Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
  
  
གཅིག་དུ་བྲལ་གྱི་གཏན་ཚིགས་བཤད་པ།
  
  
  
  
  
  
  
 
  
  
  
  
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousགཅིག་དུ་བྲལ་གྱི་གཏན་ཚིགས་བཤད་པ།next

གཅིག་དུ་བྲལ་གྱི་གཏན་ཚིགས་བཤད་པ།


GLG013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དུ་བྲལ་གྱི་གཏན་ཚིགས་བཤད་པ། རྩ་བའི་གསུམ་པ་འགྲེལ་པ་འཆད་པ་ལ། བསྡུས་པའི་དོན། དགོས་པའི་དོན། རྩོད་པ་སྤང་བ། ཚིག་གི་དོན་ནོ། །དང་པོ་ནི། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་སོགས་ཚིགས་སུ་བཅད་པ་འདིས་ནི་ཆོས་ཅན། ཡུམ་གྱི་ཡོན་ཏན་འདིའི་ཆེ་བའི་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་དེ། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པའི་ཕྱིར། གཉིས་པ་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། དང་པོ་ལ། དད་པ་སྐྱེ་ཚུལ་དང་། དེ་ལས་དོན་གཉེར་གྱི་འདུན་པ་སྐྱེ་བ་དང་། དེ་ལས་ཞུགས་ནས་འབྲས་བུ་འཐོབ་ཚུལ་ལོ། །དང་པོ་ལ། དབང་རྟུལ་དད་པ་སྐྱེ་ཚུལ། དབང་རྣོན་དད་པ་སྐྱེ་ཚུལ་ལོ། །དང་པོ་ནི། མཆོད་བརྗོད་དེ་ཐོས་པས་རྐྱེན་བྱས་ནས་དུས་རེ་ཞིག་གདུལ་བྱ་དད་པའི་རྗེས་སུ་འབྲང་བ་རྣམས་ནི་ཆོས་ཅན། ཡུམ་ལ་རབ་ཏུ་དང་བ་སྐྱེ་སྟེ། ཡུམ་འདི་ལ་ཡོན་ཏན་ཡོད་སྙམ་ཐེ་ཚོམ་མེད་


GLG013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་མྱུར་དུ་དད་པ་སྐྱེ་བའི་ཕྱིར། གཉིས་པ་ལ། དངོས་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། དབང་རྟུལ་དུ་མ་ཟད་གདུལ་བྱ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་ཅན། མཆོད་བརྗོད་ཐོས་པས་ཡུམ་དེ་ལ་རབ་ཏུ་དང་བ་སྐྱེད་པར་བྱེད་པ་ཉིད་ཡིན་ཏེ། དེ་ཐོས་པས་རྐྱེན་བྱས་ནས་གཞི་དང་ལམ་དང་རྣམ་པ་བདེན་པའི་སྐྱེ་བ་མེད་པ་ཡོངས་སུ་ཤེས་པའི་ཡེ་ཤེས། མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་བརྗོད་བྱའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་ཡོད་མེད་བརྟགས་པས་མ་མཐོང་ནས་དང་བ་སྐྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཚད་མ་གང་གིས་གྲུབ་པ་ཡོད་དེ། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། ཞེས་བྱ་བ་དང་། རྡོ་རྗེ་གཟེག་མའི་གཏན་ཚིགས་ལ་སོགས་པའི་ཚད་མས། དང་པོར་ཚོགས་ལམ་གྱི་གནས་སྐབས་སུ་གྲུབ་ཅིང་། དེའི་དོན་བསྒོམས་པས་ལམ་ཤེས་དང་རྣམ་མཁྱེན་རིམ་གྱིས་འཐོབ་པའི་ཕྱིར། གདུལ་བྱ་དབང་རྣོན་དེ་ཆོས་ཅན། ཡུམ་ལ་དང་བ་སྐྱེ་ཚུལ་ཡོད་དེ། ཁྱོད་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ལམ་གྱི་ཚུལ་ལུགས་གསུམ་པ་ཅན་ནི་གདོན་མི་ཟ་བར་སྲིད་པ་ཉིད་དོ་ཞེས་དེའི་ངོ་བོ་ལ་དང་བ་སྐྱེ་བ་དང་། སངས་རྒྱས་འཕགས་པ་ལ་སོགས་པ་སྲས་འཕགས་བཞི་སྐྲུན་པར་མཛད་པ་ལ་ཡང་སྔར་བཞིན་ངེས་པར་བཟུང་སྟེ། དེའི་ནུས་པ་ལ་དད་པ་སྐྱེ་བའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། སློབ་དཔོན་གྱི་བཞེད་པའི་རྟགས་ཀྱི་དགག་བྱའི་ཆོས་ངོས་གཟུང་བའི་སྐབས་འདིར། ཁ་ཅིག །རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱའི་ཆོས་ཡིན་ཟེར་ན། མི་འཐད་པར་ཐལ། རང་གི་མཚན་ཉིད་


GLG013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གྲུབ་པ་ཡོད་པའི་ཕྱིར་ཏེ། རང་རྒྱུད་ཀྱི་གཏན་ཚིགས་ཡོད་པའི་ཕྱིར་ཏེ། སློབ་དཔོན་སེང་གེ་བཟང་པོས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པར་ཐལ། ཁྱོད་དབུ་མ་རང་རྒྱུད་པ་ཡིན་པའི་ཕྱིར། གཞན་ཡང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་ཡོད་པའི་ཕྱིར། དེར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་དེ་མདོ་སྡེ་པས་དོན་དམ་དུ་ཡོད་པར་འདོད་པ་དང་། དབུ་མ་པས་ཀུན་རྫོབ་ཏུ་ཡོད་པར་འདོད་པའི་གཞི་མཐུན་པ་ཡིན་པའི་ཕྱིར། དེར་ཐལ། འཇུག་འགྲེལ་ལས། དེའི་ཕྱིར་ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱིས་དོན་དམ་དུ་ཡོད་པར་སྨྲ་བ་དེ་ཉིད། དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དེ་ཞེས་པའི་ཁ་ཅིག་དེ་རང་རྒྱུད་པ་ལ་བྱེད་རིགས་པའི་ཕྱིར། ཁ་ཅིག །རྟོག་པའི་དབང་གིས་བཞག་པ་ཙམ་མ་ཡིན་པའི་ཡོད་པ་དེ། གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རྟགས་ཀྱི་དགག་བྱའི་ཆོས་ཡིན་ཟེར་ན་མི་འཐད་པར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། གཟུགས་སོགས་རྟོག་པའི་དབང་གིས་བཞག་ཙམ་མ་ཡིན་པའི་ཕྱིར། དེར་ཐལ། གཟུགས་སོགས་འཛིན་པའི་རྟོག་པ་གཟུགས་སོགས་སྒྲུབ་བྱེད་ཀྱི་ཚད་མ་མ་ཡིན་པའི་ཕྱིར། གཞན་ཡང་། ཐལ་རང་གཉིས་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ངོས་འཛིན་ཚུལ་ལ་ཁྱད་པར་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཉིད་གཟུགས་སོགས་རྟོག་པའི་དབང་གིས་འཇོག་ཚུལ་ལ་ཁྱད་པར་མེད་པར་ཐལ། འདོད་མི་ནུས་སོ། །ཁ་ཅིག །གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་བདེན་པའི་དུ་མ་


GLG013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་དུ་མེད་པའི་ཕྱིར། ཞེས་པ་གཞུང་འདིའི་དངོས་བསྟན་གྱི་སྦྱོར་བ་ཡིན་ཟེར་ན། མི་འཐད་པར་ཐལ། གཞི་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་པ་གཞི་བདེན་པའི་སྐྱེ་མེད་ལ་འཆད་མི་རིགས་པའི་ཕྱིར། དེར་ཐལ། གཞི་གང་ཟག་གི་བདག་གི་སྐྱེ་བ་མེད་པ་ལ་འཆད་པར་རྣམ་བཤད་ལས་གསུངས་པའི་ཕྱིར། རོང་ཊཱིཀ་པས། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གཞི་ཤེས་ཡིན་ན་ཐེག་དམན་གྱི་གཞི་ཤེས་ཡིན་པས་ཁྱབ་པ་སྐབས་འདིར་བཤད་པ་དང་ཁྱད་པར་མེད་པར་འདོད་བཞིན་དུ། གཅིག་དུ་བྲལ་གྱི་རྟགས་ཀྱིས་གཞི་བདེན་པའི་སྐྱེ་མེད་ཀྱི་དོན་དུ་འཆད་པ་དང་། ཆོས་ཀྱི་བདག་མེད་རྟོགས་པའི་ཐེག་དམན་འཕགས་པ་གཏན་མེད་དུ་ཁས་ལེན་པ་འདི་ལ། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གཞི་བདེན་པའི་སྐྱེ་མེད་དུ་རྟོགས་པའི་གཞི་ཤེས་ཡོད་པར་ཐལ། གཞི་སྐྱེ་བ་མེད་པ་ཞེས་པའི་དོན་བདེན་པའི་སྐྱེ་མེད་ལ་འཆད་རིགས་པ་གང་ཞིག །གཞུང་གཉིས་པོའི་སྐབས་ནས་དངོས་སུ་བསྟན་པའི་གཞི་ཤེས་གཉིས་དོན་གཅིག་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་དམན་གྱི་གཞི་ཤེས་ཡིན་པར་ཐལ། ཚིགས་རྐང་སྔ་མས་དངོས་སུ་བསྟན་པའི་གཞི་ཤེས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཐེག་དམན་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་ཐལ། འདོད་པའི་ཕྱིར། བསལ་བ་ཡང་དངོས་སོ། །ཁ་ཅིག །རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱང་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དང་བ་སྐྱེའོ་ཞེས་པའི་གཞུང་འདིས། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྟུལ་ཡུམ་མཁྱེན་གསུམ་ལ་དང་བ་སྐྱེ་ཚུལ་བསྟན་པ་ཡིན་ཟེར་ན། འོ་


