ཆོས་མངོན་མཛོད་ཀྱི་བསྡུས་དོན།
༄༅། །ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །
ཚོགས་གཉིས་རིན་ཆེན་ལས་གྲུབ་སྐུ། །དབྱངས་ཀྱིས་སྐྱེ་དགུ་ཚིམ་མཛད་གསུང༌། །སྒྲིབ་བྲལ་ཏིང་འཛིན་འབུམ་བཀྲའི་ཐུགས། །འགྲོ་འདྲེན་ཤཱཀྱ་སེང་གེར་འདུད། །ཨ་བྷི་མངོན་ཕྱོགས་ལ་སོགས་ལ། །ཆོས་ཀྱང་རྣམ་བཤད་རིག་པ་ལས། །ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་མཐོ་རིས་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །སྤངས་རྟོགས་ཕུན་ཚོགས་རང་གི་དོན། །འགྲོ་བ་དྲངས་པ་གཞན་གྱི་དོན། །ཆོས་སྟོན་འཕྲིན་ལས་ཕུན་ཚོགས་ཏེ། །འདི་དང་གཉིས་པའི་ཁྱད་པར་དཔྱད། །སངས་རྒྱས་བཅོམ་ལྡན་འདས་ཞེས་པ། །ཟློས་མིན་ཉེ་ཚིག་གུས་ཕྱིར་དང༌། །འདུལ་བ་བཤད་རྣམ་བསེ་རུ་དང༌། །སྐྱེ་མཐའི་སེམས་དཔར་རིམ་གདགས་ཕྱིར། །མུན་པ་བཅོམ་ཚུལ་འའི་མཐའ་ཅན། །འདིའི་ཞེས་དྲུག་པའི་འབྲུ་མང་དང༌། །འདིས་ཞེས་གསུམ་པ་བྱེད་ཚིག་ལ། །སྦྱར་བ་གཉི་ག་འགལ་བ་མེད། །གང་སྤེལ་སློབ་མས་ཉོན་མོངས་མིན། །མ་སྤངས་བཞེད་པར་མཛོད་ཊཱིཀ་བཤད། །མི་འཐད་སྤངས་པའི་བྱེ་བྲག་གིས། །རྣམ་ལྔའོ་ཞེས་གང་སྤེལ་གསུངས་ཕྱིར་རོ། །རང་གིས་ཐོབ་པ་ཆད་ཚུལ་ཏེ། །དེར་ཡང་སྐྱེ་མི་རུང་མི་དགོས། །གཞན་གྱི་དང་ནི་ཤེས་སྒྲིབ་འདུན་པ་ལ། །འདོད་ཆགས་བྲལ་བའི་ཚུལ་གྱིས་སྤོང་ཕྱིར་མདོར། །ང་ནི་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང༌། །མ་སྤངས་སྡུག་བསྔལ་མཐར་བྱེད་མི་སྨྲ་འོ། །མཛོད་ཊཱིཀ་རྒྱུ་བཞི་མི་ཤེས་མུན་པར་བཤད། །སངས་རྒྱས་ཆོས་ཟབ་ཤེས་བྱ་རིང་བ་དང༌། །ཡུལ་དང་དུས་དང་རྣམ་པའི་རབ་དབྱེ་རིང༌། །རྒྱུ་མཚན་བཞི་པོ་སྤང་བྱ་ཙམ་མིན་ལ། །དེ་མཐུས་བློ་འདས་ཆ་བཞི་རྒྱུ་བཞི་འོ། ། ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་དག །ཚོན་ནམ་རྡོ་ཡི་གསེབ་ན་གསེར། །བག་ལ་ཞ་བའི་ཚུལ་དུ་གཟིགས། །དེ་སྐད་མདོར་གསུངས་སྒྲ་གཅན་གྱིས། །རྨ་བྱའི་མདོངས་ནི་གཅིག་པུ་ཡི། །རྒྱུ་ཡི་དབྱེ་བ་སྣ་ཚོགས་པ། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་མཁྱེན་པས་ན་ཀུན་མཁྱེན་སྟོབས། །གཏན་དུ་ཞེས་པས་ཁྱད་ཕྱེ་ཞིང༌། །རྟོགས་པ་ཕུན་ཚོགས་ཤུགས་ལ་བསྟན། །དངོས་བསྟན་དྲང་བྱ་ལམ་ཞུགས་ཏེ། །ཐར་ཆའི་དགེ་རྩ་སྨིན་གསུངས་ཕྱིར། །རྒྱུད་བླ་དར་ཊཱིཀ་ལམ་མ་ཞུགས། །ལ་ཡང་ཐར་ཆའི་དགེ་རྩ་བཞག །ཟག་མེད་ཤེས་རབ་གཙོར་གྱུར་པའི། །ཟག་མེད་ཕུང་པོ་དོན་དམ་མངོན། །སེམས་ལས་འབྱེད་ལ་ཤེས་རབ་གཙོ། །རྗེས་འབྲང་བཅས་པའི་ཡིན་པ་མེད། །གཟུགས་མེད་ཕུང་པོ་བཞི་པར་མཆིམས། །གསུངས་ཀྱང་དེ་ནའང་ཟག་མེད་སྡོམ། །ལྡན་ཡང་ས་དེས་བསྡུས་མིན་ལ། །ཟག་མེད་གང་དུ་སྐྱེས་པའི་ཡིན། །གསུངས་པའི་སྟེང་ནས་འདི་ལ་དཔྱད། །འདི་ལ་སྤོང་སྡོམ་ཡོད་མོད་ཀྱི། །སོ་ཐར་སྡོམ་པ་དང་འགལ་ཏེ། །དེ་ནི་སེམས་རྗེས་འབྲང་མིན་ཕྱིར། །ཐོབ་བྱེད་ཚོགས་སྦྱོར་ལམ་མངོན་པ། །མཐོང་ལམ་གྱུར་པའི་ཐོས་བསམ་སྒོམ། །གསུངས་པ་ཤིང་རྟའི་ཡི་གེ་ནོར། །སྡེ་བདུན་དོན་ཀུན་མ་བསྡུས་ཀྱང༌། །གཅེས་གཅེས་བསྡུས་ཕྱིར་དེ་ཡི་མཛོད། །ཡང་ན་སྡེ་བདུན་འདིའི་འབྱུང་གནས། །ཡིན་ཕྱིར་དེ་ལ་མཛོད་ཅེས་བྱ། །འགྲོ་བ་དྲངས་ཕྱིར་སྡེ་བདུན་ནི། །སྟོན་པའི་གསུང་བཞིན་བདག་ཀྱང་བཤད། །བྱ་ཡི་རྩོམ་པ་ཁོ་ན་ལ། །སྦྱར་ན་ལྟག་འོག་འབྲེལ་མེད་འགྱུར། །ཡེ་ཤེས་ལ་འཇུག་གཙོ་བོ་སྟེ། །དེ་དག་ནམ་མཁའ་སྣང་མུན་སོགས། །བཤད་ཀྱང་བྱེ་སྨྲས་མདོར་འདོད་ལ། །མ་རངས་པས་ནི་ལོ་ཞེས་པ། །བདུན་ལ་མ་རངས་ཚིག་ཡིན་གསུངས། །འོན་ཀྱང་དོན་བཀག་དེ་བཀག་འགྱུར། །ཁས་ལེན་མི་མཐུན་མང་མོད་ཀྱང༌། །སྐབས་འདིར་སློབ་དཔོན་བྱེ་སྨྲ་ཡིན། །སྡེ་བདུན་བྱེད་པོ་དགྲ་བཅོམ་ཡང༌། །མིན་པར་དཔེ་སྟོན་ཁ་ཅིག་འདོད། །
ཕུང་པོས་མ་བསྡུས་ཁམས་སོགས་ཀྱིས། །བསྡུས་ཀྱང་ཀུན་བྱང་རིམ་མེད་ཕྱིར། །མ་བཤད་ཟག་བཅས་ཟག་མེད་སྨོས། །ཆོས་ཞེས་བདག་གཉིས་འགོག་ཕྱིར་རོ། །དམིགས་པ་མཚུངས་ལྡན་གཉི་གའི་སྒོས། །རྒྱས་པར་མ་ངེས་དགྲ་བཅོམ་མིག །མཚུངས་ལྡན་མེད་ཀྱང་ཟག་བཅས་ཏེ། །གཟུགས་ཅན་བཅུ་དང་རྣམ་ཤེས་ལྔ། །གཅིག་ཏུ་སྒོམ་སྤང་ཉིད་ཕྱིར་རོ། །སྐྱེས་རུང་ཙམ་མིན་འགོག་ལམ་ཡང༌། །མཁའ་ལ་ཆགས་སྡང་མི་སྐྱེ་ཡང༌། །ལོག་པར་ལྟ་བའི་རྣམ་པ་མང༌། །སྲེད་པས་བཟུང་ལ་གཞན་འབྱུང་སྟེ། །གཤེར་བའི་རས་ལ་རྡུལ་བཞིན་ནོ། །ཉོན་མོངས་ཟག་པའི་བདག་ཉིད་མཚུངས་ལྡན་རྣམས། །བདག་རྐྱེན་དམིགས་སོགས་སྒོ་ནས་ཟག་དང་འབྲེལ། །འཕེན་བྱེད་ལས་ནི་སྲེད་པའི་ཟག་པས་བཅིངས། །གོང་མར་ཟག་པའི་ས་བོན་རྗེས་སུ་འབྲངས། །དེ་སྐྱེད་དམིགས་པ་ཟག་དང་རྗེས་སུ་མཐུན། །ཟག་ཟད་ཕུང་པོ་ཟག་པའི་རྒྱུ་ལས་བྱུང༌། །རྟོག་དང་གཉེན་པོ་མིན་སོགས་བཤད་པ་མང༌། །ཟག་མེད་ཡུལ་ཅན་དྲུག་པོ་དམིགས་པའི་སྒོས། །ཟག་བཅས་ཡིན་ཀྱང་རང་དམིགས་སྒོས་ཟག་མེད། །ཟག་བཅས་ཐོབ་པ་ཟག་བཅས་ཁོ་ནའི་ཕྱིར། །སངས་རྒྱས་ཐོབ་པ་ཟག་མེད་གསུངས་པ་དཔྱད། །སོ་སྐྱེས་འགོག་གཉིས་ཐོབ་པ་ཟག་བཅས་ཏེ། །སྤང་བྱ་མིན་པའི་རྣམ་གཉིས་འདོད་གསུངས་ཕྱིར། །གནས་མས་མྱང་འདས་གཅིག་པུ་བྱེ་བྲག་པས། །རྡུལ་སོགས་འགོག་བྱེད་ཡང་སྒྲ་ངེས་བཟུང་དོན། །རླུང་རྟེན་སྐྱེས་དང་མ་སྐྱེས་འགོག་པའི་ཕྱིར། །ཁྱད་པར་བྱ་བའི་དབང་བྱས་རྫས་གྲུབ་གསུམ། །ནམ་མཁའ་འགོག་མེད་སེམས་མཐུས་གཞན་འགོག་སྲིད། །མཆོད་སྦྱིན་མའི་མདོར་འགོག་པ་འདྲ་མིན་གསུངས། །རྫས་ཐ་དད་ཀྱང་འདྲ་རྒྱུ་མེད་ལ་དགོངས། །རྐྱེན་མ་ཚང་བ་བརྟག་མིན་ཁོ་ན་མིན། །མི་རྟག་སྙོམས་འཇུག་སྐྱེ་བའི་བསམ་གཏན་གསུམ། །འགོག་ཕྱིར་སྐྱེ་ལ་གཏན་སྨྲོས་གཞན་ཕྱིར་གཞན། །དེ་དང་བརྟག་མིན་རང་སྟེ་འགོག་པ་ལྔ། །ད་ལྟའི་ཟག་བཅས་བརྟག་འགོག་གཞི། །མ་འོངས་མི་སྐྱེའི་ཟག་མེད་གཞན། །གཉིས་ཀ་ཡིན་པ་རྣམ་གསུམ་སྟེ། །གཞན་དུ་གཡེང་བའི་དགྲ་བཅོམ་གྱིས། །མ་མཐོང་འགག་འགྱུར་གཟུགས་འཛིན་མིག །ངན་འགྲོའི་སྐྱེ་བ་རིམ་བཞིན་ཏེ། །སྐྱེ་ལ་གཏན་དུ་གེགས་བཅས་པའི། །སྐྱེ་བ་སུ་ལ་ལྡན་པ་དཔྱད། །ཅིག་ཅར་ཐོབ་གཞི་དགྲ་བཅོམ་འབྲས། །ཐོབ་མ་ཐག་པའི་མིག་དང་ནི། །རྡོར་ཏིང་ཚེ་ན་སྐྱེ་རུང་ལ། །གཉིས་པར་མི་སྐྱེའི་ཆོས་ཅན་དུ། །འགྱུར་ངེས་རྣམས་སོ་རྒྱལ་སྲས་མར། །མཐོང་ཐོབ་པ་ཡིས་ཉོན་མོངས་པ། །ཆེན་པོའི་གཉེན་པོ་སྐྱེས་པ་ན། །ཉོན་མོངས་ཆེན་པོ་མ་འོངས་པའི། །འགོག་གཉིས་ཅིག་ཅར་ཐོབ་གསུངས་དཔྱད། །
འདི་ལ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་མེད་དེ། རྒྱུད་ལྡན་གྱི་དེ་གཏན་མི་སྐྱེ་བའི་ཆ་སྔར་ཐོབ་ཡོད་པའི་ཕྱིར། རྒྱུ་ཡང་དུ་མ་ཚོགས་དགོས་ཕྱིར། །བྱས་པའི་སྟེང་དུ་འདུས་པ་བསྣན། །འདུས་བྱས་མདོར་རྒྱས་རིམ་པའང་ཡིན། །མི་སྐྱེ་རྣམས་ཀྱང་དེར་རུང་སྟེ། །ལུས་གནས་ལ་ཡང་འོ་མ་བཞིན། །གཏམ་གཞི་གཏམ་གྱི་རྒྱུ་ཡི་དོན། །གཞི་བཅས་བྱེ་སྨྲས་རྒྱུ་ཙམ་ལ། །བཤད་པ་འདིར་རུང་སྤྱིར་མིན་ཏེ། །གཞི་ལྔས་གནོད་ཅིང་གསུང་རབ་ལས། །ངོ་བོ་ཉིད་དམིགས་ཀུན་སྦྱོར་དང༌། །རྒྱུ་དང་ཡོངས་བཟུང་གཞི་ལྔའང་བཤད། །ལྟ་གནས་དོན་ནི་གང་སྤེལ་ལས། །དུས་ཀུན་པ་དང་ཐམས་ཅད་ལ། །རྣམ་གྲངས་མེད་དང་མི་གཡོ་བ། །ལྟ་ཡིན་དེ་ཕྱིར་ཆགས་སོགས་དང༌། །མ་རིག་པ་དང་ཐེ་ཚོམ་མིན། །ཞེས་སོ་དབྱིབས་འདི་བྱེ་བྲག་ལ། །ཁ་དོག་དབྱེ་བ་དགོས་དབང་ངོ༌། །ལག་པས་རྔ་སྒྲ་ཟིན་མ་ཟིན། །གཉིས་འདོད་ཀུན་བཏུས་དང་མཐུན་ཡང༌། །འདིར་བཀག་འོན་ཀྱང་གླིང་བུའི་སྒྲ། །ཟིན་པའི་མི་སྟོན་སྙན་གསུངས་དཔྱད། །སྟོན་པ་རྣམ་རིག་གསུང་གཙོར་དགོངས། །མཆིམས་ཊཱིཀ་གྲང་བ་མེད་གསུངས་ཀྱང༌། །བཀྲེས་སྐོམ་མ་གཏོགས་ལྔ་ཆར་ཡོད། །སྲང་གིས་གཞལ་མེད་སོ་སོར་དགོངས། །དཀར་སོགས་མཚན་ཉིད་རིང་སོགས་གནས། །གཟུགས་ཁམས་ཉེར་ལྔ་ཀུན་བཏུས་གསུངས། །རྣམ་རིག་མིན་གཟུགས་མཚན་ཉིད་པར། །འདོད་པ་བྱེ་སྨྲ་ཐལ་འགྱུར་བ། །རང་ཀུན་སློང་བའི་སེམས་གཞན་རིག་བྱེད་མིན། །རང་གི་ཐ་སྙད་འཇུག་པ་གཟུགས་གཞན་ལ། །རག་ལས་ཁྱད་པར་བཞི་ལྡན་ཆོས་སྐྱེ་མཆེད། །གཟུགས་དང་བྱེད་པའི་གཞི་མཐུན་ཡིན་པ་དེ། །རྣམ་རིག་བྱེད་མིན་དོན་ནོ་ཁྱད་པར་ལྔ། །དུས་ཀྱི་ཁྱད་པར་གཡེང་དང་སེམས་མེད་ཀྱང༌། །ངོ་བོའི་ཁྱད་པར་དགེ་དང་མི་དགེར་ངེས། །རྒྱུན་གྱི་ཁྱད་པར་རྒྱུན་མཆོག་རྗེས་འབྲེལ་ཏེ། །རྒྱུ་ཡི་ཁྱད་པར་འབྱུང་བཞི་རྒྱུར་བྱས་སོ། །མིག་དང་རིག་བྱེད་ཐོབ་པ་རིམ་བཞིན་གཅོད། །ངེས་ཚིག་ཁྱད་པར་རྣམ་རིག་བྱེད་མིན་བརྗོད། །བརྗོད་ཅེས་རང་ཉིད་གཟུགས་སུ་མི་འདོད་སྟོན། །སྐབས་འདིར་སྐྱོན་དྲུག་འདུས་བཟང་གིས། །འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་ཏེ་རིག་མིན་དང་པོ་ནི། །རྒྱུན་མིན་མཚན་ཉིད་མ་ཚང་སྐྱོན། །རྒྱུན་ནི་རྫས་སུ་མ་གྲུབ་ཕྱིར། །རིག་མིན་རྫས་གྲུབ་བཤད་པར་འགལ། །གཡེང་དང་སེམས་མེད་ཁོ་ནའི་ན། །སེམས་བཅས་སྐབས་ཀྱི་རིག་མིན་ཉམས། །རྗེས་འབྲེལ་ཞེས་པས་མ་གཡེང་དང༌། །སེམས་བཅས་བསྡུས་ན་རིག་བྱེད་སོགས། །དེ་མིན་པ་ཡང་དེ་རུ་ཐལ། །སེམས་བཅས་གཡེང་བས་བསྡུས་པའི་ཕྱིར། །འགྲེལ་པའི་ཡང་སྒྲ་གཅིག་ལྷག་གོ །བསྟན་མེད་ཐོགས་མེད་ཅེས་བྱ་བའི། །ཁྱད་པར་མ་སྦྱར་སྐྱོན་ཡང་འཇུག །དེ་ཕྱིར་རང་གི་འདོད་པ་ནི། །བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང༌། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེ་ན་སྐྱོན་དག་ཡོད་མིན་ཏེ། །མཚོ་བཞིན་དང་པོའང་རྒྱུན་ལྡན་ཡིན། །རྒྱུན་ཡང་སྤྱི་ཙམ་བཏགས་ཡོད་ཡིན། །མ་གཡེང་སེམས་བཅས་ཡང་སྒྲས་སྡུད། །རིག་བྱེད་སེམས་བཅས་ཁོ་ནར་འབྱུང༌། །གང་ཟག་གཉིས་ཕྱིར་ཡང་སྒྲ་གཉིས། །ཆོས་ཀུན་འདིར་བརྗོད་ག་ལ་དགོས། །གཡང་དང་སེམས་མེད་པ་ཡི་ཡང༌། །ཟེར་བཞིན་རྩ་བར་སེམས་མེད་སྔོན། །ཡང་སྒྲ་མེད་ཟེར་འགལ་བ་སྟེ། །དང་ཡང་ཀྱང་འང་དོན་གཅིག་ཕྱིར། །རྒྱ་ཆེ་གཏོས་ཆེ་ཐ་གྲུ་ཆེ། །སྲ་སོགས་ཁམས་བཞིན་འཇིག་རྟེན་ན། །འབྱུང་གསུམ་ཁ་དོག་དབྱིབས་ལ་བཤད། །རླུང་ནི་གསུང་རབ་ལས་འབྱུང་བཞིན། །གཡོ་བའི་ཁམས་ཀྱི་རེག་བྱར་བཤད། །སྔར་བཞིན་ཁ་དོག་དབྱིབས་ལ་ཡང༌། །བྱེ་སྨྲས་ཚོགས་པར་འབྱུང་བཞི་བཞག །དཔེ་སྟོན་ས་བོན་ཚུལ་དུ་འདོད། །ཁམས་ནི་རྒྱུ་ཡི་དོན་ཡིན་ཡང༌། །འདིར་ཁམས་དེ་དེ་ཡིན་པ་དགོས། །ཀུན་བཏུས་དེ་ལ་མུ་བཞི་བཤད། །མྱོང་ཡང་མྱོང་བ་ཡིན་མི་དགོས། །མཚན་མར་འཛིན་ཡང་མཚན་འཛིན་མིན། །དེ་ནི་བདག་འཛིན་ཡིན་ཕྱིར་རོ། །སྔོན་གྱི་སྐལ་ལྡན་ཁྱད་པར་ཅན། །སེམས་གཅིག་ལས་གཞན་སེམས་བྱུང་སོགས། །མེད་དེ་སྲིད་པ་འཕོ་བའི་མདོར། །སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བ་འམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །བཙུན་པ་རཱ་ཛ་ཤྲཱིས་ནི། །སེམས་བྱུང་ཚོར་འདུ་གཉིས་སུ་འདོད། །ཕུང་པོའི་དོན་མ་ཤེས་པས་ནོངས། །བཙུན་པ་ཀུ་མཱ་རཱ་ཛ་ནི། །ཚོར་འདུ་རེག་སེམས་བཞི་ཙམ་སྨྲ། །དེ་དག་མི་འཐད་བསྡུ་བ་ལས། །ལྔ་ཉིད་འཐད་པ་མེད་ཕྱིར་དང༌། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང༌། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང༌། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་ཏེ་ཕུང་པོ་ལྔ་པོ་མི་འཐད་དང༌། །བྱེད་པ་གཞན་ཕྱིར་ཐ་དད་ཐལ་བ་དང༌། །གཅིག་ལ་གནས་སྐབས་གནས་སྐབས་ཅན་ཡང་འགལ། །སེམས་དང་གཅིག་ཕྱིར་སེམས་བྱུང་དགེ་མི་དགེས། །ཡུལ་དབང་སོགས་རྒྱུ་འདྲ་ཕྱིར་འབྲས་ཁྱད་མེད། །ཆགས་པས་སེམས་ཉོན་མོངས་བྱས་ལུང་འགལ་ལོ། །བསྡུ་བའི་ལུང་འདིས་འཁྲུལ་ནས་སེམས་སེམས་བྱུང༌། །རྫས་ཐ་དད་ཟེར་གཉིས་ཀའི་རྫས་སོ་སོར། །གཟུང་རྒྱུ་ཡོད་པས་རྫས་གཞན་མི་འགྲུབ་སྟེ། །བུམ་དང་བུམ་གཟུགས་སོ་སོར་གྲུབ་ཕྱིར་རོ། །རྫས་མཚུངས་རེ་རེའི་དོན་ཕྱིར་འདིར་མི་གནོད། །
དྲུག་པའི་རྟེན་ཕྱིར་ཡིད་བཤད་ལ། །གོས་དམར་སྡེ་པས་སྙིང་དུ་བཤད། །སྙིང་ནི་གཟུགས་མེད་ཁམས་སུའང་བཞག །མདོ་ལས་དུས་གསུམ་ཕྱི་ནང་ཕྲ་རགས་དང༌། །ངན་པ་གྱ་ནོམ་ཉེ་རིང་སོགས་གསུངས་དོན། །བྱེ་སྨྲས་ཕྲ་རགས་ཐོགས་བཅས་ཐོགས་མེད་དང༌། །ངན་པ་ཉོན་མོངས་ཅན་དང་བཟློག་པ་གཞན། །ཉེ་རིང་ད་ལྟར་དང་གཞན་ནོ་བཙུན་པས་ནི། །ཕྲ་རགས་ཡིད་དབང་ཡུལ་ངན་ཡིད་མི་འོང༌། །ཉེ་རིང་སྣང་མི་སྣང་ངོ་ཆོས་སྐྱོབ་མིན། །བྱེ་སྨྲས་ཁམས་བཞིན་ཕུང་པོ་རྫས། །སློབ་དཔོན་གཟུགས་རྫས་གཟུགས་ཕུང་བཏགས། །བྱེ་བྲག་བཤད་པར་ཚུལ་གཉིས་ཏེ། །གཟུགས་ཉིད་ཕུང་པོ་ཞེས་བརྗོད་ཚེ། །ཕྲ་རབ་རྡུལ་ཡང་ཕུང་པོར་འགྱུར། །གཟུགས་རྣམས་ཀྱི་ཕུང་ཞེས་བརྗོད་ཚེ། །ཕྲ་རབ་ཕྱོགས་སམ་བཏགས་པར་འགྱུར། །ཕུང་པོ་ལྔ་ཡི་འགྲེལ་བར་འང་གསུངས། །སེམས་ཙམ་ཕུང་དོན་ཁུར་ཁྱེར་ཕྱིར། །དུས་གསུམ་རེ་རེའང་ཕུང་པོ་ཡིན། །འདི་ལ་མདོ་སྡེ་པ་ཡིས་མདོར། །ཐམས་ཅད་བསྡུས་ནས་ཕུང་པོ་ཞེས། །གསུངས་པར་འགལ་ཟེར་སྤུང་བའི་དོན། །མེད་ཕྱིར་ཕྲ་རྡུལ་དུས་གསུམ་གྱིས། །བསྡུས་ཕྱིར་བློ་ཡིས་བསྡུས་པའི་སྒོས། །ཕུང་པོར་བྱེ་སྨྲས་བཞག་པའང་བཀག །ཚོར་བས་ཁྱིམ་པ་འདུ་ཤེས་སམ། །ལྟ་བས་རབ་བྱུང་རྩོད་ཕྱིར་དང༌། །ཕུང་པོའི་རིམ་རྒྱུའི་ཕྱིར་ཡང་ངོ༌། །དེ་ནི་རྣམ་བཞི་ཕྲ་རགས་དང༌། །ཀུན་ཉོན་སྐྱེ་བའི་རིམ་པ་དང༌། །གཟུགས་སྣོད་ཚོར་ཟས་འདུ་ཤེས་ནི། །བྱ་ན་འདུ་བྱེད་བྱན་པོ་སྟེ། །རྣམ་ཤེས་ཟ་པོས་འདོད་ཁམས་ནི། །འདོད་ཡོན་གཟུགས་ཁམས་ཚོར་བས་ཕྱེ། །གསུམ་ནི་འདུ་ཤེས་རྩེ་འདུ་བྱེད། །བྱེ་བྲག་དོན་གཉིས་དགུ་ལས་གཞན། །དབང་དོན་འདིར་ནི་ཤེས་ཕྱིར་དང༌། །སོ་སོར་སྐྱེ་མཆེད་རྟོགས་ཕྱིར་རོ། །གཙོ་བོའི་དོན་གསུམ་ཐོགས་ཕྱིར་དང༌། །བསྟན་ཕྱིར་འཇིག་རྟེན་གྲགས་ཕྱིར་རོ། །ཕུང་པོའི་མིང་ཅན་ཕུང་པོས་བསྡུས། །ཟིལ་གནོན་ལ་སོགས་སྐྱེ་མཆེད་དེ། །བླ་མར་བསྟེན་ཞིང་ཆགས་བྲལ་དང༌། །མི་བསྟེན་དབྱངས་ཀྱིས་ཁ་ཏོན་བྱེད། །མི་འདོན་གཞན་ལ་རྒྱ་ཆེར་སྟོན། །མི་སྟོན་རང་གིས་ཞིབ་ཏུ་དཔྱོད། །མི་དཔྱོད་མི་སྡུག་སོགས་བསྒོམས་པས། །ཆགས་བྲལ་རྣམ་གྲོལ་སྐྱེ་མཆེད་ལྔ། །བཅོ་བརྒྱད་ཁམས་དོར་ལྷག་མ་ཞེ་བཞི་ཡང༌། །དེར་འདུས་སོ་སོར་བགྲངས་པས་རེ་གཉིས་ནི། །ཁམས་ནི་བཅོ་བརྒྱད་ས་ཆུ་མེ་རླུང་བཞི། །ནམ་མཁའི་ཁམས་དང་རྣམ་ཤེས་ཁམས་ཏེ་དྲུག །འདོད་ཆགས་གནོད་སེམས་རྣམ་འཚེ་ངེས་འབྱུང་ཁམས། །གནོད་མེད་ཁམས་དང་མི་འཚེའི་ཁམས་ཏེ་དྲུག །སྡུག་བསྔལ་བདེ་བ་ཡིད་མི་བདེ་བའི་ཁམས། །ཡིད་བདེ་བཏང་སྙོམས་མ་རིག་ཁམས་ཏེ་དྲུག །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། །འདོད་ཁམས་གཟུགས་དང་གཟུགས་མེད་ཁམས་ཏེ་གསུམ། །གཟུགས་དང་གཟུགས་མེད་འགོག་པའི་ཁམས་ཀྱང་གསུམ། །འདས་དང་མ་འོངས་ད་ལྟར་ཁམས་ཀྱང་གསུམ། །དམན་པ་གྱ་ནོམ་བར་མའི་ཁམས་གཞན་གསུམ། །དགེ་དང་མི་དགེ་ལུང་མ་བསྟན་ཁམས་གསུམ། །སློབ་དང་མི་སློབ་དེ་གཉིས་མིན་ཁམས་གསུམ། །ཟག་བཅས་ཟག་མེད་ཁམས་གཉིས་འདུས་བྱས་ཁམས། །འདུས་མ་བྱས་ཁམས་གཉིས་ཏེ་རེ་གཉིས་འདོད། །བཅོ་བརྒྱད་དྲུག་ཚན་གསུམ་དང་བཞི་ཚན་གཅིག །སུམ་ཚན་དྲུག་དང་གཉིས་ཚན་གཉིས་བཅས་པའི། །ཁམས་མང་རེ་གཉིས་ལེགས་པར་བཤད་པ་ཡིན། །བཅོ་བརྒྱད་ཀྱིས་བསྡུས་འདོད་ཁམས་དང་དུས་གསུམ། །ལུང་མ་བསྟན་དང་སློབ་དང་མི་སློབ་མིན། །དམན་སོགས་ཟག་བཅས་འདུས་བྱས་བཅུ་གཅིག་གོ །ཆོས་ཡིན་བཅོ་བརྒྱད་མཁའ་དང་ཆགས་སོགས་དྲུག །སྡུག་བསྔལ་སོགས་དྲུག་ཚོར་འདུ་འདུ་བྱེད་གསུམ། །འགོག་དང་འདུས་མ་བྱས་སོ་འགོག་པའི་ཁམས། །ཆགས་བྲལ་སྤངས་དང་འགོག་ཁམས་གསུམ་ཕྱེས་མིན། །ཆོས་ཡིད་རྣམ་ཤེས་གསུམ་དུ་འདུས་པ་ནི། །གཟུགས་མེད་གཉིས་སློབ་མི་སློབ་ཟག་མེད་ལྔ། །སྣ་ལྕེའི་རྣམ་ཤེས་དྲི་རོ་བཞི་བསལ་བའི། །ལྷག་མ་བཅུ་བཞིར་འདུས་པ་གཟུགས་ཁམས་གཉིས། །གཟུགས་སྒྲ་ཡིད་ཁམས་རྣམ་ཤེས་ཁམས་དྲུག་དང༌། །ཆོས་ཁམས་བཅུར་འདུ་དགེ་དང་མི་དགེ་གཉིས། །ལུས་དབང་དགེ་བ་ཡོད་ན་འདི་དང་འགལ། །རྣམ་ཤེས་ཁམས་སུ་འདུ་བ་རྣམ་ཤེས་གཉིས། །ཕྱི་ནང་གསུངས་ཕྱིར་སྤོང་བར་གསུངས་ཕྱིར་དང༌། །སྐྱེས་བུའི་གདགས་གཞིར་གསུངས་ཕྱིར་འདུས་བྱས་ལོ། །རང་ལུགས་ནམ་མཁའ་མ་བྱས་བུ་ག་སོགས། །ནམ་མཁའི་ཁམས་ནི་བྱས་ཕྱིར་མི་མཚུངས་སོ། །འབྱུང་བཞི་སྔར་བཤད་ལྷག་གཉིས་འདིར་བཤད་ཀྱི། །བཅོ་བརྒྱད་ཁམས་ཀྱི་རྣམ་ཤེས་འཆད་བྱེད་མིན། །
