ལྔ་པོ་སྟེ༔ ཆོས་སྐུ་རང་ལ་ལྷུན་གྱིས་གྲུབ༔ ཅེས་སོ༔

བཞི་བ་ཡོན་ཏན་ལའང་ལྔ་ལས༔ རྣམ་པར་དག་པའི་ཞིང་ཁམས་ནི༔ ཆོས་སྐུའི་ཆོས་སྐུ་མི་འགྱུར་རྡོ་རྗེའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ༔ ཆོས་སྐུའི་ལོངས་སྐུ་མངོན་པར་བྱང་ཆུབ་པའི་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་དང་བྲལ་པ༔ ཆོས་སྐུའི་སྤྲུལ་སྐུའི་ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ་སྟེ༔ ལྟ་བའི་སྙིང་པོའི་རྒྱུད་ལས༔ ཞིང་ཁམས་ཀུན་གཞི་བྱང་ཆུབ་སེམས༔ ཞེས་ཆོས་སྐུའི་སྐུ་གསུམ་གྱི་ཞིང་གསུངས་པ་དང་༔ ཡེ་ཤེས་རིན་པོ་ཆེའི་རྒྱུད་ལས༔ ཆོས་དབྱིངས་ཀྱི་ཕོ་བྲང་ན་རང་བྱུང་རིག་པའི་རྒྱལ་པོ་འཁོར་ཡེ་ཤེས་རྒྱ་མཚོ་ལ༔ ཞིང་ཁམས་སུམ་ཐོག་པའི་སྣང་བ་རང་ལ་རང་ཆས་སུ་བསྟན་པའི་ཆོས་ཉིད་ཟད་བའི་ངང་དུ་ཐིམ༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང༔ ཞེས་སོ༔ ལོངས་སྐུ་རང་སྣང་རིགས་ལྔའི་ཞིང་ཁམས་ནི༔ ལྟ་བའི་སྙིང་པོ་ལས༔ ཞིང་ཁམས་འདུས་པ་ཆེན་པོ་ལ༔ ཞེས་དང་༔ སྤྲུལ་སྐུ་རྣམ་དག་དབུགས་འབྱིན་ལྔ་དང་༔ ས་སྤྱོད་མཁའ་སྤྱོད་རིགས་དྲུག་གི་གནས་སོ་སོའི་སྣང་ཚུལ་དང་བཅས་པ་སྟེ༔ མཁའ་མཉམ་ལས༔ ཞིང་ཁམས་སྲིད་གསུམ་གནས་རིས་འདིར༔ ཞེས་དང་༔ ལྟ་བའི་སྙིང་པོ་ལས༔ ཞིང་ཁམས་ཁམས་གསུམ་སེམས་ཅན་ལ༔ ཞེས་སོ༔ རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་ནི༔ ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཕྱོགས་དང་ཆ་ཡིས་མ་གོས་པ༔ ཕྱི་དང་ནང་མེད་པ་ཀུན་ཏུའང་ནང་དུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་སྟེ་ཆོས་སྐུའི་གཞལ་ཡས་ཁང་དང་༔ ཀུན་བྱེད་ལས༔ སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ༔ ཞེས་དང་༔ ཕྲེང་བ་ལས༔ ཆ་ཡིས་མ་གོས་པའི་གཞལ་ཡས་དམ་པ༔ ཞེས་སོ༔ ཆོས་ཉིད་རྣམ་པར་དག་པའི་མཁའ་དབྱིངས་སུ་ཡེ་ཤེས་རང་སྣང་གི་རྒྱན་དུ་ཤར་བའི་རང་བྱུང་འོད་ཀྱི་ཕོ་བྲང་ནི་རང་བཞིན་ལོངས་སྐུའི་གཞལ་ཡས་ཁང་ཡིན་ཏེ༔ རྒྱ་མཚོ་ལས༔ ཡོན་ཏན་ལྔ་ཡི་བདག་ཉིད་དེ༔ མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་༔ ཞེས་དང་༔ ཀློང་དྲུག་ལས༔ ཆོས་ཉིད་རྣམ་པར་དག་པའི་རྒྱན་བཀོད་པར་སྣང་བའི་ཕོ་བྲང་ན༔ ཞེས་དང་༔ ཡང་རང་ཤར་གྱི་གླེང་གཞི་ལས་བཤད་པ་ལ་སོགས་པ་སྤྲུལ་སྐུའི་གཞལ་ཡས་ཁང་ངོ་༔ དེ་ཉིད་ལས༔ གཞལ་ཡས་ཁང་དེ་ནི་ཤིན་ཏུ་ཡངས་པ་དང་ལྡན་པ༔ ཞེས་དང་༔ གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ༔ འདི་ལྟ་སྟེ༔ ཞེས་དང་༔ དེའི་འོག་ན་མ་དག་པའི་ཞིང་ཁམས་ན་མི་གཙང་པའི་ཁང་པ་རྒྱ་ཁྱོན་དཔག་ཏུ་མེད་པ་ཡོད་དོ༔ ཞེས་སངས་རྒྱས་རང་སྣང་ལ་ཡོན་ཏན་ལྔ་དང་ལྡན་པའི་གཞལ་ཡས་ཁང་ལས་མི་སྣང་ཡང་གདུལ་བྱའི་དོན་དུ་སྣང་བའི་རྣམ་སྣང་གངས་ཆེན་མཚོའི་སྐུ་ལ་རྫོགས་པའི་ཞིང་ཁམས་ཀྱི་བཀོད་པ་ལྟ་བུར་འཇིག་རྟེན་གྱི་ཁམས་སུ་སྣང་བ་ནི་མ་དག་སྤྲུལ་སྐུའི་གཞལ་ཡས་ཁང་ཡིན་ནོ༔ དེ་དག་ཀྱང་༔ བཤགས་རྒྱུད་ལས༔ རང་རིག་བྱང་ཆུབ་སེམས་ཀྱི་ཞིང་ཁམས་ནི༔ མནན་ན་ནེམས་ལ་བཏེགས་ན་སྤར་ལ་སོགས༔ རང་རིག་གཞལ་ཡས་ཁང་ལ་ཕྱི་ནང་མེད༔ ཅེས་སོ༔ ཁྱད་པར་འཕགས་པའི་གདན་ཁྲི་ནི༔ སྤྲོས་བྲལ་འགྱུར་མེད་ཀྱི་ངང་ནས་མ་གཡོས་པ་ནི་ཆོས་སྐུའི་སྐུ་གསུམ་གྱི་གདན་ཡིན་ཏེ༔ ཀུན་གསལ་ལས༔ རྒྱལ་པོ་ནི་རང་རིག་པ་ཆོས་ཀྱི་སྐུའོ༔ གདན་ནི་རང་བཞིན་རྣམ་པར་དག༔ ཅེས་དང་༔ སྤྲོས་བྲལ་གྱི་དབྱིངས་འགྱུར་མེད་ཀྱི་ངང་ནས་རིག་པ་ཡེ་ནས་དག་པ་སྟེ༔ དེ་ནས་མ་གཡོས་པའོ༔ ཞེས་སོ༔ སྟོབས་དང་མི་འཇིགས་པ་ལ་སོགས་རྟགས་ཀྱི་ཕྱག་རྒྱ་ལྔ་བརྩེགས་སོགས་སུ་གསལ་བ་ནི་རང་སྣང་གི་ལོངས་སྐུའི་གདན་ཁྲི་སྟེ༔ གསང་སྙིང་ལས༔ སེང་གེ་གླང་ཆེན་རྟ་དང་ཁྱུང་༔ ནམ་མཁའ་ལྡིང་གི་ཁྲི་སྟེང་ལས༔ ཉི་ཟླ་པདྨ་རིན་པོ་ཆེ༔ ཞེས་སོ༔ དེ་དང་ཆ་འདྲ་བའི་རིན་པོ་ཆེ་སྣ་བདུན་གྱི་ཁྲི༔ ཆོས་འཆད་པའི་གདན་དང་བཅས་པ་ནི་སྤྲུལ་སྐུའི་གདན་ཏེ༔ རང་ཤར་ལས༔ དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་གྱི་ཁྲི༔ ཆོས་འཆད་པའི་གདན་དང་བཅས་པ་ཡོད་དོ༔ ཞེས་སོ༔ གསལ་ཞིང་དག་པའི་འོད་ཟེར་ནི༔ ཆོས་སྐུའི་སྐུ་གསུམ་ལ་དངོས་སུ་སྣང་བ་མེད་ཀྱང་༔ མི་གནས་པའི་ཡེ་ཤེས་ཁ་དོག་འདས་པའི་འོད་ལྔ་ལས་འགྲོ་བའི་དོན་དུ་འོད་ཟེར་འཕྲོ་བའི་གཞིར་རང་ཤར་བ་སྟེ༔ དེ་དག་ཀྱང་༔ ཁ་སྦྱོར་ལས༔ མི་གནས་པའི་ཡེ་ཤེས་རང་སར་དག་པ་ཁ་དོག་ལས་འདས་པའི་འོད་ནི༔ དྲི་མ་མེད་པའི་དཀར་པོ་རང་སར་དག་སྟེ༔ སྣང་བ་གང་དུ་མི་འབྱེད༔ མ་བཙལ་བཞག་པའི་སེར་པོ་རང་སར་དག་སྟེ༔ ཡུལ་དུ་མར་མི་སྣང་༔ ཆགས་པ་མེད་པའི་དམར་པོ་རང་སར་དག་སྟེ༔ ཤེས་པ་འདི་ཞེས་བྱ་བ་ནི་མི་སྣང་༔ བྱ་རྩོལ་བྲལ་བའི་ལྗང་གུ་རང་སར་དག་སྟེ་བྱ་བྱེད་ཐམས་ཅད་ལས་འདས་པ༔ མི་འགྱུར་ཡངས་པའི་མཐིང་ཀ་རང་སར་དག་སྟེ༔ ཤེས་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་སོ༔ ཞེས་སོ༔ དེ་ལས་ཕྱི་གསལ་ལོངས་སྐུ་ལ་རང་སྣང་གསལ་བ་ཁ་དོག་འཛིན་པའི་འོད་ཟེར་ལྔར་སྣང་བ་སྟེ༔ དེ་ཉིད་ལས༔ འོད་ནི་གཉིས་ཏེ༔ རང་གསལ་ཁ་དོག་འཛིན་པའི་འོད་དང་༔ མི་གནས་པའི་ཡེ་ཤེས་ཁ་དོག་ལས་འདས་པའི་འོད་དོ༔ ཡང་གསོལ་བ༔ དེ་རྣམས་གང་ལྟར་ལགས༔ བཀའ་སྩལ་བ༔ རང་སྣང་གསལ་བ་ཁ་དོག་འཛིན་པའི་འོད་ནི་ལྔ་སྟེ༔ དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་དང་༔ མཐིང་ཀའོ༔ ཞེས་དང་༔ ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་༔ རྩལ་ལྔ་ཡོན་ཏན་ལྔ་ཡི་འབྲས་བུ་རྒྱུ་ནི་ཡེ་ནས་གདངས་ཁ་དོག་མེད་པའི་འོད་ལྔར་བཅས༔ ཡེ་གདངས་ལྔ་དང་ཟེར་ལྔ་ཁྱབ་བྱེད་ལྔ་ཡི་ཚུལ་དུ་རང་དག་གོ༔ ཞེས་སོ༔ དེ་ལྟར་ཆོས་སྐུ་འབྱུང་བ་ཆེན་པོ་ཡེ་ཤེས་ལྔའི་རང་བཞིན་དུ་སངས་རྒྱས་པའི་དྭངས་མའི་འབྱུང་ལྔ་ལས༔ ལོངས་སྐུའི་སྣང་བ་མཚན་ཉིད་འཛིན་པའི་འོད་ལྔར་སྣང་ཞིང་༔ འགྲོ་བའི་དོན་དུ་གནས་དྲུག་ནས་འོད་ཟེར་ལས་སྤྲུལ་སྐུ་གྲངས་མེད་པར་འཕྲོ་བར་གསུངས་ཏེ༔ ཀུན་གསལ་ལས༔ ཀྱཻ་རྡོ་རྗེ་འཛིན་པ་ཉོན་ཅིག༔ རྡོ་རྗེ་སེམས་དཔའ་ནི་སྤྲུལ་པའི་སྐུའི་ཆོས་སྐུའོ༔ ངའི་དབུའི་གཙུག་ཏོར་དང་༔ མཛོད་སྤུའི་བུ་ག་དང་༔ ཤངས་ཀྱི་རླུང་སྒྲོམ་ལ་སོགས་པ་ནས་བྱུང་བའི་སྐུ་དང་༔ འཇམ་དཔལ་དྲི་མེད་སྙིང་པོ་ལ་སོགས་པ་རྣམས་ནི་སྤྲུལ་པའི་སྐུའི་ལོངས་སྐུའོ༔ ཐུབ་པ་དྲུག་དང་དགའ་རབ་རྡོ་རྗེ་ལ་སོགས་པ་ནི༔ སྤྲུལ་པ་སྐུའི་སྤྲུལ་སྐུའོ༔ ཞེས་གསུངས་སོ༔ ཡང་སྤྲུལ་སྐུའི་གནས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའང་༔ རྒྱལ་མཚན་རྩེ་མོའི་རྒྱུད་ལས༔ ངའི་རང་བཞིན་ཆེན་པོ་ལྔར་ཡེ་ནས་སངས་རྒྱས་པས༔ གཟུགས་ཀྱི་སྐུའི་འོད་ཟེར་ལྔར་སྣང་བ་ཡིན་ཏེ༔ དེ་ཅིའི་ཕྱིར་ཞེ་ན༔ ངའི་སྐུ་ཡེ་ཤེས་སྒྱུ་མའི་ལུས་སུ་མ་བསྟན་ན༔ ངོ་བོ་དང་རང་བཞིན་དེ་བཞིན་གཤེགས་པས་མི་གཟིགས་མི་མཁྱེན་ནོ༔ ངའི་ཐུགས་རྗེ་སྤྲུལ་པའི་སྐུ་འོད་དུ་བསྟན་པས༔ སེམས་ཅན་རྣམས་ཀྱིས་ཤེས་པར་བྱ་བའི་ཆེད་དུ༔ དབུའི་ཐོར་གཙུག་དང་༔ མཛོད་སྤུའི་བུ་ག་དང་༔ ཤངས་ཀྱི་རླུང་སྒྲོམ་དང་༔ ལྗགས་ཀྱི་པདྨོ་དང་༔ ཐུགས་ཀྱི་དཔལ་བེའུ་དང་༔ བ་སྤུའི་བུ་ག་ཡན་ཆད་ནས་འོད་ཟེར་ལྔ་བྱེ་བ་དྲུག་ཏུ་འགྱེད་པའོ༔ འོད་ཟེར་དེ་ཡང་དཔག་ཏུ་མེད་པ་བཟུང་དུ་མེད་པའོ༔ ཞེས་སོ༔ ལྔ་བ་དགྱེས་དགུར་རོལ་པའི་འདོད་ཡོན་ནི༔ སངས་རྒྱས་ཀྱི་དུས་སུ་འདོད་པའི་ཡོན་ཏན་ལ་དངོས་འཛིན་ཆགས་སྲེད་མེད་བཞིན་དུ་ཡེ་ཤེས་ཀྱི་རྒྱན་ནམ་ཆེ་བའི་ཡོན་ཏན་དུ་མ་སྤངས་ལྷུན་གྱིས་གྲུབ་པར་རྫོགས་པ་གཞལ་ཡས་ཁང་གི་རྒྱན་བདུན་ལ་སོགས་པའི་ཕུན་སུམ་ཚོགས་པའི་བཀོད་པ་མ་བྱས་རང་བྱུང་བ་ནི༔ འོད་རིམ་ལས༔ གཟུགས་སོགས་ལྷ་མོར་གྲགས་པ་སྟེ༔ སྣ་ཚོགས་མཆོད་ཆ་རོལ་མོ་ཡིས༔ བར་སྣང་ཀུན་ཏུ་སྤྲིན་འབྱུང་བཞིན༔ ཞེས་དང་༔ གསང་སྙིང་ལས༔ གཟུགས་སྣ་ཚོགས་དང་༔ སྒྲ་སྣ་ཚོགས་དང་༔ དྲི་སྣ་ཚོགས་དང་༔ རོ་སྣ་ཚོགས་དང་༔ རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པ་རང་བྱུང་ལ༔ མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབ་པ༔ ཞེས་དང་༔ བཤགས་པའི་རྒྱུད་ལས༔ འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པའི་རྟགས༔ རང་རིག་ཉིད་ཀྱི་རྒྱན་དུ་སྣང་བ་སྟེ༔ འཁོར་འདས་མ་སྤངས་ལྷུན་གྱིས་གྲུབ་པ་ཡིས༔ ཞེས་སོ༔ དེ་ལྟ་བུའི་ཡོན་ཏན་ལྔ་པོ་དེ་དག་ཀྱང་ལམ་རིམ་ལས༔ ལྷུན་རྫོགས་རིག་པ་རང་སྣང་བ༔ ཞིང་ཁམས་གཞལ་ཡས་གདན་ཁྲི་རྒྱན༔ འོད་ཟེར་དུ་མར་སྣང་བ་སྟེ༔ ཞེས་སོ༔