GLG013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྟུལ་དེས་ཡུམ་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པ་ཐོས་མ་ཐག་ཏུ་ཡུམ་མཁྱེན་གསུམ་ལ་ངོ་བོ་དང་ནུས་པའི་ཡོན་ཏན་འདི་ལྟ་བུ་ཡོད་ངེས་སྙམ་དུ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དང་བ་སྐྱེ་བ་ཡིན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེས་མཁྱེན་གསུམ་ལ་ངོ་བོ་དང་ནུས་པའི་ཡོན་ཏན་ཡོད་མེད་ལེགས་པར་བརྟགས་ནས་ཡོད་པ་ལ་གནོད་པ་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་དང་བ་སྐྱེ་བའི་ཕྱིར། དེར་ཐལ། དེ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་དེར་ཐལ། ཁྱོད་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། ཁ་ཅིག །བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དང་བྲལ་བ་དེ། གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་ན། བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། བདེན་པའི་གཅིག་ཀྱང་ཡོད། བདེན་པའི་དུ་མ་ཡང་ཡོད་པའི་ཕྱིར། དང་པོ་ཡོད་པར་ཐལ། བུམ་པའི་ཆོས་ཉིད་བདེན་པའི་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བདེན་པ་ཡིན་པ་གང་ཞིག །གཅིག་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཀ་བའི་ཆོས་ཉིད་དང་བུམ་པའི་ཆོས་ཉིད་བདེན་པའི་དུ་མ་ཡིན་པའི་ཕྱིར། དེར་ཐལ། བདེན་པ་གང་ཞིག །དུ་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཆོས་ཉིད་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། ཐ་དད་ཡིན་པའི་


GLG013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁ་ཅིག །བདེན་པར་གྲུབ་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པ་དེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར་ན། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་གྲུབ་པའི་གཅིག་དང་དུ་མ་གང་རུང་དུ་གྲུབ་པར་ཐལ། དུ་མར་གྲུབ་པའི་ཕྱིར། དུ་མ་ཡིན་པའི་ཕྱིར། ཐ་དད་ཡིན་པའི་ཕྱིར། ཁ་ཅིག །ཡོད་ན་གཅིག་དང་དུ་མ་གང་རུང་ཡིན་པས་ཁྱབ་པ་འཇལ་བའི་ཚད་མས་བདེན་པར་ཡོད་ན་བདེན་པའི་གཅིག་དང་དེའི་དུ་མ་གང་རུང་གིས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་པ་ཡིན་ཟེར་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་པའི་ཚད་མ་དེས། སྒྲ་བྱས་ན་སྒྲ་མི་རྟག་ཡིན་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེས། སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་གསར་དུ་མི་གཅོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲ་རྟག་པ་མ་ཡིན་པ་ལ་གསར་དུ་མི་བསླུ་བའི་རིགས་པ་མ་ཡིན་པར་ཐལ་ལོ། །གལ་ཏེ་ཁོ་ན་རེ། ཡོད་ན་གཅིག་དང་དུ་མ་གང་རུང་ཡིན་པས་ཁྱབ་པ་འཇལ་བའི་ཚད་མ་དེས། བདེན་པར་ཡོད་ན་བདེན་པའི་གཅིག་དང་དེའི་དུ་མ་གང་རུང་གིས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་པར་ཐལ། ཡོད་པ་ཡང་ཡིན། གཅིག་དང་དུ་མ་གང་རུང་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་འགོག་བྱེད་ཀྱི་ཚད་མ་དེས། བདེན་པར་ཡོད་པ་ཡང་ཡིན། བདེན་པའི་གཅིག་དང་དེའི་དུ་མ་གང་རུང་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་འཛིན་པའི་སྒྲོ་འདོགས་གཅོད་པའི་ཕྱིར། དེར་ཐལ། གཟུགས་བརྙན་གྱི་སྟེང་དུ་ཡོད་པ་ཡང་ཡིན། གཅིག་དང་དུ་མ་གང་རུང་མ་ཡིན་པ་


GLG013_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་པའི་གཞི་མཐུན་པ་འགོག་བྱེད་ཀྱི་ཚད་མ་དེས་གཟུགས་བརྙན་གྱི་སྟེང་དུ་བདེན་པར་ཡོད་པ་ཡང་ཡིན། བདེན་པར་གྲུབ་པའི་གཅིག་དང་དེའི་དུ་མ་གང་རུང་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་བརྗོད་པ་ལ་སྒྲོ་འདོགས་གཅོད་པའི་ཕྱིར། མ་གྲུབ་ན། རྣམ་བཤད་སྙིང་པོ་རྒྱན་ལས། གཞི་གཟུགས་བརྙན་གྱི་སྟེང་དུ་གཅིག་དུ་མ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་ངེས་པའི་ཚད་མ་དེས། གཅིག་དང་དུ་མའི་ཕུང་གསུམ་མི་སྲིད་པར་རྟོགས་པ་ན་གཞི་གཟུགས་བརྙན་གྱི་སྟེང་དུ་བདེན་གྲུབ་ཀྱི་གཅིག་དང་དུ་མའི་ཕུང་གསུམ་མི་སྲིད་པར་རྟོགས་པས་ངེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཞེ་ན་སྐྱོན་མེད་དེ། དེའི་དོནགཞི་གཟུགས་བརྙན་གྱི་སྟེང་དུ་གཅིག་དང་དུ་མ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་ངེས་པའི་ཚད་མ་དེའི་བྱེད་པ་ལ་བསྟེན་ནས་དེའི་སྟེང་དུ་བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མའི་ཕུང་གསུམ་མི་སྲིད་པར་རྟོགས་ནུས་ཞེས་པའི་དོན་ཡིན་ནོ། །ཁ་ཅིག །དབུ་མ་རྒྱན་ལས། ཡང་དག་ཤེས་འཚོལ་སྔོན་བཏང་ནས། དོན་དམ་རྣམ་པར་ངེས་གྱུར་པ། ཞེས་སོགས་ཀྱི་དོན་ལ་རིགས་པ་ལྟར་སྣང་གིས་རྣམ་བཤད་དུ་ཐེག་ཆེན་གྱི་ཚོགས་ལམ་གྱི་སྐབས་སུ་སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་དགོས་ཀྱི་རྒྱན་གྱི་གདུལ་བྱ་དབང་རྣོན་བཤད་པ་མི་རིགས་པར་སྨྲ་བ་མི་འཐད་དེ། དེ་ཡོད་པའི་ཕྱིར། དེར་ཐལ། ལམ་དུ་མ་ཞུགས་པའི་རྒྱན་གྱི་གདུལ་བྱ་དབང་རྣོན་དེ་དེ་ལྟར་རྟོགས་དགོས་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་ཐེག་ཆེན་གྱི་ཚོགས་ལམ་གྱི་གནས་སྐབས་སུ་སྟོང་ཉིད་སྔར་མ་རྟོགས་པ་


GLG013_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་རྟོགས་པའི་ཡེ་ཤེས་གསར་དུ་རྒྱུད་ལ་སྐྱེ་དགོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཐེག་ཆེན་གྱི་ཚོགས་ལམ་རྒྱུད་ལ་སྐྱེ་དགོས་གང་ཞིག །དེའི་གནས་སྐབས་ཀྱི་སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་ཐེག་ཆེན་གྱི་ཡེ་ཤེས་དེ། ཐེག་ཆེན་གྱི་ཚོགས་ལམ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེའི་སྐབས་སུ་སྟོང་ཉིད་ལ་ཚད་མར་སོང་བའི་ཐེག་ཆེན་གྱི་ཚོགས་ལམ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། ཡང་ཁ་ཅིག །སྐབས་འདིར་རྒྱན་གྱི་གདུལ་བྱ་དབང་རྣོན་ཡུམ་ལ་དང་བ་སྐྱེ་ཚུལ་བསྟན་གྱི། དེའི་རྒྱུ་མཚན་མ་བསྟན་ཟེར་བ་ཡང་མི་འཐད་དེ། རྒྱུ་མཚན་མེད་ནས་མ་བསྟན་པ་དང་། ཡོད་ནས་མ་བསྟན་པ་གཉིས་ཀ་མི་འཐད་པའི་ཕྱིར། དེར་ཐལ། རྒྱུ་མེད་རྐྱེན་མེད་དུ་དང་བ་སྐྱེ་བ་མི་འཐད་པས། རྒྱུ་མཚན་ཡོད་ལ། དེ་ཡོད་ན་སྐབས་འདིར་སྟོན་པ་སྐབས་སུ་བབ་པའི་ཕྱིར། གཉིས་པ་རང་ལུགས་ལ། སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེ་བ་ལ་དགག་བྱ་བདེན་གྲུབ་ཀྱི་དོན་སྤྱི་བློ་ཡུལ་དུ་ཤར་དགོས། དེ་མ་ཤར་ན་དེ་བཀག་པའི་མེད་དགག་བློ་ཡུལ་དུ་འཆར་མི་ནུས་ཏེ། དཔེར་ན་དགག་བྱ་བུམ་པའི་དོན་སྤྱི་བློ་ཡུལ་དུ་མ་ཤར་ན། དེ་བཀག་པའི་བུམ་མེད་བློ་ཡུལ་དུ་འཆར་མི་ནུས་པ་ལྟ་བུ་སྟེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། རྟགས་འགོད་པ་ནི། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། བདེན་པར་གྲུབ་པའི་གཅིག་དང་། བདེན་པར་གྲུབ་པའི་དུ་མ་གང་རུང་དུ་མེད་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན། ཚུལ་སྒྲུབ་པ་ལ་གཉིས་ཡོད་པའི་ཕྱོགས་