ཆུ་དང་སྐམ་གཉིས་ཉིན་མཚན་གཉིས་ཐོགས་གཞན། །མི་ཉ་ཆུ་སྲིན་བྱིས་པ་གསོད་དང་མི། །འུག་པ་རྟ་དང་སྙོམས་འཇུག་ལ་སོགས་སོ། །ཡུལ་ལ་ཐོགས་དང་སྒྲིབ་པའི་ཐོགས་པ་ལ། །མུ་བཞི་སེམས་དང་ཡུལ་ལྔ་དབང་པོ་རྟག །དམིགས་བཅས་ཡུལ་ཅན་ངེས་ཕྱིར་མུ་གསུམ་སྟེ། །ཡུལ་ཐོགས་དམིགས་པར་མི་ཐོགས་དབང་པོ་ལྔ། །གཉིས་ཐོགས་སེམས་དང་གཉིས་མིན་ནམ་མཁའ་སོགས། །དབང་ཤེས་དངོས་ཉིད་རྟོག་ཡིན་ཀྱང༌། །ངེས་རྟོག་རྗེས་དྲན་རྟོག་མེད་ལ། །དགོངས་ནས་མདོ་ལས་རྟོག་བྲལ་གསུངས། །རྫས་བརྒྱད་རྡུལ་མིན་བསགས་རྡུལ་ཆུང༌། །ཁམས་བཞི་སྲེག་བྱེད་འཇལ་བྱར་སྨྲ། །ཁ་ཅིག་མེ་དང་ལྕིད་ཙམ་འདོད། །ནང་གི་ལྔ་ནི་རྒྱུ་མཐུན་ལས། །བྱུང་ཡང་བྱུང་བ་གཞན་གཉིས་ལས། །གཞན་དུ་མེད་ཕྱིར་འདིར་མ་བཤད། །སྒྲ་ནི་རྣམ་སྨིན་མ་ཡིན་ཏེ། །འདོད་དགུར་དབྱུང་བས་ཆོག་ཕྱིར་དང༌། །བཅད་ནས་སླར་ཡང་འབྱིན་རུང་ཕྱིར། །ཐོགས་མེད་ཁམས་བརྒྱད་གཉིས་ལས་བྱུང༌། །རྒྱས་བྱུང་མེད་དེ་མི་བསགས་ཕྱིར། །གང་ལས་མ་བྱུང་རྟག་རྫས་ཆོས། །ཐ་མ་ཆོས་ཡིད་རྣམ་ཤེས་ཀྱི། །ཕྱོགས་གཅིག་རྒྱུ་མཐུན་ལས་མིན་ཏེ། །ཟག་མེད་སྐད་ཅིག་དང་པོ་འོ། །སྒོམ་ལམ་ཡིན་ཡང་གཉིས་པ་ཡི། །དངོས་གཞི་ཟག་མེད་གསར་སྐྱེས་ཀྱང༌། །གཉིས་བཞིན་ཀུན་འབྱུང་ཆོས་བཟོད་ཀྱང༌། །ཟག་མེད་སྔ་མའི་རྒྱུན་ནམ་དཔྱད། །འདི་ནི་དམིགས་བསལ་སྟོན་བྱེད་ཡིན། །མིག་གསར་ཐོབ་ལ་རྣམ་ཤེས་གསར་མིན་པ། །འདོད་ན་དབང་པོ་རིམ་གྱིས་ཐོབ་པ་སྟེ། །རྣམ་ཤེས་བར་དོའི་དུས་ནས་ཐོབ་ཟིན་ཕྱིར། །གཟུགས་མེད་གཉིས་པར་སྐྱེས་མ་ཐག་པ་དེ། །མིག་ཐོབ་རྣམ་ཤེས་གཏན་མ་ཐོབ་པ་ཡིན། །མིག་ཤེས་གསར་ཐོབ་མིག་གསར་ཐོབ་མིན་པ། །གཟུགས་མེད་གཉིས་སྐྱེས་མིག་ཤེས་མངོན་བྱེད་པའོ། །དགེ་དང་ལུང་མ་བསྟན་ནི་འདིར་འབྲེལ་མེད། །མ་སྒྲིབ་ལུང་མ་བསྟན་ཙམ་མངོན་བྱེད་ཕྱིར། །དེ་ཡིས་མངོན་མ་བྱས་པར་ཐོབ་མིན་ཏེ། །དེ་ནི་འདས་ཐོབ་བཅས་པར་ཐལ་ཕྱིར་ལོ། །གཟུགས་མེད་མ་ཟད་འདོད་དང་དང་པོ་ལས། །གཉིས་པར་སྐྱེས་ཀྱང་འདྲ་སྟེ་དེར་སྐྱེས་ཚེ། །སྔ་མའི་མིག་ཤེས་ཐོབ་པ་བཏང་ཕྱིར་རོ། །མཉམ་ཐོབ་གཟུགས་མེད་ནས་ནི་འདོད་པ་དང༌། །ཚངས་པའི་བར་དོར་སྐྱེས་པའོ་ལྡན་ཚུལ་ཡང༌། །མིག་དང་ལྡན་ལ་མིག་ཤེས་མི་ལྡན་པ། །དེ་མངོན་མི་བྱེད་བསམ་གཏན་ཕྱི་མ་གསུམ། །བཟློག་པ་དམུས་ལོང་མེར་པོ་མིག་ཉམས་སོགས། །ཡིན་ཏེ་འདོད་ན་མིག་ཤེས་ངེས་ལྡན་ཕྱིར། །ཁ་ཅིག་གཟུགས་མེད་འདོད་པར་སྐྱེས་མ་ཐག །མ་སྒྲིབ་ལུང་མ་བསྟན་པའི་མིག་ཤེས་ནི། །རྙེད་མིན་དྲུག་དང་དྲུག་དང་གཉིས་རྙེད་དོ། །གསུངས་ཕྱིར་ཁྱབ་སྟེ་གོང་ནས་འདིར་སྐྱེས་ཚེ། །ཉོན་མོངས་ཅན་གཉིས་དགེ་བ་སྐྱེས་ཐོབ་རྙེད། །དགྲ་བཅོམ་འདོད་པའི་ཉོན་མོངས་ཀྱིས་ཉམས་ཚེ། །གོང་མའི་ཉོན་མོངས་གཉིས་དང་སློབ་སེམས་རྙེད། །མ་སྒྲིབ་བསྣན་ན་བདུན་དུ་འགྱུར་ཕྱིར་རོ། །ཆོས་ཁམས་རྟེན་བཅས་རྣམ་ཤེས་སྐྱེད་པའི་དོན། །ཡིན་ཕྱིར་མི་འདྲ་མ་མཐོང་འགག་འགྱུར་དང༌། །མི་སྐྱེས་དབང་པོ་རྣམ་ཤེས་དེ་མཚུངས་ཉིད། །གཟུགས་སོགས་ལྔ་ནི་རྣམ་ཤེས་སོ་སོ་ལ། །ལྟོས་ནས་རྟེན་བཅས་དེ་མཚུངས་གཉི་ག་ཡིན། །ནུབ་ཕྱོགས་པ་ཡིས་མི་སྐྱེས་དབང་པོ་ལ། །རྣམ་ཤེས་ལྡན་དང་མི་ལྡན་གཉིས་སུ་བཤད། །སྣ་ལྕེས་ཡུལ་མཉམ་འཛིན་གསུངས་ཆེ་ཆུང་ངོ༌། །མཐོང་སྤང་མཚན་ཉིད་ཐོབ་པའང་མཐོང་སྤང་ཡིན། །དེ་ཕྱིར་ཉོན་མོངས་ཅན་དུ་མ་ངེས་ལ། །འདིར་འཕྲོས་དབང་པོའི་སེམས་པ་ལས་གང་དཔྱད། །གོང་མའི་ལུས་ལ་འོག་མའི་མིག་མི་བརྟེན། །འོག་མའི་མིག་གིས་གོང་མའི་གཟུགས་མི་མཐོང༌། །རྫུ་འཕྲུལ་དང་ནི་གཞན་བརྟེན་མ་གཏོགས་ལོ། །གོང་མའི་རྣམ་ཤེས་འོག་མའི་མིག་ལ་མིན། །ཤེས་དང་མི་འདྲ་གཉིས་པར་འོག་མངོན་བྱེད། །དེ་ཕྱིར་དང་པོའི་མིག་བློས་ས་ཀུན་མཐོང༌། །མིག་ཤེས་གོང་འོག་ས་གསུམ་མཐོང་བ་ལྟར། །ལུས་ལའང་གོང་འོག་རང་སའི་གཟུགས་མཐོང་ཞིང༌། །ཅི་རིགས་པར་ནི་གསུམ་གའི་རྣམ་ཤེས་བརྟེན། །འདི་དག་ལུས་རྣ་སྒྲ་ཤེས་བཞིར་ཡང་སྦྱར། །དབང་ཡིད་གཉི་གའི་ཡུལ་ལྔ་ཡིད་ཡུལ་གཞན། །སྲོག་ཚོར་དྲི་མེད་དད་སོགས་ཆོས་ཀྱི་ཕྱེད། །ནང་ཁམས་བཅུ་གཉིས་དབང་པོའོ་གཞན་མ་ཡིན། །
༈ རང་གི་དོན་ལ་ལྷག་པར་དབང་བྱེད་པའི། །ཆ་ནས་བཞག་པའི་འདུས་བྱས་དབང་པོའི་དོན། །ལྔ་ཡིས་ལུས་མཛེས་བསྲུང་དང་རྣམ་ཤེས་སྐྱེད། །ཐུན་མོང་མིན་ཡུལ་ལ་དམིགས་རྒྱུ་བཞིར་དབང༌། །གཉིས་ཀྱིས་ཕོ་མོ་བྱེ་བྲག་ཕྱེད་པ་དང༌། །སྐད་གཟེངས་མཐོ་སོགས་ཁྱད་པར་གཉིས་ལ་དབང༌། །སྲོག་གིས་མཚམས་སྦྱོར་སྲོག་འཛིན་གཉིས་ལ་དབང༌། །ཡིད་ཀྱིས་ཕྱི་མར་སྦྱོར་ཞིང་དེའི་དབང་གིས། །ལུས་སོགས་དགེར་འགྱུར་མཐུན་པར་དབང་བྱེད་གཉིས། །དེ་དག་མི་འཐད་མཛེས་བྱེད་དབང་རྟེན་ཡིན། །རྐྱང་བས་མི་མཐོང་བསྲུང་ལ་རྣམ་ཤེས་གཙོ། །དབང་པོ་མེད་ཀྱང་ཕོ་མོའི་དབྱེ་བ་རུང༌། །ཉོན་མོངས་ཅན་མིན་སྲོག་མཚམས་སྦྱོར་བྱེད་མིན། །མཚམས་སྦྱོར་བྱེད་པོ་ཡིད་ཉིད་ཡིན་ཕྱིར་ཡང༌། །གསུམ་གྱིས་ཀུན་ཤེས་བྱེད་དང་ཀུན་ཤེས་ལྡན། །ལྷག་མེད་འདས་ཐོབ་སོགས་སྒྲས་མཐོང་སྒོམ་གྱི། །སྤང་བྱ་སྤོང་ཞིང་བདེར་གནས་ལ་དབང་བྱེད། །མཛོད་ཊཱིཀ་གོང་ནས་གོང་དང་མྱང་འདས་ཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར་ཞེས་བསྒྱུར། །ལས་ཀྱི་དབང་པོ་ལྔ་སོགས་མི་བགྲང་སྟེ། །སྨྲ་བ་སློབ་དགོས་ཁས་ལེན་རྐང་མེད་འགྲོ། །ཁས་ཀྱང་གཏོང་ཕྱིར་རོ་གྲངས་ངེས་རྒྱུ་མཚན་ལ། །བྱེ་སྨྲ་བཀོད་ཀྱང་རང་ལུགས་འཇུག་པའི་གནས། །མིག་སོགས་དྲུག་དང་སྐྱེས་པ་ཕོ་མོ་གཉིས། །སྲོག་གནས་ཚོར་ལྔ་ཉེར་སྤྱོད་བཅུ་བཞི་འོ། །དེ་བཞིན་འཁོར་བ་ལྡོག་པའི་དབང་བྱས་རྟེན། །དད་སོགས་ཀུན་ཤེས་བྱེད་པ་སྐྱེ་བ་དང༌། །ཀུན་ཤེས་གནས་དང་ལྡན་པས་དགའ་ལ་སྤྱོད། །
བསམ་གཏན་གསུམ་པ་ལས་གཞན་ན། །ལྔར་ཕྱེའི་བདེ་བ་ལུས་ཚོར་ཡིན། །དེ་ན་ཉོན་མོངས་ཅན་གྱི་ཡང༌། །སེམས་བདེ་ཡོད་དེ་ཆོས་བཅུ་དྲུག །ཡུལ་དུ་འགྱུར་ཚུལ་བཤད་པའི་སྐབས། །སེམས་བདེར་སྤང་བྱ་རིས་ལྔར་གསུངས། །དད་སོགས་ལམ་མ་ཞུགས་ནས་ཡོད། །ཀུན་བཏུས་དང་ནི་བསྡུ་བ་ལས། །ཀུན་ཤེས་བྱེད་དང་ཀུན་ཤེས་ལ། །སྦྱོར་མཐོང་མཐོང་སྒོམ་གཉིས་གཉིས་བཤད། །ཀུན་ཤེས་ལྡན་ནམ་བསྲུང་བར་མཐུན། །བཟོ་གནས་སྤྱོད་ལམ་སྤྲུལ་སེམས་སོགས། །རྣམ་སྨིན་མིན་ཏེ་འབད་བྱའི་ཕྱིར། །ཚེ་ཡི་གཏོང་འཇོག་ཚུལ་ལ་ཡང༌། །རྣམ་མིན་འདོད་ཚུལ་གཏོང་འཇོག་ཚུལ། །སྲོག་ཚེའི་ཁྱད་པར་གཏོང་འཇོག་གི །དགོས་པ་བཞི་འོ་དང་པོར་ཡང༌། །ཡོ་བྱད་ཕུལ་ནས་རབ་མཐའ་ལ། །ཞུགས་ལས་ལངས་ཏེ་སྨོན་ཚིག་གིས། །ཚེ་རྒྱུར་བསྒྱུར་ཕྱིར་ཚེ་འཇོག་པ། །ཁ་ཅིག་ཚེ་འདིའི་རྣམ་སྨིན་ཟེར། །ལ་ལ་སྔ་མའི་ལས་ལྷག་མ། །བསྒོམ་མཐུས་དྲངས་ཕྱིར་སྔ་མའི་ཟེར། །དབྱངས་སྒྲོགས་བསམ་གཏན་རྒྱས་བྱུང་སྟེ། །འདོད་པའི་ལུས་ལའང་ཏིང་འཛིན་མཐུས། །བསམ་གཏན་སས་བསྡུས་འབྱུང་བ་ཚེར། །མཐུན་དང་འགལ་བ་མངོན་བྱས་ནས། །རིམ་བཞིན་འཇོག་དང་གཏོང་བར་སྨྲ། །སློབ་དཔོན་དེ་ཚེ་རྒྱས་བྱུང་དང༌། །ལྷག་མའི་རྣམ་སྨིན་ཆ་གཉིས་བཞག །སྲོག་ནི་གཅིག་ཏུ་རྣམ་སྨིན་དུ། །སློབ་དཔོན་མི་བཞེད་གང་སྤེལ་གསལ། །བཙུན་པ་མཐའ་ཡས་གོ་ཆས་ནི། །ཚེ་ཡི་རྣམ་པར་སྨིན་པའི་ལས། །མཐོང་ཆོས་མྱོང་བར་རིགས་མིན་ཏེ། །མཐོང་ཆོས་དབྱེ་བ་འཆད་འགྱུར་ཕྱིར། །གཉིས་པའང་མི་རིགས་མཐོང་ཆོས་ལ། །མྱོང་འགྱུར་ལ་སོགས་འཆོལ་བར་འགྱུར། །གཟུགས་ཀྱི་འབྱུང་བས་གནོད་མེད་ཕྱིར། །གཏོང་བ་མི་འཐད་ཚེ་འཕོས་པར། །ཐལ་ཕྱིར་སྡོམ་པའང་བཏང་འགྱུར་ཟེར། །སློབ་དཔོན་སྲོག་གི་ལྷག་མ་ནི། །འདོད་ཕྱིར་སྐྱོན་འདི་འབྲེལ་བར་དཀའ། །ལན་ལ་བྱེ་སྨྲས་མཐོང་ཆོས་འབྲས། །ཡིན་ཡང་སྐྱོན་མེད་མཆོད་རྟེན་སོགས། །གསོས་པས་ཚེ་འཕེལ་མདོར་གསུངས་ཕྱིར། །འདིར་ཡང་མི་འགལ་ཤུགས་བསྟན་ཡིན། །རིས་མཐུན་གནས་ཕྱིར་བཞི་བའང་ཉམས། །ཚེ་དང་ལོངས་སྤྱོད་རྣམ་སྨིན་ནི། །སྨོན་པས་བསྒྱུར་བ་གཏོང་འཇོག་ཚུལ། །གླིང་གསུམ་རྟེན་ལ་དུས་མི་སྦྱོར། །རྣམ་གྲོལ་ལམ་ལ་ཞིག་གིས་བྱེད། །སྲོག་ཚེ་གཅིག་ཀྱང་སྔོན་ད་ལྟའི། །འབྲས་དང་རིས་གནས་ཚེ་དང་ནི། །འཚོ་བ་སྲོག་སོགས་འདོད་ཚུལ་མང༌། །གཏོང་འཇོག་དགོས་པ་སློབ་དཔོན་གྱིས། །འཆི་དང་ཚེ་ལ་མངའ་བརྙེས་གསུངས། །བྱེ་སྨྲ་བདུད་རྒྱལ་ཤེས་ཆེད་དེ། །ཡངས་པ་ཅན་དུ་འཚོ་བཏང་བས། །ཕུང་བཅོམ་བྱིན་རླབས་འཆི་བདག་བཅོམ། །འཆི་བདག་མཆིམས་གྱད་ཀྱི་ཡུལ་བཅོམ་འཁྲུལ། །རྣམ་པར་སྨིན་པ་བཅུ་གསུམ་ལས། །འདོད་པར་དང་པོར་ལུས་སྲོག་གཉིས། །མེར་མེར་ལུས་ཀྱང་དབང་པོ་མིན། །ཡིད་དང་བཏང་སྙོམས་སོགས་དེ་ཚེ། །སྐྱེ་སྲིད་ཉོན་མོངས་ཅན་དུ་གསུངས། །མཆིམས་མཛོད་དེའི་ཚེའང་ཡིད་སོགས་ལ། །རྣམ་སྨིན་ངེས་མེད་ལ་དགོངས་གསུངས། །རྫུས་སྐྱེས་མཚན་མེད་མཚན་གཅིག་དང༌། །མཚན་གཉིས་པས་ནི་དྲུག་བདུན་བརྒྱད། །ཕྱིར་མ་ངན་སོང་ཁོ་ནར་ཡོད། །མིག་སོགས་སྲོག་ཡིད་བཏང་སྙོམས་བརྒྱད། །གཟུགས་གཏོང་འདོད་ན་མཚན་སྔར་བཞིན། །དགེ་བས་འཆི་ལ་ལྔ་ལྔ་བསྣན། །དབང་པོ་འཕོས་ན་ཚོར་གཉིས་ཏེ། །མཐར་གྱིས་ཕྱིར་མི་འོང་གི་འབྲས། །དབང་པོ་བརྒྱད་དང་དགུ་ཡིས་འཐོབ། །ངེས་ལྡན་རྣམས་ཀྱང་ཕན་ཚུན་དུ། །ཡོད་པར་མ་ངེས་སེམས་མེད་གཉིས། །གསུམ་པའི་ཟག་མེད་བདེ་ཐོབ་པའི། །གཟུགས་མེད་ཕྱིར་མི་འོང་དགྲ་བཅོམ། །ངེས་ལྡན་གསུམ་དང་དེ་བཞིར་ལྡན། །འདི་ནི་བཅུ་གཅིག་ལྡན་མིན་ནམ། །བསམ་གཏན་མཐའ་དང་གཟུགས་མེད་ཀྱི། །སོ་སྐྱེ་མ་གཏོགས་ཐམས་ཅད་ལ། །བདེ་བ་ལྡན་ཕྱིར་ལུས་ལྡན་ལ། །ལྔ་དང་མི་ལྡན་གང་ཡིན་དཔྱད། །མིག་སོགས་བཞི་དང་ལྡན་པ་ནི། །ངེས་ལྡན་གསུམ་ལུས་རང་སྟེ་ལྔ། །ཡིད་བདེ་ལྡན་ཡང་བདེ་སྟེ་ལྔ། །བསམ་གཏན་གཉིས་པའི་སོ་སྐྱེ་ལ། །བདེ་མེད་ལུས་བདེ་དེ་ཕྱིས་སྐྱེས་དང་པོས་བསྡུས། །གསུམ་པའི་སེམས་བདེ་མ་ཐོབ་ཕྱིར། །ཞེ་ན་མ་གྲུབ་གསུམ་པ་ཡི། །སེམས་བདེ་ཉོན་མོངས་ཅན་ལྡན་ཕྱིར། །འོན་ཀྱང་གསུམ་པའི་སེམས་ཐོབ་མིན། །སྡུག་བསྔལ་ལྡན་ལ་ངེས་ལྡན་གསུམ། །ཆགས་བྲལ་ཡིད་མི་བདེ་སྤངས་ཕྱིར། །ཚོར་གཞན་བཞི་དང་བདུན་ལྡན་ནོ། །ཕོ་མོ་ཡིད་མི་བདེ་གསུམ་ཡང༌། །སྔ་མའི་བདུན་སྟེང་རང་སྟེ་བརྒྱད། །དད་སོགས་ངེས་ལྡན་གསུམ་སྟེ་བརྒྱད། །ཀུན་ཤེས་ལ་ནི་དེ་ཡི་སྟེང༌། །བདེ་གཉིས་རང་སྟེ་བཅུ་གཅིག་གོ །ཀུན་ཤེས་ལྡན་ལའང་གཞན་བཅུ་འདྲ། །ཟག་མེད་བདེ་གཉིས་གཟུགས་མེད་ནའང༌། །ས་འཕོས་ཟག་མེད་གཏོང་རྒྱུ་མིན། །དབང་སྦྱངས་གཏོང་ཡང་རྣོ་ཐོབ་འགྱུར། །ཀུན་ཤེས་བྱེད་པ་འདོད་རྟེན་ཕྱིར། །ཚོར་བཞི་དད་སོགས་སྲོག་ལུས་ཡིད། །འདི་ལ་ཕོ་མོ་གང་རུང་གི །དབང་པོ་ངེས་ལྡན་ཞིབ་ཆ་གཉིས། །བཤད་ཀྱང་འདོད་ལྷ་བཞི་ཡིས་གནོད། །དགེ་མེད་འདོད་ན་འཆིང་ལྡན་ཕྱིར། །བྱིས་པ་དྲི་མེད་མ་གཏོགས་པའི། །བཅུ་དགུར་ལྡན་རྣམས་སྡོམ་ལྡན་མིན། །མཚན་གཉིས་བྱུང་བས་གཏོང་ཕྱིར་རོ། །ཆགས་བཅས་འཕགས་པར་མཚན་གཞན་དོར། །དྲི་མེད་གཅིག་སྟེ་བཅུ་དགུ་རུང༌། །དེ་ལྡན་དགེ་སློང་སོགས་ཀྱང་རུང༌། །ཕྱིར་མི་འོང་ལ་མང་ན་ཡང༌། །བཅོ་བརྒྱད་ཡིད་མི་བདེ་སྤངས་ཕྱིར། །
གཞི་ལྔར་སྐུར་བ་ཟློག་པའི་ཕྱིར། །རྫས་གྲུབ་ལྔ་བཤད་གྲུབ་མཐའི་གཞུང༌། །སློབ་དཔོན་རྫས་བརྒྱད་འདུས་པའི་རྫས། །ནུས་པར་བཞེད་ཕྱིར་རྫས་རྡུལ་མེད། །བྱེ་སྨྲས་རྫས་རྡུལ་བློ་ཡིས་ཀྱང༌། །གཞིག་མེད་ཆེ་ཆུང་བསགས་རྡུལ་འདྲ། །དེ་བརྒྱད་འདུས་ཀྱང་མི་ཆེ་སྟེ། །བྱེ་མ་ཆུ་དང་མེ་ལྕགས་བཞིན། །ཀུན་ཀྱང་འབྱུང་བཞི་གཟུགས་དྲི་རོ་རེག་བཞིའི། །བདག་ཕྱིར་སྲ་གཤེར་མི་འདྲ་མེད་ཅེས་རྩོད། །བྱེ་སྨྲས་ཆེ་ཆུང་ཤས་ཟེར་མདོ་སྡེ་པས། །ནུས་པ་ཙམ་ཕྱིར་རྩོད་ལན་གཉི་ག་བཀག །མཚན་ཉིད་ཀྱིས་ན་དབྱིབས་རྫས་སོགས་ཕྱིར་ཉུང༌། །སྐྱེ་མཆེད་ཀྱིས་ན་འབྱུང་བཞི་རེག་བྱའི་ཕྱིར། །མང་ཟེར་རང་ལུགས་རྟེན་དང་བརྟེན་པ་ཡི། །དབང་བྱས་འབྱུང་བཞི་རྒྱུར་བྱས་བཞི་བཞི་ཡིན། །འདུས་བྱས་མཚན་ཉིད་དང་ནི་ཀུན་སྐྱེ་ཡང༌། །མ་གཏོགས་པ་ལ་ཐོབ་མེད་རྒྱུད་གཏོགས་ཀྱང༌། །ཁྱུ་མཆོག་ལྟར་ལྡང་བེའུ་ལྟར་འབྲང་བས། །དེ་མིན་གྲིབ་མ་ལྟ་བུར་ལྷན་ཅིག་འབྱུང༌། །ཁོ་ན་དང་ཕྱིར་འམ་ཞེས་རྣམ་བརྟག་མཛད། །
ཀུན་བཏུས་སྡེ་ཚན་དྲུག་དང་ང་གཅིག་གསུངས། །འདིར་ནི་བརྗེད་ངས་ཤེས་བཞིན་མིན་དྲན་པ། །རྣམ་གཡེང་ཏིང་འཛིན་གཏི་མུག་མེད་ལྟ་བློས། །བསྡུས་ཕྱིར་ས་མང་ལྔ་དང་མ་ངེས་པ། །བརྒྱད་དེ་སེམས་བྱུང་བཞི་བཅུ་རྩ་དྲུག་གསུངས། །ཀུན་བཏུས་ཀུན་འགྲོ་ཡུལ་ངེས་རྩ་ཉོན་ལྔ། །དགེ་བ་བདུན་ཏེ་ཉེར་གཉིས་རྫས་ཡོད་གཞན། །མངོན་པར་ཤེས་བཞིན་མ་ཡིན་བརྗེད་ངས་གཡེང༌། །ཚུལ་མིན་ཡིད་བྱེད་ལོག་མོས་ལྔ་གསུངས་ཤིང༌། །ཕྲན་ཚེགས་མི་དགའ་ཀླལ་བྱེད་སེམས་ཞུམ་དང༌། །རྨྱ་བ་ཟས་དྲོད་མི་ཟིན་ཡིད་མི་བྱེད། །ཐ་དད་འདུ་ཤེས་འཁྲུགས་སོགས་ཉེར་བཞི་གསུངས། །སྡོམས་ཀྱང་དོན་བདུན་མི་འགྱུར་དེར་འདུས་ཏེ། །དང་པོ་ལྔ་ནི་སེམས་དང་ཉོན་མོངས་པ། །ཆེན་པོའི་ས་པ་གཉིས་ཡིན་རྨོངས་སོགས་དྲུག །ཉོན་མོངས་ཁོ་ནའི་ས་པའི་དབང་བྱས་བཤད། །སེམས་ཀྱི་ས་པ་ཁོ་ན་ཚོར་སོགས་ལྔ། །མུ་བཞིའི་རྩི་ཚུལ་དགེ་ལ་ཡོད་མེད་དཔྱད། །ས་ནི་གོ་སྐབས་ཅན་དོན་ཁམས་གསུམ་དང༌། །སེམས་ཅན་ཀུན་ཀྱང་ས་མང་པོ་ཡི་ས། །ལོག་མོས་སོགས་ལྟ་གཏི་མུག་མེད། །འཚེ་དང་མི་འཚེ་དགུ་བཏགས་ཡོད། །གསུངས་སོ་ལྷག་མ་ལུགས་འདིར་དཔྱད། །མཆིམས་ཀྱི་རྫས་ཡོད་དོན་ཡང་དཔྱད། །སོམ་ཉིར་ཤེས་རབ་ཁྲོ་ལ་འདུན། །མ་དད་ལ་མོས་ཤས་ཆུང་སྟེ། །བ་ཚྭའི་རྒྱ་མཚོར་ཆུ་བཟང་བཞིན། །ཀུན་བཏུས་མ་འདྲིས་དྲན་པར་དཔྱད། །དོན་གཉེར་འདུན་པའོ་མོས་པ་དགའ། །སེམས་ཀྱི་འཇུག་པ་ཡིད་བྱེད་དོ། །རང་འགྲེལ་བཅུ་པོ་འདི་དག་ནི། །སེམས་ཀྱི་སྐད་ཅིག་ཐམས་ཅད་ལ། །ཚོགས་པར་འབྱུང་ངོ་ཞེས་གྲག་གོ །ཞེས་གསུངས་གྲགས་ཞེས་འདུན་སོགས་ནི། །ཀུན་ལ་མེད་པར་ཕུང་པོ་ལྔར། །གསུངས་ཕྱིར་འབྱུང་ཚུལ་མི་འཐད་ཅིང༌། །རྩོལ་བཅས་ཡིད་ལ་བྱེད་པ་དང༌། །རྩོལ་མེད་འདུ་བྱེད་བཏང་སྙོམས་གཉིས། །གཅིག་ལ་འགལ་ཕྱིར་བྱེ་སྨྲ་བའི། །མཚན་ཉིད་ལ་ཡང་མ་རངས་སོ། །གཞན་རྩོལ་གཞན་ལ་རྩོལ་མེད་ལོ། །དམིགས་པ་མི་མཚུངས་ཐལ་བར་འགྱུར། །རྟོག་དཔྱོད་རིག་པར་འདྲའོ་ལོ། །སློབ་དཔོན་རང་ཡང་ཕུང་པོ་ལྔར། །ཡིད་བྱེད་ཀུན་འགྲོར་གསུངས་པའི་ཕྱིར། །བཏང་སྙོམས་དང་ལྡན་འདོད་དགོས་ཟེར། །མཚན་ཉིད་ཁྱད་པར་ཡོད་དམ་དཔྱད། །གཏི་མུག་མེད་པ་བློས་བསྡུས་ཕྱིར། །འགལ་ཟླ་གཞན་སྟོན་དགག་སྒྲ་ཡིས། །གཞན་ལ་རྩ་བ་གཉིས་ཞེས་བཤད། །ལུས་ཀྱི་ཤིན་སྦྱངས་དབང་ཤེས་སུ། །ཀུན་ལས་བཏུས་ཀྱི་དར་ཊཱིཀ་དང༌། །མཆིམས་ཊཱིཀ་བཤད་ཀྱང་ཡིག་ཆར་མིན། །རྒོད་པའི་རྒྱུར་དཔྱད་འཚིག་པ་བསྡིགས། །ཉེས་སྦེད་གཡོ་དང་བཟང་རྫུ་སྒྱུ། །ཉོན་མོངས་ཆུང་ངུའི་ས་ཡིན་ཏེ། །མ་རིག་ཙམ་དང་མཚུངས་ལྡན་ཕྱིར། །མཚུངས་ལྡན་གྲོགས་ཀྱིས་ཆུང་བ་དང། །འདི་དག་སྒོམ་སྤང་ཁོ་ནའི་ཕྱིར། །སྤང་བྱ་རིས་ཀྱིས་ཆུང་བ་དང༌། །ཡིད་ཤེས་ཁོ་ནར་འབྱུང་བའི་ཕྱིར། །འབྱུང་ས་རྟེན་གྱིས་ཆུང་བ་འོ། །མ་ངེས་རྣམས་ནི་དེ་མ་ཡིན། །རྟོག་དཔྱོད་ལ་གསུམ་འགྱོད་དང་པོ། །གཉིད་ལ་སྔ་གཉིས་ཆགས་སྡང་ལ། །ཕྱི་གཉིས་ང་རྒྱལ་ཐེ་ཚོམ་ལ། །རྒྱུ་མཚན་བར་པ་མ་ཚང་ཕྱིར། །འདོད་སེམས་དགེ་ལ་ངེས་ཅན་དུ། །ཉེར་གཉིས་མང་ན་ཉེར་བཞི་འབྱུང༌། །ངན་བྱས་འགྱོད་པའི་ངོ་བོ་སྟེ། །འདི་ཙམ་ཡིན་མིན་དཔྱད། ཡིད་ལ་བཅག་པར་དེ་བཏགས་པ། །ཡུལ་གནས་རྒྱུ་མིང་གསུམ་བཏགས་ཡིན། །ལྟ་བ་བློ་ལས་གཞན་མེད་པས། །ལྟ་བས་གསུམ་ལྡན་མ་འདྲེས་འདྲ། །ཆགས་སོགས་བཞི་དང་ཁྲོ་སོགས་འགྱོད། །རང་རང་བསྣན་པས་ཉེར་གཅིག་གོ །ལྟ་གཉིས་ལ་ནི་བཅོ་བརྒྱད་དེ། །འདོད་ན་མ་སྒྲིབ་ལུང་མ་བསྟན། །སེམས་ཀྱི་བཅུ་དང་རྟོགས་དཔྱོད་ལྡན། །སྒྲིབ་པ་ལུང་མ་བསྟན་ཡང་སྟེ། །ཉོན་མིན་མ་རིག་ཡོད་ཕྱིར་ལོ། །ཉི་འོག་པ་ནི་མ་ཞུ་བར། །ཅིས་ཟོས་རྩིག་པར་ཅིས་མ་བྲིས། །སྙམ་འགྱོད་ཡིད་མི་བདེ་བ་ཡང༌། །ལུང་མ་བསྟན་ཟེར་བཟློག་པར་དཀའ། །དཔྱོད་པ་ཡང་ཞེས་ཡང་སྒྲ་ཡིས། །གཙོ་འཁོར་མེད་ཕྱིར་གཡོ་སྒྱུ་བཀག །མདོ་སྡེ་པ་ཡིས་ངོའི་ཁྱད་པར། །བརྗོད་པའི་སྒྲ་སློང་རྟོག་དཔྱོད་སྨྲ། །རྒྱག་པ་དགའ་མིན་ཁམས་གསུམ་པ་ཡི་ཕྱིར། །དེ་ལ་དབྱེ་བ་ལྔ་སྟེ་བཤེས་སྤྲིངས་ལས། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌། །དབང་ཐང་ཆེ་བས་རྒྱག་པ་དགྲ་བཞིན་གཟིགས། །བྱེ་སྨྲས་དགེ་དང་མི་དགེ་འབྱེད་པའི་སེམས། །དོན་ཤེས་ཡིད་དང་དམིགས་ཤེས་རྣམ་ཤེས་ལོ། །དགེ་སོགས་བག་ཆགས་བསགས་སེམས་རྟེན་གྱུར་ཕྱིར། །ཡིད་དང་བརྟེན་པར་གྱུར་ཕྱིར་རྣམ་ཤེས་སོ། །ཁམས་དང་སྐྱེ་མཆེད་ཀྱང་དེའི་དབང་བྱས་ཏེ། །མ་འོངས་འདས་དང་ད་ལྟའི་ཕྱིར་ཡང་ངོ༌། །སེམས་ཙམ་སྟུག་པོ་བཀོད་པའི་མདོར། །སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །དེ་ལ་ངར་འཛིན་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང༌། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་སོ་དབང་པོར་བརྟེན་ཕྱིར་དང༌། །ཡུལ་འཛིན་ཁྱད་འབྱེད་མཉམ་པའི་ཕྱིར། །རྟེན་དམིགས་རྣམ་བཅས་མཚུངས་ལྡན་གསུངས། །
