Nitartha Digital Library
Tibetan
 
previousམ་འོངས་པའི་རྟོགས་བརྗོད།next

མ་འོངས་པའི་རྟོགས་བརྗོད།

བཞི་པ་མ་འོངས་པའི་རྟོགས་བརྗོད་ལ་གཉིས། རྗེ་ཉིད་ཞིང་མཆོག་གང་དུ་གཤེགས་པ། སྐལ་ལྡན་སློབ་མའི་ཚོགས་ལ་ཕྲིན་ལས་ཀྱི་རྒྱུན་སྲིད་མཐའི་བར་དུ་སྤེལ་ཚུལ་ལོ། །དང་པོ་ནི། རྗེ་ཉིད་ཀྱིས་རྡོ་རྗེ་འཆང་བློ་གཏེར་དབང་པོ་ལ་སྐུ་ལུས་འདི་མ་སྤངས་པར་མཁའ་སྤྱོད་དུ་ཕེབས་ཐུབ་མིན་ཞུས་པར། ང་ལ་མངོན་ཤེས་མེད་མོ་ཞིགའདེབས་གསུངས་ནས། དེ་ལྟར་མཛད་དེ་རྡོག་བརྟན་པོ་གཅིག་འདུག་ཅུང་མི་ཐུབ་པ་ཡིན་ནམ་གསུངས། འོ་ན་དགའ་ལྡན་དུ་ཅི་འགྱུར་ཞུས་པས། དེ་ལ་ཐེ་ཚོམ་མེད་ངས་ཁག་ཐེག་ཅེས་ཕེབས་པ་ཡིན་འདུག་ལ། རྗེས་སོར་རྗེ་ཉིད་ཀྱི་སློབ་མ་འཕན་ཡུལ་པ་ཤེས་རབ་ཆོས་མཆོག་ལ་ཤེར་ཕྱིན་རོང་ཊཱིཀ་གསུངས་ནས་མཐའ་གྲུབ་དུས་བྱམས་ཆོག་མཛད་པའི་ནུབ་མོ། སྐུ་དབོན་དབྱིག་དགའི་རྨི་ལམ་དུ་བྱ་གཉིས་དགའ་ལྡན་དུ་འགྲོ་བ་རེད་ཟེར་ནས་ནམ་མཁའ་ཤིན་ཏུ་མཐོན་པོ་ལ་ཡར་འཕུར་སོང་བ་དེ་ཚུལ་རྗེ་ལ་ཞུས་པས་དེ་ངེད་གཉིས་ལ་ལྟ་བ་ཡིན་ཞེས་ཕེབས་ཚུལ་དེ་ཉིད་ལས་ཐོས་སོ། །ཡང་པྲ་ཕབ་པར་བྱང་ཕྱོགས་ཤམྦྷ་ལ་རུ་འགྲོ་ཞེས་བབས་ཡོད་འདུག་པར། བཀའ་ལས་སྔ་མོ་འདི་འདྲ་ཅི་ཡིན་ན་མ་གཏོགས་ང་རང་དུས་འཁོར་འདྲ་ལ་འཆད་ཉན་དང་ཉམས་ལེན་བྱས་པའི་ལག་རྗེས་ཆེར་མེད་པས། དེར་འགྲོ་དོན་མེད་སྙམ་པ་བྱུང་ཡང་། རྗེས་སོར་བསམ་དུས་རྡོ་རྗེ་འཆང་བློ་གཏེར་དབང་པོ་དེར་བཞུགས་སྐད་འདུག་པ་དེ་ལྟར་ཡིན་ཚེ་བླ་མ་དང་འབྲལ་མེད་ཀྱི་སྨོན་ལམ་རྒྱུན་པར་བཏབ་པས་མི་སྐྱེ་བའི་ངེས་པ་རང་ཡང་མི་འདུག་སྙམ་པ་བྱུང་། ཞེས་དང་། ཡང་བླ་མ་རིན་པོ་ཆེས་བདེ་བ་ཅན་དུ་བྱོན་འུ་ཅག་དེར་འགྲོ་བ་ཡིན་ཡང་ཡང་ཕེབས་པར། བདག་དེར་སླེབ་ཨེ་ཐུབ་ན་ཞུས་པས། ཅིའི་ཕྱིར་མི་ཐུབ་དེར་ཕེབས་ཐུབ་པ་ངས་ཁག་ཐེག །ཅེས་གསུངས་འདུག་པས་རང་དབང་ཞིག་བྱུང་ན་དེར་འགྲོ་ཚོད་དུ་གདའ་ཞེས་གསུངས། བདག་གིས་རྗེ་ཉིད་ཞིང་ཁམས་གང་དུ་གཤེགས་པ་དེར་བདག་གིས་ཀྱང་སྨོན་ལམ་འདེབས་པ་ཡིན་པས་དེ་ཉིད་ད་ལྟ་ནས་གསུངས་པར་ཞུས་པས། དེའི་ལན་དུ་རྗེ་ཉིད་ཀྱིས་གོང་སྨོས་འདི་དག་ཕེབས་ཤིང་དེའང་ཞིང་ཁམས་དུ་མར་མ་ངེས་པ་ལྟ་བུ་དེ་གང་དུ་ཕེབས་ཀྱང་ཆོག་ཅིང་། རང་དབང་འབྱོར་བའི་གསུང་རིགས་སུ་འདུག་གོ། འོ་ན་དེ་དག་ལས་གང་དུ་ཕེབས་སྙམ་ན་བདེ་བ་ཅན་དུ་ཕེབས་པར་ངེས་ཏེ། སྤྱིར་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱིས། ད་ནི་ཞིང་ཁམས་མཐར་ཐུག་པ། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །ཞེས་གསུངས་པ་ལྟར་ཞིང་ཁམས་ཀྱི་མཆོག་ཡིན་པ་དང་། རྗེ་འདིའི་རིགས་བདག་གི་གཙོ་བོ་སྒ་སྟོན་འཇམ་མགོན་རིན་པོ་ཆེ་ཡིན་ལ། དེ་ཉིད་ཞིང་ཁམས་དེར་ད་ལྟ་མངོན་སུམ་དུ་བཞུགས་ལ་གོང་བཤད་ལྟར་གྱི་བཀའ་ལུང་གནང་བ་དང་། རྗེ་ཉིད་ཀྱིས་ཀྱང་འབྲེལ་ཐོགས་ཀྱིས་གཙོས་པའི་ཡིད་ཅན་ཐམས་ཅད་ཞིང་དེར་སྐྱེ་བའི་ཕྱིར། མར་མེ་གྲངས་མང་ཕུལ་ནས་སྔ་ཕྱིར་བཟང་སྤྱོད་འབུམ་ཕྲག་མང་པོ་མང་ཚོགས་ཀྱིས་གསུངས་ཏེ། ཐུགས་སྨོན་རླབས་པོ་ཆེ་གནང་བ་ཡིན་ལ། དང་པོར་འཇམ་མགོན་རིན་པོ་ཆེའི་སྐུ་གདུང་གི་མདུན་དུ་བཟང་སྤྱོད་འབུམ་ཐེར་གསུང་དུས། རྗེ་ཉིད་ཀྱི་སློབ་མ་ཞིག་གི་རྨི་ལམ་དུ་ཁོ་རང་གི་འདུག་གནས་བྲག་དཀར་ལུང་པ་དེའི་ལྟག་རྩེ་ལ་ཡོད་སྙམ་པ་ཞིག་ལ་མི་གཅིག་གིས་བདེ་བ་ཅན་དུ་འགྲོ་ཟེར་བ་ལྟ་བུས་བསྐུལ་ཏེ་སྐད་ཅིག་ལ་ཁང་པ་ཞིག་གི་ནང་དུ་སླེབས་སོང་བ་དེར་ཁྲི་མཐོན་པོ་ཞིག་གི་སྟེང་དུ་རྗེ་འདི་ཉིད་བཞུགས་ཏེ་མདུན་ནས་གྲལ་སྒོར་མོར་བྱས་པ་ལ། སྡེ་གཞུང་མའི་གྲྭ་རྒན་རིགས་ཡིན་སྙམ་པ་ལ་ངོས་ཟིན་རྒྱུ་རང་མེད་པའི་མང་པོ་ཞིག་ཚོགས་ཤིང་དེ་དག་གི་གྲལ་མགོ་ན་ཁོ་རང་ཡོད་པ་ལ། རྗེའི་ཞལ་སྔ་ནས། སྦྱོར་དངོས་རྗེས་གསུམ་ཡོད་པ་ལྟ་བུའི་ངོ་སྤྲོད་ཞིག་མཛད་རྒྱུའི་རེ་རེའི་མཐར་མཉམ་བཞག་རེ་མཛད་ནས་གསུངས་བྱུང་བར། སྦྱོར་བ་དེ་ལ་ཚིགས་བཅད་འགའ་འདུག་བརྗེད་སོང་ཟེར། དངོས་གཞི་ལ། མི་ཁོ་བོའི་འདྲེན་མཆོག་ཆོས་ཀྱི་རྗེ། །དུས་ད་ལྟ་བདེ་བ་ཅན་དུ་བཞུགས། །རྗེ་བླ་མའི་ཐུགས་དང་རང་གི་སེམས། །ང་བདག་གི་འཛིན་པས་མ་བསླད་ན། །གདོད་ནས་ཐུགས་ཡིད་དབྱེར་མེད་ཡིན། །ཞེས་དང་། རྗེས་ལ༑དུས་ད་དུང་བདེ་བ་ཅན་ཉིད་དུ། །སྐྱེ་ངེས་པའི་སྨོན་ལམ་ཅིས་ཀྱང་ཐོབ། །ཅེས་གསུངས་འདུག་པར་ཁོང་རྣམས་ཀྱང་དོན་དེ་དག་ལ་མཉམ་བཞག་རེ་བྱེད་འདུག་ཅིང་བར་རྣམས་སུ་མོས་གུས་གཏིང་ནས་སྐྱེས་པས་དྲག་ཏུ་ངུས་པ་ཞིག་བྱུང་བར་དེ་འཕྲལ་གཉིད་སད་པས་སྔས་མཆི་མས་བརླན་པ་ཞིག་བྱུང་འདུག་ཚུལ་རྗེ་ལ་ཞུས་འདུག་པས། རྗེས་ཀྱང་དེ་ང་རང་གིས་སྨོན་ལམ་འདེབས་བཞིན་པ་འདིའི་རྟགས་ཡིན་གསུངས་ནས་ཡི་གེ་བྲིར་བཅུག་སྟེ་ཀུན་ལ་སྒྲོགས་པ་གནང་ཞིང་། ཞུ་མཁན་དེའང་རྫུན་ཟེར་སྙམ་པ་ཞིག་ཀྱང་མིན་ལ་ཁོ་རང་ལ་ཡོན་ཏན་དེ་ཡོད་སྙམ་པའང་མིན་པས་དེས་ན་རྗེ་ཉིད་མ་ཟད་ལྟོས་བཅས་ཐམས་ཅད་བདེ་བ་ཅན་དུ་སྐྱེ་ངེས་ཀྱི་རྟགས་སུ་འདུག་པས་དུས་ད་ལྟ་ཙམ་ན་རྗེ་དེ་ཉིད་ཞིང་མཆོག་དེར་འཇམ་མགོན་བླ་མ་ཡབ་སྲས་གདན་འཛོམ་དུ་བཞུགས་པ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མེད་པ་ཡིན་པས་བདག་ཅག་གིས་ཀྱང་དེ་འདྲའི་ཚུལ་ཡིན་རྟོན་པའི་སྒོ་ནས་ཞིང་དེར་སྨོན་ལམ་བཏབ་ན་རེ་འབྲས་དོན་སྨིན་དུ་འགྱུར་བ་ལ་ནམ་ཡང་བསླུ་བ་མེད་པ་ཡིན་ནོ། །གསང་བདག་བླ་མའི་ཞལ་ལུང་དང་། །མོས་གུས་ལྡན་པའི་མནལ་ལམ་ལས། །དགའ་ལྡན་ཆོས་ཀྱི་མདུན་ས་དེར། །མི་ཕམ་སྲས་སུ་འགྱུར་བ་མཐུན། །སྣང་གསལ་པྲ་ཡི་མེ་ལོང་དུ། །ཤམྦྷ་ལ་རུ་ཕེབས་ཞེས་པ། །རྗེ་དང་འབྲལ་མེད་ཐུགས་སྨོན་གྱིས། །འགལ་བ་མེད་ཚུལ་ཞལ་ལས་ཐོས། །ཞིང་མཆོག་བདེ་བ་ཅན་ཉིད་དུ། །འཇམ་མགོན་བླ་མ་མངོན་སུམ་བཞུགས། །རྡོ་རྗེའི་བཀའ་ཡིས་ལན་མང་བསྐུལ། །རླབས་ཆེན་ཐུགས་སྨོན་དུ་མ་གནང་། །མགོན་པོས་ཐུགས་རྗེས་རྒྱུད་བསྐུལ་བས། །དྭངས་བའི་ཆུ་ལ་ཟླ་ཤེལ་བཞིན། །དད་གསུམ་ལྡན་པའི་རྨི་ལམ་དུ། །བསླུ་བ་མེད་པའི་འབྲས་རྟགས་ཤིང་། །གཙང་མའི་ཞིང་མཆོག་རྣམ་གསུམ་ལ། །འདམ་ཁ་ཡོད་པ་དྲང་དོན་ཙམ། །གཞན་དུ་རབ་འབྱམས་ཞིང་ཀུན་ཏུ། །དུས་གཅིག་ཕེབས་ཀྱང་འགལ་བ་ཅི། །ཨེ་མ་གསོན་དང་སྐྱབས་གཅིག་བཀའ་དྲིན་ཅན། །ཡབ་སྲས་གདན་འཛོམས་ཆེན་པོ་ཅུང་ཞིག་དགོངས། །བདག་ཅག་ཚབས་ཆེན་ལས་ངན་སྔོན་སོང་བས། །འཆི་ཚེ་ཞིང་དེར་སླེབས་ལ་སོམ་ཉིར་གྱུར། །ཡང་གཅིག་མནོ་བསམ་ཞིབ་ཏུ་བསྐོར་ཙ་ན། །རྗེ་ལ་བྱས་པ་ཆེ་སྙམ་མི་བདོག་ཀྱང་། །ཡུན་རིང་འགྲོགས་པའི་དོན་མེད་ཡུས་བཟུང་ནས། །སྐྱེ་བར་ངེས་པའི་ཡིད་ཀྱི་བརྟེན་ཕུར་ཚུགས། །གང་ལྟར་ཡིན་ཡང་མགོན་པོ་སྲས་བཅས་ཀྱིས། །ནམ་ཞིག་འཆི་བའི་ཕོ་ཉ་སླེབ་པའི་ཚེ། །མངོན་སུམ་སྐུ་ཡི་སྣང་བས་མདུན་བསུས་ཏེ། །སྐད་ཅིག་ཞིང་དེར་དྲངས་ལ་སྙིང་ནས་རེ། །སྐྱབས་སུ་མཆིའོ་རྒྱལ་བ་སྲས་བཅས་རྣམས། །གསོལ་བ་འདེབས་སོ་ཡབ་སྲས་བཀའ་དྲིན་ཅན། །ཐུགས་རྗེ་མ་གཡེལ་དྲིན་ཅན་སྤྲུལ་པའི་སྐུ། །ཡིད་སྨོན་དོན་དང་ལྡན་