GLG013_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྒྲུབ་པ་ལ་ཡང་གཉིས་ལས། བདེན་གྲུབ་ཀྱི་གཅིག་བྲལ་དུ་སྒྲུབ་པ་ནི། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་གྲུབ་ཀྱི་གཅིག་ཏུ་མེད་དེ། ཆ་བཅས་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་གྲུབ་ཀྱི་གཅིག་ཡིན་ན། རང་གི་ཆ་ཤས་ལ་ལྟོས་མེད་ཀྱི་གཅིག་ཡིན་དགོས། དེ་ཡིན་ན་ཆ་བཅས་མ་ཡིན་དགོས་པའི་ཕྱིར། དེ་ཆོས་ཅན། ཆ་བཅས་ཡིན་ཏེ། ཡོད་པ་གང་ཞིག །ཆ་བཅས་ཆ་མེད་དངོས་འགལ་ཡིན། ཆ་མེད་ཤེས་བྱ་ལ་མི་སྲིད་པའི་ཕྱིར། བདེན་གྲུབ་ཀྱི་དུ་བྲལ་དུ་སྒྲུབ་པ་ནི། དེ་ཆོས་ཅན། བདེན་གྲུབ་ཀྱི་དུ་མར་མེད་དེ། བདེན་གྲུབ་ཀྱི་གཅིག་མེད་པའི་ཕྱིར། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ་མ་གང་རུང་དུ་མེད་ན་བདེན་པར་མེད་པས་ཁྱབ་སྟེ། བདེན་པར་ཡོད་ན་དེ་གང་རུང་དུ་ཡོད་དགོས་པའི་ཕྱིར་ཏེ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རྟགས་ཀྱི་དགག་བྱའི་ཆོས་ཡིན་ཏེ། དབུ་མ་སྣང་བ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་པ་འདོད། །ཅེས་པའི་ཁུངས་གསལ་བར་ཡོད་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །ལམ་མ་ཞུགས་ཀྱི་རྒྱན་གྱི་གདུལ་བྱ་དབང་རྣོན་ཆོས་ཅན། ཐེག་ཆེན་གྱི་ཚོགས་ལམ་གྱི་སྔ་རོལ་ཏུ་སྟོང་ཉིད་རྟོགས་པ་མ་ཡིན་པར་ཐལ། ཐེག་ཆེན་གྱི་ཚོགས་ལམ་གྱི་གནས་སྐབས་སུ་སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་དགོས་པའི་གང་ཟག་ཡིན་པའི་ཕྱིར་ན་