ཐོབ་ལ་རྙེད་ལྡན་དང་པོར་ཡང༌། །སྔར་མེད་རྙེད་ཐོབ་ཆོས་བཟོད་དང༌། །ཉམས་ལས་རྙེད་ཐོབ་མིས་བསམ་གཟུགས། །ལྡན་ཐོབ་དེ་ཡི་སྐད་ཅིག་གཞན། །རྙེད་པས་མ་ཐོབ་ལྡན་མ་ཐོབ། །དགྲ་བཅོམ་སྲིད་ཉོན་མ་ཐོབ་པ། །སྔར་མེད་རྙེད་པའི་མ་ཐོབ་དང༌། །མིག་ལོང་ཉམས་ལས་རྙེད་མ་ཐོབ། །དེ་དག་སྐད་ཅིག་གཉིས་པ་ནས། །ལྡན་པའི་མ་ཐོབ་བོ་ཡིག་ཆ་ལས། །སྦྱོར་ལམ་མཐོང་དང་མི་ལྡན་པ། །སྔར་མེད་རྙེད་པའི་མ་ཐོབ་གསུངས། །དེ་ནི་ཐོག་མ་མེད་པ་ནས། །ལྡན་པའི་མ་ཐོབ་མ་ཡིན་ན། །ལྡན་པའི་དེ་ལ་ནམ་ཞིག་འགྱུར། །ཐོབ་རྙེད་ལྡན་གསུམ་དོན་གཅིག་པ། །བཀག་པ་གསུམ་དུ་ཕྱེ་བ་ཡིན། །ཐོབ་དང་མ་ཐོབ་ཡོད་མཉམ་མོ། །ཡིད་ཀྱི་མ་ཐོབ་སུ་ལ་ཡོད། །བྱེ་སྨྲས་ཐོབ་པ་རྫས་གྲུབ་སྟེ། །མི་སློབ་ཡན་ལག་བཅུ་ལྡན་ཀུན། །འཇིག་རྟེན་པ་ཡི་སེམས་མངོན་བྱས། །འཕགས་མིན་ཐལ་བ་རིགས་པ་འོ། །སློབ་དཔོན་འཁོར་སྒྱུར་རིན་ཆེན་ལྡན། །མཐོང་སྤང་སྤངས་ཕྱིར་མི་འདྲ་གསུངས། །འགོག་གཉིས་རྒྱུད་དུ་མ་གཏོགས་ཕྱིར། །འགོག་རྣམ་གཉིས་ཞེས་དམིགས་བསལ་གསུངས། །དུས་གསུམ་སོ་སོའི་དུས་གསུམ་ཡང༌། །རང་གི་སྔ་ཕྱི་བར་ལ་སྦྱར། །མཆིམས་ཊཱིཀ་འདས་པའི་འདས་པ་ནི། །རང་དང་ལྷན་ཅིག་འགག་མ་ཐག །ད་ལྟའོ་དེ་ནས་མ་འོངས་གསུངས། །སྐྱེ་བའི་ཆོས་ཅན་མ་འོངས་ཀྱང༌། །རང་དུས་མ་འོངས་ད་ལྟར་བར། །འཕོས་ཚེ་ད་ལྟ་དེ་རྗེས་འདས། །ཞེས་གསུངས་མི་སྐྱེའི་ཆོས་ཅན་དཔྱད། །མ་གཏོགས་རྣམས་ཀྱི་རྣམ་བཞི་ནི། །བརྟག་མིན་གང་ཟག་དབྱེ་བས་གསུམ། །བརྟག་ཐོབ་ཟག་བཅས་གོང་མ་གཉིས། །གཞན་དང་ལམ་བདེན་གར་མ་གཏོགས། །སློབ་དང་མི་སློབ་མིན་ཐོབ་ལའང༌། །སློབ་པར་བྱེད་དང་མི་སློབ་དང༌། །དེ་གཉིས་གང་ཡང་མ་ཡིན་གསུམ། །བརྟག་འགོག་སློབ་དང་མི་སློབ་ཀྱི། །ཐོབ་དང་སོ་སྐྱེས་དེ་ཐོབ་པའོ། །ཐལ་འགྱུར་བ་ཡང་སློབ་འཕགས་པར། །འདིས་འགྲུབ་ཚོགས་སྦྱོར་སློབ་མིན་ན། །སློབ་སྐབས་ཚོགས་གཉིས་མ་བསགས་འགྱུར། །སློབ་པར་གང་ཟག་དགོས་མིན་ཏེ། །སློབ་འབྲས་གཉིས་ཀ་མིན་གསུམ་དུ། །སློབ་པའི་བྲལ་འབྲས་གསུངས་ཕྱིར་རོ། །མ་སྒྲིབ་ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །མིག་རྣའི་མངོན་ཤེས་སྤྲུལ་སེམས་སྤྱོད་ལམ་བཟོ། །ཆེས་གོམས་སྦྱོར་བས་ཁྱད་པར་སྟོབས་ལྡན་ཕྱིར། །དུས་གསུམ་ཐོབ་ལྡན་སོ་ཐར་སྲོག་གཅོད་སོགས། །འདོད་པའི་གཟུགས་དང་གོང་མའི་སྒྲིབ་གཟུགས་ལའང༌། །འདས་ཐོབ་མེད་ཀྱང་དེའི་གཟུགས་དགེ་ལ་ཡོད། །འདས་མ་སྐྱེས་གསུམ་ད་ལྟའི་བར་པ་མེད། །ཐོབ་བྱར་དུས་མཉམ་ཐལ་ཕྱིར་མ་ཐོབ་འགལ། །འདས་པའི་འདས་ཐོབ་མཆིམས་ཀྱིས་རང་དུས་ལ། །སྦྱར་བར་འདིས་གནོད་འདི་དང་འདྲ་ཕྱིར་རོ། །འདས་པ་ལ་ཡང་སྔ་ཕྱི་གསུངས་མོད་ཀྱི། །སྔ་མར་རང་དང་ལྷན་ཅིག་མ་གསུངས་སམ། །ཡིག་ཆར་འང་འདས་པའི་ད་ལྟ་ཞེས་པ་ཡི། །ད་ལྟར་འདས་པའི་རང་དུས་ལ་བཞག་དཔྱད། །མ་ཐོབ་རྒྱུད་ལྡན་གར་གཏོགས་ས་ཡིས་བསྡུས། །ཟག་མེད་མ་ཐོབ་ཟག་བཅས་བཟློག་པ་གཞན། །འདོད་ཁམས་ས་འཕོས་ཀྱིས་གཏོང་སྤངས་པས་མིན། །སྐལ་མཉམ་སེམས་ཅན་སྨོས་པས་འབྲུ་སོགས་གཅོད། །ཐ་དད་མིན་སྤྱིའི་སྐལ་མཉམ་སེམས་ཅན་ཙམ། །བྱེ་བྲག་ཐ་དད་སྐལ་མཉམ་ལྷ་མི་སོགས། །སྐལ་མཉམ་སྤྱི་ནི་བློ་མཐུན་འཇུག་པའི་རྒྱུར། །སྨྲ་ཕྱིར་གཞན་སེལ་མི་འདོད་འདྲ་སྟེ་དཔྱད། །ངེས་འབྱུང་འདོད་པའི་སྙོམས་འཇུག་ད་ལྟར་ཐོབ། །སྐད་ཅིག་གཉིས་པར་གཉིས་ལྡན་ལངས་ཚེ་འདས། །སྐྱེས་ནས་མྱོང་འགྱུར་གསུངས་ཕྱིར་གནས་དེར་མེད། །དེ་ནི་ཕྱི་མར་འདོད་པར་སྐྱེས་ཕྱིར་རོ། །འགོག་པ་ཞིར་གནས་དོན་དུ་སྲིད་རྩེར་བརྟེན། །ནུབ་ཕྱོགས་པ་ཡིས་བྱང་འཕགས་ལྡང་བ་འདོད། །རང་ལུགས་ཟད་པ་མཁྱེན་དང་དུས་མཉམ་མོ། །ཚེ་བསོད་ཟད་འཆི་མུ་བཞིའི་གཅིག་བཟློག་དཀའ། །
མྱུ་གུ་སྐྱེ་བས་མྱུག་དང་གནས་སོགས་གསུམ། །སྐྱེ་དེའི་སྐྱེ་སོགས་བཞི་སྟེ་བརྒྱད་པོ་ལ། །སྐྱེད་པའི་བྱེད་པ་འཇུག་ཅིང་སྐྱེ་བའི་སྐྱེས། །སྐྱེ་ལ་བྱེད་འཇུག་ཐོབ་པས་ཐོབ་པ་བཞིན། །སྐྱེ་བས་བརྒྱད་ཆར་སྐྱེད་ན་ཡང༌། །རྒྱུ་རྐྱེན་ཚོགས་ལ་ལྟོས་པའི་ཕྱིར། །མ་འོངས་ཐམས་ཅད་ཅིག་ཅར་མིན། །སྐལ་མཉམ་རྒྱུ་མཐུན་ལས་བྱུང་དང༌། །སེམས་ཅན་སྟོན་དང་ལུང་བསྟན་མིན། །ཚོགས་གསུམ་འདྲ་ལ་དེའི་སྟེང་དུ། །རྣམ་སྨིན་ལས་བྱུང་ཁམས་གསུམ་གཏོགས། །མཚན་ཉིད་རྣམས་དང་ཐོབ་པ་ལ། །རྣམ་སྨིན་རྒྱུ་མཐུན་ལས་བྱུང་གཉིས། །མ་ཐོབ་སྙོམས་འཇུག་རྣམ་སྨིན་མིན། །ཕན་འདོགས་རིགས་གནས་རྒྱུ་ཡི་དོན། །རྒྱུ་དྲུག་མིང་ཙམ་གོང་མས་འདོད། །སྐྱེར་གེགས་མི་བྱེད་བྱེད་རྒྱུ་སྟེ། །མི་འཚེར་རྒྱལ་པོས་བདེ་བྱས་བཞིན། །མཆིམས་ཊཱིཀ་སྐྱེ་རུང་མུན་དང་སྣང༌། །བྱེད་རྒྱུར་གསུངས་སོ་ཡིག་ཆར་བཀག །སེམས་བྱུང་རྣམས་ནི་རྒྱུ་མཚན་བཅུས། །སེམས་རྗེས་འཇུག་སྟེ་སྐྱེ་གནས་འགག །གཅིག་ལ་མིན་ཡང་དུས་ཙམ་གཅིག །འདི་ཡིས་མི་སྐྱེའི་ཆོས་ཅན་སྡུད། འབྲས་དང་རྣམ་སྨིན་རྒྱུ་མཐུན་གཅིག །འདིར་ཡང་ཟག་མེད་མ་གཏོགས་སོ། །འབྲས་བུས་བྱེད་དང་བྲལ་འབྲས་བསྡུས། །ལྷན་ཅིག་འབྱུང་དང་མཇུག་ཐོགས་འབྱུང༌། །དུས་གཞན་འབྱུང་དང་མི་སྐྱེ་བཞི། །ཡོད་ཕྱིར་བྱེད་འབྲས་རྣམ་སྨིན་དང༌། །རྒྱུ་མཐུན་གཉིས་ལས་ལོགས་སུ་བསྟན། །དགེ་སོགས་སུ་ཡང་གཅིག་པ་སྟེ། །མ་སྒྲིབ་སོགས་ཀྱང་མ་གཏོགས་སོ། །གཉིས་པའི་མ་སྒྲིབ་སེམས་ཀྱིས་ནི། །སེམས་བྱུང་མཚན་ཉིད་བཅས་ལྔ་བཅུ། །རང་གི་རྩ་བའི་མཚན་ཉིད་བཞི། །རྗེས་མཐུན་བཞིར་བཅས་ང་བརྒྱད་སྐྱེད། །ཚུར་ལ་ལྷན་ཅིག་བྱེད་པའི་རྐྱེན། །ང་བཞིས་བྱེད་དེ་རྗེས་མཐུན་བཞིས། །དངོས་སུ་མི་ནུས་ཉིང་བྲན་བཞིན། །
སྒྲིབ་པའི་སྐལ་མཉམ་ཁྱད་ཆོས་གསུམ། །རྣོ་རྟུལ་དང་ནི་དུས་མཉམ་པ། །དབང་པོ་རྒྱུ་རྒྱས་མཉམ་པ་འོ། །ཟག་མེད་ཁམས་སུ་མ་གཏོགས་ཕྱིར། །ཟག་བཅས་རང་སའི་མཉམ་ཁྱད་པར། །མ་འོངས་གོ་རིམ་མེད་ཕྱིར་དང༌། །ཀུན་འགྲོ་སྐལ་མཉམ་རང་འབྲས་ལས། །སྔར་སྐྱེས་ངེས་ཕྱིར་དུས་གཉིས་པ། །ལས་གཞན་ཡོད་ཀྱང་མ་བཤད་ལོ། །བྱེད་རྒྱུ་རྟག་ཕྱིར་འདིར་མ་བཤད། །མདོ་སྡེ་པ་དང་བྱེ་སྨྲ་གཉིས། །འགོག་བདེན་བྲལ་འབྲས་བྱེད་འབྲས་དང༌། །མེད་དགག་ཡིན་མིན་རྩོད་ཚུལ་མང༌། །དཔེ་སྟོན་མ་བྱས་དམིགས་རྐྱེན་མིན་ཏེ་མདོར། །རྣམ་ཤེས་སྐྱེད་པའི་རྒྱུ་གང་ཡིན་པ་དང༌། རྐྱེན་གང་ཡིན་དེ་དག་ཀྱང་མི་རྟག་ན། །གསུངས་ཟེར་བྱེ་སྨྲས་སྐྱེད་པའི་གསུངས་ཕྱིར་ཟེར། །སྐྱེས་བུ་པ་ཡི་ལྷན་མཚུངས་གཉིས། །དེ་ལ་དེ་ལས་གཞན་ཡང་ཡོད། །ལུང་བསྟན་ཕྱིས་འབྱུང་རྒྱས་བྱུང་གཅོད། །རྒྱུ་མཐུན་འབྲས་ལ་ཆ་གཉིས་ཏེ། །སྐལ་མཉམ་ལ་ནི་རྣམ་པ་འདྲ། །ཀུན་འགྲོ་དང་ནི་དཔྱད་རིས་འདྲ་འོ། །དེ་ཕྱིར་སྐལ་མཉམ་ཀུན་འགྲོའི་རྒྱུར། །མུ་བཞི་འདོད་ཆགས་ཀུན་འགྲོ་མིན། །འཇིག་ལྟ་རིས་གཞན་སྐལ་མཉམ་མིན། །འཇིག་ལྟ་རང་རིས་གཉི་ག་ཡིན། །གང་མཐུས་གང་སྐྱེས་བྱེད་འབྲས་གསུངས། །འོ་ན་འགོག་བདེན་འདིར་མི་རུང༌། །མ་སྐྱེས་ཕྱིར་ཟེར་གང་སྤེལ་ལས། །ཐོབ་ལ་སྐྱེ་བའི་སྒྲར་གདགས་གསུངས། །རྒྱལ་སྲས་མ་ལས་དེ་ཡིན་ཡང༌། །རྟག་ཕྱིར་འདིར་ནི་མ་བཤད་གསུངས། །གང་སྤེལ་བཤད་པ་གཞུང་དང་མཐུན། །བྱེད་རྒྱུ་མ་གཏོགས་ལྔ་ཡིས་འཛིན། །འཛིན་པ་སྐྱེད་པའི་ནུས་ལྡན་དོན། །ཡང་ན་འབྲས་བུ་ཡིན་པའི་དོན། །ཁ་ཅིག་འབྲས་བུའི་མཚམས་འཛིན་ཟེར། །ལྷན་མཚུངས་གཉིས་ཀྱིས་ད་ལྟར་འབྱིན། །གཉིས་ཀྱིས་འདས་དང་ད་ལྟར་ཏེ། །སྐལ་མཉམ་ཀུན་འགྲོ་དག་སྒྲས་བསྡུས། །རྣམ་སྨིན་འདས་པ་ཁོ་ནས་འབྱིན། །སྐལ་མཉམ་འབྲས་བུ་འབྱིན་འཛིན་ལ། །དམིགས་མེད་དགེ་དང་མི་དགེ་སྒྲིབ། །མ་སྒྲིབ་ལུང་མ་བསྟན་བཞི་དང༌། །དམིགས་བཅས་སེམས་ཀྱང་དགེ་སོགས་བཞིར། །བཞི་བཞི་བྱས་པས་རེ་བཞི་འོ། །ཉོན་མོངས་ཅན་ལ་རྣམ་སྨིན་རྒྱུ་མེད་ཅིང༌། །རྣམ་སྨིན་སྐྱེས་ལ་ཀུན་འགྲོ་མ་གཏོགས་ཏེ། །གཞན་རྣམས་ཀུན་འགྲོ་རྣམ་སྨིན་གཉིས་ཆར་དང༌། །ཟག་མེད་དང་པོར་དེ་གཉིས་སྐལ་མཉམ་ཡང༌། །དེ་ཡང་སེམས་དང་སེམས་བྱུང་དབང་བྱས་ཀྱི། །གཟུགས་ཀྱིས་བསྡུས་པའི་ཉོན་མོངས་ཅན་སོགས་བཞིར། །མཚུངས་ལྡན་མ་གཏོགས་ལྷག་མ་སྔར་བཞིན་སྦྱར། །རྒྱུ་དང་རྐྱེན་གཅིག་རྒྱས་བསྡུས་ཕུང་ཁམས་བཞིན། །བྱེད་རྒྱུ་མ་གཏོགས་ལྔ་པོ་རྒྱུ་རྐྱེན་ཡིན། །བྱེ་སྨྲས་མཚུངས་པ། དེ་མ་ཐག་རྐྱེན་འབྲས་འདྲ་ཕྱིར། །བར་དུ་ཆོད་ཀྱང་རིགས་འདྲེས་མིན། །རྒྱུད་རྒྱུ་ཡང་མཚུངས་དེ་མ་ཐག་རྐྱེན་ལོ། །ཉམས་པའི་ཉོན་མོངས་དངོས་ཀྱི་ཉེར་ལེན་འདྲ། །སློབ་དཔོན་གྱིས་བཀག་དེ་མ་ཐག་རྐྱེན་དང༌། །མཚུངས་པ་དེ་མ་ཐག་རྐྱེན་མུ་བཞི་སྟེ། །འཇུག་སེམས་ལྡང་བློའི་དེ་མ་ཐག་རྐྱེན་མིན། །འཇུག་སེམས་འགོག་སྙོམས་དང་པོའི་མཚུངས་དེ་མིན། །གཉིས་ཡིན་འཇུག་སེམས་སྙོམས་འཇུག་སེམས་དང་པོ། །གཉིས་མིན་འཇུག་སེམས་སྙོམས་འཇུག་གཉིས་པ་འོ། །སེམས་མེད་ཕྱིར་ན་གསུམ་པ་གཟུང་བར་དཀའ། །ཞིབ་ཆར་མཚུངས་པ་དེ་མ་ཐག་པ་ཟེར། །གཞན་ལས་ལྷག་པའི་ཕྱིར་ན་བདག་རྐྱེན་ནོ། །ལྷན་མཚུངས་འགག་དང་ད་ལྟར་ལ་བྱེད་ཅིང༌། །རྣམ་སྨིན་སྐལ་མཉམ་ཀུན་འགྲོས་སྐྱེ་ལ་འོ། །དེ་མ་ཐག་དང་དམིགས་རྐྱེན་གཉིས་པོ་ལ། །རྒྱུ་ཡིས་བྱེད་ཚུལ་གཉིས་པོ་བཟློག་སྟེ་སྦྱར། །སེམས་ལ་རྐྱེན་བཞི་འགོག་ལ་དམིགས་མ་གཏོགས། །གཞན་ལ་རྒྱུ་བདག་གཉིས་སོ་དབང་ཕྱུག་གཙོ། །རྡུལ་དངོས་དུས་མིན་རིམ་སོགས་རེས་སོགས་ཕྱིར། །འབྱུང་བས་འབྱུང་ལ་ལྷན་ཅིག་སྐལ་མཉམ་གཉིས། །འབྱུང་འགྱུར་ལ་ནི་བྱེད་རྒྱུ་ལྔ་བྱེད་དེ། །སྐྱེ་གནས་རྟེན་རྟོན་འཕེལ་བའི་རྒྱུ་མེད་ཕྱིར། །སྔར་མེད་སྐྱེད་དང་འཕེལ་འགྲིབ་རྗེས་འགྲོ་ལྡོག །རེ་མོས་རྩིག་གཞི་འདྲ་དང་རྒྱུན་གནས་བྱེད། །འཕེལ་བར་བྱེད་ཕྱིར་རོ་དེ་སྐད་རང་ཉིད་ཀྱི། །འགྲེལ་བར་སྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང༌། །རྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར་ཞེས་གསུངས། །འབྱུང་འགྱུར་ཕན་ཚུན་ལྷན་ཅིག་སྐལ་མཉམ་དང༌། །རྣམ་སྨིན་གསུམ་མོ་འབྱུང་ལ་རྣམ་སྨིན་གཅིག །ཚེ་འམ་གནས་སྐབས་བརྒྱད་དེ་རྒྱུན་གྱི་ཚེ། །ས་མཚུངས་ཚེ་དང་ཉིང་མཚམས་སྦྱོར་བའི་ཚེ། །སྙོམས་པར་འཇུག་ཚེ་དེ་ལས་ལྡང་བའི་ཚེ། །སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ། །སྤྲུལ་ལ་འཇུག་ཚེ་སྤྲུལ་ལས་ལྡང་ཚེ་འོ། །འདོད་སེམས་དགེ་ལས་རྒྱུན་ས་གཉིས་ཀྱི་བཞི། །ཐོབ་ཟིན་སློབ་དང་མི་སློབ་ཟག་མེད་གཉིས། །ཉིང་མཚམས་སྦྱོར་ཚེ་འདོད་དགེ་སྐྱེས་ཐོབ་ལས། །གོང་མའི་སྒྲིབ་གཉིས་འདོད་དགེ་སྦྱོར་བྱུང་ལས། །གཟུགས་དགེ་སྦྱོར་བྱུང་ངོ་མི་ལྕོགས་མེད་ཉིད་ཟེར། །ལ་ལ་ཁྱད་པར་ཅན་འདོད་དབྱངས་སྒྲོགས་ནི། །ཐོད་རྒལ་ཚེ་ན་གཉིས་པའང་འབྱུང་ངོ་གསུངས། །གཟུགས་མེད་དགེ་མིན་བཞི་ཡིས་རིང་ཕྱིར་ཏེ། །གཟུགས་ལ་འདོད་པའི་སྤྲུལ་སེམས་མངོན་བྱེད་ཀྱང༌། །གཟུགས་མེད་གང་ཡང་མི་ནུས་རྟེན་གྱིས་རིང༌། །འདོད་ལ་རགས་པར་འང་མི་ལྟ་རྣམ་པས་རིང༌། །འདོད་ལ་མི་དམིགས་ཕྱིར་ན་དམིགས་པས་རིང༌། །འདོད་པའི་གཉེན་པོ་མི་བྱེད་གཉེན་པོས་རིང༌། །དགེ་དེ་རྒྱུན་སའི་བཞི་དང་སྙོམས་འཇུག་ལས། །ལྡང་ཚེ་ཟག་མེད་གཉིས་དང་གཟུགས་ཀྱི་དགེ །སྦྱོར་བྱུང་ངོ་དེ་ཚེ་སྐྱེས་ཐོབ་འཇུག་མི་སྲིད། །ཉོན་མོངས་ཀྱིས་གཟིར་གཟུགས་ཀྱི་སྒྲིབ་ལས་ཏེ། །དེ་ལས་མཆོག་ཕྱིར་རོ་དེ་ལྟར་བརྒྱད་ལས་འབྱུང༌། །གཟུགས་ཀྱི་སྒྲིབ་ལས་འབྱུང་བའི་དགེ་འདོད་པར། །མ་ངེས་རང་རང་འོག་མས་བསྟན་ཕྱིར་རོ། །འདི་ནི་འོག་མ་དག་ལ་ཅི་རིགས་སྦྱར། །མི་དགེ་རྒྱུན་སའི་བཞི་དང་མཚམས་སྦྱོར་ཚེ། །གོང་མའི་དྲུག་ལས་འབྱུང་ངོ་རང་ལས་བཞི། །སྒྲིབ་པ་བཅུ་ལས་སྐྱེས་ཤིང་དེ་ལས་བཞི། །མ་སྒྲིབ་བཞི་དང་སྤྲུལ་ཚེ་གཟུགས་དགེ་ལས། །དེ་ལས་བཞི་དང་གོང་སྐྱེས་ཉོན་མོངས་གཉིས། །སྤྲུལ་ལས་ལྡང་ཚེ་གཟུགས་དགེ་བདུན་འབྱུང་ངོ༌། །གཟུགས་དགེ་རྒྱུན་སའི་གསུམ་དང་ལྡང་བའི་ཚེ། །འདོད་དགེ་སྤྲུལ་ལ་འཇུག་ཚེ་འདོད་མ་སྒྲིབ། །མཚམས་སྦྱོར་འདོད་ཉོན་གཉིས་དང་གོང་མའི་སྒྲིབ། །སྙོམས་འཇུག་གཟུགས་མེད་དགེ་དང་ཟག་མེད་གཉིས། །འབྱུང་ངོ་རང་གསུམ་འཇུག་ཚེ་འདོད་དགེ་དང༌། །ལྡང་ཚེ་ཟག་མེད་གཉིས་དང་གཟུགས་མེད་དགེ །སྤྲུལ་ལས་ལྡང་ཚེ་འདོད་པའི་མ་སྒྲིབ་དང༌། །སྔར་བཞིན་གཟིར་ཚེ་གོང་མའི་སྒྲིབ་ལས་འབྱུང༌། །སྒྲིབ་པ་རྒྱུན་སའི་གསུམ་དང་མཚམས་སྦྱོར་ཚེ། །གཟུགས་མེད་གསུམ་དང་འདོད་པའི་མ་སྒྲིབ་དགེ །ཉོན་མོངས་ཅན་ལས་གོང་མ་མིན་གསུངས་ཕྱིར། །དེ་ལས་གསུམ་དང་སྦྱོར་ཚེ་འདོད་ཉོན་གཉིས། །གཟིར་ཚེ་འོག་དགེ་འབྱུང་ཞིང་མ་སྒྲིབ་ལས། །གསུམ་དང་སྦྱོར་ཚེ་གོང་འོག་ཉོན་མོངས་གསུམ། །གཟུགས་མེད་མ་སྒྲིབ་པ་ཡང་ཕྱོགས་འདིར་འདྲ། །གཟུགས་མེད་དགེ་ལ་གསུམ་དང་ལྡང་བའི་ཚེ། །གཟུགས་དགེ་སྙོམས་འཇུག་ཚེ་ན་ཟག་མེད་གཉིས། །སྦྱོར་ཚེ་འདོད་ཉོན་གཉིས་དང་གཟུགས་ཀྱི་སྒྲིབ། །འབྱུང་ངོ་རང་གསུམ་འཇུག་ཚེ་གཟུགས་དགེ་དང༌། །ལྡང་ཚེ་ཟག་མེད་གཉིས་སོ་གཟུགས་མེད་ཀྱི། །སྒྲིབ་པ་རྒྱུན་སའི་གསུམ་དང་མཚམས་སྦྱོར་ཚེ། །འོག་མའི་དགེ་དང་མ་སྒྲིབ་བཞི་ལས་འབྱུང༌། །དེ་ལས་གསུམ་དང་སྦྱོར་ཚེ་འདོད་ཉོན་གཉིས། །གཟུགས་ཀྱི་སྒྲིབ་པའོ་གཟིར་ཚེ་གཟུགས་དགེ་འབྱུང༌། །ཁམས་གསུམ་དགེ་དང་ཟག་མེད་གཉིས་ཏེ་ལྔ། །སློབ་དང་མི་སློབ་གཉིས་ལ་མཐུན་པར་སྦྱར། །བཅུ་གཉིས་ཉི་ཤུར་ཕྱེ་ཚུལ་གཞུང་ཉིད་གསལ། །གཟུགས་ན་བཟོ་མེད་ཀུན་རྫོགས་གོས་བཅས་ཕྱིར། །ཉི་ཤུར་ཕྱེ་བའི་དགོས་པ་ཁམས་གང་ན། །ཐོས་བསམ་སྒོམ་ཡོད་ཤེས་དང་འཆི་སེམས་ཀྱང༌། །དགེ་བས་བྱེད་ཚེའང་འཆི་སེམས་མི་གསལ་ཕྱིར། །སྐྱེས་ཐོབ་ཁོ་ནས་བྱེད་དང་མ་སྒྲིབ་པས། །བྱེད་ཚེ་རྣམ་སྨིན་སྤྱོད་ལམ་གྱིས་བྱེད་ཀྱང༌། །བཟོ་དང་སྤྲུལ་སེམས་གསལ་ཕྱིར་མི་བྱེད་དང༌། །འདོད་ལས་གཞན་ལ་སྐྱེས་ཐོབ་མི་གསལ་ཕྱིར། །འཇུག་ལྡང་སྦྱོར་བྱུང་ཁོ་ནས་བྱེད་རྟོགས་ཕྱིར། །གཟུགས་མེད་གཟུགས་སུ་སྐྱེས་ཚེ་དགེ་ཉོན་གཉིས། །འདོད་གཟུགས་སྤྲུལ་སེམས་གཉིས་རྙེད་ཉམས་ཚེ་གཉིས། །གཟུགས་མེད་ཉོན་མོངས་ཀྱིས་ཉམས་དེ་དང་སློབ། །གཟུགས་སྐྱེས་དགེ་མངོན་མྱུར་ཚེ་གསུམ་གསར་དུ། །རྙེད་སྲིད་སྤྲུལ་སེམས་གཉིས་དང་རང་ཉིད་དོ། །སློབ་མངོན་གྱུར་ལ་བཞི་སྲིད་རང་ཉིད་དང༌། །སྤྲུལ་སེམས་གཉིས་དང་གཟུགས་མེད་དགེ་བ་འོ། །སློབ་པ་འཕགས་པ་ཡིན་པ་འདིར་ཡང་བཤད། །ལྷག་མ་དྲུག་ཚེ་རང་རང་གཅིག་པུ་རྙེད། །
༈ དགའ་དང་སྐྱབས་མེད་ན་ར་ཀཿ །མི་ལྡོག་ཡིད་བཏགས་པྲེ་ཏ་སྟེ། །དུད་ཅིང་འགྲོ་བས་ཏིརྻ་ཀཿ །དམྱལ་བརྒྱད་གླིང་བཞི་ལྷ་དྲུག་སྟེ། །ཉི་ཤུ་གྲང་དམྱལ་གླིང་ཕྲན་མིན། །འཁོར་ཕྱིར་ཉི་ཚེ་ངེས་མེད་ཕྱིར། །མ་བགྲང་བ་ལས་གྲང་དམྱལ་བརྒྱད། །གླིང་ཕྲན་བརྒྱད་དང་བཅས་སོ་དྲུག །དགེ་ཆུང་བདེ་ཆུང་སོགས་སུའང་བཏགས། །བཞི་ལ་གཟུགས་ཅན་གནས་མེད་དོ། །སྲིན་པོ་རྔ་ཡབ་གླིང་གནས་མི། །ལྷ་མིན་འགྲོ་བ་གསུམ་དུ་བཤད། །སྤྲུལ་སེམས་ཆགས་བྲལ་ལ་ཡོད་ཕྱིར། །དེ་ལ་ཇི་ལྟར་རྒྱས་ཤེ་ན། །གཞན་གྱིས་རྒྱས་ཤིང་རང་གིས་ཀྱང༌། །ཉམས་དྲན་ཆགས་སྐྱེད་དེས་སྤྲུལ་པའི། །དྲི་རོར་སྐྱེ་ཕྱིར་བརྒྱུད་ནས་ཡིན། །བར་མིན་དྲི་ཟ་ལྷའི་རོལ་མོ། །གཞན་ཡང་ཅི་རིགས་ཚུལ་གྱིས་བསྡུས། །འདིར་བསྟན་ཁམས་དང་འགྲོ་བ་ལ། །མུ་བཞི་གྲང་དམྱལ་བར་དོ་སོགས། །བར་དོའང་གཟུགས་སོགས་རྟེན་ཅན་ཏེ། །བར་འདའ་གཟུགས་སུ་འདའ་ཕྱིར་རོ། །མངལ་དུ་མཚམས་སྦྱར་གཟུགས་ཁམས་མཚར། །སྔར་སྐྱེས་ཚངས་རིས་ལྷ་རྣམས་ནི། །འདུ་ཤེས་གཅིག་ཀྱང་ཕྱི་སྐྱེས་རྣམས། །ཕྱིས་འབྱུང་འདོད་པའི་ལྷ་མི་ལྟར། །གཉིས་ཀ་ཐ་དད་འོད་ཆུང་སོགས། །ཉེར་བསྡོགས་དངོས་གཞིའི་བཏང་སྙོམས་བདེས། །སྐྱོ་བས་རེས་བྱེད་ཤེས་ཐ་དད། །གསུམ་པར་བདེ་བས་སྐྱོ་མེད་ལོ། །དཔེ་སྟོན་རྒན་གཞོན་མི་འཇིག་ཚེ། །འཇིག་བཅས་འཇིག་མེད་ཕྱིར་ཞེས་བཤད། །གསུམ་པར་ལུས་དང་འདུ་ཤེས་གཅིག །ངན་སོང་སྡུག་བསྔལ་རྩེ་འགོག་པ། །བཞི་པ་འདུ་ཤེས་མེད་པས་འཇོམས། །བཞི་པ་སྲིད་རྩེར་བཅས་ཏེ་དགུ། །བདུན་གྱི་ནང་ཚན་རྣམ་ཤེས་བཞིས་མ་བསྡུས། །བཞི་པའི་གཟུགས་ཕུང་ལ་སོགས་བདུན་གྱིས་མིན། །མངལ་དུ་སྐྱེ་མཆེད་དོད་ལས་གཞན་སྒོང་སྐྱེས། །ལྔ་ལེན་བུ་དང་རི་དྭགས་འཛིན་གྱི་བུ། །མཆིམས་ཊཱིཀ་དེའི་མ་ས་གའི་བུ་ཞེས་བཤད། །དྲོད་གཤེར་ང་ལས་ནུ་དང་དེའི་བརླ་ལས། །མཛེས་དང་ཉེ་མཛེས་གཉིས་སོ་ཚངས་བྱིན་གྱི། །བྲང་ལས་བུ་མོ་ཐི་བའི་འཕྲེང་ལྡན་མ། །ཤིང་ལས་ཨ་མྲ་སྐྱོང་མའོ་མཆིམས་ཊཱིཀ་ལས། །མཛེས་དང་ཉེ་མཛེས་ཕྲག་སྐྱེས་བརླ་ལས་ནི། །མཛེས་ལྡན་མཛེས་ཅན་བྲང་ལས་ཕྲེང་ལྡན་ཟེར། །མཁའ་ལྡིང་བཞི་ཡི་གཅིག་གིས་ཀླུ་བཞི་ཟ། །བྱེ་སྨྲ་ཁ་ཅིག་ཡི་དྭགས་རྫུས་སྐྱེས་ཟེར། །ཞག་རེར་བུ་བཅུ་ཟ་བ་དུ་མར་བཤད། །སྐྱེ་གནས་མཆོག་དང་མང་བ་རྫུས་སྐྱེས་ནི། །ཡིན་ཡང་དགོས་པ་གསུམ་ཕྱིར་སྟོན་པས་དོར། །
ཕལ་ཆེན་ས་སྟོན་བར་སྲིད་མེད་དེ་མདོར། །བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང༌། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང༌། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་དང་ལུས་དེས་དམྱལ་ལྷུང་གསུངས་ཕྱིར་ཡང༌། །བར་སྲིད་མེད་ཟེར་གཟུགས་རྒྱུན་རིམ་འགྲོ་སྟེ། །འབྲུ་བཞིན་ནོ་ཆད་ནས་འབྱུང་སྟེ་གཟུགས་བརྙན་ཟེར། །ཤ་ཤེལ་འབྱུང་འགལ་གཟུགས་གཞན་མེད་ཕྱིར་དཔེར། །མ་གྲུབ་གྲུབ་ཀྱང་རྒྱུན་མིན་ཕྱིར་མི་མཚུངས། །མགུར་ནས་སྲིད་པ་བདུན་གསུངས་མདོ་ཡིས་འགྲུབ། །མི་འདོན་མངལ་འཇུག་དྲི་ཟ་ཉེར་གནས་གསུངས། །ཕུང་པོ་ཞིག་པ་ཉེར་གནས་ཞེས་འདོན་ན། །རྟ་ལེན་བུའི་མདོར་དེ་ཡི་རིགས་དང་ཕྱོགས། །གང་ནས་འོངས་དྲིས་ཤིག་ལ་ཇི་ལྟར་རུང༌། །མི་འདོན་ཕྱིར་མི་འོང་སྔར་གསུངས་མདོས་འགྲུབ། །མདོ་ལས་ནི་དམ་པའི་འགྲོ་བ་བདུན་བསྟན། ཕལ་ཆེར་བར་མ་དོ་བྱའི་ལྷ་ཞིག་ལོ། །ལ་ལ་ཚེ་ཡི་བར་དང་ཚེ་ཕལ་ཆེར། །རྫོགས་ནས་འདའ་བ་བར་འདའ་སྐྱེས་འདའ་ལོ། །གཟུགས་མེད་བར་འདའ་ཡོད་པར་ཐལ་ཕྱིར་མིན། །ཉིད་ཀྱི་འགྲེལ་པར་དྲངས་པའི་སྡོམ་ཚིག་ལས། །བསམ་གཏན་དག་གི་བཅུ་ཚན་བཞི། །གཟུགས་མེད་ཀྱི་ནི་བདུན་ཚན་གསུམ། །འདུ་ཤེས་ཀྱི་ནི་དྲུག་ཚན་དུ། །མཛད་ནས་ཚོམས་སུ་ཡང་དག་བསྡེབས། །ཞེས་ཏེ་བར་འདའ་དོར་ཕྱིར་རོ། །མངལ་གནས་དམྱལ་བའི་སྲིད་པས་བསྲེག་མིན་ཏེ། །ལས་ཀྱིས་མཚམས་བཅད་ཕྱིར་རོ་འོག་མིན་གྱི། །ཁྲི་དང་དྲུག་སྟོང་ལྡན་ཡང་འདིར་འགྲུབ་རུང༌། །མ་ནིང་ལོང་བའང་དེ་ཚེ་དབང་པོ་ཚང༌། །གླང་ཆེན་རྣམ་པར་ལྷུམས་ཞུགས་རྨི་ལམ་ཙམ། །མནར་མེད་བར་སྲིད་བརྒྱད་ཁྲི་བཞི་སྟོང་ཐུབ། །འཁོར་སྒྱུར་སྐྱེ་སྲིད་ཉོན་མོངས་ཅན་ནམ་དཔྱད། །ལྔ་ལེན་བུ་ནི་རང་རྒྱལ་ཡིན་ཡང་རྨོངས། །མི་ཐོགས་ལྕགས་གོང་ནང་གི་སྲིན་འབུས་ཤེས། །ཐེ་ཚོམ་ཡིད་མི་བྱེད་རྨུགས་གཉིད་རྒོད་སོགས། །བཅུ་གཅིག་སྐྱོན་བྲལ་སྒོམ་བྱུང་མིག་དག་པ། །རྟ་གླང་ཁྱི་དོམ་དུས་བཞིར་འདོད་སྤྱོད་པས། །གཞན་ཚེ་བོང་བུ་བ་མིན་སྤྱང་དྲེད་འགྱུར། །མངལ་གྱི་ལྔ་དང་བཅས་པའི་གནས་སྐབས་ལྔ། །ནུར་མེར་ནར་པོ་མཁྲང་འགྱུར་རྐང་ལག་འགྱུས། །བྱིས་གཞོན་དར་མ་དར་ཡོལ་རྒས་པ་འོ། །ཚེ་དང་ཡན་ལག་རྒྱུད་སོགས་གཞན་དུ་བལྟ། །བྱེ་སྨྲས་རེག་ཚོར་ལྷན་ཅིག་འབྱུང་རྒྱུར་འདོད། །དཔེ་སྟོན་ཁམས་གསུམ་དགེ་སོགས་གསུམ་མི་སློབ། །སློབ་ལ་ཡོད་ཕྱིར་ས་མང་པོར་བཤད་ཀྱི། །མ་ཁྱབ་རེག་ལ་ཚོར་མེད་རང་འགྲེལ་གསུངས། །བཏང་སྙོམས་ཡིད་བྱེད་གཉིས་ལའང་འདྲ་འམ་དཔྱད། །
དབང་ཚོར་ཉེར་རྒྱུ་མེད་ཀྱང་མདོ་ཡི་དོན། །དེ་ཡིས་ཡིད་ཀྱི་ཉེར་རྒྱུ་སྒྲུབ་ལ་དགོངས། །གསུམ་པའི་བདེ་བའང་བརྟན་ཕྱིར་ཉེར་རྒྱུ་མིན། །སློབ་དཔོན་རང་ལུགས་ཡུལ་དེར་ཆགས་བྲལ་བས། །དེར་དམིགས་ཟག་བཅས་ཚོར་བའང་ཉེར་རྒྱུ་མིན། །ཆགས་སྡང་གཉིས་དང་མཚུངས་པར་ལྡན་མིན་ཕྱིར། །ཕྲག་དོག་སེར་སྣ་ཁྲོ་འཚིག་འགྱོད་པ་སྟེ། །ཆིག་རྐྱང་ཐུབ་པ་ལྔ་ལས་གཞན་པ་ཡི། །རང་སའི་ཉོན་མོངས་ལོག་ལྟ་ཡིས་ཀྱང་སྦྱོར། །སྐྱེ་འཆི་ལུང་བསྟན་མིན་ཉིད་གོང་མའི་ལུགས། །མཆིམས་ཊཱིཀ་འཚིག་པའི་ཚབ་ཏུ་འཆབ་པ་བགྲང༌། །སྲིད་པ་གཞན་གསུམ་ལ་ནི་དགེ་སོགས་གསུམ། །བར་སྲིད་མ་གཏོགས་གསུམ་པོ་གཟུགས་མེད་ནའང༌། །ཁམ་དང་ཟས་ལ་མུ་བཞི་ཟག་མེད་ཁམས། །རེག་པ་ཁམ་ཟས་སྡུག་བསྔལ་ཚོར་བ་འོ། །ཕྱི་མས་གནོད་ཕྱིར་ཟས་སུ་མ་བཤད་ཀྱང༌། །དམྱལ་བའི་ཁྲོ་ཆུས་སྐོམ་པ་སེལ་ཕྱིར་ཟས། །དགྲ་བཅོམ་རྣམ་སྨིན་སྤྱོད་ལམ་གཉིས་ཀྱིས་འདའ། །གང་སྤེལ་མི་དགེ་སྤངས་ཤིང་ཟག་མེད་གསལ། །ཟག་བཅས་རྣམ་སྨིན་བཅས་ཕྱིར་འདིས་འདོར་གསུངས། །ཀུན་བཏུས་སྡུད་ཕྱོགས་མང་ཡང་སྙིང་གར་འཕོ། །
ཕལ་ཆེན་ཡབ་སྲས་མཇལ་སོགས་ཚུལ་མང་བས། །འདི་ལས་གཞན་པ་དུས་འཁོར་གཅིག་པུ་མིན། །རླུང་འཇམ་ལྡང་ཚེ་ཆགས་པའི་མགོ་རྩོམ་ཡང༌། །རླུང་དཀྱིལ་མིན་ཏེ་ཡས་ནས་ཆགས་པའི་ཕྱིར། །འཐབ་བྲལ་མ་ཆགས་བར་དུ་དེ་མི་ཆགས། །ཆུ་དཀྱིལ་མི་འབོ་ལས་ཀྱིས་བརྟེན་པ་སྟེ། །བཟའ་བཏུང་མ་ཞུ་ལོང་ཁར་མི་ལྟུང་བཞིན། །སྡེ་གཞན་རླུང་གི་བང་བས་བསྐོར་བར་འདོད། །རླུང་ལ་གནས་ཞེས་རུས་སྦལ་ལ་སོགས་འགོག །ཆུ་མཚོ་བསྡོམས་ཀྱང་གསེར་དཀྱིལ་མི་ཁེབས་ཏེ། །འབུམ་ཕྲག་བཅུ་གཉིས་བརྒྱད་བརྒྱ་དོན་ལྔ་ལས། །མེད་ཀྱང་གཡས་གཡོན་རེ་རེར་ཆིག་སྟོང་དང༌། །ཉིས་བརྒྱ་བརྒྱད་ཅུ་རྩ་ཕྱེད་བརྒྱད་ལྷག་གོ །ལ་ལ་འབྲུ་ཕུང་བཞིན་དུ་རྩེ་རྟིང་ཟེར། །ལྕགས་རི་གཉའ་ཤིང་འཛིན་གྱི་ཆུ་མཚམས་ཡན། །སུམ་བརྒྱ་ཕྱེད་དང་བཅུ་གསུམ་བཞི་ཁྲི་འོ། །ཀླུ་དབང་རོལ་གནས་ཟབ་མཚུངས་རང་རང་རིའི། །ཆུ་མཚམས་ཡན་དང་ཞེང་མཚུངས་གཞུང་ལུགས་ལས། །བསིལ་དང་ཞིམ་དང་ཡང་བ་དང༌། །འཇམ་དང་དྭངས་དང་དྲི་ང་མེད། །འཐུངས་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་སོ་མི་ཡི་བཞིན་ཡང་རང་གླིང་འདྲ། །པི་ཤ་ཙི་སྐད་སྨྲ་ཕྱིར་སྒྲ་མི་སྙན། །མཐའ་ཆུས་བསྐོར་ཕྱིར་གླིང་ཞེས་ཤེར་མདོར་གསུངས། །ཁྱད་ཆོས་ལྔ་པ་ཕལ་བས་མི་བགྲོད་པའི། །གངས་དང་ཉེ་བར་མཚོ་ལ་བདུན་བསྐོར་ནས། །གངྒཱ་སིནྡྷུ་པཀྵུ་སི་ཏ་འབབ། །ལས་སྟོབས་ཆེ་ཕྱིར་དམྱལ་སོགས་གླིང་འདིའི་འོག །ཡོད་དོ་འབྲུ་ཕུང་འདྲ་ཕྱིར་ཚུད་པར་སྨྲ། །ས་ལས་མ་དྲོས་མཚོ་ཡི་འོག་ཏུ་གསུངས། །ཡི་དྭགས་གཙོ་བོ་མི་དགེས་འཕང་བ་སྟེ། །དམྱལ་སྲུང་ཡང་ངོ་དེ་འབྲས་ཕྱིས་མྱོང་ཡང༌། །ལས་ཀྱིས་མཚམས་བཅས་ཕྱིར་ན་ཚེ་དེར་མིན། །དཔེ་སྟོན་འབྱུང་བའོ་ར་ལུག་རི་བཞིན་ཟེར། །སེམས་ཙམ་སེམས་སུ་སྨྲ་སྟེ་སྤྱོད་འཇུག་མཐུན། །དུས་འཁོར་གོ་ལའི་དབང་གིས་མི་འཆོལ་གསུངས། །གོ་ལར་འཁྲུལ་ནས་རླུང་གཅིག་སྨྲ་མི་རུང༌། །ཉི་མའི་སྙིང་པོར་རྔ་བོང་བྱེད་པོར་བཤད། །ཤམྦྷ་ལ་སྲོལ་བདེ་མཆོག་སྟོད་འགྲེལ་ལས། །རབ་བྱུང་རྣམ་བྱུང་སོགས་གསུངས་རྒྱ་ནག་གི །ལོ་སྐོར་བཅུ་གཉིས་ཤིང་མེ་ས་ལྕགས་ཆུས། །ཕྱེ་བར་གནད་གཅིག་འོན་ཀྱང་མགོ་མི་མཉམ། །ཁ་ཅིག་དུས་ཀྱི་དང་པོ་ལོ་ཡིན་ཏེ། །ཞག་ནི་ཉི་ཟླའི་བར་དུ་མེད་དོ་ལོ། །དབུགས་ཀྱིས་བརྩིས་པའི་དེ་ནི་ཀུན་ཏུ་རུང༌། །དུས་ཀྱི་རྣམ་གྲངས་ཨ་མ་ར་ཀོ་ཥར། །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་དག་བཅོ་ལྔ་ཕྱོགས་སུ་གྲངས། །སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། །དེ་གཉིས་བསྡོམས་པ་འཇལ་བྱེད་དོ། །མཆུ་ཟླ་ལ་སོགས་གཉིས་གཉིས་ལ། །དེ་ཚིགས་དེ་གསུམ་བགྲོད་པ་གཅིག །ལྷོ་བྱང་བགྲོད་པ་གཉིས་ལ་ལོ། །ཞེས་སོ་ཚེས་ཞག་ཁྱིམ་གྱི་ཞག་ཟླ་ལོ། །ཕྱོགས་རེའི་བཅོ་ལྔའི་ཆ་ནི་ཚེས་ཞག་སྟེ། །ནམ་ལངས་ནམ་ལངས་བར་ནི་ཉིན་ཞག་གོ །ཉི་མ་ལྡོག་ནས་ལྡོག་བར་བརྒྱ་བརྒྱད་ཅུའི། །ཆའམ་ལུག་གླང་འཁྲིག་པ་ཀརྐ་ཊ། །དེ་བཞིན་སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ་རྣམས་ཀྱི། །ནང་ནས་ཁྱིམ་གཅིག་རྫོགས་པར་སུམ་ཅུའི་ཆ། །ཁྱིམ་ཞག་གོ་དེའི་སུམ་ཅུ་དེ་ཟླ་སོགས། །ཁྱིམ་ཟླའི་ཡུན་ཚད་སྐར་ཁྱིམ་གཉིས་གཉིས་དང༌། །སྐར་རྐང་རེ་རེས་རྫོགས་ཕྱིར་རགས་རྩིས་སུ། །ཚེས་ཞག་སོ་གཅིག་ཞིབ་པར་ཞག་སུམ་ཅུ། །ཆུ་ཚོད་གཅིག་སྲང་ལྔ་བཅུ་དཔྱད་དབུགས་བཞི་དང༌། །འདོད་ཆ་བརྒྱད་ཀྱིས་ཁྱིམ་ཟླ་གཅིག་རྫོགས་ཕྱིར། །ཁྱིམ་ལོར་ཚེས་ཞག་སུམ་བརྒྱ་དོན་གཅིག་འབྱུང༌། །ཡར་ངོ་ཉིན་ཞག་མར་ངོ་ཚེས་ཞག་དང༌། །ལོ་ལ་ཁྱིམ་ཞག་གཙོ་ཕྱིར་གཞན་སྨྲ་འཁྲུལ། །གསུམ་པོ་ཕྱི་མ་ཕྱི་མའི་འདོད་མི་ཐུབ། །རྒྱ་ནག་ཟླ་བཤོལ་སྟག་སྦྲུལ་སྤྲེལ་ཕག་བཞིའི། །རང་རང་ཟླ་བསྟུན་གསོ་སྦྱོང་དེར་མཐུན་ནོ། །རྒྱུན་གྱི་བཅུ་བཞི་པ་ནི་ལོ་དྲི་ལས། །རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །བློ་གྲོས་ལེགས་བཟང་གླིང་བཞིར་དུས་མཉམ་སྟེ། །ལྷོ་བགྲོད་མཐར་ཐུག་ཕྱི་དྲོ་ནུབ་གླིང་གི །ལྷོ་མཐར་ཉི་མ་གནས་པ་མཐོང་ཕྱིར་ཏེ། །དཀྱུས་གཅིག་རྒྱུ་སྐར་ཕྱེད་ལྷག་འདིར་མཐོང་ཕྱིར། །རླུང་ཉེ་མྱུར་ཕྱིར་ཞག་གཅིག་འཁོར་རོ་ལོ། །འདི་ནི་པཎ་ཆེན་གྱིས་ཀྱང་འཐད་ལོ་བྱས། །ལོ་མགོ་ཀར་ལུགས་ཧོར་ཟླ་བརྒྱད་པས་བཟུང༌། །ཉི་མའི་སྙིང་པོར་བརྟེན་རྣམས་དགུ་པ་ཟེར། །འདུལ་མངོན་མཁས་མང་བཅུ་པའི་མར་ངོར་གསུངས། །རྒྱ་དང་ཧོར་གྱི་རྒྱལ་པོས་དབོ་ཟླར་བཤད། །གསེར་འོད་དབྱར་ར་སྣྲོན་ནས་ལོ་མགོ་བཟུང༌། །གདན་བཞི་རྡོ་རྗེ་མཁའ་འགྲོར་རྒྱལ་ནས་ཏེ། །ནག་རྩིས་སོ་མ་རཱ་ཛར་བཅུ་གཅིག་པ། །ནག་རྩིས་ཕལ་ཆེར་ཧོར་ཟླ་བཅུ་གཉིས་པ། །དུས་འཁོར་ཡར་ངོ་སྔོན་འགྲོའི་ནག་ཟླ་དང༌། །མར་ངོ་སྔོན་འགྲོ་བྱེད་ཚེ་ས་གས་སོ། །གནམ་ལ་སྒྲ་གཅན་རླུང་དང་རང་འགྲོས་ཀྱང༌། །གཡས་སྐོར་ཉི་ཟླའི་རང་འགྲོས་གཡོན་སྐོར་རོ། །ས་ལ་ཁྱིམ་དང་དུས་བཞི་བཅུ་གཉིས་ཟླ། །གཡས་སྐོར་རོ་བཅུ་གཉིས་དུམ་བུར་ཁྱིམ་བཅུ་གཉིས། །མཉམ་གནས་ཟླ་བ་རེ་ན་སྔོན་མར་རོ། །ཟླ་བ་དུམ་བུར་མི་འདྲ་ཡོད་མེད་དཔྱད། །ཤར་གྱི་དགུན་མཐའ་ས་གས་ཉ་དགོས་ཏེ། །ཟླ་བས་ཞག་གཅིག་ཉ་སྐར་མང་མི་སྤྱོད། །ས་གར་དཔྱིད་ཀྱིས་མ་ཁྱབ་བཅུ་གཉིས་འགྱུར། །གཞན་གྱི་ལོ་མགོ་ཉིན་མཚན་ནམ་ཡིན་དཔྱད། །འདུལ་མངོན་མགོ་ཟླ་ཟླ་བ་བཅུ་གཉིས་གང༌། །ཞེ་ན་ཡར་ངོ་མར་ངོ་ཕྱེ་ནས་བརྗོད། །ནོར་ལྷ་བརྒྱད་དང་དྲག་པོ་བཅུ་གཅིག་དང༌། །ཉི་མ་བཅུ་གཉིས་ཐ་སྐར་བུ་གཉིས་ཏེ། །ཉེ་དབང་སོ་གཉིས་བརྒྱ་བྱིན་གཟུགས་བཞིན་སྐྱེ། །སྤྲུལ་པར་སྤྱོད་པ་གཉིས་ཏེ་འདོད་སྤྱོད་གསུམ། །ཚངས་རིས་འཛམ་གླིང་བར་སྙེད་ཚངས་མདུན་འཕགས། །གཟུགས་ཅན་བར་བསྐལ་བཞི་བཅུར་བར་བསྐལ་བྱས། །སྟོང་གསུམ་ལྕགས་རི་མཛོད་རྩར་བཤད་དམ་དཔྱད། །འཇིག་པའི་བསྐལ་པའི་མེ་ནི་རང་སས་བསྡུས། །རྐྱང་པ་གཉིས་པོ་བུལ་ཕྱིར་ཁུག་པར་མཉམ། །འཕེལ་འགྲིབ་མཆིམས་ཀྱིས་དགེ་སྡིག་ལ་རག་གསུངས། །བསོད་གྲགས་གང་སྤེལ་དྲངས་ནས་ཉིས་བརྒྱར་བཤད། །གནས་པའི་མགོ་ནི་དཔག་མེད་ནས་འགྲིབ་སྟེ། །འདིའི་གཅིག་དམྱལ་བར་སྐྱེས་པ་ནས་ཡིན་ཕྱིར། །ས་སྡེར་བརྟེན་ནས་བརྒྱད་ཁྲིར་འདོད་པ་འཁྲུལ། །ཉི་ཟླ་སྐར་གསུམ་ལས་ནི་འཕྱི་འམ་དཔྱད། །འཁྲིག་རྐུ་གསོད་རྫུན་རྣམས་ཀྱང་རིམ་འབྱུང་སྟེ། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་ལྡན་དང༌། །བསྟན་པ་རྫོགས་ལྡན་ལ་སོགས་རྣམ་གྲངས་མང༌། །སྔོན་ཚེ་བར་བསྐལ་ཉི་ཤུ་ཐུབ་གསུངས་དཔྱད། །བསྐལ་ཆེན་གཅིག་ལ་མི་ལོ་མི་འཁྲུགས་བདུན། །འདིར་ནི་སངས་རྒྱས་འབྱུང་དུས་སྤྱིར་བསྟན་ཀྱང༌། །དམིགས་བསལ་མཐེ་བོང་ཅན་དུ་བཅུ་པའི་ཚེ། །སྐར་མ་ལ་དགའ་འབྱུང་ཞིང་བརྒྱད་ཁྲི་ལས། །སྔར་ཡང་འབྱུང་བ་བསྐལ་པ་གཞན་ལ་ཡོད། །བྱང་སར་བསྐལ་པ་ཆེན་པོ་རེ་རེ་ཡང༌། །གྲངས་མེད་ཚུལ་གསུངས་རྒྱན་སྣང་སྣ་ཚོགས་གསུངས། །མང་བཀུར་འོད་མཛེས་དགེ་བ་དགེ་མཆོག་དང༌། །གསོ་སྦྱོང་འཕགས་ཏེ་སྔོན་གྱི་རྒྱལ་པོ་ལྔ། །ང་ལས་ནུ་ནས་མཛེས་ལྡན་ལྔ་འཁོར་བསྒྱུར། །བར་བསྐལ་གསུམ་དུ་སྐྱེ་བ་འགོག་ཕྱིར་འབད། །
༈ རིག་བྱེད་ནགས་ལ་མེ་ཞུགས་བཞིན་གནས་ཕྱིར། །ངག་གི་ཚོགས་པའི་གདངས་གཅིག་དེ་ཡིན་གྱི། །མིང་ཚིག་གཅིག་ཏུ་ལུང་མ་བསྟན་ཕྱིར་རོ། །གནས་མས་མི་འཇིག་གཞན་འགྲོའི་རྫས་ཤིག་འདོད། །སྐད་ཅིག་མ་ཕྱིར་རྒྱུ་མེད་འཇིག་ཕྱིར་རོ། །སྒྱུར་ཕྱིར་ཐོ་བ་བུམ་པའི་འཇིག་རྒྱུ་ལོ། །མེས་ཀྱང་རྫ་བུམ་ངོ་བོ་སྒྱུར་བྱེད་ཕྱིར། །ཕན་གནོད་གཉི་གའི་བྱེད་པོར་ཐལ་བར་འགྱུར། །དཔེ་སྟོན་རྫས་གྲུབ་དབྱིབས་ཤིག་རིག་བྱེད་མིན། །དབྱིབས་ནི་རེག་པས་ཤེས་ཕྱིར་རྫས་མ་གྲུབ། །རེག་བྱར་ཐལ་ཕྱིར་ཁ་དོག་ལ་བཏགས་ཟེར། །ཕྲ་རབ་ལ་མེད་ཕྱིར་ཡང་རྫས་མེད་ལོ། །རིག་མིན་སྒྲུབ་བྱེད་བཞི་དང་སྐུལ་བྱེད་མདོར། །ཀུན་དགའ་ར་བ་གཙུག་ལག་ཁང༌། །མལ་སྟན་འཚོ་བ་ནར་མ་དང༌། །གློ་བུར་ནད་པ་ནད་གཡོག་དང༌། །ཡུལ་ངན་བྱུང་ཚེ་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང༌། །ཕྱིན་པ་ཐོས་དང་མཐོང་བ་དང༌། །ཆོས་ཐོས་བསླབ་པའི་གཞི་འཛིན་ལ། །དགའ་དང་དད་པ་སྐྱེ་བ་ནི། །རྫས་ལས་མ་བྱུང་བསོད་ནམས་བདུན། །