ལྔ་བ་ཕྲིན་ལས་ལའང་ལྔ་སྟེ༔ གདུལ་བྱའི་རྒྱུད་ཀྱི་རྒྱུ་ཀུན་འབྱུང་ལས་ཉོན༔ འབྲས་བུ་རིགས་དྲུག་སོ་སོ་དང་༔ འཁོར་བ་སྤྱིའི་སྡུག་བསྔལ་མཐའ་དག་ཞི་བའི་ཐབས་བསམ་གྱིས་མི་ཁྱབ་པའི་མཛད་པ་ནི༔ ཞི་བའི་ཕྲིན་ལས་ཡིན་ཏེ༔ རྩལ་རྫོགས་ལས༔ ཞི་བས་ཆོས་ཉིད་ངང་དུ་སྡུད༔ ཅེས་སོ༔ གནས་སྐབས་སུ་འབྱོར་པ་དྲུག་སོགས་རྒྱས་པ་དང་༔ མཐར་ཐུག་དེ་བཞིན་གཤེགས་པ་ཆོས་གྱི་རྒྱལ་པོའི་ཡོན་ཏན་དང་མངའ་ཐང་རྫོགས་པར་མཛད་པས་འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་ནི་རྒྱས་པའི་ཕྲིན་ལས་ཡིན་ཏེ༔ དེ་ཉིད་ལས༔ རྒྱས་པ་སྣ་ཆོགས་ངོ་བོར་སྟོན༔ ཞེས་སོ༔ གནས་སྐབས་སུ་མོས་པ་རྣམ་བཞི་ལ་སོགས་པ་དང་༔ མཐར་ཐུག་དབང་གི་ཆུ་བོ་བཞིས་གདུལ་བྱའི་རྒྱུད་མ་སྨིན་པ་ཡོངས་སུ་སྨིན་པའི་ལས་མཛད་པ་ཡང་༔ དེ་ཉིད་ལས༔ དབང་གིས་མ་སྨིན་སྨིན་པར་བྱེད༔ ཅེས་སོ༔ གདུག་པ་ཅན་ལ་སྤྲུལ་སྐུ་ཁྲོ་བོའི་སྐུར་བཞེངས་པས་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་པའི་སྒོ་ནས༔ འཁོར་བ་མྱང་འདས་སུ་བསྒྲལ་བའི་མཛད་པ་ནི་དྲག་པོའི་ཕྲིན་ལས་ཡིན་ཏེ༔ དེ་ཉིད་ལས༔ དྲག་པོས་ཐམས་ཅད་ཚར་གཅོད་བསྒྲལ༔ ཞེས་སོ༔ དེ་ལྟར་ཕྲིན་ལས་རྣམ་པ་བཞི་པོ་ཕྱོགས་དང་རིས་སུ་ཆད་པ་མེད་པའི་ལྷུན་གྲུབ་ཀྱི་མཛད་པ་ཡོངས་རྫོགས་རྒྱུན་མི་ཆད་པས་མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སྦྱོར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པ་སྟེ༔ མངོན་རྟོགས་རྒྱན་ལས༔ དེ་བཞིན་སྲིད་པ་ཇི་སྲིད་འདིའི༔ ལས་ནི་རྒྱུན་མི་འཆད་པར་མཛད༔ ཅེས་དང་༔ བཤགས་པའི་རྒྱུད་ལས༔ དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང་༔ ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད༔ ཅེས་སོ༔

གསུམ་པ་འབྲས་ཆོས་ལྔའི་གོ་དོན་གྱི་མཇུག་བསྡུ་བ་ནི༔ དེ་ལྟ་བུའི་འབྲས་ཆོས་ཉེར་ལྔ་པོ་དེ་དག་ཀྱང་འབྲས་ཆོས་ཀུན་གྱི་རྟེན་བྱེད་པས་ན་སྐུ་ཞེས་བྱ་སྟེ༔ གཞན་དུ་གཟུགས་སུ་བལྟ་ན་ཆོས་སྐུའི་སྐུ་གསུམ་ལ་འོད་དང་མཚན་དཔེའི་ལུས་མེད་པས་ན་རང་མཚན་པའི་དབྱིབས་སུ་མི་སྲིད་པས་མི་འཐད་དོ༔ བརྡ་སྤྲོད་པས་གསུང་ཞེས་བྱ་སྟེ༔ གཞན་སྒྲ་རང་མཚན་པས་བརྗོད་པ་ལ་བསམ་ན༔ དེ་ཡང་གསུང་སྔ་མ་གསུམ་ལ་བརྡ་ཚིག་མེད་པ་དང་༔ ལོངས་སྐུའི་གསུང་ལའང་༔ ཚིག་གི་བརྗོད་པ་མེད་པས་མེད་པ་སྟེ༔ སྒྲར་སྣང་བ་ཙམ་གྱི་ཁྱད་པར་དུ་བྱས་པའོ༔ ཤེས་བྱ་མཁྱེན་པས་ཐུགས༔ འདོད་དགུ་མ་ལུས་པ་མ་བྱས་ལྷུན་གྲུབ་ཆེན་པོར་འབྱུང་བས་ན་ཡོན་ཏན༔ བྱ་བ་བྱེད་པའི་ཆ་ནས་ཕྲིན་ལས་ཞེས་བྱ་སྟེ༔ དགོངས་འདུས་ལས༔ རྟེན་བྱེད་པས་ན་སྐུ་ཉིད་དོ༔ གོ་བརྡ་སྤྲད་པས་གསུང་ཉིད་དོ༔ རིག་ཅིང་མཁྱེན་པས་ཐུགས་ཉིད་དོ༔ འདོད་རྒུར་འབྱུང་བས་ཡོན་ཏན་ནོ༔ བྱ་བ་བྱེད་པས་ཕྲིན་ལས་སོ༔ ཞེས་སོ༔

ལྔ་པ་༼ བདུན་པ། དཔྱད། ༽སྤྱི་བཅིངས་ནི༔ ལམ་གྱི་གྲོང་ཁྱེར་དང་༔ ཆུ་བྲན་གྱི་རྒྱ་མཚོ་དང་༔ རི་བདུན་གྱི་རི་རྒྱལ་དང་༔ འབྱུང་བཞིའི་འབྱུང་ས་དང་འདུ་ས་ནམ་མཁའ་ཡིན་པ་ལྟར༔ ཐེག་པ་ཐམས་ཅད་ཀྱི་འབྱུང་ས་དང་འདུས་སོ་ཨ་ཏི་ཡོ་ག་བླ་ན་མེད་པའི་ཐེག་པ་ཡིན་པའི་ཕྱིར་དང་༔ གཞན་འདིའི་ཡན་ལག་ཡིན་པས་འབྱུང་ས་དང་༔ འདི་དེ་དག་གི་འབྲས་བུ་ཡིན་པས་ན་འདུ་སའོ༔ རྒྱུ་མཚན་དེས་ན་གཞན་གྱི་འབྲས་བུ་སོ་སོའི་ངོས་འཛིན་ཀྱང་གཅིག་ཏུ་ན་དེ་དག་གི་ལམ་གྱི་ཆོས་སྐུ་ལ་སོགས་པ་སྐུ་གསུམ་ལུགས་ལྡོག་གཞི་སྣང་གི་འབྲས་བུ་ཉི་ཚེ་བ་རེ་ཐོབ་པ་ལས༔ ལྟ་བསྒོམ་སྤྱོད་པའི་དོན་ལ་རྨོངས་པའི་མ་རིག་པའི་ཆ་མཐའ་དག་མ་སེལ་བའི་སྒྲིབ་པ་ཕྲ་མོའི་གཉེན་པོར་མི་འགྲོ་བའི་ཕྱིར་ན༔ མཐར་ཐུག་གི་ཆོས་སྐུ་བདེ་བ་ཆེན་པོ་ཐོབ་མི་ནུས་ཏེ༔ དེའི་ཕྱིར་ན་ལམ་འདིའི་རྨོངས་པ་མེད་པའི་ཐབས་ཤེས་ཀྱི་སྐུ་མཐར་ཐུག་པ་ཀ་དག་གདོད་མའི་དབྱིངས་ནང་གསལ་གྱི་སྐུ་གསུམ་གཞོན་ནུ་བུམ་པའི་སྐུར་བཙན་ས་ཟིན་པ་ནི་ཐེག་པ་གཞན་ནས་མ་བསྟན་པའི་གསང་བ་ཆེན་པོའི་སྐུ་ཞེས་བྱ་སྟེ༔ འདི་ལྟ་བུའི་གཞི་རང་ལ་ཡོད་པ་མངོན་དུ་གྱུར་རིམ་ལས་གཞན་གྱི་འབྲས་བུ་འབྱུང་ས་དང་༔ མཐར་ཐུག་པའི་འདུ་སའང་ཡིན་ལ༔ ཡང་གཞན་སྣང་དུ་སྐུ་གསུམ་འབྱུང་ས་དང་༔ གདུལ་བྱ་མེད་ན༔ འདུལ་བྱེད་ཀྱི་མཚན་དཔེ་དབྱིངས་སུ་ནུབ་པས་འདུ་ས་གཉིས་ཀ་ཡིན་པས༔ རྒྱུ་མཚན་དེས་ན་འབྲས་བུ་ཀུན་གྱི་སྤྱི་ནི་གསང་བ་ཆེན་པོའི་སྐུས་བཅིངས་པ་སྟེ༔ དཔེ་དོན་དེ་དག་ཀྱང་༔ བང་མཛོད་འཕྲུལ་ལྡེ་ལས༔ ལམ་གྱི་སྤྱི་ནི་གྲོང་གིས་བཅིངས༔ ཆུ་ཕྲན་སྤྱི་ནི་རྒྱ་མཚོས་བཅིངས༔ འབྱུང་བཞིའི་སྤྱི་ནི་ནམ་མཁས་བཅིངས༔ རི་བདུན་སྤྱི་ནི་རི་རབ་བཅིངས༔ ཐེག་པའི་སྤྱི་ནི་ཨ་ཏིས་བཅིངས༔ སྐུ་གསུམ་སྤྱི་ནི་གསང་ཆེན་སྐུ་ཡིས་བཅིངས༔ ཡེ་ཤེས་ཀུན་གྱི་སྤྱི་དག་ནི༔ རང་བྱུང་ཡེ་ཤེས་ཆེན་པོས་བཅིངས༔ ཞེས་ལམ་གྱི་ཡེ་ཤེས་ཐམས་ཅད་དབྱིངས་སུ་ཞི་ནས་རང་བྱུང་གི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བས་དོན་དང་བཅས་པའི་བསྔགས་བརྗོད་མཛད་པའོ༔

དྲུག་པ་༼ བརྒྱད་པ། དཔྱད། ༽གྲགས་ཚོད་ནི༔ དེ་ལྟ་བུའི་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་དང་བཅས་པར་གྲགས་པ་ཐམས་ཅད་ཐ་སྙད་སྣང་ཚུལ་གྱི་ཕྱོགས་ནས་གྲགས་པ་ཡིན་ནམ༔ སྟོང་ཉིད་གནས་ཚུལ་གྱི་དབང་དུ་གྲགས་པ་ཡིན༔ དང་པོ་ཡིན་ན་འཁྲུལ་བར་ཐལ༔ ཀུན་རྫོབ་འཁྲུལ་པ་ཡིན་པའི་ཕྱིར༔ ཕྱི་མ་ཡིན་ན་སྐུ་དང་ཡེ་ཤེས་མེད་པར་ཐལ༔ དོན་དམ་སྟོང་ཉིད་དུ་ངེས་པའི་ཕྱིར༔ ཞེས་རྣམ་གྲངས་ཀྱི་དོན་དམ་ཙམ་ལ་གོ་བ་ཆགས་པའི་གང་ཟག་དང་མཚན་ཉིད་པའི་དབུ་མ་ཐལ་འགྱུར་དུ་རློམ་པ་དག་བབ་ཅོལ་དུ་སྨྲ་སྟེ༔ ལར་ཐེག་ཆེན་པས་སྐུ་གསུམ་དང་ཁྱད་པར་ལོངས་སྐུའི་རྒྱུན་གྱི་རྟག་པ་ངེས་པ་ལྔ་ལྡན་དུ་བཞེད་བཞིན་དུ༔ དེ་ཉིད་འཁྲུལ་པ་ཡིན་པའི་བརྒྱུད་ཆུ་འདྲེན་པ་ཡང་མ་གོ༔ ཡང་ན་འབྲས་བུ་སྐུ་གསུམ་ངོ་བོ་ཉིད་དང་བཞི་རུ་གསུངས་པའི་རྣམ་དབྱེ་ཙམ་ཡང་ཡིད་ལ་མ་ངེས་པར༔ གཞི་འབྲས་ཀྱི་རྣམ་པ་ཀུན་ཏུ་དོན་དམ་ཡིན་ན་སྟོང་ཉིད་ཙམ་ལས་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་དབྱེ་གཞི་མེད་པའི་དབྱེ་བའི་ཚིག་འཁྱལ་ཙམ་དུ་སོང་པའི་གང་ཟག་ལ༔ ཉེས་པ་འདི་དག་རང་གི་ལྟག་ཆོད་དུ་ཆེད་དུ་གཉེར་བ་སྟེ༔ འོན་ཀྱང་འདི་ཡིན་ཏེ༔ ཀུན་རྫོབ་ཡིན་ན་འཁྲུལ་པ་དང་༔ དོན་དམ་ཡིན་ན་རྣམ་པ་ཀུན་ཏུ་སྟོང་ཉིད་ཡིན་པས་མ་ཁྱབ་སྟེ༔ སྣང་སྟོང་ལ་འཁོར་འདས་བདེན་གཉིས་སུ་བཞག་པ་གཙོ་ཆེ་བ་མཚན་ཉིད་པས་འདོད་པ་ལྟ་བུ་དཔྱད་ན་རྣམ་གྲངས་པའི་དོན་དམ་དང་ཚུལ་གཅིག་པའི་མེད་དགག་ཞིག་དང་༔ སྣང་ཆ་དེ་ལའང་གནས་སྣང་དག་མ་དག་གི་ཁྱད་པར་ལས༔ ཀུན་རྫོབ་འཁྲུལ་པའི་གནས་ཚུལ་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པ་ཆེན་པོ༔ ཤར་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་༔ འཆར་གཞི་དབྱིངས་སྤྲོས་བྲལ་དང་ཡེ་ཤེས་ལྷུན་གྲུབ་སྟེ་དོན་དམ་དཀོར་བདུན་དུ་ལྷུན་གྱིས་གྲུབ་པར་བསྟན་པ་བདེན་གཉིས་ཟུང་འཇུག་ཆེན་པོ་གསང་སྔགས་ཀྱི་ཚུལ་མ་ཡིན་དགག་གི་སྟོང་ཉིད་དེ་གཉིས་སུ་ཡོད་པའི་ཕྱི་མའི་ལྟ་བའི་ཡུལ་གནས་ཚུལ་དག་པ་ཆེན་པོའི་གཞི་ཉིད་དག་པ་གཉིས་ལྡན་དུ་གྱུར་པའི་འབྲས་ཆོས་ཉེར་ལྔར་བཤད་པ་ཐ་སྙད་རྣམ་དག་གི་དོན་དམ་དཀོར་བདུན་དེ་ཡང་༔ སྣང་སྟོང་ལ་བདེན་གཉིས་སུ་བསྟན་པའི་དབང་དུ་བྱས་ན་བསམ་དབང་ཀུན་རྫོབ་ཀྱི་བདེན་པར་གྲགས་པ་ལས་དངོས་དབང་སྟོང་ཉིད་དོན་དམ་པའི་ངོས་ནས་རང་བཞིན་གང་དུའང་མ་གྲུབ་པའི་མྱང་འདས་མཚན་མའི་དངོས་པོ་ལས་རྣམ་པར་ཐར་པའི་སྒོ་གསུམ་དུ་བྱང་ཆུབ་པའི་ངོ་བོར་གནས་པ་ཡིན་ཏེ༔ མན་ངག་འཕྲུལ་ལྡེ་ལས༔ སྐུ་དང་ཡེ་ཤེས་དོན་དམ་བདེན༔ གང་གི་ཕྱོགས་ནས་གྲགས་པ་ཡིན༔ སངས་རྒྱས་སེམས་ཅན་སྣང་སྲིད་ཆོས༔ གང་གི་ཕྱོགས་ནས་གྲགས་པ་ཡིན༔ གསང་བའི་བདག་པོས་བསྟན་དུ་གསོལ༔ གསང་བའི་བདག་པོས་ཡང་གསུངས་པ༔ སྐུ་དང་ཡེ་ཤེས་དོན་དམ་བདེན༔ སངས་རྒྱས་སེམས་ཅན་སྣང་སྲིད་ཆོས༔ བསམ་དབང་ཕྱོགས་ནས་གྲགས་ཤིང་སྣང་༔ དངོས་དབང་ཕྱོགས་ནས་དེ་མི་བདེན༔ ཞེས་སོ༔