GLG013_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྱབ། འོ་ན། དེ་ཆོས་ཅན། ཐེག་ཆེན་གྱི་ཚོགས་ལམ་གྱི་སྔ་རོལ་ཏུ་ཡོན་ཏན་མ་ཐོབ་པར་ཐལ། ཐེག་ཆེན་གྱི་ཚོགས་ལམ་གྱི་གནས་སྐབས་སུ་ཡོན་ཏན་གསར་དུ་འཐོབ་དགོས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེས་ཐེག་ཆེན་གྱི་ཚོགས་ལམ་གྱི་གནས་སྐབས་སུ་སྔར་སྟོང་ཉིད་རྟོགས་མ་མྱོང་བའི་ཕྱིར། ཁ་ཅིག །བདེན་པའི་གཅིག་དང་བདེན་པའི་དུ་མ་གང་རུང་དུ་མ་གྲུབ་པའི་རྟགས་ཀྱིས་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་ཕྱིར་རྒོལ་ཡང་དག་དེས། དེ་གང་རུང་དང་བྲལ་བ་བདེན་སྟོང་དང་། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བདེན་སྟོང་དུ་རྟོགས་ཏེ། རྟེན་འབྲེལ་ཡིན་ན་བདེན་མེད་ཡིན་པས་ཁྱབ། དཔེར་ན་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བཞིན། མྱུ་གུ་ཡང་རྟེན་འབྲེལ་ཡིན་ནོ། །ཞེས་པའི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབ་པའི་ཕྱིར་རྒོལ་དེས་རྟེན་འབྲེལ་དང་གཟུགས་བརྙན་བདེན་མེད་དུ་རྟོགས་པའི་ཕྱིར། དེར་ཐལ། དེས་རྟེན་འབྲེལ་ཡིན་ན་བདེན་མེད་ཡིན་པས་ཁྱབ་པ་གཟུགས་བརྙན་གྱི་སྟེང་དུ་རྟོགས་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་འདྲའི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་གི་ངོར། མྱུ་གུ་བདེན་མེད་དུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་འགོད་མི་དགོས་པར་ཐལ། དེ་རྟེན་འབྲེལ་དང་གཟུགས་བརྙན་བདེན་མེད་དུ་ཚད་མས་གྲུབ་ཟིན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་གཅིག་བདེན་མེད་དུ་ཚད་མས་གྲུབ་ན། དེའི་ཕྱོགས་ཁྱབ་དྲན་པར་བྱས་པ་ལ་བརྟེན་ནས་ཆོས་གཞན་བདེན་མེད་དུ་རྟོགས་ནུས་པས་ཁྱབ་པའི་ཕྱིར་ཏེ། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་གསུངས་པའི་ཕྱིར།


GLG013_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་ལས་དོན་གཉེར་གྱི་འདུན་པ་སྐྱེ་ཚུལ་ནི། ཤེས་བྱ་ཆོས་ཅན། རྒྱན་གྱི་གདུལ་བྱ་ཡུམ་ལ་དང་བ་སྐྱེས་པ་ལ་དགོས་པ་ཡོད་དེ། །ཡུམ་དེ་ལ་རབ་ཏུ་དང་བས་ཀྱང་དེའི་ཡོན་ཏན་འཕགས་བཞིའི་བཞེད་དོན་སྒྲུབ་པ་སོགས་མངོན་པར་འདོད་པའི་གང་ཟག་རྒྱན་གྱི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་། ཤེར་ཕྱིན་དེ་དང་དེ་བརྗོད་བྱར་ཡོད་པ་ལ་བརྟེན་པའི་གསུང་རབ་ཡུམ་གསུམ་རྣམས་ལ་ཤིན་ཏུ་གུས་པར་བྱེད་ཅིང་། དོན་གཉེར་གྱི་འདུན་པ་སྐྱེ་བའི་ཕྱིར། དེའི་གདུལ་བྱ་དབང་རྣོན་ཆོས་ཅན། དགོས་པ་གང་གི་དོན་དུ་དེ་སྐྱེ་བ་ཡོད་དེ། བརྗོད་བྱ་ཡོངས་སུ་རྫོགས་པ་དང་བཅས་པ་ལ་རྣམ་པ་ཐམས་ཅད་དུ་ཚིག་བཟུང་བ་ལ་སོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐྱེ་བའི་དོན་དུ་ཡིན་པའི་ཕྱིར། གསུམ་པ་དེ་ལ་ཞུགས་ནས་འབྲས་བུ་འཐོབ་ཚུལ་ནི། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། ཡུམ་ལ་དོན་གཉེར་གྱི་འདུན་པ་སྐྱེས་པ་ལ་དགོས་པ་ཡོད་དེ། དེ་སྐྱེས་པ་དེ་ནས་ཏེ། དེ་ལ་བརྟེན་ནས་ལེགས་པའི་མཆོག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། དོན་གཉེར་སྐྱེས་མ་ཐག་པ་དེར་ཐོབ་པ་མ་ཡིན་ཏེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་གསུམ་སྐྱེ་བའི་རིམ་གྱིས་ཐོབ་དགོས་པའི་ཕྱིར། གཉིས་པ་དོན་བསྡུ་ནི། བཅོམ་ལྡན་འདས་མ་མཁྱེན་གསུམ་ལ་རབ་ཏུ་དང་བའི་དད་པ་ནི་ཆོས་ཅན། ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། དེ་ལྟར་གོང་དུ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མའི་སྒོ་ནས་བསྟན་ཟིན་པ་དེའི་ཕྱིར། གསུམ་པ་རྩོད་པ་སྤོང་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཡུམ་དེ་ལ་མཁྱེན་གསུམ་གྱི་ཡོན་