རིག་མིན་ཁྱད་ཆོས་གསུམ་ལས་རྒྱུ་མཐུན་གྱིས། །མ་བསྐྱེད་ཆོས་བཟོད་སྡོམ་པའོ་སྐྱེ་ཚུལ་བཞི། །འདོད་གཏོགས་རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །ལུས་ངག་ཚོགས་ཕྱིར་སྤོང་བའི་འབྱུང་ཐ་དད། །གོང་མ་མ་ཟིན་རྒྱས་བྱུང་འབྱུང་ལས་སྐྱེ། །སེམས་དང་འདྲ་ཕྱིར་འབྱུང་བའང་ཐ་དད་མེད། །མཐོང་སྤོང་ཀུན་སློང་མིན་གསུངས་དུས་ལ་དགོངས། །རྗེས་འཇུག་མུ་དགུའི་ཐུབ་པར་གསུམ་ལས་མེད། །མཉམ་གཞག་འཕགས་ལམ་གནས་གཉིས་ད་ལྟར་ལྡན། །གསུངས་ཕྱིར་སེམས་རྗེས་འབྲང་ངོ་སྡོམ་གཉིས་ལ། །ཡིག་ཆར་རིག་བྱེད་བྱེད་མིན་གཉིས་གསུངས་དཔྱད། །གཟུགས་ཅན་བཅུ་ནི་སྒོམ་སྤང་ཉིད་ཕྱིར་རོ། །དངོས་གཞིར་གྱུར་པའི་བར་ཆད་མེད་ལམ་གྱི། །ཟག་མེད་སྡོམ་པ་སྤོང་སྡོམ་ཡིན་མིན་དཔྱད། །སྡོམ་དང་སྡོམ་མིན་བར་མ་རྣམ་རིག་མིན། །ཡོད་པར་མ་ངེས་ཡོད་ན་དུས་གཉིས་ལྡན། །རིག་བྱེད་བྱེད་མིན་ལྡན་ལ་མུ་བཞི་སྟེ། །རིག་མིན་མ་ཐོབ་པ་ཡི་སེམས་ཞན་པས། །གསོད་སོགས་ལས་ལམ་རྫས་བྱུང་མ་ཡིན་པའི། །དགེ་སྡིག་བྱེད་དོ་འདི་ལ་ཞིབ་ཆ་དགོས། །སྔ་མའི་རྣམ་རིག་བཏང་ཞིང་ཕྱི་མའི་དེ། །མ་ཐོབ་འཕགས་པ་རིག་མིན་ཁོ་ནར་ལྡན། །གཉིས་ལྡན་སོ་ཐར་སྡོམ་པ་ཐོབ་མ་ཐག །གང་དང་མི་ལྡན་གཟུགས་མེད་སོ་སྐྱེ་འོ། །འདོད་གཏོགས་སྡོམ་པ་སྦྱོར་དངོས་ཐམས་ཅད་དང༌། །སེམས་ཅན་ཡིན་མིན་གཉིས་ལས་སོ་འདི་ཉིད་ནི། །འདས་དང་མ་འོངས་ལས་མིན་སྡོམ་གཞན་གཉིས། །བཅས་དང་སྦྱོར་མཇུག་ལས་མིན་ཕྱིར་མུ་བཞི། །སྦྱོར་བ་སྦྱོར་བས་སྤངས་ཟིན་ཡིན་ནམ་དཔྱད། །ཡག་ལག་མང་ཉུང་རྒྱུ་དགེ་ཆུང་འབྲིང་ཆེ། །འདིར་འཕྲོས་སྐྱེས་བུ་གསུམ་གྱི་རྣམ་གཞག་བཤད། །མི་དགེའི་རྩ་གསུམ་ཅིག་ཅར་མངོན་གྱུར་པ། །མེད་ཕྱིར་སྡོམ་མིན་རྒྱུ་ཚོགས་ཀུན་ལས་མིན། །བཤན་པར་སྐྱེ་བས་ལས་དེར་ཞུགས་པ་དང༌། །གཞན་གྱིས་ཁས་ལེན་པ་ལས་སྡོམ་མིན་ཐོབ། །དངོས་གཞིའི་སྡོམ་པ་ས་འཕོས་ཉམས་པས་གཏོང༌། །ཉེར་བསྡོགས་ཞན་ཕྱིར་འཕགས་མིན་འཆི་བས་གསུངས། །དངོས་གཞིའི་སྦྱོར་ལམ་གྱིས་ནི་བདེན་མཐོང་འགྱུར། །སྡོམ་མིན་གཏོང་རྒྱུ་གསུམ་མོ་བྱ་རྒྱ་སོགས། །དོར་བས་མི་ཆོག་ནད་སོས་སྨན་ལ་ལྟོས། །བར་མའི་དགེ་དང་མི་དགེ་གཏོང་རྒྱུ་དྲུག །དད་དང་སྡང་བའི་བློ་ཤུགས་ཆད་པས་གཏོང༌། །ཁས་བླངས་དུས་ཚོད་རྫོགས་པ་བླངས་པ་ཆད། །བསྙེན་བཀུར་བྱ་ཞེས་མ་བྱས་བྱ་བ་ཆད། །གཙུག་ལག་ཁང་སོགས་ཞིག་པ་དོན་ཆད་དེ། །ཚེ་ཆད་དགེ་རྩ་ཆད་པ་ཡིས་ཀྱང་གཏོང༌། །སེམས་མི་བརྟན་ཕྱིར་མ་ནིང་སྡོམ་མིན་ཞིང༌། །མིན་དེར་ཕལ་ཆེར་སྡོམ་པ་སྐྱེ་རུང་དགོས། །ཡིག་ཆར་བདེ་དང་མི་བདེ་གང་རུང་མིན། །མྱོང་འགྱུར་ལུང་མ་བསྟན་གསུངས་བཏང་སྙོམས་དགོངས། །མཆིམས་མཛོད་ཕལ་ཆེར་རམ་ཉེར་ཞིའི་བདེར་དགོངས་གསུངས། །གསུམ་པ་མིན་ནའང་བཏང་སྙོམས་མྱོང་འགྱུར་ཡོད། །ཁྱད་པར་བསམ་གཏན་རྣམ་སྨིན་ཡོད་ཕྱིར་དང༌། །ཅིག་ཅར་བདེ་སྡུག་བཏང་སྙོམས་མྱོང་བ་ཞིག །གསུངས་ཤིང་འདོད་ལས་གཞན་ལ་མི་རུང་ཕྱིར། །རྣམ་སྨིན་སྡུག་བསྔལ་དབང་པོའི་ཚོར་བ་སྟེ། །ཡིད་མི་བདེ་ལ་རྣམ་སྨིན་མི་བཞག་ཕྱིར། །ལན་དུ་ཁྱད་པར་བསམ་གཏན་རྣམ་སྨིན་ལ། །དབང་ཚོར་བདེ་བ་འཇོག་དང་ཚོར་མེད་པར། །སྨྲ་བ་མང་ཡང་གསུམ་པ་མན་ལ་ཡང༌། །རང་ལུགས་བཏང་སྙོམས་མྱོང་འགྱུར་བཞག་གམ་དཔྱད། །མྱོང་འགྱུར་ལྔ་ཡི་ཐོག་མཐའ་ཚོར་བ་སྟེ། །ཁ་ཅིག་མྱོང་འགྱུར་གསུམ་སྟེང་མ་ངེས་ལ། །གནས་སྐབས་མ་ངེས་རྣམ་སྨིན་ངེས་པ་དང༌། །གཉིས་ཆར་མ་ངེས་པ་སྟེ་ལྔར་བཤད་ཅིང༌། །དཔེ་སྟོན་གནས་སྐབས་ངེས་ལ་རྣམ་སྨིན་མིན། །རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་དང༌། །གཉིས་ངེས་གཉིས་ཀ་མ་ངེས་བཞིར་བཤད་དོ། །གལ་ཏེ་མྱོང་ན་མཐོང་ཆོས་མྱོང་ངེས་ལ། །སྨིན་པར་མ་ངེས་དང་པོའོ་དེས་གཞན་སླ། །ཀུན་ལ་འཕེན་པ་བཞི་ཞེས་སྤྱིར་བསྟན་ནས། །དམྱལ་བའི་དགེ་ལ་མཐོང་ཆོས་མྱོང་འགྱུར་མེད། །ཆགས་བྲལ་བྱིས་པས་སྐྱེས་མྱོང་མི་བྱེད་པ། །དེ་མེད་དོན་ཏེ་གསར་བསགས་ལ་སྦྱར་ན། །ལན་གྲངས་གཞན་མྱོང་ལ་ཡང་ཐལ་ཕྱིར་རོ། །འདོད་རྩེས་ཉམས་ཀྱང་འཆི་བ་མེད་ཕྱིར་མིན། །འདོད་པའི་བར་དོར་བར་དོར་རང་ཉིད་དང༌། །མངལ་གྱི་ལྔ་དང་སྐྱེ་བའི་གནས་སྐབས་ལྔར། །འཕེན་པ་བཅུ་གཅིག་ངེས་དང་མ་ངེས་ཀྱིས། །ཕྱེ་བས་ཉེར་གཉིས་དེ་ལས་ངེས་བཅུ་གཅིག །མཐོང་ཆོས་འབྲས་ཅན་ནོ་བར་སྲིད་སྐྱེ་སྲིད་གཉིས། །འཕེན་བྱེད་གཅིག་གིས་འཕང་བའི་རིས་མཐུན་ཚེ། །གཅིག་ལ་གནས་ཕྱིར་མཐོང་བའི་ཆོས་ཞེས་བཏགས། །འབྱུང་འཁྲུགས་གཡེང་བ་མ་གཏོགས་འཕགས་ལ་མེད། །སྒྲ་མི་སྙན་ན་སྨྱོ་བ་ལྔ་ཆར་མེད། །སྐྲག་པའི་སེམས་ནི་རྣམ་སྨིན་ལས་སྐྱེས་ཀྱང༌། །ཡིད་མི་བདེ་བར་གཏོགས་ཕྱིར་རྣམ་སྨིན་མིན། །
གཟུགས་མེད་དགེ་བ་དཀར་ལས་འདི་མིན་ཏེ། །རྒྱུ་འབྲས་ཚང་བའི་དབང་བྱས་མིན་ཕྱིར་ལོ། །ཟག་མེད་ལས་ཀྱང་དཀར་བ་མིན་གསུངས་པ། །དེ་ལ་དཀར་བའི་རྣམ་སྨིན་མེད་ལ་དགོངས། །མཐོང་བཞི་སྒོམ་ལམ་བརྒྱད་དེ་སེམས་བཅུ་གཉིས། །ནག་པོ་ཟད་བྱེད་དོ་དགུ་པའི་འདོད་དགེ་སྟེ། །དེ་སྲིད་དེར་དམིགས་ཉོན་མོངས་མི་སྤོང་ཞིང༌། །དེ་ནི་ཆགས་བྲལ་ཚུལ་གྱིས་སྤོང་དགོས་ཕྱིར། །དཀར་པོ་ཟད་བྱེད་མི་བརྗོད་དགྲ་བཅོམ་ལས། །དཀར་པོ་ཟད་པའི་ལས་སུ་ཐལ་ཕྱིར་རོ། །དཔེ་སྟོན་བརྣབ་སེམས་སོགས་ཀྱང་ལས་སུ་འདོད། །དུས་ཀྱི་ཀུན་སློང་སྡིག་ཀྱང་རྒྱུའི་ཀུན་སློང༌། །དཀར་ན་དགེར་འགྱུར་འདིར་མཚུངས་ཡིག་ཆར་གསལ། །
གཡེམ་བཅོལ་མེད་ཕྱིར་རིག་བྱེད་བྱེད་མིན་གཉིས། །དྲུག་ཀྱང་རང་གིས་བྱེད་ན་གཉིས་འབྱུང་ལ། །འཆི་སྲིད་ཕྲ་མོར་རིག་བྱེད་ཡོད་མེད་དཔྱད། །སྡོམ་པའི་དབང་བྱས་དགེ་བ་བདུན་ཀྱང་གཉིས། །སྦྱོར་མཇུག་སྡོམ་པའི་སྦྱོར་མཇུག་གིས་སྤོང་ཞིང༌། །ཡིད་ཀྱི་གསུམ་ལ་སྦྱོར་མཇུག་མེད་གསུངས་ཕྱིར། །འགགས་མ་ཐག་པའི་ཆགས་སྡང་རྩ་བར་བཤད། །དགེ་དང་མི་དགེ་བདུན་གྱི་ཉེར་བསྡོགས་ནི། །རྣམ་རིག་ལྡན་ནོ་དྲག་ན་གཉིས་ཀར་ལྡན། །དེ་ཕྱིར་བྱེད་མིན་འགྱུར་བའམ་མ་ཡིན་སྨྲོས། །འོན་ཀྱང་ལུས་ཀྱིས་རྫུན་དང་ཡིད་ཙམ་གྱིས། །སྲོག་གཅོད་རྫོགས་པ་ཡོད་ཕྱིར་ཞིབ་ཆ་དགོས། །མཇུག་ནི་སྦྱོར་ལས་བཟློག་སྟེ་རིག་མིན་དང༌། །ངེས་ལྡན་དེ་མཐུན་བྱེད་ན་རིག་བྱེད་ཀྱང༌། །ལོག་ལྟའི་གཞི་ནི་མིང་གཟུགས་ལ་སྦྱོར་དཔྱད། །གོང་མའི་དགེ་བ་མེད་ཅིང་འདོད་སྦྱོར་བྱུང༌། །སྔར་ནས་ལོག་ལྟ་ཆུང་ངུས་ཉམས་ཕྱིར་མིན། །ཁ་ཅིག་ཟག་མེད་གོང་མའི་ཡུལ་ཅན་རྣམས། །རང་ལ་དམིགས་སྒོས་ཟག་པ་རྒྱས་རུང་ཡང༌། །ཡུལ་དེར་དམིགས་པས་རྒྱས་པས་མི་ནུས་པས། །སྟོབས་ཆུང་ཕྱིར་ན་གཅོད་བྱེད་མིན་ནོ་ལོ། །རང་ལུགས་དེས་ཀྱང་གཅོད་ཕྱིར་ཀུན་གྱིས་སྨྲོས། །སྒོམ་སྤང་སྤོང་ཚུལ་ཇི་བཞིན་རིམ་དགུས་གཅོད། །རྩ་ཆད་ལོག་པར་ངེས་ལ་མུ་བཞི་འོ། །སྦྱོར་ཚེ་དགུ་པོ་ཅིག་ཅར་རོ་མཚམས་མེད་ཅན། །ཚེ་དེར་མི་སྦྱོར་རྒྱུའི་དང་རྐྱེན་སྟོབས་ཀྱིས། །ཆད་གཉིས་དམྱལ་ནས་འཆི་དང་སྐྱེ་ཚེ་སྦྱོར། །མི་དགེའི་རྩ་གསུམ་གཅིག་ཅར་མི་སྲིད་ཕྱིར། །མང་ན་རང་ཉིད་བརྣབ་སེམས་ལོག་གཡེམ་གནས། །ལུས་ངག་གཞན་དྲུག་བཅོལ་བས་བརྒྱད་འབྱུང་སྲིད། །བརྣབ་སེམས་གནོད་སེམས་མེད་པ་འབྲལ་མེད་ཕྱིར། །གཅིག་དང་མིན་ནོ་གཉིས་དང་ལྷན་ཅིག་པ། །དབང་ཤེས་དགེ་དང་གཟུགས་མེད་ལ་བརྟེན་པའི། །ཟད་ཤེས་སོགས་ཏེ་རྣམ་ཤེས་ལྔ་ཡི་བློ། །ངེས་རྟོགས་མེད་ཕྱིར་ལྟ་མིན་གསུངས་ཕྱིར་དང༌། །ཟད་དང་མི་སྐྱེའི་བློ་ལྟ་མིན་གསུངས་ཤིང༌། །གཟུགས་ལ་བརྟེན་ན་སྤོང་བདུན་འབྱུང་ཕྱིར་བཀག །གཟུགས་མེད་ཡིད་ཤེས་དགེ་བ་གཞན་ལ་གསུམ། །ལུང་མ་བསྟན་གནས་དགེ་བསྙེན་སྤོང་བ་བཞི། །དེ་ནི་དབང་ཤེས་དགེ་བས་ལེན་ན་དྲུག །ལུང་མ་བསྟན་གྱིས་བསྙེན་རྫོགས་སྤོང་བ་བདུན། །དབང་ཤེས་དགེ་བས་དེ་དགུ་ཡིད་དགེས་བཅུ། །སྡོམ་པའི་དབང་བྱས་ཡིན་གྱི་བར་མ་ལ། །ལུང་མ་བསྟན་གྱིས་སྤོང་བ་གཅིག་ལེན་ན། །གཅིག་ལྡན་ཡིད་ཤེས་དགེ་བས་གཉིས་དང་ལྔ། །ལེན་ལ་ལྔ་བརྒྱད་ལྡན་ཡང་འདིར་མ་བཤད། །གཟུགས་མེད་འཕགས་པར་ཟག་མེད་སྡོམ་འདས་ལྡན། །རང་འགྲེལ་དེ་ལ་མ་འོངས་ལྡན་གསུངས་དཔྱད། །གཟུགས་མེད་འདུ་ཤེས་མེད་པའི་ལྷག་མར་བྱས། །ཁམས་དང་འགྲོ་ན་དགེ་འདུན་མངོན་གྱུར་ཡོད། །དམྱལ་བར་སྔ་མའི་སྲོག་གཅོད་ལྡན་ནམ་དཔྱད། །གླུ་ལེན་ལོག་འཚོར་འགྲོ་མེད་མདོ་དང་འགལ། །ཡིད་ཀྱི་གསུམ་གྱིས་འབྲས་གསུམ་འགྲུབ་ཚུལ་དཔྱད། །
ཟག་བཅས་ཟག་མེད་སྤོང་ལམ་ལ་ལྔ་བཞི། །སྤོང་མིན་ཟག་བཅས་ཟག་མེད་ལ་བཞི་གསུམ། །དགེ་འབྲས་དགེ་ལ་རྣམ་སྨིན་མ་གཏོགས་བཞི། །མི་དགེར་སྐྱེས་བདག་གཞན་ལ་རྣམ་སྨིན་བསྣན། །མི་དགེའི་འབྲས་དགེར་སྐྱེས་བདག་མི་དགེ་ལ། །རྒྱུ་མཐུན་དང་བཅས་གཞན་ལ་རྣམ་སྨིན་བསྣན། །ལུང་བསྟན་མིན་འབྲས་དགེ་ལ་སྐྱེས་བདག་གཉིས། །གཞན་པ་གཉི་གར་དེ་སྟེང་རྒྱུ་མཐུན་བསྣན། །ཡིག་ཆར་དེ་འབྲས་ལུང་མ་བསྟན་པ་ལ། །བྲལ་འབྲས་བདག་འབྲས་མ་གཏོགས་གསུམ་ཡོད་ཕྱིར། །གསུངས་པ་ཡིག་ནོར་རྣམ་སྨིན་མེད་ཕྱིར་རོ། །དགེ་དང་ལུང་མ་བསྟན་ལ་ཕན་ཚུན་དུ། །རྒྱུ་མཐུན་མ་གསུངས་མི་དགེ་ལ་གསུངས་པ། །མཆིམས་ཊཱིཀ་ཉོན་མོངས་ཅན་དུ་འདྲ་ཕྱིར་གསུངས། །འགོག་བདེན་དགེ་འབྲས་མིན་ཞིང་ལུང་མ་བསྟན། །ཡིན་ནའང་དེ་འབྲས་དགེ་ཡིན་ཚིག་ལ་གཟབས། །འདས་པའི་འབྲས་བུ་དུས་གསུམ་བཞི་བཞི་སྟེ། །བྲལ་འབྲས་དུས་ཀྱིས་མ་བསྡུས་ཕྱིར་ན་དོར། །ད་ལྟའི་འབྲས་བུ་མ་འོངས་འང་དེ་བཞིན་ནོ། །ད་ལྟའི་ད་ལྟ་ལ་ནི་སྐྱེས་བདག་གཉིས། །མ་འོངས་མ་འོངས་ལ་ནི་བྲལ་འབྲས་དང༌། །རྒྱུ་མཐུན་མ་གཏོགས་གོ་རིམ་མེད་ཕྱིར་རོ། །ཕྱི་མས་སྔ་མ་མི་སྐྱེད་ཕྱིར་མ་བཤད། །རང་གི་ས་པ་བཞི་སྟེ་བྲལ་མ་གཏོགས། །རྒྱུ་མཚན་མཛོད་ཊཱིཀ་དེ་སས་མ་བསྡུས་ཕྱིར། །གསུངས་པ་མི་རིགས་ས་དགུའི་ལམ་ཕན་ཚུན། །རྒྱུ་ཕྱིར་ས་གཞན་གྱིས་ཀྱང་ཟག་མེད་ལ། །རང་ས་ཇི་བཞིན་སྐྱེས་བདག་རྒྱུ་མཐུན་གསུམ། །བྱེད་པར་འགལ་ཏེ་སས་བསྡུས་མིན་ཕྱིར་རོ། །གཞན་སའི་ཟག་བཅས་སྐྱེས་བདག་གཉིས་ལས་མེད། །སློབ་པའི་འབྲས་བུ་སློབ་དང་མི་སློབ་པ། །སྐྱེས་བདག་གཉིས་དང་རྒྱུ་མཐུན་གསུམ་གསུམ་དང༌། །གང་ཡང་མིན་པ་སྐྱེས་བདག་བྲལ་འབྲས་གསུམ། །མི་སློབ་འབྲས་བུ་བདག་འབྲས་གཅིག་པུ་དང༌། །སྐྱེས་བདག་རྒྱུ་མཐུན་གསུམ་དང་སྐྱེས་བདག་གཉིས། །ཉམས་མ་ཐག་ཏུ་ཉོན་མོངས་མངོན་གྱུར་ལས། །སློབ་སེམས་མི་འབྱུང་ཕྱིར་ན་བྱེད་འབྲས་མིན། །གཉི་ག་མིན་པའི་འབྲས་བུ་སློབ་སོགས་ལ། །སྐྱེས་བདག་གཉིས་གཉིས་དང་ནི་ལྔ་ཆར་འབྱུང༌། །མཐོང་སྤང་འབྲས་བུ་སྤང་བྱ་རྣམ་གཉིས་ལ། །རྣམ་སྨིན་བྲལ་འབྲས་གཉིས་དང་བྲལ་འབྲས་དོར། །དེ་འདྲས་སྤང་བྱ་མིན་པ་བདག་གཅིག་པུ། །སྒོམ་སྤང་འབྲས་བུ་སྤང་བྱ་རྣམ་གཉིས་ལ། །སྐྱེས་བདག་གཉིས་དང་བྲལ་འབྲས་མ་གཏོགས་བཞི། །ཞི་རགས་ལམ་གྱི་བྲལ་འབྲས་ཡོད་པའི་ཕྱིར། །སྤང་བྱ་མིན་པ་སྐྱེས་བདག་བྲལ་འབྲས་གསུམ། །སྤང་བྱ་མིན་འབྲས་བདག་དང་སྐྱེས་བདག་གཉིས། །སྤང་བྱ་མིན་པ་རྣམ་སྨིན་མ་གཏོགས་བཞི། །
ཉོན་མོངས་ཅན་ནི་རིགས་མིན་སྐྱེད་པ་སྟེ། །ཁ་ཅིག་སྤྱོད་ལམ་ཉམས་པའང་རིགས་མིན་ལོ། །རང་འགྲེལ་སེམས་མེད་སྙོམས་འཇུག་དག་གིས་ཀྱང༌། །རིས་མཐུན་པ་ནི་འཕེན་པར་མི་བྱེད་དེ། །ལས་དང་ལྷན་ཅིག་མི་འབྱུང་ཕྱིར་གསུངས་པས། །འཕེན་བྱེད་དེ་ཡི་ཚོགས་པའི་སྡོམ་པ་འམ། །སེམས་རྟེན་བཞི་པའི་དངོས་གཞི་གང་ཡིན་དཔྱད། །སྙོམས་འཇུག་ཐོབ་པར་བཅས་ཏེ་རྫོགས་བྱེད་ཡིན། །ཉོན་མོངས་ཤས་ཆེ་བ་དང་རྣོ་བ་ལས། །གཅིག་སྤངས་སླ་ཕྱིར་སྔ་མ་ཉོན་སྒྲིབ་ཡིན། །དབྱེན་གྱི་ལྟུང་བ་རྫུན་ནོ་དབྱེན་ལྡན་མིན། །ལྷ་སྦྱིན་དྲང་སྲོང་མངོན་ཤེས་ལྔ་ལྡན་དུ། །སྐྱེས་འཁོར་སྟོན་པས་ཕྱེ་བའི་རྣམ་སྨིན་ལོ། །ཡུལ་གཏོང་བ་ལ་བུ་ལོན་ལྡང་བ་བཞིན། །བཟོད་སོགས་ཐོབ་ཚེ་ལས་ཀྱིས་ཤིན་ཏུ་འགོག །ངེས་གནས་ཁྱད་ཆོས་དྲུག་དང་ལས་གསོག་པའི། །གླིང་སོགས་ཁྱད་ཆོས་དྲུག་ཀྱང་རྩ་བར་གསལ། །ཏོག་དཀར་མེར་མེར་མངོན་ཤེས་གསུམ་གྱིས་དཔྱད། །བསོད་ནམས་བརྒྱ་ཡི་འདྲེན་ཚུལ་ལ་བཞི་སྟེ། །དགེ་བཅུའི་སྤོང་སེམས་འགོད་བསྔགས་ཡི་རང་བསྔོ། །ལྔ་བཅུ་འཕེན་རྫོགས་དབྱེ་བས་བརྒྱར་འདོད་དང༌། །འཕེན་བྱེད་དང་ནི་མི་གཡོའི་ལས་ལ་དཔྱད། །ལས་ལམ་བཅུ་ལ་རྒྱུ་ལྔས་དམིགས་པས་བཅུར། །དབྱེ་ཚུལ་དགེ་བཅུའི་ལམ་དག་སྦྱོར་བ་དག །རྟོག་པས་མ་སྨྲས་དྲན་ཟིན་མྱང་འདས་སུ། །བསྔོ་བ་ལྔ་བཅུ་དེ་ལྟར་སྨོན་ལྔ་བཅུ། །ཆོས་གཟུགས་སྐུར་དམིགས་བརྒྱ་སྟེ་མཚན་སོ་གཉིས། །མ་འདྲེས་བཅོ་བརྒྱད་དང་བཅས་ལྔ་བཅུ་ལ། །དམིགས་པ་ལྔ་བཅུ་སྨོན་པ་ལྔ་བཅུ་འོ། །ཁམས་གསུམ་གྲོལ་སྨོན་བདག་གྲོལ་སྨོན་པ་དང༌། །འདོད་པ་ཉི་ཤུ་གོང་མ་ཉི་ཤུ་དང༌། །གྲང་དམྱལ་བརྒྱད་ལ་དམིགས་པའི་སྙིང་རྗེ་རྣམས། །སྔ་ཕྱི་གཉིས་གཉིས་དབྱེ་བས་བརྒྱར་ཡང་གསུངས། །བར་དུ་བདུན་ཁྲི་ལྔ་དྲུག་བདུན་སྟོང་བཀུར། །ཡ་གཅིག་འགྲེང་སྟེ་ཞག་བདུན་བསྟོད་པ་ནི། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་གཞན། །འཇིག་རྟེན་གཞན་དང་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ན་ཡོད་པ་མ་ཡིན་ཞིང༌། །རྣམ་ཐོས་བུ་ཡི་གནས་ན་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ན་ཡང༌། །ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་ཡི་སྟེང༌། །རྒྱས་པ་ཀུན་ཏུ་ཡུལ་ཞིག་ག་ལ་ཡོད། །སྨན་གཞིར་བསྐལ་པ་དགུ་ཕྲག་འདུམས་པར་གསུངས། །རིགས་པས་བསྐྲུན་པ་བྲིས་རྐོ་སྙན་ངག་དང༌། །གྲངས་སོགས་འཛིན་པ་ལུས་ངག་ཡིད་ཀྱི་ལས། །ཀུན་བྱང་རྣམ་གྲངས་སྨོས་པས་མངོན་པ་སྡུད། །