བདུན་པ་༼ དགུུ་པ། དཔྱད། ༽དབྱེར་མེད་ཐིག་ལེ་ཉག་གཅིག་དུ་དོན་འདུས་པར་བསྟན་པ་ནི༔ དེ་ལྟར་དབྱིངས་ནང་གསལ་གྱི་སྐུ་གསུམ༔ གཅིག་ཏུ་བྱས་ཡེ་ཤེས་ཕྱི་གསལ་གྱི་སྐུ་གཉིས་ཏེ༔ སོ་སོར་བགྲང་སྐུ་གསུམ་ལས་ཕྱེ་བའི་འབྲས་ཆོས་མཐའ་དག་གཅིག་གམ་ཐ་དད་སྙམ་ན༔ དངོས་དབང་ཆོས་ཉིད་ཀྱི་ངོས་ནས་ཟག་མེད་ངོ་བོ་ཉིད་ཀྱི་ཆོས་སྐུ་སྤྲོས་པའི་གྲྭ་ཟུར་དང་བྲལ་བའི་ཐིག་ལེ་ཉག་གཅིག་ཡེ་ཤེས་དང་བཅས་པ་ལ་མ་འདུས་པ་མེད་དེ་ནམ་མཁའ་དང་ནམ་མཁའི་རང་བཞིན་དབྱེར་མེད་པ་ལྟ་བུའོ༔ དེ་ཡང་རྒྱུད་བླ་མ་ལས༔ དོན་དམ་བདེན་མཛད་དེ་བཞིན་གཤེགས་པ་ནི༔ ནམ་མཁའ་བཞིན་དུ་རྒྱུ་མཚན་ཀུན་དང་བྲལ༔ ཞེས་དང་༔ ཐལ་བ་ནག་པོའི་རྒྱུད་ལས༔ སྐུ་ལྔ་ཡེ་ཤེས་ལྔ་པོ་ཡང་༔ ངོ་བོ་ཉིད་ཀྱི་ཡེ་ཤེས་དང་༔ ངོ་བོ་ཉིད་ཀྱི་སྐུ་ལ་འདུས་པ་ཡིན༔ ཞེས་སོ༔ ཏིང་འཛིན་རྒྱལ་པོ་ལས༔ མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ༔ གང་ཕྱིར་དེ་མེད་ནམ་ཡང་མེད་མི་འགྱུར༔ རྟོག་ཅན་དག་ནི་ཡོད་དང་མེད་ཅེས་བྱ༔ དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར༔ ཞེས་སོ༔ འོན་ཀྱང་བསམ་དབང་ཆོས་ཅན་རྣམ་དག་གི་ངོས་ནས༔ ཐུགས་རྗེ་ཀུན་ཁྱབ་ཆེན་པོར་ཡོད་པས༔ སྔོན་གྱི་སྨོན་ལམ་དང་འབྲེལ་བའི་དབང་གིས་གཟུགས་སྐུ་ཐ་དད་པར་རྣམ་པ་སྣ་ཚོགས་པའི་ཚུལ་དུ་འབྱུང་བས་གཅིག་པའང་མ་ཡིན་ལ༔ ཡང་སངས་རྒྱས་རང་ངོས་ནས་དགོངས་པའི་རང་སྣང་ནང་གསལ་དབྱིངས་ལས་མི་གཡོ་ཞིང༔ ཕྱི་གསལ་དུ་གདུལ་བྱ་ལ་མི་སྣང་བས་ཆོས་སྐུ་གཅིག་གི་རང་བཞིན་ཡིན་ལ༔ ཕྱི་གསལ་གྱི་སྐུ་གཉིས་གཞན་སྣང་དང་འབྲེལ་བས་སྣང་རུང་གི༔ གཅིག་ཏུ་མི་རུང་ལ༔ ངོ་བོ་ལ་དབྱེར་མེད་པས་ཐ་དད་དུ་མི་འཐད་དེ༔ དེས་ན་གཅིག་ཐ་དད་ཀྱི་མཐའ་དང་བྲལ་བ་ཞེས་བྱ་སྟེ༔ བང་མཛོད་འཕྲུལ་ལྡེ་ལས༔ བསམ་དབང་འཁྲུལ་བའི་ཕྱོགས་ནས་མི་གཅིག་ཐ་དད་ཀྱང་༔ གཉིས་མེད་དངོས་དབང་ཕྱོགས་སུ་ཐམས་ཅད་དབྱེར་མེད་གཅིག༔ ཅེས་དང་༔ མདོ་སྡེའི་རྒྱན་ལས་ཀྱང་༔ ཟག་མེད་དབྱིངས་ལ་སངས་རྒྱས་རྣམས༔ མཁའ་ལྟར་ལུས་ནི་མེད་པ་དང་༔ སྔོན་གྱི་ལུས་རྗེས་བསྒྲང་༼ འབྲང་དཔྱད། ༽པའི་ཕྱིར༔ སངས་རྒྱས་གཅིག་མིན་ཐ་དད་མིན༔ ཞེས་སོ༔

གསུམ་པ་དོན་གྱི་མཇུག་སྡུད་པ་ལ༔ འབྲས་ཆོས་ལྔའི༔ དབྱེ་བསྡུའི་གྲངས་ཀྱི༔ འཆད་ཚུལ་དགོངས་པའི༔ མཁའ་གསལ་སྤྱིའི་མཇུག་སྡུད་པ་དང་བཞི་ལས༔

དང་པོ་ནི༔ དེ་ལྟ་བུའི་འབྲས་བུ་དེ་ལའང་སྐུ་གསུམ་དགུ་སྤྲུགས་སུ་དབྱེ་བས་ཕུན་སུམ་ཚོགས་པ་ལྔ་ལྔའི་ངེས་པ་དང་༔ སྐུ་གསུམ་གྱི་འབྲས་ཆོས་བཅོ་ལྔའི་རྣམ་པར་བཞག་པ་ལ་སོགས་པའི་འཆད་ཚུལ་ནི་དེ་ཉིད་ཀྱི་རྒྱན་དང་༔ འབྲི་གུང་ཟངས་ཤོག་ཅན་གྱི་འགྲེལ་བ་ལས་སྨོས་པ་ལྟར་ཤེས་པར་བྱ་ཞིང་༔ ཡང་སངས་རྒྱས་མཐར་ཐུག་པ་ནི་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་སྤང༵ས་ཤིང་སླར་ལྡོག་མི་ཤེས་པའི་ཚུལ་དུ་སང༵ས་ནས༔ ངོ་བོ་ཀ་དག་སྟོང་གསལ་རྡོ་རྗེ་མི་འགྱུར་བའི་ཡེ་ཤེས་ཀྱི་དོན་ཡང་དག་པར་རྟོག༵ས་པའི་ངང་རྒྱས༵༔ རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པ་སྤང༵ས་ཤིང་ས༵ངས་ནས༔ ལོངས་སྐུའི་འཆར་གཞི་རང་བཞིན་ལྷུན་གྲུབ་མངོན་པར་བྱང་ཆུབ་ཀྱི་ཡེ་ཤེས་རྟོག༵ས་པའི་ངང་རྒྱས༵༔ འབྲས་བུ་ཀུན་ཏུ་བཏགས་པའི་མ་རིག་པ་སྤང༵ས་ཤིང་སླར་ལྡོག་མི་ཤེས་པའི་ཚུལ་དུ་ས༵ངས་ནས༔ སྤྲུལ་སྐུའི་འཆར་གཞི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆོས་སྐུའི་རྟོག༵ས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ལ་སོགས་པ་རྒྱས༵་པ་ཉིད་ཡིན་ཏེ༔ ཀློང་གསལ་ལས༔ ངོ་བོ་སྟོང་པའི་ཡེ་ཤེས་རྒྱས༔ རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད༔ དབྱེར་མེད་ཆེན་པོར་ཡེ་སངས་རྒྱས༔ ཞེས་སོ༔ དེ་ལྟར་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་འདུ་འབྲལ་མེད་པ་ནི་སངས་རྒྱས་ཉག་གཅིག་གི་རང་སྣང་གིས་བསྡུས་པས་ན་སྐུ་དང་ཡེ་ཤེས་མཚན་ཉིད་པ་ཡིན་ལ༔ དེས་ན་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རང་སྣང་ལོངས་སྐུ་ཉིད་ཀྱང་སངས་རྒྱས་རང་ངོས་ནས་སྣང་བ་མ་འགགས་པར་གསལ་ནའང་གདུལ་བྱ་གཞན་ལ་མི་སྣང་ཞིང་༔ སྣང་ཆ་མ་འདྲེས་པའི་གཟུགས་སྐུ་ཡིན་ན་ཡང་ས་བཅུའི་དབང་ཕྱུག་གིས་ཀྱང་མི་གཟིགས་པས་གཞན་དོན་དུ་སྣང་བའི་གཟུགས་སྐུའི་ཆོས་རྣམས་མཇལ་བར་སྟོན་པའི་མདོ་སྔགས་ཐུན་མོང་ནས་བསྟན་པའི་ལོངས་སྐུ་ཡང་མ་ཡིན་ཏེ༔ དེས་ན་ཇི་སྐད་དུ༔ སྐུ་གསུམ་སྣང་ཆ་མ་འདྲེས་མངོན་བྱང་ཆུབ༔ ཅེས་པའི་སྣང་བ་ཡིན་པས་ན་ཞིབ་ཏུ་ན་འཆར་གཞི་རང་བཞིན་ལྷུན་གྲུབ་མངོན་བྱང་གི་ཡེ་ཤེས་ཡིན་པའི་གནད་ཀྱིས་ཤར་ཆོས་སམ་རོལ་པ་རང་སྣང་ལོངས་སྐུའང་དེའི་ཁོངས་སུ་འདུ་བར་རིགས་སོ༔ སྐུ་གསུམ་གྱི་སྤྱི་ལ་བཏགས་པར་འདོད་པས་མིང་ཙམ་གྱི་ངལ་བ་ལས་སྐུ་ལྔའི་རྣམ་པར་བཞག་པ་མཚན་ཉིད་པ་མེད་པར་འགྱུར་བས་ན་མི་འཐད་པར་ཤེས་པར་བྱའོ༔ དེས་ན་དབྱིངས་ཀྱི་ཆ་ནས་ཆོས་སྐུའི་ཆོས་སྐུ་རྡོ་རྗེའི་སྐུ༔ སྤངས་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་སྤངས་ཤིང་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་སླར་ལྡོག་མི་ཤེས་པར་བྱང༵་བ་དང་༔ རྟོག༵ས་བྱ་སངས་རྒྱས་རང་སྣང་གི་སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་བསམ་གྱིས་ཁྱབ་པའི་རང་སྣང་མངོན་པར་ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁོང་དུ་ཆུབ༵་པའི་ཆ་ནས་ཆོས་སྐུའི་ལོངས་སྐུ་མངོན༵་པ༵ར་བྱང་ཆུབ༔ ཡེ་ཤེས་ཀྱི་ཆ་ནས་ཐུགས་རྗེ་ཀུན་ཁྱབ༔ སྟོབས་བཅུ་མི་འཇིགས་མ་འདྲེས་བཅོ་བརྒྱད་ཀྱི་རྩལ་ཅན་དུ་གྱུར་པ་ནི་ཆོས་སྐུའི་སྤྲུལ་སྐུ་ཡེ་ཤེས་ཆོས་སྐུར་སྨོས་པ་སྟེ༔ དབྱིངས་ནང་གསལ་གྱི་སྐུ་གསུམ་ཞེས་བྱའོ༔ དེ་དག་གི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ་ཕྱག་རྒྱ་ལོངས་སྐུ༔ མཚན་སོ་གཉིས༔ དཔེ་བྱད་བརྒྱད་ཅུའི་བདག་ཉིད་དང་༔ མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་གཟུགས་སུ་སྣང་བ་དང༔ ནང་གསལ་རང་བཞིན་ལྷུན་གྲུབ་ཡེ་ཤེས་ལས༔ ཕྱི་གསལ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང༔ ནང་གསལ་ཐུགས་རྗེ་ཀུན་ཁྱབ་ལས་ཕྱི་གསལ་ཡུལ་ལ་འཇུག་པའི་ཡེ་ཤེས་གཉིས་འབྱུང་ཞིང་༔ སྐུ་དང་ཡེ་ཤེས་དེ་དག་གི་ཕྲིན་ལས་ཕྱི་ནང་གསང་གསུམ་གྱི་མཛད་པ་སུམ་ཅུ་རྩ་དྲུག་དྲུག་དང་༔ ཐུབ་པའི་མཛད་པ་བཅུ་གཉིས་ལ་སོགས་པས་འགྲོ་བའི་དོན་རྒྱུན་ཆད་མེད་པར་འབྱུང་བ་ཡིན་ནོ༔ ཀློང་དྲུག་པ་ལས༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལས༔ ལོངས་སྐུ་སྐར་མའི་ཚོགས་ལྟ་བུར་རང་ཤར་ནས༔ སྤྲུལ་སྐུ་སྤྲིན་ཕུང་ལྟ་བུར་རང་འདུས་ནས་སེམས་ཅན་གྱི་དོན་མ་འགག་པར་བྱེད་པ་ཡིན་ནོ༔ ཞེས་སོ༔

གཉིས་པ་དབྱེ་བསྡུའི་གྲངས་ཀྱིས་མཇུག་སྡུད་པ་ནི༔ དེ་ལྟར་སངས་རྒྱས་ཆོས་སྐུའི་ཡེ་ཤེས་དེ་དག་ཀྱང་ངོ་བོ་དབྱེར་མེད་པ་དང་༔ གཟུགས་སྐུ་གཉིས་ཆོས་སྐུའི་ཕྲིན་ལས་ཡིན་པ་ལ་དགོངས་ནས་གཅིག་ཏུ་གསུངས་པ་དང་༔ རང་དོན་གཞན་དོན་ལྷུན་གྲུབ་ཀྱི་ས་ལ་དགོངས་ནས་ཆོས་གཟུགས་གཉིས་སམ་གསུམ་དུ༔ དབྱིངས་དང་ཡེ་ཤེས་ཆོས་སྐུ་སོ་སོར་ཕྱེད་པའི་སྐུ་བཞི༔ མངོན་བྱང་དང་ལྔ༔ ལོངས་སྐུ་རིགས་ལྔ་རང་སྣང་དང་༔ ཕྱེད་སྤྲུལ་སྐུ་རྣམ་བཞིར་དབྱེ་བ་ལ་སོགས་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དབྱེར་ཡོད་པས་གཅིག་ཏུ་ཁ་ཚོན་བཅད་དུ་མེད་དོ༔

འཆད་ཚུལ་གྱི་དགོངས་པའི་མཇུག་བསྡུད་པ་ནི༔ འོ་ན་སྔར་སྐུ་ལྔའི་སྙིང་པོ་ཡེ་ཤེས་ལྔར་བཤད་པ་དང་༔ འདིར་བཅུ་ལ་དབྱིངས་ནང་གསལ་གསུམ། མཚན་ཉིད་འཛིན་ལྔ། ཡུལ་ཁྱབ་གཉིས། བཤད་པ་མི་འགལ་ལམ་ཞེ་ན༔ ལར་རྒྱུད་སྡེ་སོ་སོའི་རྒྱས་བསྡུས་ཅི་རིགས་པར་བསྟན་པ་རྣམས་དགོངས་པའི་དབྱིངས་གཅིག་པས་ན་མི་འགལ་བ་དང་༔ ཡེ་ཤེས་ལྔ་ལ་སྦྱར་བ་ནི་མདོ་རྒྱུད་གོང་མཐུན་པའི་ཚུལ་དུ་དབྱེ་བ་ཡིན་ལ༔ འདིར་མཐར་ཐུག་རྫོགས་ཆེན་གྱི་རྒྱུད་ལྟར་དོན་བསྡུ་བའང་ཡིན་ལ༔ རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི་སྐུ་གསུམ་སྣང་ཆ་མ་འདྲེས་པ་མངོན་བྱང་གི་སྐུ་དང་ཡེ་ཤེས་ཡིན་པའི་གནད་ཀྱིས༔ དེའི་རང་མདངས་མཚན་ཉིད་འཛིན་ལྔ་སྐུ་ལྔའི་ཡེ་ཤེས་སུ་སྦྱར་ཀྱང་མི་འགལ་བ་དང་༔ ལར་སངས་རྒྱས་གཅིག་གི་ཡེ་ཤེས་ཡིན་པས་ངོ་བོ་དབྱེར་མེད་པའི་གནད་ཀྱིས་གང་ལྟར་ཡང་མི་འགལ༔ གཞན་དུ་རྟོག་གེ་འབའ་ཞིག་བཙལ་ན༔ ཡེ་ཤེས་ལྔ་སྐུ་ལྔ་ལ་ཆོས་སྐུ་ལོངས་སྤྲུལ་རྡོ་རྗེ་མངོན་བྱང་། སྦྱོར་བ་དང་༔ གཞན་ཡེ་ཤེས་ལྔ་རིགས་ལྔ་ལོངས་སྐུ་ལ་སྦྱོར་བ་དང་༔ ཇི་ལྟ་ཆོས་སྐུ༔ ཇི་སྙེད་གཟུགས་སྐུ༔ དེ་གཉིས་ཡེ་ཤེས་ལྔར༔ ཡེ་ཤེས་ལྔ་དེ་གཉིས་སུ་བསྡུ་བ༔ དེ་གཉིས་སྤྲུལ་སྐུའི་ཡེ་ཤེས་སུ་བཤད་པ་ཐམས་ཅད་བསྒྲང་ནས་བསྒྲིགས་ན་མདོ་རྒྱུད་ཀུན་ལ་གླན་ཀ་དེ་ལས་ཟབ་པ་མི་སྲིད་དོ༔ འདིར་གཉིས་ཀ་སྦྲེལ་ནས་བཤད་པ་ནི༔ འཆར་གཞི་དང་ཤར་ཆོས་འཆར་ཚུལ་ཀུན་དང་འཆར་གཞི་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་ལས་ཤར་ཆོས་ཕྱི་གསལ་གྱི་མཚན་ཉིད་འཛིན་དང་ཡུལ་ཁྱབ་ཀྱི་ཡེ་ཤེས་སྐུ་དང་བཅས་པ་འཆར་ཚུལ་སོ་སོའི་སྣང་ལུགས་སྐུ་འོད་ཡེ་ཤེས་ཀྱི་ལྡོག་ཆ་མ་འདྲེས་པར་ཤར་བ་ཡིན་པའི་ཚུལ་གྱི་དགོངས་པ་མཐའ་དག་ལ་བྱང་ཆུབ་པར་བྱེད་པའི་ཕྱིར་ཡིན་ནོ༔

བཞི་བ་མཁའ་གསལ་སྤྱིའི་མཇུག་སྡུད་པ་ནི༔ བདེ་བར་གཤེགས་པའི་ཁམས་རང་ལ་ཡོད་པའི་ཁོང་གསལ་ཉིད་ས་དགུའི་དྲི་མ་ལ་སོགས་པ་སྦྱངས་པས་མཁའ་གསལ་དུ་རིམ་པར་མཐོང་གོམས་ཀྱི་ལམ་ལ་བརྟེན་ནས༔ ཁམས་བྱང་ཆུབ་ཡུལ་ལ་གསལ་བའི་རང་བཞིན་ཆེན་པོར་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོའི་ཡོན་ཏན་མངོན་དུ་གྱུར་ནས་རང་དོན་མཐར་ཕྱིན༔ གཞན་དོན་གདུལ་བྱའི་ངོར་འབད་རྩོལ་མེད་པའི་ཕྲིན་ལས་རྟག་ཁྱབ་ཏུ་འབྱུང་བས་ན༔ རྒྱུད་བླ་མ་ལས༔ ཁམས་དང་བྱང་ཆུབ་དང་༔ ཡོན་ཏན་སངས་རྒྱས་ཕྲིན་ལས༔ ཞེས་སོ༔ རྒྱུ་མཚན་དེས་ན་འབྲས་བུ་གཞན་ནས་མ་བྱུང་བའི་རང་ངོ་མངོན་དུ་གྱུར་པས་སངས་རྒྱས་རང་ལས་རྙེད་པའོ༔ རྒྱ་མཚོ་ཀློང་གསལ་ལས༔ ཚོགས་བསགས་འབྲས་བུ་ངས་མ་བཤད༔ གཞན་ནས་འབྲས་བུ་རེ་བ་ངས་མ་བཤད༔ གཞན་ནས་འབྲས་བུ་ཐོབ་པ་ངས་མ་བཤད༔ སྔོན་ཐོག་ཡེ་ནས་རང་ལ་རང་ཆས་ལྡན༔ ཞེས་དང་༔ བྱ་རྩོལ་བརྩོན་པས་མ་བསྒྲུབས་པར༔ འདི་ཀ་རང་དུ་གྲོལ་བ་ཐོབ༔ ཅེས་སོ༔ འབྲས་བུ་ཡེ་ཤེས་ཀྱི་སྒྲོན་མ་ཡུལ་གསལ་མངོན་དུ་གྱུར་པའི་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པའོ༔