GLG013_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བརྗོད་པའི་སྒོ་ནས་བསྟོད་པའི་རྒྱུ་མཚན་ཡོད་དེ། རྗེ་བཙུན་གྱིས་དོན་བརྒྱད་ཀ་ལ་བསྟོད་བཞེད་པ་ནི་གང་ཞིག །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི། དོན་མངོན་རྟོགས་བརྒྱད་ཉམས་ལེན་གྱི་ཚུལ་གྱིས་བསྡུས་ལ། བསྡུས་པ་དེ་ལྟར་ཐུགས་ལ་བཞག་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ལྟར་བསྟོད་པ་ལ་དགོས་པ་ཡོད་དེ། ཡུམ་མཁྱེན་པ་གསུམ་གྱིས་བསྡུས་པའི་དོན་བརྒྱད་པོ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་། མཁྱེན་གསུམ་དེས་ཀྱང་འཆད་པར་འགྱུར་བའི་ཚུལ་གྱིས་འཕགས་བཞིའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པར་སྒྲུབ་ནུས་པ་ཡིན་ནོ། །ཞེས་ཤེས་པར་འགྱུར་བའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། རོང་ཊཱིཀ་པ་ན་རེ། འཕགས་བཞིའི་མངོན་རྟོགས་ལ་མཁྱེན་གསུམ་དུ་བཞག་པ་ནི། མཁྱེན་གསུམ་གྱིས་རང་ཡིན་པའི་ཚུལ་གྱིས་བསྡུས་ལ། ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས་པ་དེ་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་དོན་ཡིན་ཟེར་བ་མི་འཐད་དེ། དེ་ལྟར་ན་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པ་དེ། མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་དོན་དུ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཁ་ཅིག །མངོན་པར་རྟོགས་བརྒྱད་པོ་གང་རུང་ཡིན་ན་མཁྱེན་གསུམ་གང་རུང་ཡིན་པས་ཁྱབ་པ་དེ་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་དོན་ཡིན་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྙིང་


GLG013_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་ཏེ། གཞི་ལམ་རྣམ་མཁྱེན་གསུམ་པོ་རེ་རེ་ནས་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཐེག་དམན་གྱི་རྟོགས་རིགས་སུ་མི་གནས་པའི་ཕྱིར། གཉིས་པ་དེར་ཐལ། ལམ་ཤེས་ཐོབ་པ་ལ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གསུམ་པ་སྒྲུབ་མི་དགོས་སོ། །ཁ་ཅིག །མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུས་མངོན་པར་རྟོགས་པ་བརྒྱད་བསྡུས་པ་དེ། མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་དོན་ཡིན་ཟེར་ན། མི་འཐད་དེ། དེ་སུམ་ཅུ་སྡུད་བྱེད་ཀྱི་མཁྱེན་གསུམ་མ་ཡིན་པའི་ཕྱིར། ཁ་ཅིག །མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པ་མི་འཐད་པར་ཐལ། མཁྱེན་གསུམ་རྣམ་མཁྱེན་ཡིན་པའི་ཕྱིར། དེར་ཐལ། མཁྱེན་གསུམ་ཡིན་པ་ཡོད། དེ་ཡིན་ན་རྣམ་མཁྱེན་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། དང་པོ་དེར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ་མཁྱེན་གསུམ་ཡིན་པའི་ཕྱིར། ཟེར་ན། མཁྱེན་གསུམ་གཞི་ཤེས་ཡིན་པར་ཐལ། མཁྱེན་གསུམ་ཡིན་པ་ཡོད། མཁྱེན་གསུམ་ཡིན་ན། གཞི་ཤེས་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མཁྱེན་གསུམ་གྱི་རྣམ་པ་བསྒོམ་བྱའི་གཙོ་བོར་བྱེད་པའི་གང་ཟག་ཡིན་ན། གཞི་ཤེས་ཀྱི་རྣམ་པ་བསྒོམ་བྱའི་གཙོ་བོར་བྱེད་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་


GLG013_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར། རྩ་བར་འདོད་ན་གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོར་བྱེད་པའི་གང་ཟག་ཡིན་པར་ཐལ་ལོ། །ཁ་ཅིག །རྗེ་བཙུན་གྱིས་མཁྱེན་གསུམ་གྱི་སྒོ་ནས་ཡུམ་ལ་བསྟོད་པར་རྒྱུ་མཚན་དང་དགོས་པ་གཉིས་ཡོད་དེ། མཁྱེན་གསུམ་གྱིས་དོན་བརྒྱད་བསྡུས་པའི་རྒྱུ་མཚན་དང་། དོན་མངོན་པར་རྟོགས་བརྒྱད་པོ་གང་རུང་ཡིན་ན་མཁྱེན་གསུམ་གང་རུང་ཡིན་པས་ཁྱབ་པ་དེ་ཡིན་ཟེར་ན། མི་འཐད་དེ། དེ་གསུམ་གང་རུང་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། ཐེག་པ་གསུམ་པོ་གང་རུང་གི་མངོན་རྟོགས་དང་སོ་སྐྱེའི་མངོན་རྟོགས་ཀྱི་གཞི་མཐུན་ཡོད་པ་གང་ཞིག །རྣམ་རྫོགས་སྦྱོར་བ་སོགས་སྦྱོར་བ་བཞི་པོ་གང་རུང་དང་སོ་སྐྱེའི་མངོན་རྟོགས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དང་པོ་དེར་ཐལ། ཉན་ཐོས་ཀྱི་ཚོགས་ལམ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། དེ་ཐེག་པ་གསུམ་པོ་གང་རུང་གི་མངོན་རྟོགས་གང་ཞིག །སོ་སྐྱེའི་མངོན་རྟོགས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉན་ཐོས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཉན་ཐོས་ཚོགས་ལམ་པའི་མངོན་རྟོགས་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དམན་ལམ་སྔོན་མ་སོང་གི་བྱང་སེམས་ཀྱི་ཚོགས་ལམ་དེ་སྦྱོར་བཞི་གང་རུང་དང་སོ་སྐྱེའི་མངོན་རྟོགས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། བྱང་སེམས་ཀྱི་མཁྱེན་པ། རྣམ་རྫོགས་སྦྱོར་བ། སེམས་དཔའི་ལམ་ཤེས་སྦྱོར་བ། སེམས་དཔའི་རྣམ་མཁྱེན་སྦྱོར་བ། གོ་སྒྲུབ་རྣམས་དོན་གཅིག་པའི་ཕྱིར་རོ། །
གཉིས་པ་རང་ལུགས་ནི། དོན་མངོན་པར་རྟོགས་པ་བརྒྱད་པོ་གང་རུང་ཡིན་ན་མཁྱེན་གསུམ་གང་རུང་གི་བསྒོམ་བྱའི་རྣམ་པ་ཡིན་པས་ཁྱབ། ཚུལ་དེ་ལྟར་དུ་ཉམས་སུ་ལེན་པ་དེ་མཁྱེན་གསུམ་གྱིས་དོན་མངོན་རྟོགས་བརྒྱད་བསྡུས་པའི་དོན་ནོ། །རྩོད་པ་སྤོང་བ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། དེ་གསུམ་གྱིས་དེ་བརྒྱད་མ་བསྡུས་པའི་ཕྱིར། དེར་ཐལ། འཕགས་རྒྱུད་ཀྱི་མཁྱེན་པས་དེ་བརྒྱད་མ་བསྡུས་པའི་ཕྱིར། དེར་ཐལ། དེས་དེ་བརྒྱད་ཉམས་ལེན་གྱི་ཚུལ་གྱིས་མ་བསྡུས་པའི་ཕྱིར། དེར་ཐལ། རྣམ་རྫོགས་སྦྱོར་བ་ཉམས་སུ་ལེན་པའི་བྱང་སེམས་ཚོགས་ལམ་པ་དེས་དེ་བརྒྱད་ཉམས་སུ་མི་ལེན་པའི་ཕྱིར། དེར་ཐལ། དེ་འདྲའི་བྱང་སེམས་ཀྱི་ཚོགས་ལམ་དེ་དེ་བརྒྱད་ཉམས་སུ་ལེན་པའི་ཉམས་ལེན་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། འཕགས་རྒྱུད་ཀྱི་ཉམས་ལེན་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར་ན། མ་ཁྱབ་སྟེ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་ཉམས་སུ་ལེན་པའི་ཉམས་ལེན་ཡིན་ན། དེའི་རྒྱུད་ཀྱི་ཉམས་ལེན་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། དེ་འདྲའི་ཉམས་ལེན་ས་བཅུ་པའི་གནས་སྐབས་ན་ཡོད་པའི་ཕྱིར་དང་། སངས་རྒྱས་འཕགས་པ་རྣམ་མཁྱེན་ཉམས་སུ་ལེན་པ་པོ་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་རྣམ་མཁྱེན་སྒོམ་པ་པོ་མ་ཡིན་པའི་ཕྱིར། དེ་སྒོམ་པ་མཐར་ཕྱིན་པའི་གང་ཟག་ཡིན་པའི་ཕྱིར་རོ། །


previousགཅིག་དུ་བྲལ་གྱི་གཏན་ཚིགས་བཤད་པ།next