༈ ལས་དེའི་རྩ་བ་ཕྲ་རྒྱས་བྱེ་སྨྲས་ནི། །ཆགས་སོགས་དཔེ་སྟོན་ས་བོན་གནས་མས་ཐོབ། །ཕྲ་རྒྱས་ཉོན་མོངས་གཞི་གཅིག་ཐ་དད་སྨྲ། །འདིར་ཡང་ཐ་མའི་ཆགས་སོགས་ཕྲ་རྒྱས་མིན། །འཇུག་པའམ་བྱེད་བཅུ་མཆིམས་ཊཱིཀ་ལས། །རྩ་བ་བརྟན་བྱེད་ཐོབ་པའི་རྒྱུན། །རྒྱུད་གནས་བྱེད་པ་ཕྲ་རྒྱས་རྒྱུན། །ཞིང་ནི་རང་རྒྱུད་ཕྲ་རྒྱས་གཞིར། །རྒྱུ་མཐུན་སྒྲུབ་པ་ཉེ་ཉོན་སྐྱེད། །ལས་ཀྱི་སྲིད་པ་སྒྲུབ་པར་བྱེད། །རང་ཚོགས་འཛིན་པ་ཚུལ་བཞིན་མིན། །དམིགས་ལ་ཀུན་རྨོངས་མི་ཤེས་ཉིད། །རྣམ་ཤེས་རྒྱུན་འཁྲིད་སྲིད་པར་འཕེན། །དགེ་ལས་གཡོ་བ་ཉམས་པ་ཡིན། །འཆིང་བ་ཁམས་ལས་མི་འདའ་བ། །རྣམ་པ་བཅུ་ནི་གནས་འདིར་ཡང༌། །རབ་ཏུ་བསྟན་པ་ཡིན་པར་འདོད། །ཅེས་གསུངས་འདོད་ཆགས་དེ་བཞིན་གཤེགས་འདོད་ཆགས། །རྒྱས་རུང་དེ་ལ་ཁྲོ་སོགས་རྒྱས་པར་བསྟན། །ཐར་བློ་ཟློག་ཕྱིར་བཤད་ཀྱང་སློབ་དཔོན་ནི། །རོ་མྱོང་སྲེད་ཡུལ་ལུས་ནི་སྲིད་པ་ཉིད། །ཡིན་ཕྱིར་གསུངས་ཏེ་གཟུགས་མེད་ཁམས་ལ་དཔྱད། །དེ་སྟེ་བདུན་ནམ་ལྟ་བཅས་ཕྲ་རྒྱས་བཅུ། །སོ་གཉིས་ཉེར་བརྒྱད་ཉེར་བརྒྱད་སྡོམ་པ་ཡི། །མཐོང་སྤང་གྱ་བརྒྱད་སྟེང་དུ་སྒོམ་སྤང་བཅུ། །ཀུན་བཏུས་མཐོང་སྤང་བརྒྱ་རྩ་བཅུ་གཉིས་གསུངས། །བསྡུ་བར་བདེན་པ་ཕྱི་མ་གསུམ་གསུམ་ལ། །ལྟ་བ་གཉིས་གཉིས་དོར་བས་གོ་བཞིར་གསུངས། །ལམ་དང་སྡུག་བསྔལ་ཚུལ་ཞུགས་ཁྱད་པར་དཔྱད། །ཕྱི་མས་ལམ་མཐོང་སྤང་བྱར་དམིགས་སམ་བརྟག །དངོས་གཞིར་མི་དམིགས་སྤང་བྱ་རིས་གཞན་ཕྱིར། ཉེར་ལེན་ཕུང་དམིགས་བདག་གམ་བདག་གིར་དང༌། །དེར་དམིགས་རྟག་ཆད་ལྟ་ཤེས་ཉོན་མོངས་ཅན། །འཇིག་མཐར་ལྟ་བའོ་ལམ་དམིགས་བདག་འཛིན་ཡང༌། །ཡོད་ན་ཞེན་ཡུལ་མེད་པར་མངོན་སུམ་དུ། །རྟོགས་པས་སྤོང་ཕྱིར་སྡུག་བསྔལ་མཐོང་སྤང་ལོ། །སྡུག་བསྔལ་མཐོང་སྤང་དམིགས་དང་ཟག་མེད་འགལ། །དེ་ཕྱིར་མཁའ་དམིགས་ལོག་ལྟ་བཞག་པར་དཀའ། །དཔེ་སྟོན་དངོས་གཞི་ཐོབ་ཀྱང་འདོད་ཉོན་ཡོད། །མངོན་ཤེས་ཅན་གྱིས་ལོག་ལྟའི་སྲོལ་བཏོད་ཕྱིར། །བྱེ་སྨྲ་དེ་ལ་སྡིག་སེམས་བྱུང་བའི་ཚེ། །མངོན་ཤེས་ཉམས་ཏེ་ལྷ་སྦྱིན་བཞིན་ཞེས་ཟེར། །དབང་ཕྱུག་རྒྱུར་ལྟ་རྒྱུ་ལ་ལོག་ཞུགས་ཕྱིར། །ཀུན་འབྱུང་མཐོང་སྤང་ཞེ་ན་རང་བྱུང་རྟག །བདག་གི་རྣམ་པས་འཇུག་ཕྱིར་སྡུག་བསྔལ་ལོ། །འོ་ན་བ་ལང་བརྟུལ་ཞུགས་ལ་སོགས་པ། །མཐོ་རིས་རྒྱུ་དང་ཐར་པའི་ལམ་ལྟ་བ། །ཀུན་འབྱུང་མཐོང་སྤང་མི་འགྱུར་ཅི་ཞེ་ན། །བྱེ་སྨྲའི་ཚུལ་དེ་སྡུག་བདེན་ཡིན་ཕྱིར་ཟེར། །རང་འགྲེལ་ལམ་གྱི་དེ་མེད་ཐལ་བ་འཕང༌། །རྟག་བདག་ཕྱིན་ཅི་ལོག་པ་གཉིས་ཙམ་མམ། །མ་ཡིན་གཙང་བདེ་རྟག་བདག་བཞི་ཡི་ཕྱིར། །དེ་བཞིན་མཐར་ལྟའི་ཕྱོགས་གཅིག་ལྟ་མཆོག་འཛིན། །འཇིག་ལྟ་གསུམ་སྦྱར་ལོག་དང་མཐར་ལྟའི་ཕྱེད། །སྒྲོ་འདོགས་མེད་ཕྱིར་ཚུལ་ཞུགས་མཐའ་གཅིག་ཏུ། །ལོག་མིན་གཞན་ལ་ངེས་རྟོག་མེད་ཕྱིར་དོར། །འོ་ན་སེམས་དང་འདུ་ཤེས་ཕྱིན་ཅི་ལོག །མདོར་གསུངས་དང་འགལ་ངེས་རྟོག་མེད་ཕྱིར་ཟེར། །སྐྱོན་མེད་དེ་ནི་ལྟ་བའི་དབང་ཕྱིར་རོ། །ཚོར་བར་ཐལ་བར་མི་འགྱུར་མ་གྲགས་ཕྱིར། །ཁེངས་ལྷག་ང་རྒྱལ་ང་མངོན་ཅུང་ཟད་ལོག །ལྷག་དང་ང་རྒྱལ་ཅུང་ཟད་གསུམ་ལས་དགུ། །མ་སྤངས་མི་སྤྱོད་སྐྱེ་སྲེད་འཇིག་སྲེད་གཉིས། །སྤངས་ཀྱང་སྤྱོད་པ་གཉིད་དང་མིག་ལ་སོགས། །སྐལ་མཉམ་ཁམས་ཀུན་འགྲོ་བ་སྡུག་ཀུན་གྱི། །ལྟ་བདུན་ཐེ་ཚོམ་གཉིས་དང་མ་རིག་གཉིས། །མ་འདྲེས་པ་སྟེ་ཆགས་ཅན་ཀུན་འགྲོ་མིན། །འདོད་ཁམས་མ་ལུས་དམིགས་ཚུལ་མེད་ན་ཡང༌། །རིས་ལྔའི་རང་ལྡོག་ཙམ་ལ་ཅིག་ཅར་དམིགས། །འཇིག་མཐར་མ་གཏོགས་དགུ་ནི་སྐལ་མི་མཉམ། །ཀུན་འགྲོ་འདོད་པའི་ཚངས་པ་རྟག་ལྟ་བ། །ལོག་ཤེས་ཙམ་སྟེ་ལྟ་བ་ལྔས་མ་བསྡུས། །བསམ་གཏན་མཐའ་དང་སྲིད་རྩེར་ས་སྐལ་མཉམ། །མ་གཏོགས་མེད་དེ་འོག་མར་མི་དམིགས་ཤིང༌། །རང་སར་སྐལ་མཉམ་ཁམས་ཀྱི་མིང་མེད་དེ། །གཞན་དུ་ས་བཞིན་ཁམས་དགུར་ཐལ་ཕྱིར་རོ། །མཆིམས་ཊཱིཀ་འདོད་པ་དང་ལྡན་གཟུགས་གཟུགས་མེད། །དང་ལྡན་ལ་དམིགས་ཕྲ་རྒྱས་གང་དག་ཅེས། །འབྱུང་ཕྱིར་གསུངས་ཀྱང་མཆན་བུར་གཉིས་བསྡོམས་ལ། །དམིགས་སྲིད་གསུམ་བསྡོམས་པ་ལ་ནུས་མེད་གསུངས། །ཕྲ་རྒྱས་ཀུན་ཏུ་འགྲོ་དང་རྒྱུ་ཀུན་འགྲོར། །མུ་བཞི་མ་འོངས་ཕྲ་རྒྱས་ཀུན་འགྲོ་དང༌། །ད་ལྟའི་དེ་ཡི་འདུས་བྱས་མཚན་ཉིད་བཞི། །འོན་ཀྱང་འབྲས་བུ་གཞན་ཕྱིར་ཐོབ་མ་གཏོགས། །གཉིས་ཡིན་ད་ལྟའི་ཕྲ་རྒྱས་ཀུན་འགྲོ་འོ། །དེ་ལྟར་གོ་བརྒྱད་ལས་ནི་ཀུན་འགྲོ་བ། །ཁོ་ན་ཉེར་བདུན་ཟློག་པར་རེ་ལྔ་སྟེ། །སྡུག་ཀུན་མ་རིག་དྲུག་ལ་ཆ་གཉིས་སོ། །འགོག་ལམ་ཡུལ་ཅན་ལོག་ལྟ་ཐེ་ཚོམ་རྨོངས། །འགོག་དམིགས་གསུམ་པོ་རང་ས་ཁོ་ནར་དམིགས། །ས་དྲུག་ཆོས་ཤེས་ཀུན་ཀྱང་འདོད་ལོག་ལྟའི། །ཡུལ་ཡིན་དེ་བཞིན་ས་དགུའི་རྗེས་ཤེས་ཀྱང༌། །གཟུགས་དང་གཟུགས་མེད་ཀུན་གྱི་ལོག་ལྟའི་ཡུལ། །ལམ་ལ་ཆོས་ཤེས་ཁམས་གསུམ་གཉེན་གསུངས་ཀྱང༌། །གོང་མའི་ལོག་ལྟའི་དམིགས་ཡུལ་མ་ཡིན་ཏེ། །གོང་མའི་མཐོང་སྤང་གཉེན་པོ་མི་བྱེད་ཕྱིར། །ལྷག་མ་ཕྲ་རྒྱས་བརྒྱད་ཅུའི་ཟག་བཅས་དམིགས། །ལུང་བསྟན་མིན་རྩའི་ཤེས་རབ་རྣམ་སྨིན་སོགས། །ཐེ་ཚོམ་རྩེ་གཉིས་ང་རྒྱལ་མཐོར་འཇུག་ལ། །རྩ་བ་བརྟན་ཅིང་གཏིང་ན་གནས་ཕྱིར་མིན། །ཁ་ཆའི་ཡུལ་སོགས་མཐར་གནས་ཉི་འོག་པ། །སྲིད་ལྟ་ང་རྒྱལ་སྤྱད་པའི་བསམ་གཏན་པ། །གསུམ་པོ་མ་རིག་དབང་གིས་འཇུག་ཕྱིར་བཞི། །དུས་ཀུན་མི་སྐྱེ་ཡུལ་ཡང་ཁྱད་པར་ཕྱིར། །ཁོང་ཁྲོ་ཆགས་རྒྱལ་ཉོན་མོངས་རང་མཚན་པ། །ལྟ་དང་མ་རིག་ཐེ་ཚོམ་སྤྱི་བ་འོ། །འདས་དང་ད་ལྟའི་ཁྲོ་ཆགས་ང་རྒྱལ་གྱི། །དམིགས་པའི་ཚུལ་གྱིས་ལྡན་བྱེད་རྒྱུད་ལྡན་མིན། །མ་འོངས་ཡིད་ཀུན་དབང་པོས་ད་ལྟ་བ། །འོན་ཀྱང་མི་སྐྱེ་དབང་བློས་ཀུན་ལྡན་བྱེད། །ལྷག་མ་ལྟ་སོགས་གསུམ་གྱིས་ཀུན་དང་ལྡན། །
དུས་ཀུན་རྫས་ཡོད་རྟག་འགྱུར་ཡོད་མིན་ན། །ལྡན་པར་འགལ་ཞེས་རྩོད་ལ་བྱེ་སྨྲས་ལན། །མདོ་ལས་འདས་གཟུགས་ཡོད་པར་མ་གྱུར་ན། །ཞེས་དང་རྣམ་ཤེས་གཉིས་རྟེན་སྐྱེ་གསུངས་ཕྱིར། །རིགས་པས་འགྲུབ་སྟེ་དྲན་པའི་ཡུལ་ཡོད་ཕྱིར། །འདས་པའི་ལས་ཀྱིས་འབྲས་བུ་སྐྱེད་པའི་ཕྱིར། །ཐམས་ཅད་ཡོད་པར་སྨྲ་བས་ཡོད་སྨྲ་བ། །འབྲས་བུ་འདས་དང་མ་ཕྱིན་ད་ལྟར་ཡོད། །འབྲས་ཕྱིན་འདས་དང་མ་འོངས་རྫས་མེད་པར། །སྨྲ་བ་རྣམ་པར་ཕྱེ་སྟེ་སྨྲ་བ་འོ། །དེ་ཡང་ཡོད་སྨྲའི་གྲངས་ཡིན་དུལ་བ་ལྷས། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །ཞེས་གསུངས་ཡོད་སྨྲ་ལ་ཡང་ལུགས་བཞི་སྟེ། །ཆོས་སྐྱོབ་དངོས་འགྱུར་གསེར་སྣོད་བཞིན་ཞེས་ཟེར། །དབྱངས་སྒྲོགས་མཚན་ཉིད་ཤས་ཆེ་ཆགས་བཞིན་ཟེར། །དབྱིག་བཤེས་གནས་སྐབས་རྩིས་ཀྱི་རྡེའུ་བཞིན་འགྱུར། །མ་བུ་གཞན་གཞན་འགྱུར་བ་སངས་རྒྱས་ལྷ། །དང་པོ་མི་འཐད་གྲངས་ཅན་ལུགས་ཕྱིར་རོ། །གཉིས་པ་མི་འཐད་མཚན་ཉིད་འཆོལ་ཕྱིར་རོ། །བཞི་པ་མི་འཐད་གསུམ་ཀར་ཐལ་ཕྱིར་རོ། །གསུམ་པས་བྱ་བ་བྱས་དང་མ་བྱས་ཀྱིས། །བཞག་ཕྱིར་ཅུང་བཟང་དེ་ལ་རྩོད་པ་ནི། །དེ་མཚུངས་མིག་གིས་གཟུགས་ལ་མི་ལྟ་ཕྱིར། །ད་ལྟར་མི་འགྱུར་རོ་ཞེ་ན་བྱེ་སྨྲས་ནི། །སྐྱོན་མེད་འབྲས་བུ་འབྱིན་འཛིན་བྱེད་ཕྱིར་ལོ། །རྣམ་སྨིན་སྐལ་མཉམ་ཀུན་འགྲོ་འདས་པས་ཀྱང༌། །འབྱིན་ཕྱིར་ད་ལྟར་ཐལ་ལོ་དེ་དག་ལ། །འཛིན་པ་མ་ཚང་ཞེ་ན་འདིའི་ཆ་ནས། །འདས་དང་འབྱིན་པའི་ཆ་ནས་ད་ལྟ་བར། །འགྱུར་ཕྱིར་འཆོལ་བའམ་ཡང་ན་ཕྱེད་ཀར་འགྱུར། །གཞན་ཡང་བྱ་བ་རེས་བྱེད་རེས་མི་བྱེད། །མི་རུང་རྟག་ཏུ་ཡོད་ཕྱིར་གེགས་བྱེད་སུ། །དེ་ཡང་ཇི་ལྟེར་བྱ་བས་འཇོག་ཅེས་པའི། །བྱ་བ་འདས་པ་ལས་ནི་གཞན་མིན་ཏེ། །དུས་ཀྱིས་མ་བསྡུས་ཕྱིར་ན་རྟག་པར་འགྱུར། །བྱ་བ་འདས་དང་གཅིག་ན་ད་ལྟ་ཡང༌། །ཡོད་ཕྱིར་དེ་འགག་ཆ་ནས་འདས་དུས་སུ། །མི་རུང་དེ་ལྟར་བཞིན་དུ་དུས་གཉིས་ཀྱང༌། །ཡོད་ན་ཅི་ཕྱིར་མ་སྐྱེས་ཞིག་ཅེས་བྱ། །ངོ་བོ་སྤངས་ཀྱང་སྡུག་བསྔལ་མཐོང་སྤང་དང༌། །འདོད་ཉོན་བརྒྱད་སོགས་དམིགས་པས་ལྡན་ཚུལ་གཉིས། །ཁམས་གསུམ་སྤང་བྱ་བཅོ་ལྔ་ཟག་མེད་བཅས། །འོག་མ་འོག་མའི་མཐོང་སྤང་ཀུན་འགྲོའི་ཡུལ། །འོག་མ་གོང་མའི་ཉོན་མོངས་ཡུལ་མིན་པས། །སྒོམ་སྤང་ཡུལ་འགྱུར་སྙོམས་འཇུག་དག་པའི་སྟེ། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན་གསུངས་ཕྱིར། །སྡུག་བསྔལ་མཐོང་སྤང་ལམ་མཐོང་སྤང་བྱའི་ཡུལ། །མིན་ཏེ་ལམ་ལ་ཀུན་འགྲོ་མེད་ཕྱིར་རོ། །སྡུག་ཀུན་མཐོང་དང་སྒོམ་སྤང་གསུམ། །འདོད་བསྡུས་ལྔ་ཡུལ་གཞན་བརྒྱད་བཅུ། །ཁམས་གསུམ་འགོག་ལམ་མཐོང་སྤང་ནི། །རང་བསྣན་དྲུག་དགུ་བཅུ་གཅིག་ཡུལ། །ཆགས་སོགས་སྣོན་གྱི་ཟག་མེད་པ། །ཁོ་ནའི་ཡུལ་ཅན་ལྟ་སོགས་མིན། །ཟག་མེད་ཁམས་གསུམ་སྤང་བྱ་རིས། །ཐ་མ་གསུམ་གསུམ་ཟག་མེད་བཅུའི། །ཡུལ་ལོ་འདོད་པའི་སྒོམ་སྤང་དཔྱད། །ཕྲ་རྒྱས་བཅས་ལ་རྒྱས་པས་ཁྱབ་བམ་ན། །ཉོན་མོངས་ཅན་ལ་བཅས་ཤིང་རྒྱས་པ་དང༌། །བཅས་ཀྱང་མི་རྒྱས་པ་སྟེ་མུ་གཉིས་ཡོད། །སྤངས་དང་མ་སྤངས་ཕྲ་རྒྱས་རིམ་བཞིན་ནོ། །ཉོན་མོངས་ཅན་མིན་ལ་ནི་ཕྱི་མ་མེད། །ཡིག་ཆར་ཉོན་མོངས་བཅས་ལ་མི་རྒྱས་ཡོད། །དགྲ་བཅོམ་རྣམས་ལ་འདས་སེམས་ཉོན་མོངས་ཅན། །ཉོན་མོངས་པ་དང་ལྷན་ཅིག་གནས་རྣམས་དང༌། །མ་འོངས་མི་སྐྱེའི་ཆོས་ཅན་སེམས་ཉོན་མོངས། །དང་བཅས་ལྟ་བུའི་ཡིན་པའི་ཕྱིར་གསུངས་དཔྱད། །འདོད་ན་རིས་ལྔའི་གཏི་མུག་ལྔ་མ་གཏོགས། །ཁྲོ་ཆགས་ང་རྒྱལ་གསུམ་ལ་ལྔ་ལྔ་དང༌། །ལྟ་བ་བཅུ་གཉིས་ཐེ་ཚོམ་བཞི་ཀུན་དཀྲིས། །བཅུ་སྟེ་ཞེ་གཅིག་འདོད་པའི་ཟག་པ་དང༌། །ཀུན་དཀྲིས་ཉི་ཤུ་ཁོང་ཁྲོ་བཅུ་བསལ་བའི། །གོང་མར་སྤྱོད་པ་ང་གཉིས་སྲིད་པའི་ཟག །རྨུགས་རྒོད་ཀུན་དཀྲིས་གོང་མར་ཡོད་མོད་ཀྱང༌། །མ་བཤད་རང་དབང་ཅན་ནི་མིན་ཕྱིར་ལོ། །འདོད་པའི་རྨུགས་རྒོད་སོགས་ལ་ཐལ་བར་འགྱུར། །ཁམས་གསུམ་མ་རིག་བཅོ་ལྔ་ལོགས་སུ་བསྟན། །ཆུ་སྦྱོར་ཕལ་ཆེར་དེ་དང་འདྲ་ན་ཡང༌། །ལྟ་རྣམས་རྣམ་པ་གསལ་ཕྱིར་ལོགས་སུ་བསྟན། །དེ་ཕྱིར་འདོད་པའི་ཆུ་སྦྱོར་ཉེར་དགུ་རེ། །སྲིད་སྦྱོར་ཉེར་བརྒྱད་ལྟ་བའི་སུམ་ཅུ་དྲུག །མ་རིག་བཅོ་ལྔའོ་ཟག་པར་ལྟ་བ་རྣམས། །ཟུར་མིན་རྐྱང་བས་འཁོར་བ་འཇོག་མིན་ལོ། །འདོད་སྦྱོར་མ་རིག་ལྔ་བཅས་འདོད་ཉེར་ལེན། །སྲིད་སྦྱོར་མ་རིག་བཅུ་བཅས་བདག་ཉེར་ལེན། །ལྟ་བ་སུམ་ཅུ་བརྟུལ་ཞུགས་ཉེར་ལེན་དྲུག །རབ་བྱུང་ཁྱིམ་པ་བསླུ་ཕྱིར་སོ་སོར་བཤད། །མ་རིག་རྐྱང་པས་མི་འཛིན་ཕྱིར་བསྲེས་ལོ། །རང་ལུགས་གདུལ་བྱའི་བསམ་བའི་དབང་ཕྱིར་ཡིན། །རྩ་ཉོན་དྲུག་གི་ཀུན་སྦྱོར་དྲུག་ལས་ལོགས། །མཆོག་འཛིན་གཉིས་པོ་མཆོག་འཛིན་ཀུན་སྦྱོར་རོ། །ལྟ་བ་སྔ་གསུམ་བདེན་བཞིས་མཐོང་སྤང་རྫས། །བཅོ་བརྒྱད་འདིར་ཡང་བཅོ་བརྒྱད་ཕྱིར་ཕྱེ་ལོ། །འདི་གཉིས་ཁོ་ན་མཆོག་འཛིན་ཕྱིར་ཕྱེ་འོ། །ཀུན་དཀྲིས་ནང་ནས་ཕྲག་དོག་སེར་སྣ་གཉིས། །མི་དགེ་རང་དབང་ཅན་ཕྱིར་ཀུན་སྦྱོར་བྱས། །ཀུན་དཀྲིས་བཅུར་སྨྲས་ཀུན་སྦྱོར་བཅུ་གཅིག་འགྱུར། །སྦྱོར་དགུས་གང་ལ་བསྒྲིབས་པ་དབུས་མཐར་གསལ། །གཉིས་ཀྱིས་སེམས་ཅན་ཐ་མ་སོ་སྐྱེས་དང༌། །གསུམ་གྱིས་ཁམས་མཐའ་འདོད་ལས་མི་འདའ་འོ། །འཇིག་ལྟ་སྡུག་བསྔལ་མཐོང་སྤང་སྒོ་གཅིག་ལ། །ཚུལ་ཞུགས་སྒོ་གཉིས་ཐེ་ཚོམ་སྒོ་བཞི་སྟེ། །དེ་དེ་སྤངས་པས་གཞན་སྤང་རྟོགས་ཕྱིར་ལོ། །གཞན་ཡང་རིམ་བཞིན་མཐར་ལྟ་ལྟ་མཆོག་འཛིན། །ལོག་ལྟའི་རྩ་བ་ཡིན་ཕྱིར་འདི་གསུམ་བཤད། །ཀུན་བཏུས་འཆིང་གསུམ་སྡུག་བསྔལ་གསུམ་ལ་སྦྱར། །ཉོན་མོངས་ལས་གཞན་སྨོས་པའི་དགོས་པ་ནི། །ཉོན་མོངས་ཕྲ་རྒྱས་སམ་རྩ་ཉོན་ཐམས་ཅད་དང༌། །ཉེ་བར་ཉོན་མོངས་བྱེད་པས་ཉེ་ཉོན་ཕྱིར། །ཀུན་དཀྲིས་བརྒྱད་སྟེང་ལ་ལས་ཁྲོ་འཆབ་བསྣན། །འཆབ་པ་ཆགས་རྨོངས་གང་ལས་སྐྱེ་བ་རྩོད། །ཀུན་དཀྲིས་བརྒྱད་དམ་བཅུ་ལས་ལྔ་ལ་ནི། །གཉིས་སོ་ལྷག་དང་དྲི་མ་སྒོམ་སྤང་ཉིད། །འགྱོད་པ་སྒོམ་སྤང་མ་རིག་ཉིད་ལྡན་བར། །མཆིམས་གསུངས་ཆུང་ངུའི་ས་བར་འགྱུར་རམ་དཔྱད། །གོང་གི་རྒྱུ་མཚན་འགྱོད་པ་སྤྱིའི་ཕྱིར་མིན། །དཀྲིས་ལྔ་དྲི་མར་བཅས་ཏེ་རང་དབང་ཅན། །མཚམས་སྦྱོར་རང་དབང་ཅན་ལྔ་ལས་གཞན་ན། །འདི་དག་འབྱུང་དགོས་རང་དབང་ཅན་ཕྱིར་འགལ། །ཀུན་དཀྲིས་བཅུ་ཡི་བདུན་དང་དྲི་མ་དྲུག །འདོད་ན་མི་དགེའོ་རྨུགས་གཉིད་རྒོད་རྣམ་གཉིས། །གོང་སྐྱེས་བཞིའོ་སྒྲིབ་ལ་ལུང་མ་བསྟན། །ཀུན་དཀྲིས་གཉིས་བཞི་དྲི་དྲུག་ཆུང་ངུའི་ས། །མཐོང་སྤང་ལ་སོགས་ཡིད་ཤེས་ཁོ་ནར་འབྱུང༌། །རྨུགས་རྒོད་ཐེ་ཚོམ་གོང་མར་ཡོད་མོད་ཀྱི། །འདིར་བསྟན་བསམ་གཏན་སྒྲིབ་ཕྱིར་འདོད་ཁོ་ན། །རྨུགས་གཉིད་གཉེན་པོ་ཟས་དང་བྱ་བ་གཅིག །རྒོད་འགྱོད་དེ་བཞིན་ནོ་ལྔར་ངེས་རྒྱུ་མཚན་ནི། །གཉིས་གཉིས་རིམ་བཞིན་བསླབ་གསུམ་ཕུང་པོར་གནོད། །ཤེས་རབ་མེད་ན་བདེན་ལ་ཐེ་ཚོམ་འགྱུར། །ཅེས་ཟེར་སློབ་དཔོན་རང་ལུགས་ཏིང་འཛིན་གྱི། །སྦྱོར་དངོས་རྗེས་ལ་སྒྲིབ་པའི་དབང་བྱས་སོ། །
དམིགས་པ་ཤེས་པས་སྤོང་བ་འདོད་པ་ཡི། །སྡུག་ཀུན་མི་མཉམ་ཀུན་འགྲོ་མིན་པ་བརྒྱད། །གོང་མའི་སྡུག་ཀུན་མཐོང་སྤང་སུམ་ཅུ་སྟེ། །མི་མཉམ་པ་ཡང་ཅིག་ཅར་སྤོང་ཕྱིར་རོ། །འགོག་ལམ་ཡུལ་ཅན་ལོག་ལྟ་ཐེ་ཚོམ་གཉིས། །ཁམས་དབྱེའི་བཅུ་གཉིས་དང་བཅས་ལྔ་བཅུ་འོ། །རང་ལ་དམིགས་པ་ཟད་པས་སྤོང་བ་ནི། །འདོད་པའི་སྐལ་བ་མི་མཉམ་ཀུན་འགྲོ་དགུ། །རང་གི་དམིགས་པ་སྤངས་པའི་སྤོང་བ་ནི། །ལོག་པར་ལོག་ཞུགས་རྣམས་ཏེ་ཁམས་གསུམ་ན། །འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ། །དགུ་དང་བདུན་བདུན་བསྡོམས་པས་ཉེར་གསུམ་མོ། །འགོག་ལམ་མཐོང་བའི་སྤང་བྱ་མ་རིག་དྲུག །སྤོང་ཚུལ་གསུམ་དུ་མ་བསྡུས་རྒྱུ་མཚན་ཚོལ། །མི་འགལ་གསུམ་པོ་དམིགས་ཤེས་སྤོང་བས་བསྡུས། །གོང་ས་ཙམ་དམིགས་ཀུན་འགྲོ་ཡོད་དམ་དཔྱད། །མཚུངས་ལྡན་ལས་མིན་དབྱེ་མི་ནུས་ཕྱིར་རོ། །དམིགས་ལས་སྤོང་སྟེ་གོང་འོག་གཞུང་ཀུན་མཐུན། །
ཡེ་ཤེས་ཡོངས་ཤེས་ཡོངས་ཤེས་དངོས་ཡིན་ལ། །སྤངས་པ་ཡོངས་ཤེས་རྒྱུ་མིང་འབྲས་བཏགས་སོ། །འོན་ཀྱང་འདིར་བསྟན་སྤངས་པའོ་དེ་ལ་ཡང༌། །མཐོང་དྲུག་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ། །དྲུག་ཀྱང་ཤེས་པའི་འབྲས་བུ་ཡིན་མོད་ཀྱི། །བཟོད་ཤེས་འབྲས་བུ་གཅིག་ཕྱིར་དེར་བཤད་ལ། །ལྷག་མ་གསུམ་ནི་ཤེས་པ་ཁོ་ནའི་སྟེ། །ཐོད་རྒལ་བཅུ་དྲུག་པ་ཡི་གཉིས་ཀྱང་ངོ༌། །དངོས་གཞིའི་མཐོང་མཐའ་གསུམ་དང་སྒོམ་མཐའ་གཉིས། །དབྱངས་སྒྲོགས་ཐ་མའི་ཆ་མཐུན་མིན་བརྒྱད་དེ། །འདོད་གསུམ་བྲལ་ཐོབ་ཟག་མེད་རྙེད་ཕྱིར་རོ། །ཐ་མའི་ཆ་སྤངས་ལྡོག་པ་རྙེད་མོད་ཀྱི། །ལམ་མཐོང་སྤང་བའི་ཞར་ཡིན་ཕྱིར་མ་བགྲང༌། །ནམ་མཁའི་ཉེར་བསྡོགས་འབྲས་བུ་གཟུགས་ཟག་ཟད། །གཟུགས་མེད་དངོས་གཞི་གསུམ་ལའང་ཀུན་ཟད་ཉིད། །ཞི་རགས་ལམ་གྱི་འབྲས་བུ་བདུན་བརྒྱད་གཉིས། །རྗེས་ཀྱི་གཉིས་སོ་ལམ་ལ་ཆོས་ཤེས་ནི། །ཁམས་གསུམ་གཉེན་པོ་ཡིན་ཕྱིར་དེ་འབྲས་གསུམ། །ཕྱོགས་མཐུན་ཆོས་བཟོད་དང་བསྡོམས་ཆོས་ཤེས་འབྲས། །གསུམ་སྟེང་འདོད་པའི་མཐོང་སྤང་སྤངས་པའི་གསུམ། །རྗེས་ཤེས་ཕྱོགས་མཐུན་བཟོད་བཅས་འབྲས་བུ་ནི། །གོང་མའི་མཐོང་སྤང་གསུམ་དང་སྒོམ་སྤང་གཉིས། །ཡོངས་ཤེས་འཇོག་བྱེད་བྲལ་ཐོབ་ཟག་མེད་རྙེད། །སྲིད་རྩེའི་ཕྱོགས་ཆ་སྡུག་བསྔལ་མཐོང་སྤང་ཟད། །རང་སའི་ཀུན་འགྲོ་གཉིས་བཅོམ་གསུམ་ཚང་བས། །དྲུག་བཞག་མཐའ་གསུམ་ཁམས་ལས་འདས་པས་ཀྱང༌། །ལྡན་ཚུལ་གཅིག་མིན་གང་ན་སོ་སྐྱེ་འོ། །ཀུན་འབྱུང་ཆོས་བཟོད་མན་གྱི་འཕགས་པ་ཡང༌། །མཐོང་ལམ་གཞན་ལ་གཅིག་ནས་ལྔའི་བར་ལྡན། །སྒོམ་ལ་རྒྱུན་ཞུགས་གསར་ཐོབ་དྲུག་དང་ལྡན། །ཆགས་བྲལ་འབྲས་ཐོབ་ཚེ་ན་བསྡོམས་གསུངས་བར། །གཉིས་ཆར་འདོམས་ནི་ཡིན་ཕྱིར་འདིར་མི་འགལ། །དེ་ཚེ་སྤང་བསྡོམས་ཡོངས་ཤེས་བསྡོམས་པ་མིན། །དགྲ་བཅོམ་འདོད་ཉོན་གྱིས་ཉམས་ལ་ཡང་དྲུག །ཆགས་བྲལ་བཅུ་དྲུག་པ་ལ་གཅིག་ལྡན་ཏེ། །མཐོང་ལྔ་བཏང་ནས་སྒོམ་གཅིག་ཐོབ་ཕྱིར་རོ། །གོང་མའི་ལམ་མཐོང་སྤངས་པའི་ཡོངས་ཤེས་མཐའི། །ཆ་མཐུན་སྤངས་པར་བསྡུས་ཀྱི་མེད་མིན་ཏེ། །དེ་ལ་དངོས་གཞིའི་འབྲས་བུ་བཤད་ཕྱིར་རོ། །གཟུགས་སྤངས་བཅུ་དྲུག་པ་ལ་བདུན་བརྒྱད་གཉིས། །དགྲ་བཅོམ་ཐོབ་ཚེ་བཏང་ནས་དགུ་པ་འཐོབ། །ཉམས་ཚེ་དགུ་པ་བཏང་ནས་སྔ་གཉིས་འཐོབ། །ལྔ་བཤད་ཟིན་ལ་མཐར་གྱིས་ཕྱིར་མི་འོང༌། །མཐོང་དྲུག་གཏོང་ངོ་ཉམས་ཚེ་དྲུག་ཀ་འཐོབ། །