ཡོངས་སུ་རྫོགས་པ་མཇུག་གི་དོན་ནི༔ བདག་འདྲ་ཆེ་མཆོག་མཚོ་སྐྱེས་རྡོ་རྗེ་ནི༔ ཀུན་བཟང་ཐུགས་མཛོད་ཡངས་པར་མངའ་དབང་བསྒྱུར༔ རྒྱལ་བ་དགོངས་བརྒྱུད་ཀྱི་དོན། བསྟན་པ་འཛིན་སྐྱོངས་སྤེལ་བའི་མདོ་རྒྱུད་དུ་མ་ནས་ལུང་བསྟན་མཐུས༔ སྒྲོན་མའི་གསལ་བྱེད་ཕྲིན་ལས་དེང་ཤར་རོ༔ འོན་ཀྱང་བརྡ་བརྒྱུད་སྙིགས་འགྲོའི་ལོག་རྟོག་བསལ་བའི་ཕྱིར༔ མཁས་ཤིང་གྲུབ་ཤྲཱི་སེང་ལས་བརྡ་བརྒྱུད་དང་། དགའ་རབ་ལས་སྙན་བརྒྱུད་གཉིས་ཀ་བསྟན་པའི་གདེང་ཅན་ལས་བླངས་ཏེ༔ དོན་མཐུན་སྤྱོད་པའི་ཐབས་མཁས་ནོར་ཉམས་སུ༔ བསྟར་བའི་ཚུལ་གྱིས་འཕོ་ཆེན་ས་ལ་གཤེགས༔༡ཕྱོགས་བཅུར་ཁྱད་པར་འཕགས་པའི་ངེས་བརྗོད་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་༔ ལམ་འདིར་བརྟེན་ནས་བདུད་བཞི་བཅོམ་པ་ཡིན༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡང༔ རྡོ་རྗེའི་སྙིང་པོ་འདི་ཡིས་གྲུབ་པར་འགྱུར༔ ༢ཆོས་ཅན་རྟགས་ཀྱི་ལྷའི་རྗེས་ཐོབ་ཀྱི་དབེན་གསུམ་སོགས་ཀྱི་ངོ་བོ་ཡི་དམ་ཀུན་གྱི་ངོ༵་བོ༵་ཆོས་ཉིད་དོན༵་གྱི་ལྷ་མཉམ་བཞག་གི་བསྒོམ་པའི་ཡུལ་དུ་བྱེད་པའི་གཞི༔ དོན༵་རྟགས་རྒྱུ་འོད་མཐར་ཐུག་ཟུང་འཇུག་མངོན་སུམ་ལ༵མ༔ ལ༵མ་དུ་བྱེད་པ་འདི་ལས་གཞན་ཡོད་མིན༵༔ མི༵ན་ལ་ཡིན་པར་འཆོས་དང་འདི་མི་འདྲ༔ ༣བདེ་གཤེགས་ཡོང༵ས་ཀྱི་དགོངས་གསང་རྨ་མེད་ཅིང་༔ ཆོས་ཕུང་ཡོང༵ས་ཀྱི་སྤྱི་ཕུད་བསྡུས་པ་སྟེ༔ མཁའ་འགྲོ་ཡོང༵ས་ཀྱི་ཁ་རླངས་ཐུལ་ལེ་བ༔ རིག་འཛིན་ཡོང༵ས་ཀྱི་འཇུག་ངོགས་གཅིག་ཏུ་ངེས༔ ༤ཇི་ལྟར་སྣ་ཚོགས་ཤིང་རྟའི་བཀུར་བསྟི་ཡིས༔ གླིང་བཞིའི་མུན་པ་ཅིག་ཆར་སེལ་ནའང༔ སྲིན་བུའི་འོད་ཀྱི་དེ་ལྟར་མ་ཡིན་ལ༔ འདི་གཞན་སྤང༵ས་པའི་ཁྱད་པར་དེ་འདྲར་མངོན༔ ༥ཇི་ལྟར་བསམ་འཕེལ་དབང་གི་རྒྱལ་པོ་ལ༔ གསོལ་བ་བཏབ་ན་དགོས་འདོད་ལྷུན་གྲུབ་འབྱུང་༔ མཆིང་བུའི་ངོས་ལ་དེ་ལྟར་མ་ལགས་པས༔ ཡང་འདིའི་རྟོག༵ས་པ་གཞན་དང་བསྐྲུན༼ བསྒྲུན་དཔྱད ༽དུ་མེད༔ ༦ཇི་ལྟར་སངས་རྒྱས་རྗུ་འཕྲུལ་འཇིག་རྟེན་ལ༔ ཅིག་ཆར་འཇུག་པའི་བསམ་མི་ཁྱབ་པ་ལས༔ རྐང་འཁྱམས་ཁམས་གསུམ་འཁོར་བ་སྲིད་མིན་ལྟར༔ ཡང་འདིའི་ཐེག་པའི་རྩེ་མོ་མྱུར་ཁྱད་ཐེག་པ་གཞན་གྱིས་འགྲན་ཟླར་མེད༔ ༧ཀྱེེ་ཧོ༔ ཆོས་ཀྱི་དབྱིངས་སངས་རྒྱས་སམ་རིགས་ཁམས་སུ་འདོད་པའི་སྒྲིབ་གཉིས་བྲལ་བ་དང་ལམ་འབྲས་ཀྱི་ཡོན་ཏན་སྨིན་པ་ལས་ནི༔ སྟོང་ཉིད་མེད་དགག་ལས་མེད་ལས་ཡོད་འབྱུང་བར་འདོད་པ་མོ་གཤམ་བུ་མོའི་བུར༔ ཆུས་སྲིད་ཕོག་པར་འདོད་པ་ལྟ་བུའི་གཞན་དོན་གྱི་གཟུགས་སྐུ་གཉིས༔ རྒྱུ་མེད་རྒྱུར་བལྟས་ལྟ་དང་འདི་མི་འདྲ༔ ༨སྤྲིན་འོག་ཉི་མ་ད་ལྟ་མི་མཐོང་ཡང་༔ དད་པའི་རྗེས་འབྲངས་དོན་སྤྱི་རང་མཚན་དུ༔ ཞེན་པས་ཞུགས་པ་ཙམ་ལས་ཕྱི་དུས་སུ་མངོན་སུམ་གྱི་དོན་ཐོབ་བོ་ཅེས་པ་ནི་རྣམ་པ་སེམས་ལ་ལམ་དུ་བྱས་པས་ན༔ ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་རྟོན་པ་ཕྱིར་ལོག་ཏུ་འགྱུར་ཞིང་འདི་སྐབས་སེམས་རིག་ཤན་འབྱེད་དེ་ཡེ་ཤེས་ལམ་དུ་བྱེད་པས་རང་རིག་མངོན་སུམ་གྱི་ལམ་མཚན་ཉིད་པ་ཡིན་པའི་ཕྱིར་དེ་དང་འདི་མི་འདྲ༔ ༩གང་ཟག་མང་དུ་བརྒྱུད་ཅིང་ཚུལ་མཐོང་རྟོག་གེའི་རང་མཐོང་དག་གི་ཞེན་ལྟའི་གཞན་དབང་གིས༔ ཇི་བཞིན་ཇི་ལྟའི་དགོངས་པར་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་སུ་གྱུར་ཏེ་མ་འཚལ་ཀྱང་༔ རང་ཕྱོགས་ཀྱི་འདོད་ཞེན་ལ་ཆགས་ཡང་དག་གི་དོན་ལ་སྡང་འཐེན་ཁྱེར་གྱི་སྤུན་པ་བསྡུས་པ་ཡི༔ བརྒྱུད་པའི་ཟམ་ཆད་ཅིང་ཕྱོགས་ཞེན་གྱི་གྲུབ་མཐས་སླད་པའི་སྙིང་པོ་དང་བྲལ་བའི་རྟོག་གེའི་ཚིག་རོ་དེ་དང་འདི་མི་འདྲ༔ ༡༠མུ་ཅོལ་གྱི་དབང་གིས་བརྒྱུད་པ་ཡོད་མདོག་གཞན་ལ་བཤད་པ་སོགས་ཀྱི་བརྒྱུད་པ་ཆད་པ་དང་དམ་ཉམས་ལག་འགྲིམ་སོགས༔ བྱིན་རླབས་ཚན་ཁ་ཡལ་བའི་གདམས་པ་ནི༔ ཇི་ལྟར་མང་ཡང་རྒྱུད་ལ་དཔང་ཟོས་པས༔ གྲོལ་ཐོབ་འབྲས་བུས་དབུལ་དང་འདི་མི་འདྲ༔ ༡༡ཀྱེེ་ཧོ་ང་ཡི་ཟབ་གཏེར་རྡོ་རྗེའི་ཚིག༔ སྐྱོན་མང་དེ་ལས་ལྡོག་དངོས་ཡོན་ཏན་གྱི༔ ཁྱད་ཆོས་འབྱོར་པའི་རང་བཞིན་ཤེས་བྱས་ནས༔ དད་གུས་ལྡན་པས་གཙུག་གི་ནོར་བཞིན་མཆོད༔ ༡༢དགོས་འགྲེལ་ཡན་ལག་སྨོན་ལམ་དབང་བསྐུར་དེའི་མཐུས་ལམ་འདིས་དེང་འདིར་སྐལ་ལྡན་བརྒྱ་ཕྲག་དང་༔ བསྟན་པ་ཕྱི་དར་དུས་སུ་སྟོང་ཕྲག་བདུན༔ ཚེ་ལོ་བཅུ་ལ་འབུམ་ཕྲག་བཅོ་བརྒྱད་ལ༔ སངས་རྒྱས་འབྲས་བུ་བླ་མེད་ལག་ཏུ་གཏོད༔ ༡༣ཁྱད་པར་ཆོས་ཀྱི་སྐལ་པས་རབ་མཐོ་བ༔ ལྷ་ལྕམ་ཁྱོད་རང་གདམས་པ་འདི་ལོངས་ལ༔ བར་དོའི་འོད་གསལ་རང་ཞལ་མཐོང་བའི་དུས༔ མི་འགྱུར་གསེར་གྱི་ཐུར་མའི་ལག་ལེན་མཛོད༔ ༡༤ཁྱོད་ཀྱང་སྐྱེ་བ་འདི་ནས་མང་རབས་ཤིག༔ ལོངས་སྐུའི་ཞིང་ཉུལ་འགྲོ་དོན་དུས་བབས་ནས༔ གཏེར་སྟོན་བཅུ་ཕྲག་ཚུལ་གྱིས་གདམས་ཟབ་འདིས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ ༡༥དེ་ནས་ཡང་ངས་སངས་རྒྱས་མཛད་པ་སྟོན༔བཀའ་བབས་ལུང་བསྟན་དང་ཤོག་སེར་ཚིག་བརྒྱུད་ཁྱོད་ནི་རྔ་ཡབ་དཔལ་གྱི་རི་བོ་རུ༔ པདྨ་ང་ཡི་རྒྱལ་ཚབ་དམ་པར་འགྱུར༔ རིག་འཛིན་ཡོངས་ཀྱི་དབང་པོ་ཞེས་སུ་གྲགས༔ ༡༦དེ་ཕྱིར་སྐྱེ་བ་བདུན་བརྒྱུད་ཞེ་དགུ་སོང་བའི་དུས༔ རྡོ་སྨར་མཚམས་ཀྱི་འཛིན་མའི་ཐིག་ལེ་རུ༔ གནུབས་ཀྱི་རིགས་སྐྱེས་ནམ་མཁའ་འཇིགས་མེད་པ༔ དེ་དང་འཕྲད་ནས་འགྲོ་དོན་ལྷུན་གྲུབ་ཕྱིར༔ ༡༧མཚོ་རྒྱལ་ཁྱོད་ཀྱིས་མཁའ་འགྲོའི་བརྡ་རུ་དྲིལ༔ བཀའ་འདིའི་གཏད་རྒྱ་ནི་བསྟན་པ་རྣམ་པར་སྐྱོང་བ་དང་༔ བསྟན་འཛིན་ཕྲིན་ལས་ཕྱོགས་མཐར་སྤེལ་བའི་གྲོགས༔ ཡིད་བཞིན་དབང་གི་རྒྱལ་པོ་ཉིད་ལ་བཅོལ༔ ༡༨བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་སྤེལ༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་མཐའ་དག་སྒྲུབས༔ བསྟན་པའི་མངའ་ཐང་ཕྱོགས་བརྒྱར་རྒྱས་པ་དང་༔ མི་ནུབ་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེང་༔ དགོངས་ཀློང་ཡངས་པས་རོལ་བའི་གནས་མཆོག་ཏུ༔ ཐུགས་གཏེར་རླུང་གི་ཤིང་རྟས་རབ་གཏམས་ནས༔ གདམས་ཟབ་སྤྲིན་གྱི་མེ་ཏོག་སིལ་མ་ཡིས༔ སྐལ་ལྡན་སྐུ་བཞིའི་འབྲས་བུ་སྨིན་པར་ཤོག༔ རྟག་སྡོད་མཁའ་སྲོག་སྣ་ཚོགས་འོད་ཟེར་འབྲུ་སྨན་གསེར་མངའ་འཛིན་པ་དང་༔ བདུད་རྩིའི་འབྱུང་གནས་ཁྱིམ་གྱི་ནོར་བུ་ཕུན་སུམ་ཚོགས་འཕེལ་རྐྱེན་གྱི་རྩི༔ ཆུ་གཏེར་ལམ་བཟང་ཇི་བཞིན་སྐྱེ་རྒུ་གནས་སྐབས་ཕན་བདེས་ཉེར་འཚོ་ཞིང་༔ མཐར་ཐུག་ཀུན་ཀྱང་ཀུན་བཟང་རྒྱལ་སྲིད་མཆོག་ལ་དབང་ཐོབ་རྒྱུར་གྱུར་ཅིག༔ མཐར་ཐུག་དོན་གཉིས་ལྷུན་འགྲུབ་ཀྱི་བཀྲ་ཤིས་གང་ཞིག་སྐུ་གསུམ་སྟོན་པ་ཡིས༔ བཞི་བཅོམ་དྲུག་ལྡན་གཉིས་ལས་འདས་པ་དང་༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དེས༔ སྲིད་ཞིའི་སེམས་ཅན་ཡོངས་ལ་འབྱོར་གྱུར་ཅིག༔ རྫོགས་ཆེན་གསལ་བའི་བསྟན་པ་བཅུ་གཉིས་ཀྱིས༔ གསང་ཆེན་བསྟན་པའི་འཁོར་ལོ་རབ་བསྐོར་ནས༔ འཁོར་བ་དོང་ནས་ལན་མང་སྤྲུགས་པ་ཡི༔ བཀྲ་ཤིས་དེས་ཀྱང་འགྲོ་ཀུན་བདེ་ལེགས་ཤོག༔ དགའ་རབ་ནས་ཀུན་མཁྱེན་ཀྱི་བར་དུ་བྱོན་པའི་འཇའ་ལུས་གྲུབ་པའི་སྐྱེས་བུ་བཅུ་གསུམ་གྱིས༔ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་ཐོབ་སྟེ༔ གདམས་པའི་སྙིང་པོ་འཛིན་སྐྱོངས་སྤེལ་བ་ཡི༔ བཀྲ་ཤིས་དེས་ཀྱང་བརྒྱུད་འཛིན་སྨིན་གྲོལ་ཤོག༔ ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བ་རྫོགས་སོ༔