པ་ཁྱོད་རང་མཁྱེན། །གཉིས་པ་སྐལ་ལྡན་སློབ་མའི་ཚོགས་ལ་ཕྲིན་ལས་ཀྱི་རྒྱུན་སྲིད་མཐའི་བར་དུ་སྤེལ་ཚུལ་ནི། སྤྱིར་འཇམ་མགོན་བླ་མས་ཀྱང་རྗེ་འདི་ལས་ཆོས་ཚུལ་འགའ་གསན་མོད། དེ་ནི་རིགས་བདག་གི་གཙོ་བོ་ཡིན་པས་མི་བགྲངས་ལ། གཞན་སློབ་ཚོགས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་པ་ཆེན་པོ་འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་འགྲོ་འདུལ་ཕྲིན་ལས་ཀྱི་ཟློས་གར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དཔལ་བཟང་པོ་ཞེས་བདག་ཅག་གི་གཙུག་རྒྱན་དམ་པར་བཞུགས་པ་དེ་ཉིད་ཡིན་ལ། གཞན་ཡང་སྡེ་གཞུང་མ་རང་ནས་མང་ཐོས་མཁས་པའི་ཁྱུ་མཆོག་ཆེན་པོ་མཁན་བླ་མ་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ། གནས་ལྔ་རིག་པ་སྨྲ་བ་སྤྲུལ་པའི་སྐུ་ཀུན་བཟང་ཆོས་ཀྱི་ཉི་མ། སྐུའི་མཆེད་ཟླ་ཝ་ཤུལ་བསྟན་བདག་བླ་མ་མདོ་སྔགས་བསྟན་འཛིན། སྐུ་དབོན་ལྷ་སྲས་རིན་པོ་ཆེ་མགོན་པོ་བསོད་ནམས་མཆོག་ལྡན། མང་ཐོས་སྡེ་སྣོད་འཛིན་པ་ཆེན་པོ་བླ་མ་ཚུལ་ཁྲིམས། བླ་མ་རིག་འཛིན། བླ་མ་ཨ་འཇམ། སྐུའི་མཆེད་ཟླ་བླ་མ་ཀུན་དགའ་བསྟན་འཛིན། བླ་མ་དཔལ་ལྡན། བླ་མ་སེང་གེ་སྟེ་སྡེ་སྣོད་འཛིན་པ་བརྒྱད་ཙམ་དང་། སྒྲུབ་བརྩོན་དམ་པ་བྱམས་པ་བློ་གྲོས་ཕུན་ཚོགས། བླ་མ་མགོན་པོ༑ངག་དབང་དགེ་ལེགས། མཁན་པོ་ཨ་ཆོས། བློ་བོ། དགེ་ཚོགས་ཏེ་དེ་དག་གི་གཙོས་པའི་བཤད་སྒྲུབ་ལ་གཞོལ་བ་ཆེས་མང་ཞིང་། སྤྱིར་གྲྭ་ཚང་མཐའ་དག་སློབ་མར་མ་གྱུར་པ་གཅིག་ཀྱང་མེད་པ་ཡིན་ནོ། །གཡོན་རུ་ནས་སྒྲུབ་བརྩོན་བླ་མ་ཐར་ལི་སོགས་འགའ་དང་། ཁྲོོཾ་ཁོག་ནས་ཉམས་དང་རྟོགས་པའི་དབང་ཕྱུག་སྤྲུལ་པའི་སྐུ་ཨ་རིག་དང་། རྒྱ་རྩེ་བླ་མ་ཨ་རབ། བླ་མ་བློ་ལུ། རྡོ་ཁོ་དགོན་པའི་མཁན་པོ་སྡེ་སྣོད་འཛིན་པ་དགེ་ལེགས་སོགས་འགའ་དང་། ཆོས་གྲྭ་ཆེན་པོ་ཁམས་བྱེའི་མཁན་རབས་ལས་ཀྱང་། སྨྲ་བའི་སེང་གེ་བྲག་ཡབ་མཁན་ཆེན་མ་ཏིའི་མཚན་ཅན། མདོ་སྲིབ་མཁན་ཆེན་ཐུབ་བསྟན་རྒྱལ་མཚན། མི་ཉག་མཁན་ཆེན་དམ་ཆོས་རྣམས་དང་། གཞན་ཡང་སྡེ་དགེའི་ཕྱོགས་ནས་བློ་གསལ་སྡེ་སྣོད་འཛིན་པ། ཀུ་ཚེ་ཨ་པད། ཀརྨ་རྡོ་རྗེ་སོགས་དུ་མ་དང་། སྒ་སྐྱེ་དགུ་དོན་གླིང་ནས། མང་ཐོས་སྡེ་སྣོད་འཛིན་པ་ཆེན་པོ་མཁན་བླ་མ་མཁྱེན་རབ་བློ་ལྡན། མཁན་བསམ་གཏན་ཕྲིན་ལས། སྡེ་སྣོད་འཛིན་པ་འཇམ་དབྱངས་ཆོས་གྲགས་སོགས་འགའ་དང་། གདན་ས་ཐར་ལམ་ནས་འཇམ་མགོན་རིན་པོ་ཆེའི་སྐུ་དབོན་ཀུན་བཟང་བསྟན་འཛིན། སྤྲུལ་པའི་སྐུ་ཀུན་དགའ་བསྟན་པའི་ཉི་མ། སྡེ་སྣོད་འཛིན་པ་ངག་དབང་རིན་ཆེན། ཡེ་ཤེས་ཉི་མ། སྒྲུབ་བརྩོན་དབུ་མཛད་བཀྲ་ཤིས་སོགས་དུ་མ་དང་། བྲག་ཡབ་མཁྱེན་རབ་སེངྒེ། རག་ཤུལ་ཁྲ་རུག་བླ་མ། ཁྲི་འདུ་ནས་སྒྲུབ་བརྩོན་དམ་པ་རིག་འཛིན་དབང་རྒྱལ་སོགས་འགའ་དང་། ཡིད་ལྷུང་ནས་གནས་ལྔ་རིག་པ་སྨྲ་བའི་པཎྜི་ཏ་ཆེན་པོ་མཁན་བླ་མ་དམ་ཆོས་རྒྱལ་མཚན། གཙང་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་སྡེ་སྣོད་འཛིན་པ་ངག་དབང་ཆོས་གྲགས། རྩེ་གདོང་ནས་དགེ་འདུན་ཡར་འཕེལ། དཔལ་ལྡན་བློ་གྲོས། དབུས་ནས་དཔལ་ནཱ་ལེནྡྲའི་དགེ་བཤེས་ཤེས་རབ་ཆོས་མཆོག་སོགས་འགའ་དང་། ནང་ཆེན་ཕྱོགས་ནས་གླིང་མདའ་བ་བྱང་ཆུབ་རྡོ་རྗེ། སྡེ་སྣོད་འཛིན་པ་ཐེག་མཆོག་བསྟན་འཛིན། རྡོ་རྗེ་སེངྒེ་རྣམས་སོ། །ཧོར་ཁོག་ནས། གདོང་ཐོག་མགོན་པོ་ཚེ་བརྟན་སོགས་འགའ་དང་། དེ་དག་གི་གྲལ་མཐར་གནས་པ་དམན་བུ་བདག་གིས་མཐའ་བརྟེན་པ་སྟེ་མདོར་ན་དེ་དག་ལས་ཀྱང་སྒྲོ་སྐུར་དུ་མ་སོང་བར་སྡེ་སྣོད་འཛིན་ངེས་ཀྱི་དགེ་བའི་བཤེས་གཉེན་ཉེར་ལྔ་དང་། སྒྲུབ་བརྩོན་རྟོགས་པ་རྒྱུད་ལ་སྐྱེས་པ་ལྔ་ཙམ་སྟེ། བཤད་སྒྲུབ་ཚད་ལྡན་ཕེར་ངེས་ཀྱིས་བསྟན་འཛིན་ཆེན་པོ་བཅུ་ཕྲག་གསུམ་ལྷག་ཙམ་བཞུགས་པ་ཡིན་ལ། གཞན་ཡང་སྔགས་ཆོས་དང་ཉམས་ལེན་གཙོ་བོར་གྱུར་པའི་བཀའ་དྲིན་ཞུས་ཤིང་བཤད་སྒྲུབ་ལ་གཞོལ་བ་ཆེས་མང་ལ། སྤྲུལ་པའི་སྐུ་དང་། བླ་ཆེན། མི་དཔོན་གྱི་རིགས་མང་པོ་དང་། རྗེ་ཉིད་ལ་ཞབས་ཏོག་ཕུལ་ཕྱིན་གྱི་ཉེ་གནས་སྐུའི་མཆེད་ཟླ་པིས་ལོ་དང་ཕྱག་མཛོད་དགེ་རྒན་ཨ་བསོད་སོགས་དང་། སྦྱིན་བདག་གི་རིགས་ཀྱང་དད་འབྱོར་གྱི་ཡུལ་དུ་དམ་པ་བཀུར་བའི་བསོད་ནམས་ཅན་བླ་སར་གཉེར་པ་བཀྲ་ཤིས་ཆོས་ལྡན་དང་། སྡེ་གཞུང་མ་རང་ནས་ཡབ་གཞིས་དཔོན་ཚང་དང་། ཁྱིམ་བདག་ཆེན་པོ་འགའ་རེའི་གཙོས་ཤིན་ཏུ་མང་པོ་སྟེ། མདོར་ན་ཆོས་འབྲེལ་གྱིས་བསྡུས་པ་ནི་མཐའ་ཀླས་ཤིང་བརྗོད་མི་ནུས་པའི་ཚོད་དུ་འདུག་གོ། ད་དུང་སྡེ་སྣོད་འཛིན་པ་དང་། སྒྲུབ་བརྩོན་གྱི་རིགས་བགྲང་འོས་མ་བགྲངས་པ་སོགས་ཡོད་ངེས་ལ་ཁོ་བོ་དེ་དག་ལ་མ་གུས་པ་མ་ལགས་ཀྱང་། རང་གི་ཤེས་ཡུལ་དང་དྲན་ལམ་ན་འདི་ཙམ་ལས་མ་བྱུང་བ་ཡིན་པས། དགོངས་དབྱིངས་མི་ཁྲེལ་བའི་བཀའ་དྲིན་ཞུ་རྒྱུ་ལས་གཞན་མ་མཆིས་སོ། །དེ་དག་ཀྱང་མདོ་སྔགས་ཀྱི་ཆོས་ཡོངས་རྫོགས་རྗེ་འདི་ལས་གསན་པ་ནི་རེ་ཟུང་ལས་མེད་ཀྱང་། མདོ་སྐོར་ཅི་རིགས་པ་དང་། སྔགས་ཕྱོགས་རྒྱུད་དང་མན་ངག་གཉིས་ཀ་དང་། གང་རུང་ངམ་དེ་མིན་ཀྱང་། ཟབ་གནད་ཉམས་བཞེས་སྐོར་གྱི་སྨིན་གྲོལ་འགངས་ཆེ་རིགས་མི་ཉུང་བ་རེ་གསན་པ་མང་ཞིང་། དེའང་སྟོན་འཁོར་མཚམས་པའི་བློ་རབ་སྐལ་ལྡན་ཤ་སྟག་གིས་ཞབས་པད་བསྟེན་པ་མང་བས་ཉུང་ངུ་རེས་ཀྱང་འགག་བརྒྱ་གནད་གཅིག་གིས་གྲོལ་བ་ལྟ་བུས། དེ་ཕྱིན་དེ་ཉིད་ཁོ་ན་སྒོམ་པའི་སྲོག་དང་འཆད་པའི་མཐིལ་དུ་མཛད་པ་ཡིན་ལ། དེས་ན་རྗེ་ཉིད་ལྟ་བུ་ལ་ལྟོས་ནས་སློབ་ཚོགས་ཀྱི་གྲངས་མང་རྒྱུ་རང་མེད་ཀྱང་གང་བཞུགས་དེ་དག་བསྟན་པ་འཛིན་ནུས་ཤ་སྟག་ཏུ་བཞུགས་པས་དེ་དག་གིས་རྗེ་བླ་མའི་ཕྲིན་ལས་ཀྱི་རྒྱུན་འཛམ་གླིང་ཡངས་པའི་ས་ཆེན་པོ་འདིར་ད་ལྟ་སྤེལ་བཞིན་པ་ནས་ད་དུང་དེ་དག་གི་ཡང་སློབ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་སྲིད་མཐའི་བར་དུ་རྒྱུན་མི་འཆད་པ་སྤེལ་བར་ངེས་པ་དེ་ཀ་ལགས་སོ། །དེའང་བདག་ཉིད་ཆེན་པོས་ཆག་ལོས་དྲིས་ལན་ལས། སྔོན་གྱི་དུས་ཀྱི་གྲུབ་པ་ཐོབ་པ་དང་། །མཁས་པ་རྣམས་ལ་སློབ་མ་མང་པོ་མེད། ཅུང་ཟད་དེ་དག་ཆོས་བཞིན་སྤྱོད་པར་གྱུར། །དེ་དག་སངས་རྒྱས་བསྟན་པ་ཡུན་རིང་བསྐྱངས། །སྙིགས་མའི་དུས་འདིར་ཆོས་བྱེད་མང་ན་ཡང་། །ཐུབ་པའི་གསུང་བཞིན་བསྒྲུབ་པ་ཤིན་ཏུ་ཉུང་། །དེས་ན་སངས་རྒྱས་བསྟན་པ་འཛིན་པ་ཡི། །གང་ཟག་གཅིག་ཙམ་ཡིན་ཡང་ཁྱོད་ཀྱིས་གཟིགས། །ཐུབ་པའི་བསྟན་ལ་རྒྱབ་ཀྱིས་ཕྱོགས་པ་ཡི། །ཚོགས་པ་མང་ཡང་ཆར་མེད་སྤྲིན་དང་འདྲ། །ཆོས་བཞིན་སྤྱོད་པའི་སྐྱེ་བོ་ཉུང་གྱུར་ཀྱང་། །ཉི་ཟླ་ཇི་བཞིན་འཇིག་རྟེན་རྣམ་པར་གསལ། །ཞེས་གསུངས་པའི་དོན་དང་མཚུངས་པ་ཞིག་ཏུ་སྣང་ངོ་། །ཐུབ་བསྟན་སྙིགས་མར་གྱུར་པའི་དུས་འདི་ན། །བསླུ་མེད་བསྟན་པའི་བདག་པོ་སླར་བྱོན་ནས། །འཁྲུལ་མེད་བརྒྱུད་འཛིན་དམ་པ་མང་བསྐྲུན་ཏེ། །བསྟན་སྲོག་རྡོ་རྗེའི་ཁམས་ལས་བརྟན་པར་མཛད། །ཡོངས་རྫོགས་བསྟན་པའི་སྣང་བྱེད་ཆེན་པོ་གཅིག །སྒྲུབ་བརྩོན་རྟོགས་པ་ལྡན་པ་རྣམ་ལྔ་དང་། །རྒྱ་ཆེན་སྡེ་སྣོད་འཛིན་པ་ཉི་ཤུ་ལྔ། །ལུང་རྟོགས་བསྟན་འཛིན་བཅུ་ཕྲག་གསུམ་ལྷག་གིས། །བཤད་སྒྲུབ་ཉི་ཟླའི་འོད་ལས་ཆེས་གསལ་བས། །སྤྱི་དང་བྱེ་བྲག་ཀུན་མཁྱེན་རྒྱལ་བའི་བསྟན། །འཛམ་གླིང་འཛིན་མའི་འཁོར་ཡུག་མཐའ་དག་ཏུ། །སྲིད་མཐའི་བར་དུ་སྤེལ་ཞིང་ཡུན་རིང་བསྐྱངས། །སླར་ཡང་སྨྲས་པ། གོས་རྒྱན་འཕྱོར་པོས་སྒེག་པའི་འབྱོར་ལྡན་བུ། །བསླུ་མེད་དམ་པ་འཛིན་པ་བྱིས་པའི་བློ། །ལུང་རྟོགས་ཉིན་བྱེད་འདི་འདྲ་མ་མཐོང་བའི། །སྐལ་མེད་ཕལ་ཆེར་བྱང་བསྟན་ཕུག་པ་བཞིན། །འདི་ན་མཁས་པའི་སྣང་བྱེད་འབུམ་ཕྲག་གིས། །འགྲན་མེད་ལུང་རིགས་སྨྲ་བའི་ཉི་མ་ཆེ། །གྲུབ་གྲུབ་རྒྱུ་སྐར་ཕྲེང་བ་དུ་མའི་དབུས། །ཡང་དག་གྲུབ་པའི་ཆ་རྫོགས་ཟླ་ཤེལ་དབང་། །མགོན་དེའི་གོ་འཕང་སྲིད་ཞིའི་ཕ་རོལ་ཏུ། །བགྲོད་འདོད་བློ་གསལ་དེད་དཔོན་འགའ་མཆིས་ན། །རྣམ་ཐར་རིན་ཆེན་གྲུ་བོ་འདིར་ཞུགས་དང་། །དོན་གཉིས་ཡིད་བཞིན་འགྲུབ་པར་གདོན་མི་ཟ། །བསླུ་མེད་བྱིན༵་རླབ༵ས་འབུམ་གྱི་རྒྱ༵་མཚོ༵་ཆེ། །ངོ༵་མཚ༵ར་རླབས་ཕྲེང་སྟོང་གི་འཕྲོ་འདུ་ཅན། །མཆོག་ཐུན་དངོས་གྲུབ་ནོར་བུའི་གཏེ༵ར་གྱི་མཛོ༵ད། །ཐར་འདོད་ཀླུ་དབང་བྱེ་བ་རོལ་པའི་གནས། །ལེགས་ཚོགས་ཆུ་འཛིན་ཕྱོགས་བརྒྱར་འཕེལ་བའི་གཞི། །ལེགས་བཤད་ཆུ་བོ་མཐའ་དག་འདུས་པ་འདི། །ཞབས་པད་ཡུན་བསྟེན་བློ་ཡི་འཛིན་མར་འཁྱིལ། །སྨྲ་འདོད་རློམ་སེམས་རླུང་གིས་ཅུང་གཡོས་ཀྱང་། །མཁས་གྲུབ་ལུས་སྟོབས་རྒྱས་པའི་གཡུ་རལ་ཅན། །སློབ་ཚོགས་སེང་ཆེན་འགྱིང་བའི་གྲལ་མཐའ་ནས། །ཅང་མེད་ནོར་སྲུང་རྒན་པོ་བདག་འདྲ་བས། །འཆལ་སྐད་ཕྱོགས་བཅུར་སྒྲོགས་པ་མི་འོས་མོད། །བསྟན་པའི་བདག་པོ་སྐྱབས་མཆོག་བཀའ་དྲིན་ཅན། །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་ཀྱིས། །བཀའ་ལུང་རིན་ཆེན་ཅོད་པན་སྤྱི་བོར་བཅིངས། །དད་ལྡན་སློབ་ཚོགས་དུ་མས་བསྐུལ་བ་ལས། །མཐོང་ཐོས་མཛད་བཟང་ཕྲེང་བ་ཇི་སྙེད་པ། །མ་བཅོས་སྒྲོ་སྐུར་བྲལ་བའི་ངང་ཚུལ་གྱིས། །རྗེས་འཇུག་ཡོངས་ཀྱི་ཉམས་ལེན་མིག་ལྟོས་སུ། །ཅུད་ཟད་རྒྱས་པའི་ཚུལ་གྱིས་བཀོད་མོད་ཀྱིས། །འགལ་དང་མ་འབྲེལ་ཟློས་པ་ལ་སོགས་པ། །ཉེས་ཚོགས་ཇི་སྙེད་སྣང་བ་བདག་བློའི་སྐྱོན། །ཚེ་རབས་ཐོག་མེད་སྡིག་དང་ལྷན་ཅིག་ཏུ། །མགོན་པོ་སྲས་དང་བཅས་པའི་སྤྱན་སྔར་བཤགས། །དྲི་བཞོན་ཤུགས་ཀྱིས་སྦུར་མ་འདེགས་པ་ལྟར། །སྟེས་དབང་ཆེན་པོའི་མིང་ཅན་འགའ་ཞིག་ལ། །མེད་བཞིན་སྐྲོ་སྐུར་བྱེད་དང་མི་མཚུངས་པར། །དངོས་གནས་དྲང་པོར་བརྗོད་པའང་བསོད་ནམས་མཐུ། །ལེགས་བྱས་འདིས་མཚོན་དུས་གསུམ་དགེ་བའི་ཚོགས། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་བཅས། །འཇམ་མགོན་བླ་མའི་དྲུང་དུ་འབུལ་ལགས་ན། །ཟག་མེད་ཐུགས་དགོངས་དབྱིངས་སུ་རྫོགས་གྱུར་ཅིག །དྲི་མེད་རིང་ལུགས་མཆོག་འདིས་གཙོར་བྱས་པའི། །རྒྱལ་བསྟན་རིན་ཆེན་སྒྲོན་མེ་སྲིད་པ་འདིར། །བཤད་སྒྲུབ་འཁོར་ལོའི་འཇུག་པ་མི་ཉམས་པས། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །བརྒྱུད་འཛིན་དམ་པ་རྣམས་ཀྱིས་ལེགས་མཚོན་ནས། །གཅིག་ཏུ་ལྷག་བསམ་ཁོ་ནས་རྒྱལ་བསྟན་ལ། །སྲི་ཞུ་བླ་མེད་བསྒྲུབ་པ་སུ་བཞུགས་པ། །ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག །ཁྱད་པར་སྡེ་བཞིའི་གཞུང་ལུགས་དར་བའི་ཡུལ། །ལུགས་གཉིས་འབྱོར་པ་དབྱར་གྱི་མཚོ་ལྟར་རྒྱས། །ས་ཆེན་ཆོས་བཞིན་སྐྱོང་བའི་མིའི་དབང་པོའི། །བཀའ་ལུང་མཐའ་བཞིའི་གཙུག་ཏུ་ལྕི་བར་ཤོག །བཤད་སྒྲུབ་དར་ཞིང་རྒྱས་པའི་ཆོས་ཀྱི་གླིང་། །ལུང་རྟོགས་བསྟན་འཛིན་འབུམ་གྱིས་ལེགས་གང་ནས། །སྐྱོན་བྲལ་མཛད་པའི་འཁོར་ལོ་རྣམ་གསུམ་གྱིས། །གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་ཤོག །ཡེ་ཤེས་མགོན་པོ་དངོས་སྣང་སྤྲུལ་པའི་སྐུས། །ལྗོངས་འདིའི་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །དཔལ་ལྡན་ལྷ་ཡི་སྲས་ཁྱོད་ལུང་བསྟན་པ། །སྐུ་ཚེ་བསྐལ་བརྒྱའི་བར་དུ་འཚོ་གཞེས་ཤོག །བདག་དང་བདག་ལ་ལྟོས་པའི་ཡིད་ཅན་ཚོགས། །ནམ་ཞིག་སྒྱུ་མའི་ལུས་འདི་འདོར་བའི་ཚེ། །ཞིང་མཆོག་བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །བླ་མ་མགོན་པོའི་དགྱེས་ཞལ་མཐོང་བར་ཤོག །སྐྱེ་བ་འདིར་ཡང་ཉེར་འཚེ་ཀུན་བྲལ་ཞིང་། །རིང་འཚོའི་ལྗོན་པ་བསྟན་འགྲོའི་གསོས་སུ་རྒྱས། །རང་དོན་རྟོགས་པའི་གདེང་ཚད་རྗེ་དང་མཉམ། །གཞན་དོན་ཕྲིན་ལས་ཕྱོགས་མེད་རྒྱས་པར་ཤོག །མངོན་སུམ་རྨི་ལམ་ཉམས་ཀྱི་སྣང་བ་སྟེ། །སྐལ་བ་གང་དང་འཚམས་པའི་གནས་སྐབས་སུ། །ཕ་ཞལ་བུ་ཡིས་མཐོང་བའི་སྐལ་བཟང་གིས། །ཡིད་ལ་བདེ་བའི་ངལ་བསོ་ཐོབ་པར་ཤོག །འདི་ནས་སྐྱེ་ཀུན་འཇམ་མགོན་ཡབ་སྲས་ཀྱི། །སྲས་སུ་གྱུར་ནས་བཀའ་བཞིན་བསྒྲུབ་པ་དང་། །དོན་ཡོད་རྣམ་བཞིའི་མཆོད་པས་མཉེས་བྱེད་ཅིང་། །ལྷུན་གྲུབ་ཕྲིན་ལས་རྒྱུན་བཟང་སྐྱོང་བར་ཤོག །མདོར་ན་མཁའ་མཉམ་འགྲོ་བ་མ་ལུས་པ། །སྟོན་མཆོག་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཀུན་སྦྱངས་ཏེ། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །སྐྱབས་གནས་རྒྱ་མཚོའི་ཐུགས་རྗེའི་བྱིན་རླབས་དང་། །ཆོས་དབྱིངས་འགྱུར་མེད་ཆོས་ཅན་བསླུ་མེད་དང་། །ལྷག་བསམ་རྣམ་པར་དག་པའི་བདེན་མཐུ་ཡིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་རྩ་བརྒྱུད་བླ་མའི་བྱིན་རླབས་ཟབ་མོའི་སྤྲིན་ཆེན་འཁྲིགས། །ཡི་དམ་ལྷ་ཚོགས་ཞི་ཁྲོ་དུ་མའི་མཆོག་ཐུན་དངོས་གྲུབ་ཆར་དུ་འཇོ། །དམ་ཅན་རྒྱ་མཚོས་རྣམ་བཞིའི་ཕྲིན་ལས་གློག་གི་འཕྲུལ་ལས་མྱུར་བ་ངོམ། །སྲིད་ཞིའི་དགེ་ལེགས་ཕ་མཐའ་ཡས་པས་རྟག་བརྟན་འབྱོར་པའི་བཀྲ་ཤིས་ཤོག །ཅེས་པའང་རྒྱལ་བསྟན་རིན་པོ་ཆེ་ཡོངས་སུ་རྫོགས་པའི་མངའ་བདག །མཁས་པའི་གཙུག་རྒྱན། གྲུབ་པའི་ཁྱུ་མཆོག་ཆེན་པོར་གྱུར་པ། ཐུགས་རྗེ་དང་བཀའ་དྲིན་མཚུངས་པ་མ་མཆིས་པའི་ཆོས་ཀྱི་རྗེ། བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་དུས་གསུམ་གྱི་རྟོགས་པ་བརྗོད་པ་བྱིན་རླབས་རྒྱ་མཚོ་ངོ་མཚར་གྱི་གཏེར་མཛོད་ཅེས་བྱ་བ་འདི་ཡང་སྤྱིར་ལོ་ཁམས་ཀྱི་ཟླ་ཚེས་འདི་འདྲ་ལ་མཛད་པ་འདི་ལྟར་མཛད་བྱ་བའི་ཞར་བྱུང་དང་བཅས་པ་གཙང་སིང་ངེ་བ་ཞིག་རྣམ་ཐར་འགའ་ཞིག་ལས་འབྱུང་བ་དེ་འདྲ་ཞིག་བྱུང་ན་ཡིད་ཆེས་ལ་སྒྲོས་གཙང་བ་ཞིག་འབྱུང་བ་གཞིར་བཅས་ཀྱང་། རྗེ་ཉིད་རྟག་ཏུ་དམན་ས་ཁོ་ན་བཟུང་ཞིང་། འདི་འདྲ་བཀོད་རྒྱུའི་སྤྲོས་པ་ཡེ་མི་མཛད་ལ་ཕལ་ཆེར་སྒྲུབ་པ་ལ་ཐུགས་བརྩོན་ཤུགས་དྲག་པས་ལོང་སྐབས་མེད་པ་དང་། སྐུ་ཁམས་ཅུང་གསེང་བའི་དུས་ཀྱང་ཆོས་འཆད་པ་དང་། སྐུ་བཅར་ཞུ་མཁན་མང་པོས་ཐུགས་བྲེལ་ཆེ་བ་དང་། ཞལ་སྔ་ནས་ཀྱང་རེས་ཞུས་ཀྱང་མི་གསུངས་ལ། རེས་མ་ཞུས་ཀྱང་ཅུང་རེ་གསུངས་བ་ཞིག་ཡིན་པས། སྔ་མོར་ལན་འགའ་ཞུས་ཀྱང་མ་གནང་སྟབས། ད་གདོད་སྐབས་སུ་བབ་པ་ཞིག་བྱུང་ཚེ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བའི་བཀའ་དྲིན་ཞུ་བའི་གོ་སྐབས་ཤིག་ནམ་རྙེད་སྙམ་ཞིང་། འདི་ལོ་ལྟ་བུ་སླད་ཆར་ཡང་དངོས་མཇལ་ཞིག་བྱུང་ན་གསུངས་བར་དེ་ལྟར་དུ་འགྱུར་ངེས་སྙམ་པ་ལ་དེ་འདྲའི་བསོད་ནམས་ཀྱང་ཕྲ་བར་སོང་སྟབས་ཉབ་ཉོབ་ཞིག་ལས་མེད་ཅིང་དང་པོར་རེ་གཉིས་གསུངས་པ་ལ། བསྙེལ་ཐོ་བྱས་པས་དེ་འདྲ་ཁོ་བོའི་སྲོག་ལ་རི་མོ་བྲི་བ་ཡིན་ཞེས་བཀའ་བཀྱོན་པ་གནང་བས་དེ་ནས་གཏན་མ་སྤོབས་ཀྱང་འགངས་ཆེ་རིགས་རྣམས་ཡིད་ལ་ཤིན་ཏུ་ངེས་པར་བྱས་པའི་ཕྱིར་ནོར་འཁྲུལ་ཅུང་ཟད་ཀྱང་མེད་ལ། ཐུན་མོང་བའི་རིགས་རྣམས་ཀྱང་སྐུ་ལ་བཅར་ཡུན་རིང་ཕྱིར་དོན་རེ་རེའང་ལན་དུ་མར་ཐོས་པ་མང་ཞིང་གཞན་ལས་བརྒྱུད་པའང་དཔྱོད་ལྡན་གྱི་ཞལ་ལས་འོངས་པ་བདེན་ངེས་ཀྱི་རིགས་ཁོ་ན་ལས་མ་བསྡུས་པས་སྒྲོ་སྐུར་དང་བྲལ་བ་ཡིན་ཁུལ་དང་། ཁྱད་པར་དུ་ཟློས་སྐྱོན་སོགས་ལ་ཆེར་མ་འཛེམ་པར། མཆོག་དམན་ཐམས་ཅད་ཀྱིས་གོ་སླ་ཉན་བདེའི་ཚུལ་ཅུང་རྒྱས་སྤྲོས་ལྟ་བུར་བཀོད་པ་འདི་ནི། རང་ལ་འདི་འདྲ་རྩོམ་འོས་ཀྱི་ཡོན་ཏན་ཆེས་ཕྲ་ཡང་དད་མོས་དང་འགྲོགས་ཡུན་རིང་བ་ཙམ་གྱི་ཡུལ་བཟུང་ནས་འདི་ལྟར་བྱས་དོན་ཡོད་མེད་ཀྱི་ཐེ་ཚོམ་དུ་གྱུར་པ་ན་རྗེ་ཉིད་ཀྱི་སློབ་མ་ས་སྐྱ་དགེ་བཤེས་ངག་དབང་ཆོས་གྲགས་དང་། ཕྱག་མཛོད་ཨ་བསོད་སོགས་དུ་མས་ལྷ་རེག་རིན་ཆེན་གཉིས་པའི་རྟེན་དང་བཅས་ཏེ་བསྐུལ་ཞིང་། སླར་ཡང་བསྟན་པའི་མངའ་བདག་རྒྱལ་བའི་རྒྱལ་ཚབ་ཆེན་པོ་སྐྱབས་གཅིག་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱང་ལྷ་རྫས་ཨའུ་ཤེ་དང་རིན་གཉིས་འཁོར་ལོ་རྒྱལ་སྲིད་ཀྱི་གྲངས་ལྡན་བཅས་བཀའ་དྲིན་སྩལ་ནས། རྗེ་བླ་མའི་རྣམ་ཐར་སྒྲོ་སྐུར་དང་བྲལ་བ་ཞིག་འཕྲལ་དུ་གྱིས་ཤིག་ཅེས་ཕེབས་པའི་བཀའ་ལུང་རིན་པོ་ཆེ་སྤྱི་བོར་བཅིངས་ཏེ། ཆུ་ནང་གི་རྡོ་བའི་དཔེར་སོང་བ་མ་གཏོགས་མི་ལོ་བཅུ་ཕྲག་ལྷག་ཙམ་ལ་རྗེ་བླ་མ་འདི་ཉིད་ཀྱི་ཞབས་ལ་གུས་པས་བསྟེན་པ་ལས་མི་འཕྲོག་པའི་དད་པ་བརྟན་པོར་ཐོབ་པ། རི་སུལ་གྱི་བན་རྒན་ངག་དབང་ཀུན་དགའ་དབང་ཕྱུག་གམ། འཕྲལ་མིང་ལ་ཕྲིན་ལས་ཆོས་འཕེལ་དུ་འབོད་པས་ཆུ་སྦྲུལ་ལོའི་ཁྲ་ཟླ་བའི་ཚེས་གསུམ་ལ་དབུ་བཟུང་ནས་ཐུན་གསེང་རྣམས་སུ་རིམ་བཞིན་བྲིས་ཏེ། མཐར་རྗེ་བླ་མ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་ཟླ་བ་དྲུག་ལྷག་ཙམ་སོང་བ་ཆུ་སྟོད་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། མདོ་སྟོད་སྐྱུ་རའི་སའི་ཆར་དཔལ་གྱི་ཐང་ཆེན་པོ་ཀུན་ནས་ཡངས་པའི་གཡས་ཟུར་རང་གནས་བྲག་རི་མེ་འབར་གྱི་རི་ཁྲོད་དུ་ཡོངས་སུ་རྫོགས་པར་གྲུབ་པར་བགྱིས་ཏེ་སྡེ་གཞུང་དུ་ཕུལ་བར་པར་དུ་བཀོད་ཟིན་མོད་ཞུ་དག་ཞིབ་པར་མ་བྱུང་འདུག་པས་ཡིག་སྐྱོན་མང་ཞིང་། ཁྱད་པར་དུ་ཚིགས་བཅད་ལྷུག་གཞུང་སོ་སོར་བྱས་སྟབས་བསམ་ཚོད་འབྲེལ་ཆགས་ཤིག་མ་བྱུང་བར་བརྟེན། སླད་ནས་པར་གསར་དུ་བརྐོ་བཞེད་ཀྱིས། རྗེ་བླ་མའི་སྐུའི་མཆེད་ཟླ་ཉེ་གནས་རྣམས་ཀྱིས་གསུང་བསྐུལ་གནང་བ་ལྟར། ཞུ་དག་དང་འབྲེལ་གསར་འཇུག་ཁ་ཤས་བཅས། གོང་སྨོས་རྩོམ་པ་པོ་ཉིད་ཀྱིས་གནས་ཀྱང་དེ་ཉིད་དུ། ཤིང་མོ་ལུག་ལོ་དབོ་ཟླ་བའི་བཟང་པོ་དང་པོར་གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་ལེགས་པར་གྲུབ་པ་འདིས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།༈རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ནག་པོ་ཆེ། །དམ་ཅན་སྲུང་མ་སྤྱི་དང་ཁྱད་པར་དུ། །བཀའ་སྡོད་དྲག་རྩལ་ཐོགས་མེད་ཙིའུ་དམར་རྗེས། །རྟག་ཏུ་བཀའ་འདིས་བྱ་ར་མ་གཡེལ་ཅིག །༈། །ༀ་སྭ་སྟི། འཇ༵མ་མགོ༵ན་དབྱངས་ཅན་འཕགས་མས་རྗེས་བཟུང་བས། །མཁས་ཀུན༵་དག༵འ་བའི་མཁྱེན་གཉིས་གཏེར་གྲོལ་ཞིང་། །བཤད་སྒྲུབ་བསྟ༵ན་པ༵འི་རྒྱལ༵་མཚ༵ན་འཛིན་མཁས་པ། །རྗེ་བཙུན་བླ་མའི་ཞབས་པད་གཙུག་ན་རྒྱལ། །སྡོམ་གསུམ་ཚུལ་ཁྲིམས་ཕུང་པོ་རྣམ་པར་དག །ཐོས་བསམ་སྒོམ་གསུམ་ཇི་བཞིན་མཐར་དབྱུང་སྟེ། །རྒྱུད་གསུམ་དབྱེར་མེད་གནས་ལུགས་མངོན་གྱུར་སླད། །དུས་གསུམ་རྒྱལ་བའི་རྒྱལ་ཚབ་གཅིག་པུར་ངེས། །མང་ཐོས་སྦྱངས་པའི་ཕུལ་ཕྱིན་མཁས་པའི་དབང་། །རྩེ་གཅིག་སྒྲུབ་པས་དངོས་གྲུབ་མཆོག་བརྙེས་ཤིང་། །འབྲེལ་ཚད་དོན་ལྡན་འཕྲིན་ལས་རླབས་ཆེ་བ། །འཁོར་ལོ་གསུམ་ལྡན་རྣམ་ཐར་སྤྱི་ཡི་སྡོམ། །དུས་འདིར་སྐྱེས་མཆོག་འདི་ལ་འགྲན་བཟོད་པའི། །མཁས་གྲུབ་དམ་པའི་སྐྱེས་བུ་ཡོད་གྱུར་ན། །དཔྱོད་ལྡན་མཁས་པའི་ཡིད་ལ་མཛའ་བ་ཡི། །ཡ་མཚན་རྣམ་ཐར་བསྒྲག་པའི་དུས་ལ་བབ། །གཞན་དུ་ཕྱོགས་རེའི་མིག་ཅན་རང་འདོད་ཀྱིས། །སྒྲོ་སྐུར་གཏམ་གྱིས་ནམ་མཁའ་འགེངས་བགྱིད་མོད། །མཁས་པའི་མདུན་སར་འཕྱར་དུ་མི་རུང་བས། །མི་མཁས་མུ་ཅོར་སྨྲ་རྣམས་བག་ཡོད་མཛོད། །མགོན་དེའི་ཐུགས་སྲས་མཁས་པའི་དབང་པོ་དེས། །སྡེབ་ལེགས་ཚིག་སྦྱོར་མེ་ཏོག་མཛེས་འབར་བའི། །བླ་མའི་རྣམ་ཐར་བྱིན་རླབས་རྒྱ་མཚོ་ཆེ། །ངོ་མཚར་གཏེར་གྱི་བང་མཛོད་རྣམ་པར་ཕྱེ། །ཨེ་མ་བླ་མའི་རྣམ་ཐར་ཟླ་མེད་འདིས། །འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ས་སྐྱ་པའི། །གསང་ཆེན་ཆོས་ཀྱི་ཟབ་ཁྱད་ཤེས་པ་དང་། །བརྒྱུད་འཛིན་དབུ་འཕང་དགུང་ལ་རེག་པར་བྱས། །དེ་སླད་སྐལ་བཟང་དད་པའི་གསལ་འདེབས་དང་། །འབྲེལ་བཅས་ཡང་དག་ལམ་ལ་བཀྲི་བའི་ཕྱིར། །གཅིག་ལས་དུ་མའི་སྣང་བརྙན་འཆར་བཟོད་པའི། །མི་ཟད་ཆོས་སྦྱིན་ཕྱི་མོར་རྣམ་པར་བསྐྲུན། །འདིར་འབད་ལས་བྱུང་རྣམ་དཀར་ལེགས་བྱས་ཀྱིས། །བདག་གཞན་འབྲེལ་ཐོགས་གཙོར་བྱས་ཡིད་ཅན་ཀུན། །སྐྱེ་ནས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །དཔལ་མགོན་བླ་མས་རྗེས་སུ་འཛིན་གྱུར་ཅིག །དེར་ཡང་མི་ཕྱེད་དད་པའི་མོས་གུས་ཀྱིས། །གཡོ་མེད་དོན་ཡོད་རྣམ་བཞིའི་མཆོད་སྤྲིན་གྱིས། །འཁོར་ལོའི་མགོན་པོ་ལེགས་པར་མཉེས་བྱས་ནས། །ཐུགས་ཡིད་གཅིག་འདྲེས་མངོན་འཚང་རྒྱ་བར་ཤོག །རྗེ་བཙུན་མཆོག་གི་སྲི་ཞུ་བྱེད་པོ་ཡང་། །རྨད་བྱུང་རིང་འཚོའི་དཔ༵ལ་དང་ལྡ༵ན་གྱུར་ཏེ། །ཆོས་དང་སྲིད་པའི་ཕུ༵ན་ཚོག༵ས་ཇི་སྙེད་པ། །ཡར་ངོའི་ཟླ་བཞིན་རྣམ་པར་འཕེལ་གྱུར་ཅིག །སྐྱེ་འགྲོ་ཐམས་ཅད་བསམ་སྦྱོར་རབ་དགེ་བས། །ནད་མཚོན་མུ་གེའི་རྒུད་པ་ཀུན་ཞི་ཞིང་། །ཕྱོགས་ཀུན་འབྲུ་དང་ཕྱུགས་ཀྱིས་ཡོངས་གང་ནས། །རྟག་ཏུ་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །བསྟན་འཛིན་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས། །དགེ་འདུན་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ། །ཆོས་སྐྱོང་རྒྱལ་པོའི་ཁྲིམས་བཙན་མངའ་ཐང་དར། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའི་པར་བྱང་འདི་ནི་རྗེ་བླ་མའི་ཕྱག་མཛོད་རྣམ་གཉིས་ཀྱིས་རྒྱང་རིང་མོ་ནས་བསྐུལ་བར་བརྟེན་སྐྱབས་རྗེ་ཐམས་ཅད་མཁྱེན་པའི་བཀའ་འབངས་ཀྱི་ཐ་ཤལ་དྲུང་ཡིག་ཏུ་གཏོགས་པ་ཀུན་བཟང་ཆོས་ཀྱི་ཉི་མས་གུས་པའི་ཡིད་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།


previousམ་འོངས་པའི་རྟོགས་བརྗོད།next