ཞེས་གསུངས་ནས་དགོངས་པ་རྡོ་རྗེ་ལྟ་བུའི་ཀློང་དུ་འབྱམས་ཀླས་སོ༔ དེ་ནས་མཚོ་རྒྱལ་གྱིས་རྫུ་འཕྲུལ་ཆེན་པོས་ཡི་གེ་ལ་བཀོད་དེ༔ ཁྲུས་བྱེད་སྟོང་རའི་མཚོ་ནག་གི་གཡས་ངོགས༔ བྲག་དཀར་རྡོ་རྗེའི་རྩེ་ལྔ་ལ་གཏེར་དུ་སྦས་ནས་ཆོས་སྐྱོངས་ཆེན་པོ་ལ་གཏད་རྒྱ་བྱས་པ་ཉིད༔ དུས་རྟགས་མངོན་དུ་གྱུར་ནས་འདོན་པའི་སྐབས་ལ་བབ་ནའང་༔ རྟེན་འབྲེལ་གྱི་སྣ་ཁ་ལོག་པས་ས་གཏེར་གྱི་སྐལ་བས་མ་འབྱོར་བ་ལ༔ སྨོན་ལམ་དབང་བསྐུར་གྱི་སྟོབས་ལས་དགོངས་པའི་ཀློང་དུ་རང་ཤར་ནས༔ མི་ལོ་ཉེར་གཅིག་གི་བར་དུ་བཀའ་རྒྱས་བཏབ་མཐར༔ རྡོ་རྗེ་བདུད་འཛོམས་དཔའ་བོའི་བྱིན་གྱི་རླབས་ཀྱིས་དབྱེར་མེད་རོ་གཅིག་པའི་དགོངས་པ་མཉམ་པར་གྱུར་བ་མཆེད་ཀྱི་དྭངས་མ་ཐེག་མཆོག་རིན་པོ་ཆེ་དང་༔ རང་སློབ་དམ་པ་ངག་གི་དབང་ཕྱུག༔ ཤེས་རབ་བློ་འཕེལ༔ འབྲོག་འཇིགས་རྣམ་སོགས་ནས་ཡང་ཡང་བསྐུལ་བའི་ངོར་སྔགས་སྨྱོན་ག་ག་ཨ་བྷྱེ་ཞེས་བྱ་བས་སྟོད་ཆ་ཙམ་གྲུབ་པར་བྱས་ཀྱང་རེ་ཞིག་སྙོམ་ལས་སུ་གྱུར་པ་ན༔ སླར་ཡང་རྡོ་རྗེའི་རིག་པ་འཛིན་པ་འགྱུར་མེད་རྣམ་པར་རྒྱལ་བས་ཀྱང་གསུང་གིས་དབུགས་དབྱུང་སྩལ་བ་དང་༔ སྤར་དུ་བསྒྲུབ་པའི་ཐུགས་བསྐྱེད་དང་བཅས་མཛད་པ་ལ་བརྟེན་ནས་རྫོགས་པར་ཕབས་པའི་ཡི་གེའི་འདུ་བྱེད་ཀྱང་དེ་ཉིད་དང་༔ སྤྲུལ་པའི་སྐུ་མཆོག་བཛྲ་དྷྭ་ཛ་ཡ་ནས་སྦྱོར་བའི་བརྩོན་འགྲུས་ཆེན་པོའི་རྩེར་མཆོད་པའོ༔ དགེའོ༔འདི་ལྟར་སྒྲོན་མ་གསལ་བའི་རྒྱན་གྱི་མཆན་འགྲེལ་འདི་ཡང་བླ་མ་དམ་པ་པདྨ་བརྩོན་འགྲུས་ཀྱིས་དོན་གཉེར་ཆེན་པོའི་བསྐུལ་བའི་ངོར་སྔགས་མིང་ག་གཱ་ཨ་བྷྱེའི་སྨྲས་པའི་ཡི་གེ་པ་ནི་དེ་ཉིད་དོ། །སརྦ་མངྒལཾ། ། ། །

༈ གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག ། ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་འདིར་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་བའི། །རྒྱལ་བསྟན་ཉིན་མོར་རྒྱས་པའི་བཀྲ་ཤིས་ཤོག །

༄༅། །སྒྲོན་མ་གསལ་བའི་རྒྱན་གྱི་ཀླད་དོན་བཞུགས་སོ། །

༈ སྒྲོན་མ་གསལ་བའི་རྒྱན་གྱི་མཚན་དོན་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་དང་དབྱེར་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ནི་ཡེ༵་ནས་གཞི་ལ་གནས་པའི་ཀུན་ཤེས་ཀུན་རིག་གི་གསལ་སྒོ་གོ་མ་འགགས་པའི་ཤེས༵་པ་ཞིག་ཡིན་པའི་ཕྱིར་ན་ཡེ་ཤེས་སམ། དེའི་སྣང་སྟོང་གི་ཆ་གཉིས་ལ་སངས་རྒྱས་ཆོས་ཀྱི་སྐུ་ཀུན་བཟང་ཡབ་ཡུམ་ཞེས་བྱ་སྟེ། མན་ངག་སྙིང་གི་དགོངས་པ་ལས། རང་གི་རིག་པའི་ངོ་བོ་སྟོང་པ་དང་། ཤེས་པ་ཝ་ལེ་བར་དབྱེར་མི་ཕྱེད་པར་འདུག་པ་ནི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་དང་། ཇི་སྐད་དུ། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་པ་ལྟར་རོ། སྒྲོན༵་མེ༵འི་ཞེས་པ་ནི། སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེའི་སྣང་ཆ་འགགས་པ་མེད་པ། གཞི་ལམ་འབྲས་གསུམ་གྱི་དུས་གང་དུའང་། སྐུ་ནང་གསལ། འོད་བར་གསལ། ཐིག་ལེ་ཕྱི་གསལ་དུ་གཏན་ཚིག་གི་རྗེས་དཔག་ལ་རག་མ་ལུས་པར་མངོན་སུམ་དུ་སྣང་བས་ན། ཇི་སྐད་དུ། སྐུ་ནི་ནང་གསལ་བུམ་སྐུ་བཞིན། །འོད་ནི་བུམ་པའི་མར་མེ་འདྲ། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ཡང་ངོ་བོ་སྐུར་བཞུགས་པ་ཆོས་སྐུའི་ཆེ༵་བ༵། རང་བཞིན་གསུང་དུ་བཞུགས་པ་ལོངས་སྐུའི་ཆེ༵་བ༵། །ཐུགས་རྗེ་ཡེ་ཤེས་སམ་ཐུགས་སུ་བཞུགས་པ་སྤྲུལ་སྐུའི་ཆེ༵་བ༵་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་དེ་ཡེ་ནས་ར༵ང་ལ༵་གནས་པ་ལྔ་རུ་གནས་ལུགས་ལྔའི་ཚུལ་དུ་རྫོགས་ཤིང་གན༵ས་པ༵་སྟེ། སངས་རྒྱས་རང་ཆས་པའི་རྒྱུད་ལས། སངས་རྒྱས་ཆོས་ཀྱི་སྐུ་ནི་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་གྱི་སྐུ་ནི་རང་གི་བྱད་ཀྱི་དཀྱིལ་ན་བཞུགས་སོ། །ཐིག་ལེ་རང་བྱུང་གི་སྐུ་ནི་རྩ་ཐམས་ཅད་ན་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་གི་ཀླད་པ་ན་བཞུགས་སོ། །ཡང་སྤྲུལ་ཟེར་གྱི་སྐུ་ནི་གཞུང་པ་ན་བཞུགས་སོ། །ཞེས་པ་སོགས་བཞིན་ནོ། །ཀྱེ་རྡོར་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཞེས་སོ། །དེ་ལྟ་བུའི་མཚོན་བྱའམ། གསལ་བྱ་གཞི་རང་བཞིན་གྱི་རྒྱུད་དེ། མཚོན་བྱེད་དམ་གསལ་བྱེད་ཐབས་རང་བཞིན་གྱི་རྒྱུད་དམ། མན་ངག་འདིའི་རྒྱན་པའི་ཚུལ་ཇི་ལྟ་བ་བཞིན་དུ་གས༵ལ་ཞིང་རྟོགས་པས་མཛེས་པར་བྱེད་པ༵འི་རྒྱན་ལྟ་བུར་གྱུར་བའི་ཕྱིར་ན་རྒྱན༵་ཞེས་བྱ་ལ། ཞེས༵་བྱ་བ༵་ནི༵་མིང་སྒྲོགས་པའོ། །བ༵ཞུགས་སོ༵་ཞེས་པ་ནི་གདམས་པ་དེ་ལྟ་བུ་འདི་ན་ཡོད་དོ་ཞེས་པའི་དོན་ཡིན། དེ་ལྟ་བུའི་མཚན་དེ་རྒྱ་སྐད་ལྟར་སྨོས་ན། ཛྙ་ན་སོགས། བོད་སྐད་དུ། ཡེ་ཤེས་སོགས། སྐད་གཉིས་ཤན་སྦྱར་ན། ཛྙ་ན་ཡེ༵་ཤེས༵། དཱི་པ་སྒྲོན༵་མེ༵། ཨད་མ་བྷུ་ར་པ། ཆེ༵་བ༵་རང༵་ལ༵་གནས༵་པ༵། པྲ་ཀ་ཌ་གས༵ལ་བ༵། ཨ་ལཾ་ཊ་ར་རྒྱན༵། ཀན་མ་ཞེས༵་བྱ༵་བ༵འོ། །དེ་ལྟར་མཚན་སྨོས་པས་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ་འདིའི་དབང་པོ་རབ་ཀྱིས་དབུ་ནས་ཞབས་སུ་བསྡུས་པའི་དོན་ཁོང་དུ་ཆུད། འབྲིང་གིས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་ཤེས་པ། ཐ་མས་གླེགས་བམ་བཙལ་སླ་བའི་དགོས་པ་དང་། སྐད་གཉིས་ཤན་སྦྱར་གྱིས། སྐད་ལ་བག་ཆགས་འཇོག་པ། རྒྱུད་ལ་བྱིན་རླབས་འཇུག་པ། ཆོས་ཁུངས་བཙུན་པར་ཡིད་ཆེས་པ་ལ་སོགས་པའི་དགོས་པ་དང་། མཚན་དོན་ཀྱི་ནང་དུ་དབུ་ཞབས་ཀྱི་དོན་བསྡུས་ཏེ་བཤད་པས། མདུང་ལྟར་རྐེད་པ་ནས་བཟུང་པའི་སྤྱི་དོན་བཤད་པ་ཡང་ཞར་ལ་ཚང་བས་དབང་པོ་འབྲིང་གི་དོན་ཏོ། །

མཆོད་པར་བརྗོད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། དཔལ་ཀུན་ཏུ་སོགས། དེ་ཡང་དཔལ་ནི་ཀུན་ཏུ་བཟང་པོ་ལྔ་ལ་རང་རང་གི་སྤངས་རྟོགས་ཡོན་ཏན་གྱི་ཆ་ལྷུན་གྱིས་གྲུབ་པའི་དོན་ཡིན་ལ། དེ་ཡང་རང་བཞིན་ཀུན་ཏུ་བཟང་པོ་ལ། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཡོན་ཏན་ཆེན་པོའི་ཚུལ་དུ་དང་། རིག་པ་ལ་འབྲས་ཆོས་ཉེར་ལྔ་ཡོངས་སུ་རྫོགས་པའི་དོན་དང་། རྟོགས་པ་ལ་སྒྲིབ་གཉིས་སྤངས་ཤིང་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པའི་དོན་དང་། རྒྱན་སྣང་མཐའི་གཏུགས་པ་ཚད་ཀྱིས་གཞལ་བ་མེད་པར་བཀྲམ་པ་དང་། ཆ་དེ་བཞིན་སྦྱར་བའི་ལྟ་བསྒོམས་སྤྱོད་འབྲས། གཞི་ལམ་དམ་ཚིག་ཀུན་ཏུ་བཟང་པོ་དག་ལ་རང་རང་གི་ཡོན་ཏན་གྱི་དཔ༵ལ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཀུན༵་ཏུ་བཟང་པོ་ཞེས་པ་ནི་ཐམས་ཅད་ཡེ་ནས་སངས་རྒྱས་པས་མ་དག་པ་གཞི་ལ་མེད་པའི་དོན་ཏོ། །ཕྱག་འཚལ་ལོ་ཞེས་པ་ནི། གང་ཟག་གི་བློ་ཁྱད་ལ་བསྟུན་པའི་ལྟ་སྒོམ་མོས་གུས་སུམ་སྤྲུག་གིས་འདུན་པའམ་རིག་པའི་དོན་ཏོ། །ཞེས་རྒྱུད་ཀྱི་དང་པོའི་སྟོན་པ་ལ་ཕྱག་བྱ་བའི་ཤུགས་ལས་དེ་ཉིད་ཀྱི་རྣམ་པར་རོལ་བ་འགྲོ་བ་འདུལ་བའི་སྤྲུལ་སྐུ་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་བཅས་དབྱེར་མེད་པའི་དྲི་མེད་མཚོ༵་ལས་སྐྱེས༵་པའི་རྡོ་རྗེ་འཆང་ཆེན་པོ་གཉིས་བརྡ་བརྒྱུད་ཀྱི་རིག་འཛིན། སྙན་བརྒྱུད་ཀྱི་ཆུ་འགོ ཟབ་གཏེར་མཐའ་དག་གི་འབྱུང་གནས། གཏེར་སྟོན་ཐམས་ཅད་ཀྱི༵་བླ༵་མ་སྟེ་རྗེས་སུ་འཛིན་ཞིང་དགོངས་པ་གཏད་པས་བཀའ་དྲིན་ཡོན་ཏན་མཆོག་གི་བདག་ཉིད་ལ༵འང་རྣམ་གསུམ་དད་པས་ཕྱག༵་འཚ༵ལ་ལོ༵་ཞེས་པའོ། །དེ་དག་ངོ་བོ་དབྱེར་མེད་པའི་རྣམ་རོལ་སྒྱུ་མའི་ཕྱག་རྒྱ་ཐ་དད་དུ་བསྟན་པ་ཡིན་པའི་ཕྱིར་ཇི་སྐད་དུ། འོག་མིན་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ བདེ་བ་ཅན་དུ་སྣང་བ་མཐའ་ཡས་དང་༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ ཅེས་སོ། །དེ་ཡང་ཀུན་བཟང་དང་མཚོ་སྐྱེས་རྡོ་རྗེ་ཞེས་སོ་སོར་མ་ཕྱེས་པ་ནི་ངོ་བོ་དབྱེར་མེད་པར་ཤེས་པའི་དོན་གྱིས་དགོས་འགྲེལ་ལས་སོ། །

གཉིས་པ་རྒྱས་པར་མཆོད་པར་བརྗོད་པ་ལ། བརྒྱུད་པ་གསུམ་གྱི་སྟོན་པ་ལ་དང་། ཐབས་དང་རང་བཞིན་གྱི་རྒྱུད་ཆེན་པོའི་བསྟན་པ་དམ་པའི་ཆོས་ལ་དང་། འཛིན་སྐྱོངས་སྤེལ་བར་མཛད་པའི་དགེ་འདུན་བླ་མ་མཆོག་ལ་མཆོད་པར་བརྗོད་པ་གསུམ་གྱི། དང་པོ་ནི་རང་བཞིན་སོགས། དེ་ཡང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང༵་བ༵ཞིན་རྣམ་པར་དག་པ་ཐམས་ཅད་འཆར་བའི་ལུས་སམ་དབྱིང༵ས་སུ་གྱུར་པ་དེ་བཞིན་ཉིད༵་ཀྱི་ངོས་ནས་གཞལ་ན་སྒྲས་བརྗོད་དང་གཉིས་སྣང་དང་བཅས་པའི་བློས་སྤྱོད་ཡུལ་དུ་མ་གྱུར་པས་བས༵མ་གྱིས༵་མི༵་ཁྱབ༵་ཅིང་། ངོ་བོ་སྣང་སྟོང་རྟག་ཆད་སྐྱེ་འགགས་ལ་སོགས་པའི་སྤྲོས༵་པའི་ཕྱོགས་གང་དུ་ཡང་མ་ལྷུང་ཞིང། འཁོར་འདས་ཀྱི་རྒྱར་ཆད་པ་མེད་པའམ་བྲལ༵་བ༵་དང་། སེར་སྣ་ལ་སོགས་པའི་ཉོན༵་མོངས་པ་དང་འཁོར་གསུམ་གྱི་རྣམ་པར་རྟོག་པའི་ཤེས༵་བྱའི་སྒྲིབ་པ་དང་། དཀར་དམར་རླུང་གསུམ་འཕོ་བའི་བག་ཆགས་ཤིན་ཏུ་ཕྲ་བའི་དྲི༵་མས༵་མ་གོས་པར་ཀ༵་ནས༵་དག༵་པ་སྟེ། རིན་པོ་ཆེ་གསང་བའི་སྦུབས་ལ། ཆོས་ཉིད་དག་པའི་ཡེ་གདངས་གསུམ་གྱི་སྣང་བ་དབྱེར༵་མེད༵་པར་རང་རྫོགས་པའི་ཡེ་ཤེས་འགྱུར་བའི་སྡུག་བསྔལ་གྱི་ཆ་ཕྲ་བས་ཀྱང་མ་གོས་པའི་བ༵དེ་ཆེན༵་འཕོ་འགྱུར་མེད་པའི་རང་བཞིན་འོད༵་གས༵ལ་ཆེན་པོ། བྱ་བྱེད་རྩོལ་བས་མ་བསྒྲིབ་པར་ལྷུན༵་གྱིས་གྲུབ༵་ཅིང་། རྒྱུ་རྐྱེན་གྱི་འདུས༵་མ༵་བྱས༵་པས༵། དུས་ལ་ལྟོས་ནས་རང༵་གསལ་པའི་ཁུག་པ་ལྔའི་སྣང༵་བ་ལ་གདོས་པ་ཅན་གྱི་ཆོས་དང་། གཞན་སོར་ཞེན་པའི་འཁྲུལ་པ་ཕྱིར་མ་ཤར་བར། རང༵་བཞིན༵་མེད༵་པར༵་སྣང༵་བ༵འི་ཚུལ༵། རྣམ་པར་འབྱེད་པའི་ཤེས༵་རབ༵་ཆེན༵་པོའི་མཁའ་ལ་འཁྱིལ་ཞིང་བྱེ་བྲག་ཕྱེད་པའི་སྐད༵་ཅིག༵་དེ་ཉིད༵་ལ༵་ཡོང༵ས་སུ་རྟོག༵ས་ཅིང་། གཞི་འབྲས་བུར་འཕོས་ཏེ། ཡེ་ཤེས་ཆོས་སྐུ་རང་སྨིན༵་ནས་རང་དོན༵་དུ་ཆོས་སྐུ་མངོ༵ན་པར༵་མཛད་དེ། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང༵་ཞིང་། རྟོགས་བྱ་མཐའ་དག་ཁོང་དུ་ཆུབ༵་པས་ཀུན་ཏུ་སྐུ་བསམ་གྱིས༵་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཡོན༵་ཏན༵་དང་ཕྲིན་ལས་ལྷུན༵་སྟུག་པོས་རྩལ་རྫོག༵ས་ནས། གཞན་དོན་དུ་ཆོས༵་སྐུའི་མཛད་པ། ཡེ་ཤེས་རྒྱ་མཚོའི་འཁོར་ལ། སྐྱེ་མེད་ནམ་མཁའ་ལྟ་བུའི་གསུང་གི་རང་བཞིན་བྱིན་གྱིས་རླབས་ཀྱིས་དགོངས་པ་གཏད་པ་དང་། ལོངས་སྐུའི་ཚུལ་གྱིས་སྨིན་པ་རྒྱ་མཚོའི་འཁོར་ལ་རང་གི་ངོ་བོས་ཆོས་འཁོར་དགོངས་པ་བརྡའི་གསུང་གིས་བསྟན་ཅིང་ཤེས་སྒྲིབ་རྣམ་པར་དག་པའི་ཕྲིན་ལས་མཛ༵ད་པ༵་དང་། སྤྲུལ་སྐུ་སྟོན་པ་བཅུ་གཉིས་དང་བྱིན་རླབས་མཆོག་གི་བརྗོད་པ་ཚིག་གི་ཚུལ་གྱིས་ལས༵་སྨོན་བསོད་ནམས་ལྡན་པའི་འ༵གྲོ་བ་ཀུན༵་བྱང་ཆུབ་མཆོག་གི་ས་ལ་འདྲེན་པའི་ལམ་སྟོན་དུ་གྱུར་པ་ཀུན་བཟ༵ང་གདོད༵་མ༵འི་མ༵གོན་པོ༵་དེ་ཉིད་ལ་ཡོན་ཏན་ཤེས་པའི་སྒོ་ནས་བསྟོད་པ་གླུ་ཡི་མ༵ཆོད་པ་འབུལ་བའོ། །དེ་ཡང་ཚིག་རྐང་དེ་དག་གི་རིམ་པར་གཞི་དང་། ལམ་དང་། འབྲས་བུའི་ཀུན་ཏུ་བཟང་པོ་ལ་བསྟོད་པས་མཆོད་པར་བརྗོད་པ་སྟེ། གཞིའི་གནས་ལུགས་ལས་གཞི་སྣང་ཤར་བ་ལ་རྟོགས་པ་རྒྱས་པའི་དོན་གསུམ་ཆར་རིམ་པས་ཡོན་ཏན་གྱི་ངང་ཚུལ་བརྗོད་པའི་ཕྱིར་རོ། །སྤྱིར་སངས་རྒྱས་ཐམས་ཅད་སྤངས་རྟོགས་ལ་སོགས་པའི་དགོངས་སྤྱོད་དང་ཡོན་ཏན་གྱི་ངོས་ནས་མཉམ་ནའང་ཁྱད༵་པར༵་དུ་རྣམ་འདྲེན་སྟོང་གི་ཐུགས་བསྐྱེད་པའི་དུས་སུ། ཉོན་མོངས་པ་དང་། ལྟ་བ་དང་། ཚེ་དང་། དུས་དང་། སེམས་ཅན་གྱི་སྙིགས༵་མ༵་ལྔའ༵མ། ཡེ་ཤེས་ལྔའི་སྙིགས་མ་ཉོན་མོངས་པ་ལྔ་བ༵དོ་དར་བའི་གདུལ་བར་དཀའ་བ་ལ་དགོངས་ཏེ། སངས་རྒྱས་སྟོང་གིས་བྱང་ཆུབ་སེམས་དཔའི་ལེ་ལོ་ལས་བརྒལ་པར་མི་སྤྱོད་ཀྱང་། ཡུལ་དུས་ངན་པ་སོགས་ཀྱི་གཞ༵ན་དབ༵ང་གིས༵་ཞུམ་པ་མེད་པའི་དཔ༵འ་བོ༵། བདག་ཅག་གི་སྟོན་པ་གང༵་གི༵་བརྩོན༵་འགྲུས༵་བཞིའི་གོ༵་ཆ༵་བཙན་པོ་བསྒོས་པ་དང༵་། ཐུག༵ས་སྙིང༵་རྗེ༵་ཆེན༵་པོའི་ཤུག༵ས་ལ༵་ཅུང་ཟད་ཀྱང་བཟློག༵་མ༵་བཟོ༵ད་པའམ་མ་ནུས་པར་ཞིང་ཁམས་དེ་ལྟ་བུ་བཟུང་བ་དང་། སེམས་ཅན་དང་རྒྱུད་ངན་པ་དེ་ལྟ་བུ་འདུལ་བ་སོགས་ཀྱི་ཐུགས་བསྐྱེད་མཛད་པས། བསྲུང་པ་མེད་པའི་ཐུབ༵་པའི་དབ༵ང་པོའམ། མཆོག་ལ་ཁྱོད་ནི་པ༵དྨ་དཀ༵ར་པོ༵་ལྟ་བུའོ་ཞེས་མགྲིན་གཅིག་དུ་སངས་རྒྱས་སྟོང་གིས་བསྔགས་པའི་རྔ་ཆེན་བསྒྲགས་པའི་ཡུལ་དུ་གྱུར་བ་དེའི་བཀའ་དྲིན་སོགས་ལ་གཞལ་ནས་ཕྱག༵་གི༵་སྒོ་ནས་བཀུར་བར་བྱ་བའི་འོས་སམ་གན༵ས་སུ་རིགས་ཅིང་ཤུགས་ཕྱག་གུས་པའི་སྒོ་ནས་འཚལ་བའོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་སོགས་ནས་བཤད་པ་ལྟར་དང་། བཀའ་ཐང་ལས། སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུ། །འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་རེ། །ཞེས་པ་ལྟར་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་པད་འབྱུང་བྱེ་བ་ཕྲག་བརྒྱ་དང་། ཞིང་ཁམས་འདིར་ཡང་འཕྲུལ་མཚན་ཉི་ཤུ་དང་། གུ་རུ་མཚན་བརྒྱད་སོགས་མཚ༵ན་གྱི་རྣམ་གྲངས་དང༵་། སྐུ༵་ཡི༵་བཀོ༵ད་པ༵འི་ཆོ་རོལ་བསམ་གྱིས་མི་ཁྱབ་པ་ལ། སྤངས་རྟོགས་ཀྱི་ཡོན༵་ཏན༵་དང༵་མྱ་ངན་ལས་མ་འདས་པ་ལ་སོགས་པའི་མཛད་པའི་ཕྲིན༵་ལ༵ས་སོགས་དང་། དྲེགས་པ་ཅན་ཐམས་ཅད་འདུལ་བའི་ནུས༵་པའི་སྟོབ༵ས་བཅུ་ལ་སོགས་དང་། འབྱུང་བཞི་ལ་རང་དབང་བསྒྱུར་བའི་རྫུ༵་འཕྲུལ༵་དཔག་ཏུ་མེད་པས་ཚ༵ད་འདི་ཙམ་མོ་ཞེས་ངེས་པ་ཡོངས་སུ་བཟུང༵་བ་ལ༵། འཕག༵ས་ས་ཐོབ་པའི་བློས༵་སྤྱོད༵་ཡུལ༵་ཉིད༵་ཀྱང༵་ཁེ༵ངས་པ༵་འཕྲོག༵ས་ཞེས་བརྟགས་པ་མཐའ་བཟུང་གི་དཔེའི་བཤད་དེ། འཕགས་པའི་བློ་ལ་ཁེངས་པ་ཡོད་པས་མ་ཡིན་ཀྱང་རབ་ཏུ་བཏགས་པའི་རྒྱུན་ནོ། །དེ་ལྟ་བུའི་ཨོ༵་རྒྱན༵་གྱི་སློབ་དཔོན་ཆེན་པོ་ཞེས་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའི་མཚོ་གླིང་དུ་རང་བྱུང་པདྨའི་སྟེང་དུ་མངལ་སྐྱོན་གྱིས་མ་གོས་པར་བརྫུས་ཏེ་བྱོན་པའི་ཕྱིར་དང་། ཨོ་རྒྱན་གྱི་རྒྱལ་པོའི་སྲས་ཀྱི་སྐལ་བ་མཛད་ཅིང། རེ་ཞིག་རྒྱལ་སྲིད་སྤངས་པའི་ཐབས་ཚུལ་གྱིས་མ་ཆགས་བརྟུལ་ཞུགས་ཀྱི་རོལ་རྩེད་དུ་རྒྱུ་ཞིང་། སླར་ཡང་རྒྱལ་ཁམས་དེ་ཉིད་གདུལ་བའི་དུས་ལ་བབས་པ་མཁྱེན་ནས་བྱོན་པས་གཤེད་མ་རྣམས་ཀྱིས་མེ་ལ་བསྲེགས་ཀྱང་མ་ཚིག་པས་མཚོན། དགོངས་སྤྱོད་ཆོ་རོལ་གང་ནས་ཀྱང་སང༵ས་རྒྱས༵་དངོས་དང་མཉམ་པས་ན་གཉི༵ས་པ༵་ཞེས་འགྲན་ཟླར་འོས་བའི་སྒྲ་བཤད་འཇུག་ཡོད་པ་དེ་ཉིད་རྒྱལ༵་བར་གྱུར་ཅིག༵་ཅེས༵་མཆོད་པར་བརྗོད་པའོ། །རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད༵་པ༵་དྲུག༵་དང༵་། ཡང་བཀའ་ཐང་ལས། ཆེ་བའི་ཡོན་ཏན་དགུ་དང་ལྡན་པ་སྟེཿ རིགས་ཀྱིས་ཆེ་བ་རྒྱལ་རིགས་རྗེའུར་འཁྲུངས༔ སྐུ་ཡི་ཆེ་བ་མཚན་བཟང་དཔེ་བྱེད་ལྡན༔ ཡོན་ཏན་ཆེ་བ་ཤེས་བྱ་ཀུན་ལ་སྦྱངས༔ ཐོས་པ་ཆེ་བ་མདོ་སྔགས་ཐམས་ཅད་མཁྱེན༔ བསམ་གཞིག་ཆེ་བ་ཚིག་རྗེས་དོན་གྱི་གསོབ༔ བསྒོམས་པའི་ཆེ་བ་རྟོགས་པའི་ལྟ་བ་མཐོ༔ སྤོབས་པ་ཆེ་བ་གཞན་དག་ཟིལ་གྱིས་གནོན༔ རྩོད་བློ་ཆེ་བ་རྒོལ་པའི་ཚིག་རྣམས་འཇོམས༔ འཛིན་བློ་ཆེ་བ་ཆོས་དང་ཆོས་མིན་ཕྱེད༔ བསྲན་ཐུབ་བརྒྱུད་དུལ་ཆེ་བས་ཕུན་སུམ་ཚོགས༔ ཞེས་གསུངས་པ་ལྟར་སྐུ་དང་རིགས་སོགས་ཆེ༵་བ༵་ད༵གུ་དང་ལྡན་ཞིང༵་། སྔོན་སློབ་དཔོན་ཆེན་པོའི་སྐུ་དངོས་ཀྱིས་རྗེས༵་སུ་བ༵ཟུང་ཞིང་གཏད་རྒྱ་སྨོན་ལམ་དབང་བསྐུར་སོགས་བྱས་ནས། གདུལ་བྱ་དུས་ལ་བབས་པའི་ཚེ་ན་ཡེ་ཤེས་སྒྱུ་མའི་སྐུས་སླར་ཡང་བྱིན་གྱིས་བརླབས་པ་དང་། ཕོ་ཉ་མངགས་གཞུག་མཁ༵འ་འགྲོ༵འི་བརྡ་ཐབས་སྣ་ཚོགས་བསྒྱུར་བའི་སྒོ་ནས་གས༵ང་ཆེན་རྡོ་རྗེ་ཐེག་པའི་ཆོས་གཏེར་གྱི་མཛོ༵ད་གསང། པདྨ་བཀའི་ཐང་ཡིག་ལས། དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེ། །གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞི། །རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང་། །རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡབ་གཏེར་བཞི། །ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམ། །ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོ། །ཅེས་པ་ལྟར་གཏེར་རིགས་བཅོ་བརྒྱད་གང་རུང་ངམ། ཕལ་ཆེར་བརྟོལ༵་བ་ལ་རང་དབང་བསྒྱུར་ནས། སྨོན༵་ལམ༵་རྣམ་པར་དག་བའི་ལས་འཕྲོ་ས༵ད་དེ་འགྲོ་བ་འདུལ༵་བའི་ཐབས་ལ་མཁས་པའི་བྱ་བ་བྱེད་བའི་སྤྲུལ༵་བ༵འི་སྐུ། ཐུན་མོང་གི་གྲུབ༵་པ་བརྒྱད་དང་། མཆོག་གི་རིག་འཛིན་ཆེ༵ན་པོའི་ས་ལ་གནས་པ། གཏེ༵ར་སྟོན༵་བ༵རྒྱ་རྩ་བ༵རྒྱད་ཀྱི་དབུར༵་བཞུགས། གཏེར་ཕྲན་སྟོང་རྩ་གཉིས་དང་། གཏེར་དུ་སྦས་པའང་དེ་ཉིད་ལས། གཏེར་ཁ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས། །གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦས། །སྦས་པའི་རྩ་ཆུ་ཡུལ་དགུ་དབེན་གནས་བརྒྱད། །དེ་དག་རེ་རེར་བོད་གཏེར་བརྒྱ་རྩ་བརྒྱད། །གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་དུ་སྦས། །ཞེས་དང་། འདོན་པའི་གཏེར་སྟོན་ཀྱང་། རྣམ་ཐར་དཔག་བསམ་ལྗོན་ཤིང་ལས། གཏེར་སྟོན་མཆོག་གཉིས་གླིང་པ་ཉི་ཤུ་དང་། །བསྟན་པའི་བདག་པོ་གཏེར་སྟོན་བརྒྱ་རྩ་འབྱུང་། །དེ་འཁོར་གཏེར་ཕྲན་སྟོང་དང་རྩ་གཉིས་འབྱུང་། །གཞན་ཡང་ཡང་གཏེར་གྲངས་ལས་འདས་པ་འབྱུང་། །ཞེས་པ་ལྟར། ཡང་གཏེར་བྱེ་བ་ཕྲག་བརྒྱ་དང་བཅས་པའི་ཞབས་ཀྱི་པདྨོ་ཚར་དུ་དངར་བ་ལ། བདག་ཅག་གི་ལུས་དང་ཡན་ལག་གི་མཐོ་ཤོས་མགོ༵་བོ༵འི་རལ་པའི་ཅོད་པཎ་གྱིས་བཏུད་དེ་ཕྱག༵་འཚ༵ལ་ལོ། །དེ་ཡང་རྒྱལ་བ་ཀུན་ཏུ་བཟང་པོ་ནི་ཆོས་ཀྱི་སྐུ་ཡིན་ཅིང་། དེ་ཉིད་ལོངས་སྐུའི་དུས་ན་གངས་ཅན་མཚོ་རིགས་ལྔ་དང་། སྤྲུལ་སྐུ་རྡོ་རྗེ་འཆང་ནས། ཡང་སྤྲུལ་ཤཱཀྱ་ཐུབ་པའི་ཚུལ་དུ་མཛད་པ་ངོ་བོ་དབྱེར་མེད་པས་རྒྱལ་བ་དགོངས་བརྒྱུད་ཀྱི་ཚུལ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དང་། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་བཞེངས་ནས་གསུངས་པའི་རྒྱུད་ལ་སོགས་པ་མང་ཞིག་ནས་གབ་པའི་ཚུལ་གྱིས་དང། རྒྱལ་བོ་ཛ་ལ་གསང་སྔགས་ཀྱི་ཚུལ་སྣང་བར་མཛད་པ་སོགས་ཀྱང་། མཐར་ཐུག་གི་བབས་སོ་ཆུ་བོ་གཅིག་འདྲེས་སུ་ཡོད་ནའང་། ཁྱད་པར་དུ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྐུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་རོལ་པའི་ཚུལ་གྱིས་རྫོགས་པ་ཆེན་པོའི་རྒྱུད་གསུངས་པ་ན། བཀའ་སྡོད་ཀྱི་སྐྱེས་བུ་མདུན་ན་གནས་པ་ཉིད་དགའ་རབ་རྡོ་རྗེའི་སྐུར་བཞེངས་ཏེ། ཨོ་རྒྱན་པདྨ་སཾ་བྷ་ལ་བརྡ་ཐབས་ཀྱིས་བསྟན་པ་ནི་གོང་མ་ལས་གཞན་དུ་ཐ་སྙད་རིག་འཛིན་གྱི་བརྒྱུད་པ་ཞེས་སྦྱར་བ་དང་། དེ་ཉིད་ཀྱིས་ལྷ་ལྕམ་པདྨ་གསལ་ལ་སྙན་ཁུང་དུ་བརྒྱུད་ནས་སྒྲོན་མ་གསལ་བའི་རྒྱན་འདི་ཉིད་གནང་ཞིང་། སླར་ཡང་ལྷ་ལྕམ་སྐུ་ཚེའི་འདུ་བྱེད་གཏོང་པའི་ཚུལ་གྱིས་གདུལ་བྱ་རྣམས་མི་རྟག་པ་ལ་བསྐུལ་བ་ན། ཚངས་ཕྲུག་སུ་གདབ་ཏེ་མཁའ་འགྲོ་ཡང་སྙིང་སོགས་ཤོག་སེར་ལ་བཀོད་ཅིང་མོ་ཡི་ཆོས་སྐལ་དུ་གཏད་རྒྱ་སྨོན་ལམ་དབང་བསྐུར་གྱིས་རྒྱས་པར་བྱས་ནས། གཏེར་བདག་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ལ་གཉེར་དུ་གཏད་པའི་ཆོས་ཀྱི་ནང་ཚན་ལས། འགའ་ཞིག་སྔར་པདྨ་ལས་འབྲེལ་གྱི་དུས་ན་རྟེན་འབྲེལ་དང་གདུལ་བྱ་དུས་ལ་བབས་པའི་མཚོན། རྡོ་རྗེའི་མཆེད་པོ་གྲུབ་ཆེན་གཏེར་སྟོན་བརྒྱ་རྩ་བརྒྱད་པོ། རྗེ་འབངས་ཀྱི་དུས་ན་སྙན་བརྒྱུད་ཀྱི་ཆུ་འགོ་ཡིན་པའི་ཕྱིར་ཟླས་དྲངས་ཏེ་ཕྱག་འཚལ་བའི་ཡུལ་དུ་བྱས་པ་ནི་བརྒྱུད་པ་གསུམ་མམ་དྲུག་གི་ཚུལ་ལོ། །

གཉིས་པ་ནི། གང་དག་སོགས། གང་བརྒྱུད་པ་གསུམ་པོ་དེ་དག་གི་ཐུགས་ཀྱི་གསང་བ་རྨད་དུ་བྱུང་བའི་ཆོས་མཛོ༵ད་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་རྩ་བཤད་རྒྱས་བསྡུས་བགྲང་བ་ལས་འདས་པར་གྱུར་བ་དག་གིས་མཚོ༵ན་པར་བྱ་བ་ནི། གཞི་དང་སྙིང་པོ་མེ་ཏོག་བཅུད་ར༵ང་བཞི༵ན་གྱི་རྒྱུད༵་སྲིད་ཞི་ཀུན་གྱི་བདག་ཉིད་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་གྱི་ཡེ་ཤེས་ཉིད་ཡིན་ལ། མཚོ༵ན་བྱེད༵་ཐབ༵ས་རང་བཞིན་གྱི༵་རྒྱུད་ནི། སྟོན་པ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ན་རང་གསལ་བ། རྒྱལ་ཚབ་རིགས་ལྔའི་ཐུགས་སུ་ཆུད་པ་ཡེ་ཤེས་སྒྲར་སྣང༵་བའི་རྒྱུད་ལས་དགའ་རབ་དཔའ་བོ་ལ་སོགས་པའི་གཞན་སྣང་གི་སེམས་དཔས། སྒྲར་གྲག༵ས་པའི་སྒོ་ནས་གསལ་བར་མཛད་པ་མ་འགགས་པའི་རོ༵ལ་མོ༵འི་མཚན་དཔེ་ཉིད། དཔལ་གྱི་སེང་གེ་དང་། པདྨ་ཐོད་ཕྲེང་རྩལ་གྱིས་མཚོན་པའི་བརྡ༵ར་གྱུར༵་བའི་གླེགས་བམ་དུ་བྱས་ཏེ། ཚིག་དོན་རྒྱས་བསྡུས་རྒྱ་ཆེར་འགྲེལ་བ། སྟོང་ཐུན་རྣམས་ཀྱིས་རྣམ་པར་འབྱེད་པའི་ཆོས༵་ཀྱི༵་ཕུང༵་པོར༵་བཞུག༵ས་པ་ཡི༵ས། འཕགས་བློས་སྤྱོད་ཡུལ་མ་གཏོགས་གཞན་གྱིས་གཏིང་དཔག་དཀའ་བའི་ཟ༵བ་མོ༵འི་མདོ༵་ལུང་དུ་བྱས་པ། ཀུན་བྱེད་རྒྱལ་བོ་སོགས་སེམས་སྡེའི་སྐོར་དང་། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད༵་སོགས་ཀློང་སྡེའི་སྐོར་དང་། མ༵ན་ངག༵་སྙིང་གི་རྒྱུད་བཅུ་བདུན་སོགས་ལུང་རྟོགས་དམ་པའི་ཆོས་ཀྱི་མཐར་ཐུག་གི་ངོ་བོར་བཞུགས་པ་རྣམས། ཐབས་ཟབ་ཅིང་མྱུར་བ། མང་ལ་ཡངས་བ། ལྟ་བ་རྨད་དུ་བྱུང་བའི་ཡོན་ཏན་གྱི་རང་བཞིན་ཕྱག༵་བྱ་བའི་འོས༵་སུ་གྱུར་བའི་ཡུལ༵་དུ་ཡིད་ཆེས་པས་རྣམ་པར་འདུད་པའི་དོན་ཏོ། །

གསུམ་པ་ནི་རང་བཞིན་དང་ཐབས་ཀྱི་རྒྱུད་དེ༵་དག་གི་དོན༵། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱི་དྲི་མས་མ་གོས་པར་དོན་གྱི་བདེན་པ་ཡང༵་དག༵་པར་མངོན་དུ་བྱས་ཤིང་གཟིག༵ས་པ༵འི་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཀྱི་འོ༵ད་སྣ༵ང་གི༵ས་ར༵ང་རྒྱུད་ཀྱི་མ༵་རིག༵་པའི་བག་ཆགས་དབྱིང༵ས་སུ༵་བཅི༵ལ་ནས་ཆོས་སྐུ་མངོན་དུ་མཛད་དེ། ཀུན་འབྱུང་བག་ཆགས་དང་བཅས་པས་རྒྱུད་གང་ཞིང་། ཟག་བཅས་ཕུང་པོ་ལྔས་ཉེ་བར་ལེན་པའི་སྡུག་བསྔལ་མཐའ་དག་གིས་གཟིར་བའི་སེམས་ཅན་གཞ༵ན་ལ༵་གནས་སྐབས་དང་མཐར་ཐུག་གི་ལུས་ལ་ཕན་པ་དང་། སེམས་ལ་བདེ་བའི་ཐབས་ཀྱི་སྤྱོད་པ་ལྷུར་ལེན་པས། རང་དོན་གྱི་བྱ་བ་རྫོགས་པའི་སྤྲུལ་སྐུར་གྱུར་པ་ད༵ང་། གཞན་དོན་གྱི་བྱ་བ་བྱེད༵་པའི་སྤྲུལ་སྐུ་ག༵ང་དུ་གྱུར་བ་དགེ༵་བ༵འི་བཤེ༵ས་གཉེ༵ན་ཆེན་པོ་ཉིད་ཐེག་པ་འདིའི་འཕགས་པའི་དགེ་འདུན་གྱི་ཚུལ་དུ་བཞུགས་པ་ལ༵་ཕྱག་གི་སྒོ་ནས་མཆོ༵ད་པ་དམ་པ་འབུལ་ལོ། །འདི་དག་གིས་ཤུགས་ལ་གནས་དུས་བསྟན་ནས་གླེང་གཞི་ཕུན་སུམ་ཚོགས་པ་རྫོགས་པའོ། །

གོང་དུ་བཤད་པའི་ལྟ་བསྒོམ་མོས་གུས་སུམ་སྤྲུག་གི་ཕྱག་དེ་དག་ཀྱང་ཇི་ལྟར་འཚལ་ན། ཁྱད་པར་གྱི་ཆོས་ལྔ་དང་ལྡན་བའི་སྒོ་ནས་འཚལ་བར་བྱ་སྟེ། དེ་ཡང་ཡུལ་གང་ལ་འཚལ་བ་དང་། གང་ཟག་གང་གིས་འཚལ་བ་དང་། ཚུལ་ཇི་ལྟར་འཚལ་བ་དང་། དེའི་ཕན་ཡོན་དང་། དགོས་ཆེད་ཅིའི་ཕྱིར་འཚལ་བ་ལྔ་ལས། དང་པོ་ནི། དཀོན་མཆོག་གསུམ་གྱི་ཚུལ་སྟོན་པ་དང་། བསྟན་པ་དང་། བཤེས་གཉེན་བརྒྱུད་པ་དང་བཅས་པ་ལ་ཕྱག་འཚལ་པའོ། །གཉིས་པ་ནི། ནམ་མཁའ་འཇིགས་མེད་པས་སོ། །གསུམ་པ་ནི། བཀུར་བསྟི་རིམ་གྲོའི་ཚུལ་གྱིས་དང་། བསྒོམ་པ་ཉམས་ལེན་གྱི་ཚུལ་གྱིས་དང་། མི་ཕྱེད་རིག་པ་འདུན་པའམ་གཉིས་མེད་འདྲེས་པའི་ཚུལ་གྱིས་ཕྱག་འཚལ་བ་སྟེ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བ་དང་། ཕྱག་ཚིག་བརྗོད་པ་དང་། དད་ཅིང་གུས་པས་འདུན་པ་ནི་དང་པོའི་ཚུལ་དེ་ཐ་མ་མོས་གུས་གསུམ་ལྡན་གྱི་ཕྱག་ཡིན་པར་བཟང་སྤྱོད་ལས། ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ། །ཞེས་སོ། །འདི་ལ་སྤྱོད་པ་ཡ་རབས་ཀྱི་ཕྱག་ཅེས་ཀྱང་བྱའོ། །ཡང་བསྒོམ་བསྒྲུབ་ཉམས་ལེན་གྱི་སྒོ་ནས་འབྲས་བུ་མངོན་དུ་གྱུར་བའི་ཐབས་ལ་བརྩོན་པ་ནི། བསྒོམ་པ་གོམས་པའི་ཕྱག་གམ། བསྒོམ་པ་ཉམས་ལེན་ཀྱི་ཚུལ་གྱིས་ཕྱག་འཚལ་བ་ཡང་ཟེར་ལ། བསྒྲུབ་པ་ཐབས་ཀྱི་ཕྱག་ཀྱང་ཟེར་ཏེ། ཀྱཻ་རྡོར་ལས། གང་ཞིག་རྟོགས་ནས་མཇལ་བ་ཡི། །འཇུག་བ་གང་ཡིན་འདིར་ཕྱག་འཚལ། །ཞེས་སོ། །ཡང་འཚལ་བའི་བྱ་བ་དང་། འཚལ་ཡུལ། འཚལ་མཁན་རྣམས་དབྱེར་མེད་དུ་རིག་པའི་རང་ཞལ་མཇལ་བའི་ལྟ་བའི་ངང་གདེངས་དང་ལྡན་པ་ནི་མི་ཕྱེད་འདྲེས་པའི་ཕྱག་ཀྱང་ཟེར། གཉིས་མེད་འདྲེས་པའང་ཟེར། དོན་དུ་ན་རབ་ལྟ་བ་མཇལ་བའི་ཕྱག་ཞེས་བྱ་སྟེ། ཞི་ཁྲོ་གར་ཕྲེང་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་ལྟར། །ཤེས་བྱ་སྤྲོས་མེད་དེ་ཉིད་ལ། །གཉིས་མེད་རིག་པས་འདྲེས་ཕྱག་འཚལ། །ཞེས་སོ། །འདིར་ཕྱག་འཚལ་ཚུལ་དངོས་ཀྱི་དབང་དུ་བྱས་ན་ལྟ་བསྒོམ་མོས་གུས་སུམ་སྤྲུག་གི་སྒོ་ནས་ཕྱག་འཚལ་བ་ཡིན་ཀྱང་། རྗེས་འཇུག་རྣམས་ཀྱི་བློ་ཁྱད་ཀྱིས་གང་ལྕོག་སུ་འཚལ་བར་བྱའོ། །བཞི་བ་ནི། སྔ་མ་གཉིས་ཀྱིས་ཉོན་སྒྲིབ་དག་ཅིང་བསོད་ནམས་ཀྱི་ཚོགས་རྫོགས། གཟུགས་ཀྱི་སྐུར་སྨིན་པར་བྱེད་ལ། ཕྱི་མས་ཤེས་སྒྲིབ་དག་ཅིང་། རྫོགས་བྱ་ཡེ་ཤེས་ཀྱི་ཚོགས་རྫོགས། སྨིན་འབྲས་ཆོས་ཀྱི་སྐུར་ཐོབ་པ་སྟེ། ཀླུ་སྒྲུབ་ཀྱིས། བསོད་ནམས་ཡེ་ཤེས་ལས་བྱུང་བ། ། དམ་པ་སྐུ་གཉིས་ཐོབ་པར་འགྱུར། །ཞེས་པ་ལྟར་རོ། ། ལྔ་བ་ནི། གཏན་ལ་ཕབ་པ་མཐར་ཕྱིན་པའི་ཕྱིར་དང་། བར་ཆད་མི་འབྱུང་བའི་ཕྱིར་སྟེ། དེ་བཞིན་དུ་རྗེས་འཇུག་རྣམས་ཀྱིས་ཀྱང་། ཐོས་བསམ་བསྒོམ་གསུམ་མཐར་ཕྱིན་པའི་ཕྱིར་དུ་ཕྱག་འཚལ་བར་བྱའོ། །འབྱུང་ཁུངས་ནི། སྟོན༵་པ༵་ཆོ༵ས་ཀྱི་སྐུའི༵་གསུང༵་གི༵་གས༵ང་བ༵་བླ་ན་མེད་པ་ནང་རྒྱུད་སྣང་བ་གསུམ་གྱི་ཉམས་ལེན་ཀུན་གྱི་མཐར་ཐུག་པ་འདི་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ། སྔར༵་བྱོན༵་པའི་དྲང༵་སྲོང༵་ཆེན་པོ་སངས་རྒྱས་སྐུ་གསུམ་དུ་མངོན་པར་བྱང་ཆུབ་ཀུན་གྱི་ཞི༵་སྒོ༵་གཅི༵ག་ཏུ་གྱུར་བ་ཡིན་ཏེ། ཇི་སྐད་དུ། གྲངས་མེད་དེ་བཞིན་གཤེགས་རྣམས་ཀྱི། །ཐུགས་བརྟོལ་ཉག་གཅིག་དགོངས་ཀློང་གཅིག །ཅེས་དང་། སངས་རྒྱས་འབྲས་བུ་སུས་ཐོབ་པ། །འདི་ཉིད་དེ་ལ་སྣང་བ་ཡིན། །འདི་མ་མཐོང་བའི་སངས་རྒྱས་ནི། །སྔ་ཕྱི་བྱུང་བ་གཅིག་ཀྱང་མེད། །ཅེས་གསུངས་པའི་ཕྱིར་དང་། དེའི་མཚོན་ནས་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱིས་བརྣག་དོན་མཐར་ཐུག་ཀྱང་འདི་ལག༵ས་པས། རང་རང་གི་དྭ་ཧ་རྣམས་ནས་ཁོང་སྙིང་མཛད་པའི་ཕྱིར༵་ཏེ། དེས་ན་རང་བྱུང་རྒྱལ་བའི་བཀ༵འ་ཚད་མ་དང་། མན་ངག་ཚད་མ་བྱིན་གྱིས་བརླབས་པའི་བཀའ་རྩོད་པ་མེད་པ་དག་དང་། ཉེ་བརྒྱུད་ཟབ་མོ་གཏེ༵ར་གྱི་རྒྱུད་དང་། གནད་ཡིག་ཚད་མ་ཡོང༵ས་ཀྱི༵་བསྟན་བྱའི་དོན་གྱི་སྙིང་པོའི་བཅུད༵་ཐམས་ཅད་གཅིག་དུ་བསྡུས༵་པ༵། གཞི་དང་ལམ་དང་འབྲས་བུའི་སྒྲོན༵་མ༵་གསུམ་གྱི་གནས་ལུགས་དང་། རྣལ་འབྱོར་དུ་བྱེད་པའི་ཚུལ་ཡང་དག་པར་གས༵ལ་བ༵འི་རྒྱན༵་སྔར་མེད་པ་གཅི༵ག །འདི་ན་རྟེན་འབྲེལ་དུས་ལ་བབས་པ་དེང་གི་དུས་སུ་སྤྲོ༵་བར་བྱའོ། །ཞེས་སོ། །

ཡང་ཆིངས་ཆེན་པོ་ལྔའི་རྒྱས་བཏབས་ཏེ་བཤད་པ་ཡང་ཡིན་པས། དང་པོ་དགོས་པའི་དོན་ནི། མཚན་དང་གཞུང་གི་དགོས་འབྲེལ་རྣམས་ཡིན་ལ། བསྡུས་པའི་དོན་ནི། དབུ་ནས་ཞབས་སུ་བསྡུས་པའི་དོན་བཤད་པ་དང་གཅིག་གོ །ཚིག་གི་དོན་ནི། གཞུང་དོན་འབྲུ་གཉེར་ངེས་ཚིག་དང་བཅས་པ་ཡིན། མཚམས་སྦྱར་ནི་ས་བཅད་རྣམས་དང་དོན་གཅིག །བརྒལ་ལན་ནི། སྤྱིར་སོ་སོའི་ཐད་ཀྱི་བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་ཕབ་པ་ཐམས་ཅད་ཀྱང་ཡིན་ལ། བྱེ་བྲག་ཏུ་ལོག་པར་རྟོག་པ་ཁ་ཅིག་ན་རེ། འོ་ན་སྒྲོན་མ་གསལ་བའི་རྒྱན་ཞེས་བྱ་བ་མི་མཐད་དེ། སྒྲོན་མ་ཡིན་ན་གསལ་མི་དགོས་པའི་ཕྱིར་ཏེ། དཔེར་ན་ཉི་ཟླ་བཞིན་ནོ་ཟེར་རོ། །དེ་ལ་བཤད་ན། སྒྲིབ་པའི་བུམ་ནང་སོགས་ཚིག་བཅད་ཀྱི་དོན་ནི་ལར་སེམས་ཅན་འཁྲུལ་བའི་དུས་ན་ལུས་ངག་ཡིད་གསུམ་གྱི་སྒྲིབ༵་པ༵འི་སྐུ་གསུང་ཐུགས་ཀྱི་རང་བཞིན་སྒྲོན་མ་གསལ་གསུམ་གྱི་ངོ་བོ་བསྒྲིབས་པ་དེ། དཔེར་ན་བུམ༵་ནང༵་གི་སྒྲོན་མེ་ཕྱི་ནས་ཆ་མེད་ཀྱི་མིའི་མི་མཐོང་བ་ལྟར་གྱུར་བས། སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་བྱུང་གི་ཡེ༵་ཤེས༵་མར༵་མེ༵འི་སྙིང་པོ་ལྟ་བུ་དང་། དེའི་རྟགས་སྣང་རང་འོད་ལྟ་བུ་རྣམས་དང་བཅས་པ་མ་མཐོང་བ་ལ། ལར་རང་བྱུང་འོད་གསལ་བའི་ཡེ་ཤེས་དེའི་ངོ༵་བོ༵་ཉིད༵་ནི༵་སྒྲ་དང་རྟོག་པས་སྨྲ་བས༵མ་བརྗོ༵ད་པའི་མཐའ་དང་བྲལ༵་བ་ཞིག་ཡིན་པས་བརྗོད་དུའང་མི་ནུས་ལ། རང་གསལ་ལྷུན་གྱིས་གྲུབ་པས། རྒྱུ་རྐྱེན་གྱིས་འདུས་བྱས་ཏེ་གསལ་ཀྱང༵་མི་དགོས་པ་ཞིག་ཡིན་མོད་དེ། སྒྲོན་མེ་ལྟ་བུའི་ཡེ་ཤེས་དེ་ནང་ན་ཡོད་པར་མ་མཐོང་བའི་སྐྱེ་བོ་ལ། བུམ་པ་ལྟ་བུའི་སྒོ་གསུམ་སྦུབས་ཀྱི་རྒྱ་དེ༵་ཉིད། བུམ་བ་བཅག་ན་སྒྲོན་མེ་མཐོང་བ་ལྟར། བླ་མའི་ཞལ་ལས་བྱུང་པའི་གདམས་ངག་སྒྲོན་མ་གསལ་བའི་རྒྱན་གྱི། ཚིག༵་རྒྱུད་བསྟན་བཅོས་སུ་བྱས་པ་འདི་དག་གི༵ས་གས༵ལ་བོར༵་མཚོ༵ན་ཞིང་མཐོང་བར་བྱེད་པ༵འི་རྒྱུ་མཚན་དེ་ཉིད་ཀྱི་སླད༵་དུ་ན། མིང་གི་ཐ༵་སྙད༵་འདི༵་ནི༵་ཤིན༵་ཏུ་བཙུན་པ༵་རིགས་ཤིང་འཐད་པའི་རྒྱན་དུ་གྱུར་བ་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཕ་རོལ་ཏུ་ནི་འོད་མི་གསལ། །བུམ་པ་དེ་ཉིད་ཆག་གྱུར་ན། །དེ་འོག་མར་མེ་གསལ་བར་འགྱུར། །དེ་བཞིན་རང་ལུས་བུམ་པ་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ནས། །དེ་ཉིད་མར་མེ་ཉིད་ལྟ་བུར། །སྦྱོར་བའི་དེ་ཉིད་སྟོན་པ་ཡིན། །སྦྱོར་བ་དེ་ཉིད་ལ་གནས་ན། །ཞེས་སོགས་གསུངས་པ་ལྟར་རོ། །

འབྱུང་ཁུངས་འདི་ནི་བསྟན་བཅོས་ཀྱི་ཚུལ་དུ་འཆད་ཀྱང་ཆོག་སྟེ། དེ་ལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་གི་པཎྜི་རྣམས་ཀྱི་འཆད་ཚུལ་ལས་གཞན། དཔལ་ན་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཀྱིས་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པས་དང་པོ་ནི། སྔར་གྱི་སྐུ་གསུམ་སྟོན་པ་དང་དགེ་བའི་བཤེས་གཉེན་སོགས་ཀྱིས་གནས་དུས་སྟོན་འཁོར་འཛོམས་པ་ན། གསུང་སོ་སོའི་ཆོས་འཁོར་བསྐོར་ཚུལ་བསྟན་པའི་གླེང་གཞི་དེའི་རྫོགས་པ་ཡིན་ལ། ཕྱི་མ་ནི་སེམས་ཀློང་མན་ངག་སོགས་ཚིག་བཅད་ཀྱི་དོན་ལ་རྩིས་འགོ་ཡན་ལག་ལྔ་ལས། དང་པོ་མཛད་པ་པོ་གང་གིས་མཛད་ན། ཆོས་ཉིད་ཀྱི་བདེན་པ་ལ་རྗེས་དཔག་ཙམ་གྱིས་ཡིད་ཆེས་མངོན་པར་ཐོབ་ཅིང་། ཡི་དམ་གྱི་ལྷ་པདྨ་ཀཱ་ར་དང་། མ་དང་མཁའ་འགྲོའི་ཉམས་དང་རྨི་ལམ་ཙམ་དུ་ལུང་བསྟན་ཐོབ་པ། ཆོས་བརྒྱུད་འདི་ལ་སྐྱེས་པའི་ནམ་མཁའ་འཇིགས་མེད་པས་སོ། །ལུང་གང་ལས་བཏུས་ན། སེམས་ཀློང་མན་ངག་གི་རྒྱུད་སྡེ་རྣམས་ལས་མཐར་ཐུག་གི་དོན་ཐམས་ཅད་བཏུས་ཤིང་། འཐོར་བ་བསྡུད་པ། འཁྲུགས་པ་སྡེབས་པ། གབ་པ་མངོན་དུ་ཕྱུང་ནས་སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་སུ་བྱས་པའོ། །ཕྱོགས་གང་དུ་གཏོགས་ན། ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོ། དེ་ལའང་མདོ་སྔགས་གཉིས་ལས་ཕྱི་མ་དང་། དེ་ལའང་གསར་རྙིང་གཉིས་ལས་རྙིང་མ། དེའི་ལུང་ཆེན་ནང་གི་མདོ་བདུན་སོགས་ཨ་ནུ། སྒྱུ་འཕྲུལ་དྲྭ་བ་སྡེ་བརྒྱད་སོགས་མ་ཧཱའི་སྐོར། སེམས་སྡེ་ཉེར་གཅིག་སོགས་སེམས་ཕྱོགས་རྫོགས་པ་ཆེན་པོའི་སྐོར་རྣམས་ལས་སེམས་ཕྱོགས་སུ་གཏོགས་སོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ན། སེམས་ཀློང་མན་ངག་གི་རྒྱུད་རྣམས་ཀྱི་མཐར་ཐུག་གི་བརྗོད་བྱའི་དོན། རང་བཞིན་གྱི་རྒྱུད་སྒྲོན་མ་གསལ་བ་གསུམ་གྱི་གནས་ལུགས་ཉིད་དོ། །དགོས་ཆེད་སུ་ཞིག་གི་དོན་དུ་ན། །ཕྱི་རབས་ཀྱི་ཚོགས་སྨོན་ལས་འབྲེལ་དུས་འཛོམས་པའི་སྐྱེས་བུ་རྣམས་ཀྱིས་སྒྲོན་མ་གསལ་གསུམ་གྱི་གནས་ལུགས་ཉམས་སུ་ལེན་ཤེས་ཤིང་མཐར་འབྲས་བདེ་ལེགས་སུ་ཐོབ་པའི་ཆེད་དུའོ། །

ཡང་དགོས་འབྲེལ་ཡང་དག་བཞི་གང་ཞེ་ན། ཡང་སེམས་ཀློང་མན་ངག་ལ་སོགས་ཚིག་བཅད་ཀྱི་དོན་དེས་བསྟན་པ་ཡིན་ཏེ། སེམས་སྡེ་ཉི་ཤུ་རྩ་གཅིག་རྒྱུད། ཀློང༵་དཀར་ནག་ཁྲ་གསུམ་རབ་འབྱམས་དང་བཅུ། མ༵ན་ངག༵་གི་རྒྱུད་ཕྱི་ནང་གསང་བ་ཡང་གསང་ཐིག་ལེའི་སྐོར་རྣམས་ཀྱི་ཁོང་དོན་སྙིང༵་པོ༵་རང་བཞིན་གྱི་རྒྱུད་སོགས་ལྔའི་རང་བཞིན་མཐ༵ར་ཐུག༵་པ། སྒྲོན་མ་གསལ་གསུམ་གྱི་དོན༵་དེ་བརྗོད་བྱ་ཡིན། རྒྱུད་སྡེ་དེ་དག་ལས་འཐོར་བ་སྡུད༵། འཁྲུག༵ས་པ་སྡེབ༵ས། གབ༵་པ༵་མངོ༵ན་དུ༵་བྱུང༵་ན༵ས། སྒྲུབ༵་པ་ཉམས་ལེན་གྱི་བསྟན་བཅོས་སྒྲོན་མ་གསལ་བའི་རྒྱན་འདི་ཉིད་རྗོད་བྱེད་ཡིན། བརྗོད་བྱ་རྗོད་བྱེད་ཀྱི་བརྗོད་པ་དེ་ལ་བརྟེན་ནས་ལྟ་བསྒོམ་སྤྱོད་གསུམ་ཁོང་དུ་ཆུད་དེ་སྒྲུབ༵་པས༵་ཉམ༵ས་སུ་ལེ༵ན་ཤེས༵་པ་ནི་དགོས་པ་ཡིན། དེ་ལྟར་ཤེས་ཤི༵ང་བསྒྲུབས་པས་མཐ༵ར་ཐུག༵་གི༵་འབྲ༵ས་བུ༵་སངས་རྒྱས་ཀྱི་གོ་འཕང་དཀའ་ཐུབ་ཆེན་པོ་ལ་མི་ལྟོས་པས་ལམ་བདེ་བ་དང་། དུས་རིང་པོར་མི་འགོར་བས་མྱུར་བའི་སྒོ་ནས་ཐོབ༵་པ༵་ནི་ཉིང་དགོས་ཡིན་པས། བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། དགོས་ཉིང་དགོས་གཉིས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བས་ན་དགོས་འགྲེལ་ཕུན་སུམ་ཚོགས་པའི་སྒོ་ནས་ཤེས་ཐོབ་རྟོགས་པའི་སླད༵་དུ༵་བཤ༵ད་པ་ཡིན་ནོ། །

དེ་ཡང་ཆོ༵ས་ཉི༵ད་བས༵མ་གྱིས༵་མི༵་ཁྱབ༵་པས་སྒྲ་དང་རྟོག་པའི་སྤྱོད་ཡུལ་དུ་མ་གྱུར་བ་རང༵་བཞི༵ན་གྱི་བཀའ་རྒྱ་དམ་པས་རྒྱལ་བའི་ལྗགས་ཀྱིས་ཀྱང་བརྗོད་དུ་མེད་པའི་ཕྱིར་དང་། དེ་ཉིད་སྟོན་བྱེད་ལམ་གྱི་རྒྱུད་སྡེ་ཚན་དུ་བྱས་པ་རྣམས་ནི་སྒྲ་ཇི་བཞིན་ཡིན་མིན། དྲང་ངེས། དགོངས་དགོངས་མིན་གྱི་མཐའ་དྲུག་དང་ཚིག་སྤྱི་སྦས་མཐར་གྱི་ཚུལ༵་བཞི༵འི་ཕྱག་རྒྱས་བཏབས་པ་དང་། གཅུས་དཀྲུགས་གབ་པའི་ཆིངས་ཀྱི་བཀའ་རྒྱ་རབ་ཏུ་དམ་པར་བྱས་པའི་རྒྱུ་མཚན་གསུམ་གྱིས་གཏིང་དཔག་དཀའ་བས་ཟ༵བ་པ་དང་། རྒྱ་འགྲོལ་དཀའ་བ་དང་། བློ་ལ་ཤོང་དཀའ་བས་བརླིང༵་བ་དང་། བླ་ན་མེད་པ་དང་། རྩོད་པའི་གཞིར་མ་གྱུར་བ་དང་། མཐ༵ར་ཐུག༵་གི་གནས་ལུགས་སྟོན་པའི་དགོངས་པ་རྡོ་རྗེའི་གནས་འདི༵་གཅི༵ག་པུ་ཡིན་པའི་ཕྱིར། བློས་རྩལ་འཕང་དང་། ལམ་གྱི་སྦྱངས་པ་དམ༵ན་པས༵་ཚུ་རོལ་མཐོང་བའི་བློ་ཅན་བད༵ག་འ༵དྲ་བས་དོན་མངོན་དུ་བསྟན་པ་དང་། དགོངས་པ་འགྲེལ་པའི་ཡུལ༵་དུ་ག༵་ལ༵་འགྱུར་ཏེ། ཞེས་པ་ནི་ཁེངས་པ་བསྐྱུང་བའི་དོན་ཏོ། །འོན༵་ཀྱང༵་མ་དང་མཁ༵འ་འ༵གྲོ་རྣམས་ཀྱིས་གཏན་ལ་ཕབ་པའི་དུས་ཚོད་དུ་བབས་པར་རྡོ་རྗེའི་ལུང༵་གིས་ཡང་ཡང་དུ་བསྟན༵་ཅིང་བསྐུལ་བའི་རྐྱེན་དང་། ལྷག་པའི་ལྷ་དང་བླ་མ་ལ་གསོལ་བ་བཏབ་ཅིང་བཀ༵འི་གན༵ང་བ་བྱིན་ཅིང་མཐུན་གྱུར་མཛད་པའི་རྐྱེན་དང་། སློབ་དཔོན་ཆེན་པོ་པ༵དྨ༵་འབྱུང་གནས་ཀྱི་ཐུག༵ས་བསྐྱེད་ཀྱི་དམ༵་བཅའ་དུས་སུ་སྨིན་པས་དབུགས་འབྱིན་གྱི་བློ་སྣང་ཅུང་ཟད་ཐོབ་པ་དང་། ཁྱད་པར་རྨི་ལམ་འོད་གསལ་གྱི་སྣང་ཆ་ལ་རྗེས་སུ་བཟུང་ནས་རིན་པོ་ཆེའི་སྒྲོམ་བུ་ཁ་ཕྱེད་པའི་ནང་མཛོད་དུ་བཅུག་ནས་གཙིགས་སུ་མཛད་པ་དང། སླར་ཡང་སྙན་ཁུང་དུ་བརྒྱུད་པའི་ཚུལ་གྱིས་མཁའ་འགྲོ་གར་མཁན་མ་ལ་བསྐུལ་ཏེ་བསྐྱར་ཟློས་ནན་ཆགས་ཀྱིས་ཕྲིན་ལས་མ༵་ལྷོད༵་པས། ཤིང་མོ་གླང་གི་ལོ་ལ་ཟབ་རྒྱ་ཁྲོལ་བའི་ཕྱིར་ད༵ང་། བད༵ག་ཀྱང༵་ཆོས་དང་སྐྱེ་གནས་གཉིས་ཀྱི་རིག༵་འཛི༵ན་གྱི་བརྒྱུད༵་པར༵་གྱུར༵་བ༵་ཡིས༵་གདེང་གིས་ལོག༵་པར༵་བཤ༵ད་དམ་སྙམ༵་པའི་ནོང༵ས་པ༵་ཡང་ཆེར་བད༵ག་ལ༵་མེད༵་པས་ན་སྐལ་ལྡན་གྱི་གདུལ་བྱ་མཆོག་ཏུ་གྱུར་བ་རྣམས་ལ་ཕན་པའི་སེམས་ཀྱིས་དྲངས་ཏེ་བརྗོད་པའོ། །ས་མ་ཡཱ༔ ཞེས་པ་ནི་དམ་ཚིག་གོ །

གོང་དུ་བཤད་པའི་རྒྱུ་མཚན་དེ༵་ཕྱིར༵། གདུལ་བྱ་དང་སྨོན་ལམ་དུས་ལ་བབས་པ་དང་། སྔོན་ཨོ་རྒྱན་ཆེན་པོའི་ཆོས་སྐྱོང་སྲུང་མ་རྣམས་ལ་བཀའི་བྱ་ར་བར་བསྐོས་ནས། ལྕེ་ལ་དམ་ཚིག་གི་བདུད་རྩི་བཞག །སྤྱི་བོར་བཀའ་རྟགས་ཀྱི་ཕྱག་རྒྱར་བཀོད། ལག་ཏུ་དམ་ཚིག་རྡོ་རྗེ་གཏད། གསང་བའི་མཚན་རྡོ༵་རྗེ༵འི་མིང་གི་ཅོད་པཎ་གྱིས་བསྲུང་བར་བྱས་པ་གསོལ་ནས། སྤྱིར་བསྟན་པ་ཡོངས་རྫོགས་དང་། ཁྱད་པར་དུ་ཟབ་མོ་གཏེར་གྱི་བཀའ་འདི་གཏད་ཅིང་ཁོ་བོའི་གྲོགས་སུ་སྦྲན་པའི། ཆོ༵ས་སྐྱོང༵་བསྲུང༵་མ༵་ཡིད་བཞིན་དབང་གི་རྒྱལ་པོ་དང་། ཞིང་སྐྱོང་ཌཱཀྐིའི་དབང་མོ་ཚེ་རིང་མ་དང་། གནོད་སྤྱིན་དམར་ནག་གིས་མཚོན། འཁོར་དང་བཅས་པའི་ཚོགས་རྣམས་ཀྱིས་ཐུགས་བསྐྱེད་དམ་བཅའ་ལས་མི་འདའ་བ་དང་། ཕྲིན་ལས་བསྒྲུབ་པ་ལ་མི༵་གཡེ༵ལ་བར། ད་ལྟ་ཚུལ་བཞིན་བྲི༵་ཞི༵ང་གཏན༵་ལ༵་ཕ༵བ་པ༵་ཡི༵་དང་། བརྒྱུད་འཛིན་གྱི་བུ་སློབ་རྣམས་ཀྱི་བསྒྲུབ་པ་ཉམས་སུ་ལེན་པ་ལ་བདུད་དང་བ༵ར་དུ་གཅོ༵ད་པའི་ཉེ༵་བར་འཚེ༵་བའི་གེགས་དང་མི་མཐུན་པའི་ཕྱོགས་ཀྱི་མཚ༵ན་མ༵་ངན་པ་ཐམས་ཅད་ཞི༵་བ༵་དང༵་། མཐུན་རྐྱེན་བསམ་པའི་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། ཕྱི༵་མའི་མི་རབ༵ས་རྒྱུད་ཀྱི་མཐར་ཡང་། འཁོར་བ་མ་སྟོངས་ཀྱི་བར་དུ་མི༵་ནུབ༵་པར་བསྟན་པ་གོང་ནས་གོང་དུ་འཕེ༵ལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཕྲིན་ལས་དམ་པ་མཛོ༵ད་ཅིག ། །ཅེས་སོ། །ཅེས་པ་འདི་ཡང་རྒྱུས་ཆེན་ག་གཱ་ཨ་བྷྱེས་སོ༔


previousརྒྱབ་ཆོས་མཐའ་རྟེན་གྱི་མན་ངགno next