༈ མཐོང་དང་སྒོམ་པས་སྤོང་ཞེས་སྔར་བཤད་པའི། །ལམ་དང་མཐོང་བྱའི་བདེན་པ་འདིར་བཤད་དོ། །མཆིམས་ཊཱིཀ་མཐོང་ལམ་ཟག་མེད་རྒྱུ་མཚན་དུ། །མཐོང་སྤང་སྐོར་དགུ་མཉམ་སྤོང་འཇིག་རྟེན་པས། །དེ་མི་ནུས་གསུངས་ཕྱིར་ན་དེས་སྤོང་ཚེ། །འཇིག་ལྟའང་སྐོར་དགུར་ཕྱེ་ནས་སྤོང་ངམ་དཔྱད། །འདི་བས་ཟག་བཅས་ཐམས་ཅད་སྡུག་ཀུན་གཉིས། །དཔེ་སྟོན་ཀུན་འབྱུང་སྲེད་པ་ཁོ་ནར་འདོད། །སྡུག་བསྔལ་ཕྱིར་བཅོས་མིན་པའི་བདེ་བ་ཞིག །འདིར་ཡང་མེད་ཀྱང་སྡུག་བསྔལ་འགག་ཙམ་ལ། །བདེ་ཞེས་བཏགས་པའི་འཇོག་མཚམས་མ་འཚལ་བས། །འཕགས་པ་ལྷ་བཀག་བདེན་པ་གཉིས་ལས་ཉམས། །བུམ་ཆུ་དབྱིབས་དང་ཚོགས་པའི་ཀུན་རྫོབ་བོ། །ལུས་སེམས་འདུ་འཛི་རྣམ་རྟོག་གཉིས་ལས་བསྲིངས། །ཐར་པར་བགྲོད་པའི་གཤེགས་ཤུལ་མངོན་རྟོགས་དེ། །ཐར་ལམ་དོན་ནོ་སྨིན་གྲོལ་གཉིས་སུ་བསྡུས། །མདོག་དབྱིབས་རེག་པ་བསྙེན་བཀུར་ཆགས་གནས་བཞིའི། །གཉེན་པོར་འདུ་ཤེས་དགུ་བསྔགས་ཐ་མ་ཡི། །གཉེན་པོར་ཤི་རོ་གཡོ་བ་མེད་པ་བསྒོམ། །མི་སྡུག་སྒོམ་ཚུལ་གསུམ་པོ་བྱེ་སྨྲའི་ལུགས། །དང་པོས་མི་སྡུག་རྫོགས་ཞེས་གྲགས་པ་འཐད། །འདོད་སེམས་ཉེར་བསྡོགས་བཞི་དང་དངོས་གཞི་ལྔ། །དམིགས་པ་འདོད་པའི་དབྱིབས་དང་ཁ་དོག་དཀར། །དང་པོ་གླིང་གསུམ་མིས་སྐྱེད་ཕྱིས་ལྷ་ཡང༌། །འབྱུང་རྔུབ་ཤེས་རབ་འཇུག་བྱེད་དྲན་པས་བཏགས། །འདོད་དང་དང་པོ་གསུམ་གྱི་ཉེར་བསྡོགས་དང༌། །ཁྱད་པར་ཅན་ནོ་བཏང་སྙོམས་སྡུད་དང་མཐུན། །རླུང་ནི་རྣམ་སྨིན་མིན་ཏེ་ཆང་ནས་སྦྱོར། །ལུས་སྟོབས་འཕེལ་བས་འགྲིབ་ཕྱིར་རྒྱས་བྱུང་མིན། །ཆོས་རྣམས་ཐམས་ཅད་དམིགས་པ་དྲན་ཉེ་སྟེ། །རང་གཞན་དབྱེ་བས་བཞི་ཆར་ཕྱི་ནང་གསུམ། །ཚོགས་ལམ་ཀླུ་དང་གོང་མར་མཆིམས་གསུངས་དཔྱད། །དང་པོར་ཆོས་ལ་དམིགས་པ་རྣམ་གཏོད་དོན། །ཕྱི་ནས་གཞན་གསུམ་བསྒོམ་པས་འཕེལ་བར་བྱེད། །བཟོད་པ་ཆུང་འབྲིང་གཏོང་བྱེད་དྲོད་རྩེ་འདྲ། །འཕེལ་བྱེད་ཆོས་ཏེ་སྡོམ་སྡོམ་དམིགས་ཕྱིར་རོ། །གོང་འོག་བདེན་བཞིའི་ཁྱད་ཆོས་སོ་གཉིས་ལས། །གོང་མའི་ལམ་བོར་སོ་གཅིག་རིགས་བོར་བས། །སུམ་ཅུ་ལ་སོགས་རྣམ་པ་རེ་རེ་ནས། །དོར་བས་བཟོད་འབྲིང་བཞི་བརྒྱ་གོ་བདུན་ཟེར། །མ་བོར་སོ་གཉིས་བསྒོམ་པ་བཟོད་ཆུང་ཡིན། །དམིགས་པ་མ་བོར་རྣམ་པ་མི་འབོར་བས། །གོང་མའི་ལམ་བཞི་དོར་བའི་ཉེར་བརྒྱད་ནས། །འོག་མའི་ལམ་བོར་ཉེར་བཞི་ལ་སོགས་ཏེ། །གོང་མའི་སྡུག་བདེན་བོར་ནས་འོག་མའི་བཞི། །གཅིག་གཉིས་དོར་ནས་གསུམ་གཉིས་ཐ་མར་ནི། །སྲེད་སྤྱད་གཉིས་ཏེ་ང་རྒྱལ་ལེ་ལོ་ཅན། །ལྟ་སྤྱད་གཉིས་ཏེ་བདག་གི་བདག་ལྟ་བས། །རིམ་བཞིན་གཅིག་ལ་ལན་གཉིས་གོམས་བྱེད་དོ། །དེ་ཕྱིར་གཅིག་གཉིས་འདོར་བྱ་སྐབས་དང་སྦྱར། །རྣམ་པ་དེ་ནི་ཆོས་བཟོད་བར་དུ་འཇུག །དྲོད་རྩེ་འདོད་ལའང་དབྱངས་སྒྲོགས་བཤད་ཀྱང་གཞན། །འཕགས་པ་གཉིས་པར་སྐྱེས་ཚེ་དང་པོའི་སྦྱོར། །གཏོང་གི་ཆགས་བྲལ་ཙམ་དང་ཤི་བས་མིན། །འཕགས་མིན་འཆི་བས་གཏོང་བྱ་ཉེར་བསྡོག་གོ །ཡོངས་ཉམས་འགལ་རྐྱེན་སྟོབས་ཀྱིས་ཉམས་ཡིན་ལ། །རྣམ་ཉམས་ཞུགས་ལམ་འབྲས་ཀྱིས་བཏང་བ་ཡང༌། །འགྲོ་གསུམ་སྤྱི་འོ་བཟོད་ཆེན་སྐྱེ་གནས་གཉིས། །འདུ་ཤེས་མེད་དང་ཚངས་ཆེན་སྒྲ་མི་སྙན། །ཟ་མ་སྲིད་བརྒྱད་མཐོང་སྤང་ཉོན་མོངས་ཏེ། །འགྲོ་བ་སྐྱེ་གནས་སྐྱེ་བ་ལུས་སྲིད་པ། །ཉོན་མོངས་དྲུག་ལ་མི་སྐྱེའི་བཟོད་ཐོབ་གསུངས། །ཐར་ཆ་ཐོས་བསམ་ལས་བྱུང་གསེར་འཕྲེང་ལས། །སྒོམ་གསུངས་ལུས་ངག་ཡིད་ཀྱི་ལས་གསུམ་མོ། །ཐར་ཆ་ཞེས་པའི་ཆ་ནི་ཐོབ་པ་འོ། །ཤེས་རབ་མངོན་རྟོགས་གསུམ་མོ་མཚུངས་ལྡན་གཉིས། །མཚན་ཉིད་བཞི་སོགས་བྱ་བ་གཅིག་པུ་འོ། །ཆོས་སྲུང་སྡེ་པ་སྟོང་ཆེན་རབ་འཇོམས་ལས། །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །གསུངས་ཕྱིར་བདེན་པ་མངོན་རྟོགས་གཅིག་ཏུ་འདོད། །ཡང་དག་ལྡན་པའི་མདོ་ལས་ཁང་པའི་རིམ། །འོག་མ་བཞག་སྟེ་གོང་མར་མིན་བཞིན་གསུངས། །དེ་ཕྱིར་གཞན་ནི་རིམ་འདོད་དེ་ལ་ཡང༌། །བཞི་བརྒྱད་འཇིག་རྟེན་པ་ཡི་ཤེས་བཞིར་བཅས། །བཅུ་གཉིས་སྐད་ཅིག་བར་དུ་ལྡང་བར་སྨྲ། །ཁ་ཆེ་བཅུ་དྲུག་གོ་གཅིག་པར་ཞུགས་འབྲས་འགལ། །སྟོང་ཆེན་བྱ་བའི་མངོན་རྟོགས་དབང་བྱས་ཏེ། །ཆོས་བཟོད་ཀྱིས་ཀྱང་ཀུན་འབྱུང་སྤོང་འགོག་ཐོབ། །ལ་སོགས་ཕྱི་མར་བྱེད་པ་འཇུག་ཕྱིར་ལོ། །ཞུགས་གསུམ་འབྲས་བུ་བཞི་སྟེ་རྫས་བདུན་པོ། །ཐོད་རྒལ་ལ་འཁྲུལ་དེ་ལ་རྫས་བཞི་འོ། །དཔེ་སྟོན་ངེས་པའི་དེ་ལ་ལྷ་མི་གཉིས། །བསྡོམས་ཀྱང་སྲིད་པ་བརྒྱད་པ་འགལ་ཞེས་ཟེར། །ཚེ་ཡོངས་གྱུར་ངེས་བརྒྱ་བྱིན་འོག་མིན་དུ། །སྨོན་པ་མ་བཀག་དགའ་ཕྱིར་བྱེད་སྨྲ་འདོད། །དེར་སྐྱེ་མི་དགོས་གསུངས་ན་ཆེས་དགའ་མོད། །ཕྱིར་མི་འོང་ལྔར་སྤངས་པ་རིགས་དབང་པོས། །ཁྲི་དང་ཉིས་སྟོང་དགུ་བརྒྱ་དྲུག་ཅུར་དབྱེ། །རྡོར་ཏིང་དམིགས་པའི་སྡུག་ཀུན་སྲིད་རྩེས་ཏེ། །ཁྱད་ཆོས་བརྒྱད་ལས་ཅི་རིགས་ཡིན་ཕྱིར་བརྒྱད། །ས་དགུའི་འགོག་ལ་རྣམ་པ་སོ་དྲུག་སྟེ། །འདོད་པའི་ལམ་བཞི་གོང་ལམ་སྤྱིར་དམིགས་པའི། །བཞི་སྟེ་ཉེར་བསྡོགས་བརྟེན་པ་ང་གཉིས་སོ། །བསམ་གཏན་ལྔ་ལའང་ང་གཉིས་ང་གཉིས་སོ། །ནམ་མཁར་བརྟེན་ན་འདོད་པའི་འགོག་ལམ་བརྒྱད། །གཟུགས་འགོག་བཅུ་དྲུག་བོར་བས་ཉེར་བརྒྱད་སྟེང༌། །རྣམ་ཤེས་ལ་ནི་ནམ་མཁའི་འགོག་བཞི་བོར། །ཅི་ཡང་མེད་ལ་དེའི་བཞི་བོར་བ་ཡིན། །གཟུགས་ཀྱི་སུམ་བརྒྱ་བཅུ་གཉིས་ལྷག་དོན་གཉིས། །བསྡོམས་པས་རྡོར་ཏིང་སུམ་བརྒྱ་གྱ་བཞི་འོ། །སྡེ་པ་ཁ་ཅིག་འཇིག་རྟེན་འདས་ཀྱི་ཡང༌། །བྲལ་ཐོབ་ཟག་བཅས་ཡོད་དེ་དབང་འཕོས་པས། །ཟག་མེད་བཏང་ཡང་ཉོན་མོངས་མི་ལྡན་ཕྱིར། །ཁྱོད་ལ་འདྲ་སྟེ་སྲིད་གཉེན་ཟག་བཅས་མེད། །འོན་ཀྱང་དེ་ཕྱེད་སྤངས་པ་དབང་འཕོས་ཚེ། །བྲལ་ཐོབ་བཏང་ཡང་ཕྱེད་མི་ལྡན་ཕྱིར་དང༌། །བྱིས་པ་གཉིས་པར་སྐྱེ་ཡང་འདོད་པ་ལ། །ཆགས་བྲལ་ཐོབ་བཏང་ཆགས་དང་མི་ལྡན་བཞིན། །བྱེ་མདོས་བཟླས་པ་རྣམ་གྲངས་འདོད་ཚུལ་གཉིས། །ཀུན་བཏུས་ལ་སོགས་འཕོ་བ་ངེས་འདོད་པར། །གོང་མར་གནས་ལས་མི་སྐྱོད་མི་གཡོ་གཉིས། །རྟོག་པའི་འོས་ཅན་མི་གཡོར་འཕོ་བ་ལ། །བྲེལ་ངན་བྱང་བཞིན་གོམས་ཕྱིར་ལམ་བཅོ་བརྒྱད། །མི་སློབ་ཟག་མེད་ས་དགུ་སློབ་ལ་གཟུགས་མེད་དོར། །དེ་ཚེ་རྟུལ་པོས་ཁྱད་པར་ཅན་བཏང་ནས། །རྣོན་པོས་ཙམ་པོ་ཐོབ་ཅིང་འབྲས་གཉིས་ཀྱི། །ཙམ་པོ་གཟུགས་མེད་བསྡུས་པ་མེད་ཕྱིར་རོ། །ཉན་ཐོས་བདུན་དང་སངས་རྒྱས་གཉིས་ཏེ་དགུར། །དབང་པོ་སྐོར་དགུའོ་འཕགས་ཚོགས་གང་ཟག་བདུན། །ལ་བསྡུས་སྦྱོར་བས་དད་དང་ཆོས་རྗེས་འབྲང༌། །དབང་པོའི་སྒོ་ནས་དད་མོས་མཐོང་ཐོབ་གཉིས། །སྙོམས་པར་འཇུག་པའི་སྒོ་ནས་ལུས་མངོན་བྱེད། །རྣམ་གྲོལ་ལས་ནི་ཤེས་རབ་ཀྱིས་རྣམ་གྲོལ། །སྙོམས་འཇུག་རྣམ་གྲོལ་གཉི་གའི་རྒྱན་བཅས་པ། །རྫས་སུ་དྲུག་སྟེ་མཐོང་ལ་རྗེས་འབྲང་གཉིས། །སྒོམ་ལ་དད་མོས་མཐོང་ཐོབ་མི་སློབ་ལ། །དུས་སྦྱོར་མི་སྦྱོར་རྣམ་གྲོལ་རྣམ་གཉིས་སོ། །ལམ་བཞིའི་སྦྱོར་ལམ་འདི་ལ་སྒོམ་ཡང་སྟེ། །མཇུག་ཏུ་བར་ཆད་མེད་སྐྱེ་ཀུན་ཕྱིར་རོ། །བསམ་གཏན་དངོས་གཞི་སླ་ལ་ཁྱད་ཅན་དང༌། །ཉེར་བསྡོགས་ལྷག་མཐོང་གཟུགས་མེད་ཞི་ཆེས་པས། །དཀའ་འོ་རྣོན་པོས་དཀའ་སླ་གང་བརྟེན་ཀྱང༌། །མངོན་ཤེས་མྱུར་ལ་རྟུལ་པོས་གང་ཡང་བུལ། །དཀའ་སླ་རྟེན་དང་མྱུར་བུལ་དབང་པོའི་ཕྱིར། །ཉེར་བསྡོགས་ལ་བརྟེན་མངོན་ཤེས་འདིའི་མདོས་འགྲུབ། །གྲུབ་མཐའ་གོང་མས་རྫུ་འཕྲུལ་སྤྲུལ་བསྒྱུར་དང༌། རྐང་པ་ཏིང་འཛིན་འདུན་སོགས་དེ་རྒྱུར་བཤད། །བྱེ་སྨྲས་རྫུ་འཕྲུལ་ཏིང་འཛིན་འདུན་སོགས་རྐང༌། །འདུན་སེམས་དཔྱོད་བཅས་བཅུ་གསུམ་རྫས་སུ་ཐལ། །ཚུལ་ཁྲིམས་ལུས་ངག་དབྱེ་བས་རྫས་བཅུ་གཅིག །བསྡུ་བར་ལྔ་ཡིས་སོ་བདུན་མ་བསྡུས་གསུངས། །བྱང་ལག་འཕགས་ལམ་གོ་རིམ་གྲངས་ཕྱིར་ལོ། །ནམ་མཁའི་ཉེར་བསྡོགས་དྲན་ཉེ་ཟག་བཅས་ཀྱིས། །བཞི་པའི་ཟག་བཅས་གཟུགས་དམིགས་གཟུགས་མེད་པ། །གསུམ་གྱི་དངོས་གཞི་ཟག་བཅས་ཟག་མེད་ཀྱི། །ས་དྲུག་ཟག་མེད་སྡོམ་དམིགས་སྲིད་རྩེ་ཡི། །ཟག་བཅས་ཀྱིས་ཀྱང་ཟག་མེད་སྡོམ་ལ་དམིགས། །དེ་ཕྱིར་གཟུགས་མེད་ན་ཡང་ལུས་དྲན་ཉེ། །ཡོད་དེ་སྡེ་ཚན་མཐའ་གཉིས་མ་གཏོགས་ཕྱིར། །དད་དང་ཚུལ་ཁྲིམས་འདིར་གསུངས་གནས་དྲུག་པ། །མངོན་རྟོགས་བདུན་གྱིས་བསྡུས་ནས་འཆད་འདོད་ཕྱིར། །སློབ་ལ་ལྟ་རྟོག་ངག་སོགས་ཡན་ལག་བརྒྱད། །མི་སློབ་ལ་ནི་དེ་སྟེང་རྣམ་གྲོལ་དང༌། །མི་སློབ་ཡང་དག་ཤེས་པ་བསྣན་པའི་བཅུ། །མོས་པ་རྣམ་གྲོལ་ཞེས་བྱ་དགའ་ལྷང་བ། །བྱང་ཆུབ་ཉིད་དུ་སྔར་བཤད་ཟད་མི་སྐྱེ། །ཤེས་དེ་སྐབས་འདིའི་ཡང་དག་ཡེ་ཤེས་སོ། །འགག་འགྱུར་སློབ་པའི་ལམ་གྱིས་སྒྲིབ་སྤངས་ནས། །སྐྱེ་འགྱུར་མི་སློབ་སེམས་ནི་གྲོལ་བར་འགྱུར། །མ་བྱས་རྣམ་གྲོལ་ལ་ནི་ཆགས་བྲལ་སོགས། །ཁམས་གསུམ་ཤེས་བྱ་ཆགས་བྲལ་ཡིད་འབྱུང་མུ། །ཐོབ་རྒལ་ལ་བརྩི་མཐར་གྱིས་ལ་ཡང་རུང༌། །
༈ ཆོས་བཟོད་བཟོད་ཤེས་གཉིས་ཀྱི་ཤེས་པ་མིན། །ཡུལ་དེར་ཐེ་ཚོམ་སྤངས་ནས་ངེས་མིན་ཕྱིར། །ཟད་ཤེས་ཚོལ་བའི་རང་བཞིན་ཅན་མིན་ཕྱིར། །ལྟ་མིན་འཕགས་བློ་གཞན་ནི་གཉིས་ཀ་སྟེ། །ཆགས་སོགས་བློ་ཡང་ལྟ་མིན་ཀུན་རྫོབ་ཤེས། །དེ་ཕྱིར་གཞན་ཤེས་ཞེས་གསུངས་དེའི་དམིགས་བསལ། །ལྟ་བ་དྲུག་ནི་ལྟ་དང་ཀུན་རྫོབ་ཤེས། །ཆོས་ཤེས་རྗེས་ཤེས་ཀུན་རྫོབ་ཤེས་གསུམ་སྤྱི། །སེམས་ཤེས་བདེན་བཞི་ཟད་དང་མི་སྐྱེ་ཤེས། །གོང་འོག་བདེན་བཞིའི་ཆོས་ཤེས་རྗེས་ཤེས་བརྒྱད། །བཅུ་གཉིས་འབྱེད་ཚུལ་ལྟ་མིན་ཆོས་ཤེས་བཞི། །རྗེས་ཤེས་བཞི་ལ་ཟད་དང་མི་སྐྱེ་བརྒྱད། །གསུངས་པའི་ཆོས་ཤེས་མི་སློབ་ཡིན་མིན་དང༌། །དེ་ལ་བརྒྱད་དུ་མི་འབྱེད་རྒྱུ་མཚན་དཔྱད། །དང་པོའི་ཟད་དང་མི་སྐྱེ་སྡུག་ཀུན་རྩེའི་ལ། །དམིགས་པ་དུག་མདའ་འཆི་ཚེ་སྡུད་པ་བཞིན། །ཆོས་རྗེས་ལམ་དང་ཀུན་རྫོབ་བཞི་ལས་སེམས། །ས་འདས་གོང་ས་དབང་འདས་རྣོན་པོའི་ལམ། །གང་ཟག་འདས་པ་འབྲས་གནས་གོང་མའི་ལམ། །མི་ཤེས་ཞིག་དང་མ་སྐྱེས་གཉིས་ཀྱང་ངོ༌། །ཆོས་ཤེས་རྗེས་ཤེས་ལ་དམིགས་གཉིས་པོ་ཡང༌། །ཕན་ཚུན་མི་རིག་མཐོང་ལམ་ལ་བལྟས་ཚེ། །ཉན་ཐོས་སྦྱོར་བ་སྐད་ཅིག་བཅུ་བཞི་ཡིས། །མི་འགྲུབ་དང་པོ་གཉིས་རིག་ལྷག་མི་རིག །རང་རྒྱལ་སྐད་ཅིག་ལྔ་ལ་སྦྱོར་བྱེད་ཕྱིར། །དང་པོ་གཉིས་རིག་བརྒྱད་པ་རྗེས་ཤེས་རིག །གཉིས་པ་ཁམས་གཞན་ཕྱིར་འདོར་ལྷག་མ་ལ། །སླར་ཡང་བསྐྱར་ན་སྦྱོར་བ་རྫོགས་མི་ནུས། །དགུ་པ་རིག་ན་བཅུ་པ་རིག་ནུས་སམ། །འདོད་ན་རང་རྒྱལ་མཐོང་ལམ་བཞི་རིག་འགྱུར། །ཤེས་བཅུས་ནང་ཚན་བསྡུ་བ་མཆིམས་ཊཱིཀ་ལས། །ཀུན་རྫོབ་ཤེས་པ་རང་དང་ནི། །སེམས་ཤེས་ཆ་འོ་ཆོས་ཤེས་ནི། །རང་དང་བདེན་པ་བཞི་ཤེས་དང༌། ཟད་དང་མི་སྐྱེ་སེམས་ཤེས་བརྒྱད། །རྗེས་ཤེས་ཀྱང་ཡིན་བདེན་གསུམ་ཤེས། །རང་དང་ཟད་དང་མི་སྐྱེ་ཤེས། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །ལྔ་ཡིན་ཟད་དང་མི་སྐྱེ་ཤེས། །རང་དང་བདེན་པ་བཞི་ཤེས་དང༌། །ཆོས་ཤེས་རྗེས་སུ་ཤེས་དང་བདུན། །སེམས་ཤེས་ཆོས་ཤེས་རྗེས་ཤེས་དང༌། །ལམ་ཤེས་ཀུན་རྫོབ་ཤེས་པ་དང༌། །རང་དང་ལྔ་ཡིན་ལམ་ཤེས་ནི། །རང་དང་ཆོས་ཤེས་རྗེས་ཤེས་དང༌། །སེམས་ཤེས་ཟད་དང་མི་སྐྱེ་ཤེས། །རྣམ་པ་དྲུག་ཏུ་ཡང་དག་བརྗོད། །ཟག་བཅས་རང་བཞིན་ལས་ནི་ཀུན་རྫོབ་ཤེས། །གོང་འོག་གཉེན་པོ་ལས་ནི་ཆོས་རྗེས་གཉིས། །དམིགས་མཚུངས་རྣམ་པ་ལས་ནི་སྡུག་ཀུན་གཉིས། །ལུགས་འདིར་སྡུག་ཀུན་གཅིག་པ་འདིས་ཀྱང་ཤེས། །དམིགས་རྣམ་གཉིས་ཆར་ལས་ནི་འགོག་ལམ་གཉིས། །སེམས་བྱུང་ཤེས་ཀྱང་སྦྱོར་ལས་སེམས་ཤེས་བརྗོད། །ཡང་ན་སྦྱོར་བ་སོ་སོར་དགོས་ཕྱིར་བཞག །ཟད་ཤེས་བྱ་བ་བྱས་ལ་དང་པོར་སྐྱེ། །སྐལ་མཉམ་རྒྱུ་རྒྱས་པ་ལས་མི་སྐྱེ་ཤེས། །ཡིག་ཆར་ཟད་ཤེས་སྐལ་མཉམ་ལ་མིན་གསུངས། །ཆོས་རྗེས་གོང་འོག་གཉེན་པོར་མ་ངེས་ཏེ། །འགོག་ལམ་ཆོས་ཤེས་དམིགས་པ་མི་དམན་པས། །སྔར་འདྲིས་ཆོས་ཤེས་ཀྱིས་ཀྱང་གོང་མ་སྤོང༌། །རྗེས་ཤེས་འདོད་གཉེན་མིན་ཏེ་རྒྱལ་ཟིན་ཕྱིར། །མཐོང་ལམ་གྱིས་བསྡུས་རྗེས་ཤེས་འདོད་གཉེན་མིན། །བདེན་དམིགས་གཞན་ཕྱིར་རོ་ཆོས་ཤེས་དེ་དང་འདྲ། །མཐོང་ལམ་རྗེས་ཤེས་ཀྱི་རྒྱུན་རྒྱུན་ཞུགས་ལ། །ཡོད་དེ་སྒོམ་ལམ་རྗེས་ཤེས་ཡིན་ནམ་དཔྱད། །ཀུན་རྫོབ་ཤེས་པ་སྦྱོར་ལམ་ལ་སོགས་ལ། །ཆོས་ཤེས་རྗེས་ཤེས་བཞིན་དུ་རྣམ་བཅུ་དྲུག །གཞན་དུའང་རང་སྤྱིའི་མཚན་ཉིད་མཐའ་ཡས་སོ། །བདེན་བཞི་ཤེས་པར་རྣམ་པ་བཞི་བཞི་འོ། །དྲི་མེད་སེམས་ཤེས་ལམ་བཞིན་རྣམ་པ་བཞི། །དྲི་བཅས་སེམས་ཀྱི་ངོ་བོ་རགས་པ་མཐོང༌། །གཉི་གས་སེམས་དང་སེམས་བྱུང་རྫས་རེ་རེ། །ཙམ་མཐོང་སྐབས་འདིར་འདོད་ཆགས་བཅས་གསུངས་དོན། །ཆགས་ཅན་སེམས་ནི་འདྲེས་པའི་འདོད་ཆགས་བཅས། །མཚུངས་ལྡན་མིན་ཡང་ཐོབ་པར་ལྡན་རྣམ་དང༌། །རྒྱས་འགྱུར་དམིགས་པ་ལྡན་པའི་འདོད་ཆགས་བཅས། །ཞེས་གྲགས་སློབ་དཔོན་ཆགས་བཅས་མཚུངས་ལྡན་དང༌། །མཚུངས་པར་མི་ལྡན་ཆགས་བྲལ་ལ་སྦྱར་རོ། །
གཞན་ཡང་ཀུན་ཏུ་བསྡུས་དང་རྣམ་གཡེང་དང༌། །ཞུན་རབ་བཟུང་ཤེས་སོགས་ལ་རྩོད་ཚུལ་མང༌། །ཆགས་པར་ཤེས་ཀྱང་ཆགས་ཡུལ་མི་ཤེས་ཏེ། །གཟུགས་ལ་དམིགས་ན་སེམས་ཤེས་མིན་པར་འགྱུར། །སེམས་ཙམ་ལུགས་ཀྱི་སེམས་ཤེས་དཔྱད་གཞི་ཆེ། །ཟད་དང་མི་སྐྱེ་ཤེས་པ་ཚོལ་མིན་ཕྱིར། །སེམས་ཤེས་ལས་བཀོལ་བར་ཆད་མེད་ཀྱང་བཀོལ། །ལྷག་མ་ཟད་དང་མི་སྐྱེ་རྣམ་བཅུ་བཞི། །རྗེས་ཐོབ་བྱ་བ་བྱས་ཞེས་དྲན་པ་ལ། །མཉམ་གཞག་སྟོང་དང་བདག་མེད་མི་མཐུན་ལོ། །ཉི་འོག་རྣམ་ཤེས་ཚོགས་ལས་གསུངས་པའི་ཕྱིར། །ཟག་མེད་རྣམ་པར་གཞི་ཡོད་གནས་ཡོད་བསྣན། །གཞི་ནི་རྒྱུ་དང་གནས་ནི་མཚན་ཉིད་ལོ། །གཞན་ནི་བདེན་མཐོང་གཞི་ཡོད་གནས་ཡོད་ཟེར། །དཔེ་སྟོན་རྣམ་པ་བཅུ་དྲུག་རྫས་བདུན་ཏེ། །སྡུག་བསྔལ་བཞི་འོ་ལྷག་མ་རྣམ་གྲངས་ཕྱིར། །ཤེས་རབ་མཚུངས་ལྡན་ཡུལ་གསུམ་རྣམ་པ་དང༌། །འཛིན་བྱེད་གཟུང་བྱ་གསུམ་ལས་གསུམ་གཉིས་གཅིག །ཀུན་རྫོབ་ཤེས་ལ་རྣམ་གསུམ་ལྷག་མ་དགེ །མཆིམས་ཊཱིཀ་མཆན་བུར་སེམས་ཤེས་སྒོམ་བྱུང་བཟུང༌། །འོག་ཏུ་གསུམ་བཤད་སྐྱེས་ཐོབ་ཕྱིར་མི་འགལ། །དེ་ནི་མངོན་ཤེས་འང་མིན་པར་ཡིག་ཆར་གསུངས། །སེམས་རྟེན་ཀུན་རྫོབ་ཤེས་པ་ས་ཀུན་ཏེ། །ཆོས་ཤེས་ས་དྲུག་རྗེས་ཤེས་ས་དགུ་སྟེ། །སེམས་ཤེས་མ་གཏོགས་དྲུག་ཀྱང་དེ་བཞིན་དགུ། །སེམས་ཤེས་འདོད་གཟུགས་ཆོས་འདོད་ལྷག་ཁམས་གསུམ། །འགོག་བློ་ཆོས་དྲན་སེམས་ཤེས་ལུས་མ་གཏོགས། །ལྷག་མ་བཞི་འོ་ལམ་ཡང་སྡོམ་དམིགས་སྲིད། །ཆོས་ཤེས་ཡུལ་ལ་རྗེས་ཤེས་མ་གཏོགས་དགུ། །རྗེས་ཤེས་ཡུལ་ལ་ཆོས་ཤེས་མ་གཏོགས་དགུ། །ལམ་ཤེས་ཡུལ་ལ་ཀུན་རྫོབ་མ་གཏོགས་དགུ། །སྡུག་ཀུན་ཤེས་ཡུལ་ཀུན་རྫོབ་གཞན་སེམས་གཉིས། །ཀུན་རྫོབ་སེམས་ཤེས་ཟད་མི་སྐྱེ་བཞིར་བཅུ། །འགོག་པ་ཤེས་པའི་དམིགས་པར་ཤེས་པ་མེད། །འདོད་གཟུགས་གཟུགས་མེད་གཏོགས་དང་ཟག་མེད་ལ། །མཚུངས་ལྡན་ཡིན་མིན་དབྱེ་བས་འདུས་བྱས་བརྒྱད། །འདུས་མ་བྱས་ལ་དགེ་ལུང་མ་བསྟན་གཉིས། །དེ་ལྟར་ཆོས་བཅུ་ཐམས་ཅད་ཀུན་རྫོབ་ཡུལ། །ཆོས་ཡུལ་འདོད་གཏོགས་གཉིས་དང་ཟག་མེད་གཉིས། །མ་བྱས་དགེ་དང་ལྔ་འོ་རྗེས་ཤེས་ཡུལ། །གོང་བཞི་ཟག་མེད་མ་བྱས་དགེ་དང་བདུན། །སེམས་ཡུལ་གཟུགས་མེད་དོར་བས་མཚུངས་ལྡན་གསུམ། །འགོག་ཡུལ་དགེ་བ་གཅིག་སོགས་སྐབས་དང་སྦྱར། །བྱ་བྱེད་གཅིག་ཏུ་ཐལ་ཕྱིར་རང་ཚོགས་ལས། །གཞན་ཙམ་རིགས་གསུངས་བྱེ་བྲག་པ་ལ་དགོངས། །ཆགས་ཅན་གཟུགས་མེད་སོ་སྐྱེ་ཀུན་རྫོབ་ཤེས། །བསམ་གཏན་སྙོམས་འཇུག་ཅན་ལ་སེམས་ཤེས་ཀྱང༌། །ཆགས་ཅན་ཟག་མེད་དང་པོར་ཀུན་རྫོབ་ཉིད། །དེ་ནས་ཤེས་པ་རེ་རེ་འཕེལ་གྱུར་ནས། །ཆགས་བཅས་བཅུ་དྲུག་པ་ལ་བདུན་དང་ལྡན། །འོག་མ་ཐོབ་ཚུལ་ཡིན་ཞིང་དམིགས་བསལ་ཡོད། །དགྲ་བཅོམ་རྒྱན་བཅས་ཤེས་པ་བཅུ་དང་ལྡན། །མཆིམས་གསུངས་འདི་ལ་མི་གཡོས་ཁྱབ་བམ་དཔྱད། །ཤེས་བཟོད་གང་སྐྱེས་དེ་དང་དམིགས་ཡུལ་བདེན། །མཚུངས་ཐོབ་དེ་ཡི་རྣམ་པ་བཞི་ཆར་རུང༌། །སྒོམ་ལ་དམིགས་པ་མི་མཚུངས་སྣ་ཚོགས་འཐོབ། །རྗེས་ཤེས་དང་པོ་གསུམ་མཐར་ཀུན་རྫོབ་ཤེས། །མངོན་པར་རྟོགས་པ་མཐའ་ལས་བྱུང་ཞེས་བྱ། །ཆོས་ཤེས་ལ་མེད་ལམ་རྗེས་ཤེས་ལ་མེད། །བདེན་པ་དེ་དེ་རྫོགས་མཐོང་མིན་ཕྱིར་དང༌། །ཀུན་སྤང་འགོག་པ་གཅིག་གིས་མངོན་བྱེད་ཀྱང༌། །གཉེན་པོ་ལམ་ཀུན་གཅིག་གིས་མི་བསྒོམ་པས། །ལམ་ལ་མཐའ་མེད་ཕྱིར་ན་མཐའི་དེ་མེད། །དེ་ནི་མི་སྐྱེ་མཐོང་ལམ་དེའི་ས་འམ། །འོག་རྟེན་འགོག་ལས་བྱུང་དེ་དྲན་ཉེའི་མཐའ། །ཆོས་སོ་གཞན་པ་གཉིས་ལ་བཞི་ག་ཡོད། །གང་གི་མཐར་བྱུང་དེ་དང་དམིགས་རྣམ་མཚུངས། །བཅུ་དྲུག་པ་ལ་བདེན་བཞི་ཆོས་རྗེས་དྲུག །ཀུན་རྫོབ་མི་འཐོབ་སྔར་རྙེད་ཟིན་ཕྱིར་དང༌། །ལམ་མཐའི་ཀུན་རྫོབ་མེད་ཅིང་གཞན་འབྲེལ་མེད། །ཐོབ་བྱའི་ཆོས་ཤེས་སྒོམ་ཡིན་གཞན་བཏང་ཕྱིར། །ཆགས་བྲལ་བཅུ་དྲུག་པ་ལ་སེམས་ཤེས་འཐོབ། །ཆགས་བཅས་པ་ཡི་བཅུ་དྲུག་པའི་གོང་དང༌། །ཆགས་བྲལ་མན་གྱི་བར་དེར་སྔ་མ་ཡི། །དྲུག་སྟེང་ཀུན་རྫོབ་ཤེས་པ་བསྣན་པའི་བདུན། །ས་དགུའི་བར་བ་བདུན་ལ་བརྒྱལ་བྱེད་དང༌། །སློབ་པའི་མངོན་ཤེས་ལྔ་པོ་འཐོབ་བྱེད་ལ། །བདུན་ཐོབ་སློབ་ཕྱིར་ཟད་དང་མི་སྐྱེ་མིན། །བར་ཆད་མེད་ཕྱིར་སེམས་ཤེས་དེར་མི་འཐོབ། །སྲིད་རྩེའི་གཉེན་པོ་ཀུན་རྫོབ་ཤེས་མེད་ཕྱིར། །སྲིད་རྩེའི་རྣམ་གྲོལ་བརྒྱད་ལ་སེམས་ཤེས་བསྣན། །མི་གཡོར་འཕོ་བྱེད་དྲུག་སྟེང་ཟད་ཤེས་བསྣན། །སྤེལ་སྒོམ་བར་ཆད་མེད་ལ་ཀུན་རྫོབ་བསྣན། །སྤེལ་ཆོས་ཟག་མེད་དེ་ཉིད་ཡིན་ནམ་དཔྱད། །བདེན་བཞི་ཆོས་རྗེས་ཀུན་ལ་བཞིར་བཞག་གོ །སློབ་པའི་སྦྱོང་བྱེད་ལ་དྲུག་མཐོང་དང་འདྲ། །འདྲ་སྟེ་རྣོན་པོས་འབྲས་གསུམ་ཐོབ་བྱེད་ཕྱིར། །དེས་དྲངས་རྣམ་གྲོལ་ལམ་ལ་ཆགས་བཅས་དྲུག །གཞན་ལ་བདུན་ནོ་འམ་ཞེས་གཉིས་ཀ་ལ། །ཀུན་རྫོབ་ཤེས་པ་སྣོན་པའི་ལུགས་གཞན་བསྟན། །སྲིད་པའི་རྩེ་ལས་རྒྱལ་བྱེད་ལ་ཡང་དྲུག །ཟད་པ་ཤེས་ལ་མི་སྐྱེ་མ་གཏོགས་དགུ། །ལྷག་མ་འོག་ས་བརྒྱད་ལས་རྣམ་གྲོལ་དང༌། །མངོན་ཤེས་སྤེལ་སྒོམ་སོགས་ཀྱི་རྣམ་གྲོལ་ལམ། །མི་གཡོར་འཕོ་བྱེད་རྣམ་གྲོལ་བརྒྱད་ལ་ཡང༌། །སློབ་པས་མཐའ་གཉིས་དོར་བས་བརྒྱད་བརྒྱད་འཐོབ། །གཉིས་པར་ཆགས་བྲལ་གསུམ་པའི་ཟག་མེད་ཚེ། །དང་པོ་གཉིས་པ་ཡིས་ཀྱང་ཟག་མེད་འཐོབ། །ཟད་ཤེས་འཐོབ་ཚེ་མི་སྡུག་ལ་སོགས་པ། །ཟག་བཅས་ཟག་མེད་བཅུ་གཅིག་ས་ཀུན་གྱིས། །བསྡུས་འཐོབ་རྒྱལ་སྲིད་ཐོབ་ཚེ་སྐྱེས་འབུལ་བཞིན། །གསར་ཐོབ་ལམ་དང་ཡང་ཡང་མངོན་བྱས་ལམ། །སྡོམ་དང་རེ་ཞིག་ཆགས་བྲལ་ཐོབ་པ་བཞི། །ཉི་འོག་སྡོམ་ཐོབ་རྣམ་འཇིག་ཐོབ་གཉིས་བསྣན། །ལས་ལ་འགོག་ལམ་བཞི་ལ་འགོག་ཤེས་དོར། །ཀུན་འགྲོའི་ལམ་ལ་རང་གི་ངོ་བོས་དགུ། །འབྲས་བུར་བཅས་ན་འགོག་ཤེས་བསྣན་པས་བཅུ། །རྗེས་དྲན་སྐྱེ་འཆི་ཤེས་པ་ཀུན་རྫོབ་བོ། །ཟད་ཤེས་ངོ་བོ་མཁྱེན་པའི་དབང་བྱས་ན། །ཆོས་རྗེས་འགོག་དང་ཀུན་རྫོབ་ཟད་མི་སྐྱེ། །རྒྱུད་ལ་ཡོད་པའི་དབང་བྱས་ཤེས་བཅུ་ལོ། །སྟོབས་བརྒྱད་རྟེན་ལའང་ཉེར་བསྡོགས་བདུན་མ་གཏོགས། །བཙུན་པས་ཐུགས་བཞིན་སྐུའི་སྟོབས་མཐའ་མེད་གསུངས། །གླང་ཆེན་ཕལ་པ་སྤོས་གླང་ཚན་པོ་ཆེ། །རབ་གནོན་ཡན་ལག་མཆོག་དང་སྟོབས་མཆོག་དང༌། །སྲེད་མེད་བུ་རྣམས་སྔ་མ་བཅུ་འགྱུར་རོ། །ཞར་བྱུང་སངས་རྒྱས་རང་རྒྱལ་འཁོར་སྒྱུར་ཚིགས། །ཀླུ་མདུན་ལུ་གུ་རྒྱུད་དང་གཟེར་བུ་འདྲ། །རྟོགས་པར་མི་འཇིགས་གནས་མཁྱེན་བཞིན་ཤེས་བཅུ། །སྤངས་པ་མི་འཇིགས་ཟད་བཞིན་དྲུག་གམ་བཅུ། །གསུམ་པ་ལས་ཀྱི་རྣམ་སྨིན་མཁྱེན་བཞི་བརྒྱད། །ལམ་ལ་མི་འཇིགས་ལམ་བཞིན་དགུ་འམ་བཅུ། །དྲན་ཉེ་ཆོས་མཉན་ལ་སྦྱར་བག་ཆགས་བཤད། །
ཐུགས་རྗེའི་ཁྱད་ཆོས་དྲུག་གོ་རྩ་བར་གསལ། །ཐུགས་རྗེ་ཆེ་དང་སྙིང་རྗེའི་ཁྱད་པར་བརྒྱད། །ངོ་བོ་གཏི་མུག་མེད་དང་ཞེ་སྡང་མེད། །རྣམ་པ་སྡུག་བསྔལ་གསུམ་དང་སྡུག་བསྔལ་དངོས། །དམིགས་པ་ཁམས་གསུམ་པ་དང་འདོད་ཁམས་ཙམ། །བཞི་པ་ཉིད་དང་མི་ལྕོགས་མེད་སོགས་རྟེན། །སངས་རྒྱས་ལ་ཡོད་ཉན་རང་སོ་སྐྱེར་ཡོད། །སྲིད་ལ་ཆགས་བྲལ་འདོད་ཆགས་བྲལ་ལས་ཐོབ། །འཁོར་བའི་འཇིགས་ལས་ཡོངས་སུ་སྐྱོབ་དང་གཞན། །སེམས་ཅན་ཀུན་དང་སྡུག་བསྔལ་ཅན་ལ་སྐྱེ། །རྒྱུ་དང་ཡེ་ཤེས་སྤངས་པ་མཐུ་དང་སྐུ། །ཕན་འདོགས་རྣམས་ལ་ཕུན་ཚོགས་བཞི་བཞི་འོ། །སློབ་མ་དང་ནི་ཐུན་མོང་ཞེས་བྱ་ཡི། །སློབ་དང་མིན་ཏེ་དགྲ་བཅོམ་མི་སློབ་ཕྱིར། །སྨོན་ནས་སམ་གཏད་ནས་ཤེས་ཕྱིར་སྨོན་ནས་ཤེས། །བཞི་པ་ཡིན་ཕྱིར་གཟུགས་མེད་མི་ཤེས་ཟེར། །དེ་ཡི་གཟུགས་མེད་སྐྱེ་བར་ལུང་བསྟན་ཅི། །སྔ་ཕྱིའི་སྐྱེ་བའི་སྦྱོར་ལས་དཔགས་སོ་ལོ། །སོ་རིག་རྒྱུད་རྟེན་ཉོན་མོངས་མེད་དང་འདྲ། །ཆོས་ཀྱང་ཚིག་སྟེ་སྒྲུབ་པའི་ཆོས་སོགས་མིན། །བཞི་པའི་མྱང་འདས་ལ་སོགས་སྒྲུབ་བྱེད་ཀྱི། །རིགས་པའང་གཏན་ཚིགས་ཐོགས་མེད་མངོན་པར་བརྗོད། །སྤོབས་པ་སོ་རིག་ངག་དང་ལམ་དམིགས་གཉིས། །བསྡོམས་ན་འགོག་ཤེས་མ་གཏོགས་ཤེས་པ་དགུ། །ངག་སོགས་ཀུན་འབྱུང་ཡིན་པ་འདིས་ཀྱང་ཤེས། །ངག་ལམ་ཅི་རིགས་ཤེས་ཕྱིར་ས་བཅུ་གཅིག །དོན་ནི་ཤེས་བྱར་བྱས་ན་ཤེས་པ་བཅུ། །མྱང་འདས་བྱས་ན་ཟད་ཤེས་དྲུག་དང་འདྲ། །ལྷག་མའི་ངོ་བོ་ས་སོགས་རྩ་བར་གསལ། །ཐུན་མོང་ཆོས་དྲུག་རབ་མཐར་བརྟེན་དགོས་ཀྱང༌། །ངེས་ཚིག་དང་ས་འགལ་ཕྱིར་དེའི་རྟེན་མིན། །དེ་ལ་རྣམ་དྲུག་གསུངས་པ་ཉོན་མོངས་མེད། །སྨོན་གནས་མཁྱེན་དང་སོ་རིག་གསུམ་གྱི་སྟེང༌། །དེ་ལྔ་གང་གི་ངོ་བོར་མ་སྐྱེད་པའི། །རབ་མཐའ་ཙམ་པོ་དང་བཅས་དྲུག་ཡིན་ནོ། །འདོད་ནས་སྲིད་རྩེར་བར་དུ་སོང་འོང་གཉིས། །སླར་ཡང་འདོད་ནས་བཞི་པའི་བར་འགྲོ་བ། །མཐུན་བྱས་འོན་ཀྱང་རབ་མཐའ་སོ་སོར་བཤད། །གྲུབ་མཐའ་གོང་མས་རབ་དང་མཐའ་ཡི་དོན། །གཅིག་བྱས་རབ་མཐར་བསམ་གཏན་བཞི་ག་ཡོད། །སྒོམ་བྱུང་མངོན་ཤེས་སྐབས་འདིའི་རྣམ་གྲོལ་གྱིས། །ཁྱབ་ཕྱིར་རྣམ་གྲོལ་དབང་ཤེས་མི་འགལ་ལོ། །སྐབས་འདིས་མཆིམས་ཀྱང་རྒྱན་བཅས་མི་གཡོར་གསུངས། །སེམས་ལྔའོ་ཟད་ཤེས་ཟད་སྟོབས་བཞིན་ཞེ་ན། །ས་ཡང་ཀུན་ཕྱིར་སྲིད་རྩེས་བསྡུས་པའི་དེ། །མངོན་སུམ་ཡིན་ན་ཟག་མེད་ཐལ་བར་འགྱུར། །ལུགས་འདིར་མངོན་ཤེས་མངོན་སུམ་མིན་ནམ་དཔྱད། །འདོད་དང་སྲིད་རྩེའི་མངོན་ཤེས་ཡོད་དམ་དཔྱད། །སེམས་ཙམ་མངོན་ཤེས་འདི་བས་སྦྱོར་བར་བྱས། །སྔར་འདྲིས་འདོད་ལ་ཆགས་བྲལ་ཙམ་གྱིས་ཐོབ། །སྦྱོར་བྱུང་ཁོ་ནའོ་བསྐལ་མཐའི་ལྷ་ལ་དཔྱད། །མངོན་ཤེས་བཞི་དང་དྲན་ཉེ་སྦྱོར་ཚུལ་གསལ། །སྔོན་གནས་འཆི་འཕོ་གཉིས་ལ་དྲན་ཉེ་བཞི། །བྱེ་སྨྲས་མིག་རྣའི་མངོན་ཤེས་དབང་ཤེས་སྨྲ། །བསམ་གཏན་བཞི་ལ་ཡོད་གསུངས་དང་མི་འགལ། །དེའི་རྟེན་དབང་པོའམ་འདྲེན་བྱེད་བར་ཆད་མེད། །བསམ་གཏན་དེ་དེས་བསྡུས་ལ་དགོངས་སོ་ལོ། །རྗེས་དྲན་འཆི་འཕོ་ཟག་ཟད་གསུམ་ཁོ་ན། །དུས་གསུམ་རྨོངས་སེལ་རིག་པའོ་དེ་ལས་ཀྱང༌། །གཉིས་ནི་མི་སློབ་རྒྱུད་ལ་སྐྱེས་པའི་ཕྱིར། །མི་སློབ་རིག་པར་བཤད་ཀྱང་མི་སློབ་མིན། །ཐ་མར་མི་སློབ་མི་དགོས་སྲིད་རྩེའི་ཕྱིར། །མངོན་ཤེས་དེ་དག་སློབ་ལ་ཡོད་མོད་ཀྱང༌། །རྨོངས་བཅས་ཕྱིར་ན་རིག་པའི་སྒྲས་མ་བསྟན། །རྫུ་འཕྲུལ་སེམས་ཤེས་ཟག་ཟད་མངོན་ཤེས་གསུམ། །རྫུ་འཕྲུལ་ཀུན་བརྗོད་རྗེས་བསྟན་ཆོ་འཕྲུལ་ཏེ། །གྷན་དྷ་རི་བའི་སྔགས་ཀྱི་རྫུ་འཕྲུལ་དང༌། །རྟོག་བྱེད་ཅེས་སྔགས་ཀུན་བརྗོད་འཕྲུལ་བྱེད་ལ། །རྗེས་བསྟན་དེ་འདྲས་མི་ནུས་འཁྲུལ་མེད་དེ། །ཐབས་སྟོན་ཕན་འདོགས་འབྲས་བུ་མཆོག་ལ་སྦྱོར། །
འགྲོ་དང་སྤྲུལ་པའི་དབྱེ་བ་རྩ་བར་གསལ། །མངོན་ཤེས་ཁོ་ནས་སྤྲུལ་མིན་སྤྲུལ་སེམས་ཀྱིས། །སྤྲུལ་ཕྱིར་དེ་ཡང་དང་པོར་རང་འོག་གཉིས། །ནས་བཟུང་བཞི་པར་ལྔ་སྟེ་བཅུ་བཞི་འོ། །འདོད་པའི་སྤྲུལ་སེམས་ལོགས་སུ་མ་བཤད་དེ། །བསམ་གཏན་སོ་སོ་འབྲས་བུ་བཤད་ཡིན་ལ། །དེ་ཡང་བཞི་པོ་གང་རུང་འབྲས་ཕྱིར་རོ། །དང་པོའི་འབྲས་བུས་འདོད་པའི་སྤྲུལ་སེམས་ཀྱིས། །གཉིས་པར། མི་བགྲོད་ཕྱིར་ན་འདོད་པའི་སྤྲུལ་སེམས་བཞི། །ཕྱི་མ་ཕྱི་མ་འགྲོ་བའི་ཁྱད་པར་འཕགས། །གཉིས་པའི་འབྲས་བུ་དང་པོའི་སྤྲུལ་སེམས་ནི། །ཡོད་ཀྱང་འོག་འབྲས་གོང་མའི་སྤྲུལ་སེམས་མེད། །དངོས་གཞི་བཞིན་དུ་འོག་སར་བྲལ་ལས་རྙེད། །གཉིས་ལས་སྐྱེ་ཞིང་དེ་ལས་དེ་གཉིས་འབྱུང༌། །རང་སའི་སྤྲུལ་བྱེད་དམིགས་གསལ་གཉིས་པ་ཡན། །རྟོག་དཔྱོད་མེད་ཕྱིར་རོ་འོག་མས་སྨྲ་དུ་འཇུག །དེ་ནི་སྨྲ་སེམས་ཙམ་ལས་སྤྲུལ་སེམས་མིན། །སྤྲུལ་སེམས་དང་ནི་ལྷན་ཅིག་འགལ་ཞེ་ན། །སྔར་སྤྲུལ་ཟིན་ནས་རིང་གནས་བྱིན་བརླབ་ཕྱིར། །དེ་ཚེ་སྤྲུལ་སེམས་མི་དགོས་ལུང་རིང་བོར། །ཇི་སྐད་ཅིག་གིས་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད་གསུངས་པ། །སྟོན་མིན་དབང་བྱས་ཤི་ཤར་བྱིན་རླབས་མེད། །རུས་པར་ཡོད་ལོ་སྡེ་གཞན་འོད་སྲུང་རུས། །གནས་གཙང་ལྷ་མཐུའོ་བྱིན་རླབས་ཡོད་མིན་ཟེར། །བྱང་དང་མ་བྱང་སྤྲུལ་ཚུལ་རྩ་བར་གསལ། །སྤྲུལ་སེམས་སྐྱེས་ཐོབ་ལ་ནི་དགེ་སོགས་གསུམ། །སྒོམ་བྱུང་སྐྱེས་ཐོབ་བསྣན་པས་རྫུ་འཕྲུལ་ལྔ། །བྱང་སེམས་འཁོར་སྒྱུར་ཁྱིམ་བདག་རིན་ཆེན་ལྟར། །ལྷ་ཡི་མིག་དང་འདྲ་བས་བཏགས་པ་འམ། །དངོས་ཡིན་ཞེ་ན་མིག་རྣའི་ཐན་ཀོར་དུ། །བསམ་གཏན་འབྱུང་བ་རྒྱུར་བྱས་གཟུགས་དང་བ། །ཤ་རུས་སོགས་དང་མ་འབྲེལ་ལྷའི་མིག་རྣ། །དངོས་འབྱུང་རྫུ་འཕྲུལ་བཞིན་དུ་རྣ་སོགས་བཞི། །སྐྱེས་ཐོབ་ཡོད་ཀྱང་མངོན་ཤེས་མིང་མི་འཐོབ། །སྐྱེས་ཐོབ་མིག་གིས་བར་སྲིད་མི་མཐོང་ལ། །སྐྱེས་ཐོབ་སེམས་ཤེས་ལ་ནི་དགེ་སོགས་གསུམ། །མཚན་མ་ལས་དཔོག་རྟོག་གེའི་སེམས་ཤེས་དང༌། །སྔགས་ཀྱི་སེམས་ཤེས་ལ་ཡང་གསུམ་གསུམ་མོ། །དམྱལ་བར་སྐྱེས་མ་ཐག་ལ་སེམས་ཤེས་དང༌། །རྗེས་དྲན་ལྡན་ནོ་མི་ལ་སེམས་ཤེས་ནི། །སྐྱེས་ཐོབ་མེད་ཀྱང་ཚེ་རབས་དྲན་པ་ཡོད། །
༈ བསམ་གཏན་ས་ནི་གསུམ་པ་ཡིན་ཞེས་སོགས། །གསུམ་པར་དེར་སྐྱེས་པ་དག་རབ་ཏུ་བཤད། །འདི་ཡིས་སེམས་པར་བྱེད་ཕྱིར་བསམ་གཏན་ནོ། །བསམ་གཏན་སས་བསྡུས་ཆ་བཞག་སེམས་རྩེ་གཅིག །སྙོམས་འཇུག་དོན་ནོ་ཉེར་བསྡོགས་དངོས་གཞི་གཉིས། །འོན་ཀྱང་སེམས་རྩེ་གཅིག་པ་ཏིང་འཛིན་ཡིན། །སྐྱེས་པའི་བསམ་གཏན་སྣོད་བཅུད་སྣ་ཚོགས་ཤིང༌། །ནམ་འཚོའི་བར་དུ་གནས་པར་མཆིམས་ཊཱིཀ་གསུང༌། །སྙོམས་འཇུག་ཉོན་མོངས་ཅན་ནི་སྙོམས་འཇུག་མིན། །ཡིག་ཆར་གཟུགས་མེད་སྡོམ་ཡོད་ལྡན་ལ་དགོངས། །ཕལ་ཆེན་ཆུང་ལ་གཟུགས་མེད་བཏགས་ཞེས་སྨྲ། །གཟུགས་མེད་དམིགས་པ་ནམ་མཁའ་སོགས་སམ་དཔྱད། །དེར་བརྟེན་ཟག་མེད་གསུམ་གྱི་འབྱེད་བྱེད་དཔྱད། །སྲིད་རྩེར་སྙོམས་འཇུག་ཟག་མེད་ཡོད་པའི་ཕྱིར། །རྫས་གསུམ་འགྱུར་རོ་ཟག་མེད་སྙོམས་འཇུག་ཀྱང༌། །སྙོམས་འཇུག་ཟག་མེད་མིན་དེའི་དབང་བྱས་ལོ། །རྫས་གཉིས་ནང་གི་དགུ་པ་བ་རུ་ཐལ། །བྱེ་སྨྲ་དང་པོ་གཉིས་ཀྱི་དགའ་བ་ནི། །ཚོར་བ་ཡིན་ཕྱིར་བདེ་བ་ཤིན་སྦྱང་ངོ༌། །དཔེ་སྟོན་བདེ་བ་གསུམ་ཀ་ལུས་ཚོར་འདོད། །ལུས་ཚོར་ཕྱིར་བལྟས་ཡིན་ཕྱིར་གཡེང་བར་འགྱུར། །ཏིང་འཛིན་ལས་སྐྱེས་ལུས་བདེ་དེར་མཐུན་ལོ། །འདོད་པའི་ལུས་ཀྱིས་གོང་མའི་རེག་མྱོང་འགྱུར། །ཤིན་ཏུ་སྦྱངས་ཕྱིར་མྱོང་ཡང་སྐྱོན་མེད་ལོ། །བར་ཆད་མེད་ལམ་ཡན་ལག་སུ་ལ་ཡོད། །རིམ་ཕྱིར་ཡན་ལག་ལྔ་ལྡན་མེད་པར་འགྱུར། །རྟོག་དཔྱོད་གཉིས་ཀྱང་རིམ་ཕྱིར་མཚུངས་སོ་ལོ། །ཤིན་སྦྱངས་བདེ་ན་བཞི་པར་བདེ་འཕེལ་འགྱུར། །གྲུབ་མཐའ་གོང་མས་དགའ་བདེ་ཚོར་གཅིག་ཀྱང། །ལུས་སེམས་ཕན་འདོགས་ལྡོག་པས་ཕྱེ་གསུངས་ཤིང། །རབ་དངོས་གཉིས་པར་རྟོག་དཔྱོད་བྲལ་བའི་ཕྱིར། །གཉེན་པོ་དྲན་དང་ཤེས་བཞིན་བསྡོམས་ལ་གསུངས། །སྡེ་པ་ཁ་ཅིག་གསུམ་པའི་བདེ་བ་ཡང། །ཡིད་བདེ་ཡིན་ལ་དགའ་བ་དེས་སྤངས་ཕྱིར། །དེ་གཉིས་གཞན་དུ་སྨྲ་ཡང་བསམ་གཏན་གྱི། །ཡན་ལག་སྟོན་མདོར་ཡིད་བདེ་ཡིད་མི་བདེ། །ནུབ་གསུངས་རྣམ་པར་བསྒྱུར་པའི་མདོ་ལས་ཀྱང། །ཡིད་བདེའི་དབང་པོ་སྐྱེས་པ་མ་ལུས་པ། །བཀག་པར་འགྱུར་རོ་གསུངས་ཕྱིར་ཡིད་བདེ་དགའ། །བྱེ་སྨྲས་ཏིང་ངེ་འཛིན་ནི་བསམ་གཏན་དང། །བསམ་གཏན་ཡན་ལག་གཉིས་ཡིན་གཞན་མིན་ཟེར། །ཉོན་མོངས་ཅན་ལ་མེད་གསུང་དེ་དག་ལ། །ཡིག་ཆར་གསུངས་བཞིན་དག་པ་སྦྱོར་དགོས་ཏེ། །དྲན་པ་སེམས་ཀྱི་ས་མང་ཡིན་ཕྱིར་རོ། །དགེ་བའི་ས་ཕྱིར་བཏང་སྙོམས་ཤིན་སྦྱངས་བཀོལ། །ས་བཞིའི་བསམ་གཏན་ཚོར་བ་རྩ་བར་གསལ། །དཔེ་སྟོན་གཉིས་པར་མིག་ཤེས་འདོད་གསུངས་མཆིམས། །འོག་སྤངས་གོང་ནས་ལྷུང་བས་དག་པ་འཐོབ། །ཟག་མེད་དངོས་གཞི་གསར་ཐོབ་ཆགས་བྲལ་དང། །ལྡན་པ་དབང་འཕོས་སོགས་ནི་སྦྱོར་བས་འཐོབ། །དང་པོའི་ཉོན་མོངས་ཅན་ནི་དང་པོ་ལ། །ཆགས་བྲལ་ཉམས་དང་གོང་དེར་སྐྱེས་པས་འཐོབ། །དང་པོའི་འོག་དང་ཅི་ཡང་མེད་པའི་གོང། །ཟག་མེད་མེད་ལ་གཞན་པ་ཕལ་ཆེར་ལ། །རང་ནས་གོང་དུ་བགྲང་བ་གསུམ་འོག་བགྲང། །གསུམ་གྱི་དག་པ་ཟག་མེད་གཉིས་གཉིས་ནི། །རང་གི་ས་པའི་ཟག་མེད་མཇུག་ཏུ་སྐྱེ། །དག་པར་དེ་སྟེང་རང་སའི་ཉོན་མོངས་བསྣན། །གོང་འོག་ཉོན་མོངས་མི་སྣོན་རྒྱུ་མཚན་ནི། །མཆིམས་ཊཱིཀ་སྙོམས་པར་འཇུག་དུས་དབང་བྱས་གསུངས། །འཆི་འཕོའི་དུས་ཀྱི་དེ་ནི་ཟུར་གསུངས་ཕྱིར། །ཉམས་གནས་ཁྱད་པར་ངེས་འབྱེད་ཆ་མཐུན་བཞི། །རིམ་བཞིན་རང་སའི་ཉོན་མོངས་རང་སའི་དག །གོང་དག་ཟག་མེད་སྐྱེ་དང་རྗེས་མཐུན་ཕྱིར། །ཉམས་ལས་ཉམས་གནས་གནས་ལས་ཉམས་གནས་ཁྱད། །ཁྱད་ལས་ཉམས་པ་མ་གཏོགས་མཐའ་ལས་མཐའ། །བརྒྱད་བདུན་ཟག་བཅས་ཟག་མེད་རྣམ་གཉིས་ལ། །འབྲེལ་ཏེ་རིམ་བཞིན་འགྲོ་འོང་རིང་སྦྱོར་ཏེ། །ཟག་བཅས་དང་པོས་ཟག་བཅས་གསུམ་པ་སོགས། །བར་ནས་གཅིག་བརྒལ་འགྲོ་འོང་ཉེ་སྦྱོར་རོ། །ཟག་བཅས་དང་པོས་ཟག་མེད་གསུམ་པ་རུ། །འཕོ་ལུགས་འདི་ཡིས་ཐོད་རྒལ་དངོས་གཞི་ཡིན། །སྙོམས་འཇུག་སོ་སོ་ཡུལ་སོགས་རྩ་བར་གསལ། །ཉེར་བསྡོགས་འབད་པས་དྲངས་པར་བྱ་ཕྱིར་དང༌། །འོག་ལས་མ་རྒྱལ་ཕྱིར་ན་བདེ་མེད་ལོ། །གྲུབ་མཐའ་གོང་མས་དྲུག་སྤངས་བདེ་ལྡན་འདོད། །དང་པོར་དག་པར་མ་ཟད་དམིགས་བསལ་གསུངས། །ཁ་ཅིག་མི་ལྕོགས་མེད་ལ་རོ་མྱང་བསྣན། །དེ་ཡི་རྒྱུ་མཚན་དངོས་གཞིར་འགྲན་ཕྱིར་ལོ། །ཁྱད་པར་ཅན་དང་ཉེར་བསྡོགས་རྣམ་གྲངས་ཀྱིས། །གསུངས་ཕྱིར་གཅིག་གམ་ཞེ་ན་དེའི་ཁྱད་པར། །ཕྱི་མ་ལ་ནི་རྫས་གསུམ་ལ་སོགས་གསུངས། །
ཡུལ་ལྔ་ཕོ་མོ་སྐྱེ་རྒ་མི་རྟག་སྟེ། །མཚན་མ་བཅུ་བྲལ་ལོ་སྐྱེ་འཕགས་དབྱེ་བ་ཡིས། །ཏིང་འཛིན་གསུམ་ལ་དག་པ་ཟག་མེད་གཉིས། །དེ་ལས་དྲི་མེད་རྣམས་ནི་རྣམ་ཐར་སྒོ། །ཡིག་ཆར་རྣམ་ཐར་སྒོ་ལ་དྲི་མེད་དག །གཉིས་ཕྱི་དྲི་མེད་ཕྱི་མ་ཐར་པར་སྦྱར། །ས་ནི་ཟག་མེད་ལམ་བདེན་བཞིན་དུ་དགུ། །སྟོང་ཉིད་སྟོང་པ་ཉིད་ཀྱིས་མི་སློབ་པའི། །སྟོང་ཉིད་ཏིང་ངེ་འཛིན་ལ་སྟོང་པར་བལྟ། །ལྷག་མེད་སྦྱོར་ཕྱིར་སློབ་ལ་སྐབས་བབ་མིན། །དམིགས་པ་བདག་གི་བ་ཕྱིར་བདག་མེད་མིན། །དེ་བཞིན་སྨོན་མེད་སྨོན་མེད་རང་བཞིན་གྱིས། །མི་སློབ་སྨོན་མེད་མི་རྟག་ཁོ་ནར་བལྟ། །མཆིམས་ཊཱིཀ་འདི་དག་རྒྱུ་མཚན་གཞན་ཡང་བཤད། །མཚན་མེད་མཚན་མེད་དམིགས་པ་མཚན་མེད་ལས། །ལངས་ཚེ་མཚན་མ་མེད་པའི་རྒྱུན་འབྱུང་བ། །ཟག་བཅས་ཟག་མེད་ཤེས་གཞན་གྱིས་བཀག་ཆས། །མ་བརྟག་པ་དེ་བརྟག་མིན་འགོག་པ་འོ། །དགག་བྱ་ཟག་མེད་ཕྱིར་ན་བརྟག་འགོག་མིན། །གསུམ་པོ་ཟག་བཅས་བཅུ་གཅིག་སས་བསྡུས་ཕྱིར། །སྲིད་རྩེ་བདེན་པའི་རྣམ་ཅན་འདིས་ཀྱང་འགྲུབ། །གོང་མས་རྣམ་སྣང་མངོན་བྱང་ལས། །སེམས་ནི་རང་དངོས་མེད་ཕྱིར་དང༌། །འབྲས་བུ་རྒྱུ་རྣམས་སྤངས་ཕྱིར་དང༌། །ཞེས་གསུངས་རྒྱུ་འབྲས་ངོ་བོར་སྦྱར། །བསྡུ་བར་མཚན་ཉིད་གསུམ་ལ་སྦྱར། །དེ་ཡང་ཐོས་བསམ་སྒོམ་ལ་སྦྱར། །མཐོང་ཆོས་བསམ་གཏན་བཞི་པོ་ཀུན། །ཤེས་པ་མཐོང་འགྱུར་མིག་གི་མངོན་ཤེས་སོ། །སྦྱོར་བྱུང་བློ་དབྱེའམ་བློ་རྒྱས་འགྱུར་བྱེད་དོ། །མདོ་ལས་འདིར་བསྟན་རྡོར་ཏིང་བཞི་པ་སྟེ། །ཤིང་དྲུང་བསམ་གཏན་སྐྱེད་ཅིང་བདུད་བཏུལ་རྗེས། །ལྷའི་སྤྱན་གྱིས་འགྲོར་གཟིགས་གུང་ལ་སྦྱོར་བྱུང་དུ་མ་དང༌། །ཐོ་རངས་རྡོར་ཏིང་བསྐྱེད་རིམ་བཞིན་བྱས་ལོ། །ཚད་མེད་སྒྲ་དོན་སོགས་སླ་བྱེ་སྨྲས་ནི། །མི་སྡུག་བཏང་སྙོམས་རིམ་བཞིན་ཁ་དོག་དང༌། །འཁྲིག་ཆགས་གཉེན་པོར་སྦྱར་རོ་སློབ་དཔོན་ནི། །འཁྲིག་དང་ཉེ་དུའི་འདོད་ཆགས་གཉེན་པོར་གསུངས། །ཁ་ཅིག་ལྔ་གསུངས་བསམ་གཏན་དངོས་གཞི་ལྔ། །འདོད་དང་ཉེར་བསྡོགས་བསྣན་པས་བཅུར་ཡང་གྲགས། །གསུམ་ནི་ཕན་ཚུན་ངེས་ལྡན་དགའ་མ་ངེས། །འདོད་དང་དང་པོའི་ཁ་དོག་ཆགས་པའི་གཉེན། །དང་པོ་གཉིས་པའོ་གཉིས་པར་ཁ་དོག་ལ། །ཆགས་མེད་མིག་ཤེས་མེད་དོན་དེ་ཡིན་ཕྱིར། །འགོག་པའི་འཇུག་སེམས་ལྡང་སེམས་རྩ་བར་གསལ། །བར་ཆད་མེད་ལམ་རྣམ་ཐར་མ་ཡིན་ཏེ། །འོག་མར་དམིགས་ཕྱིར་གསུངས་ལ་རང་གོང་འོག །རྗེས་ཤེས་ཕྱོགས་ཀྱི་ལམ་ཀུན་དམིགས་གསུངས་དཔྱད། །བདེན་པ་གཞན་གསུམ་གོང་དང་རང་ཁོ་ན། །གཟུགས་མེད་རྣམ་ཐར་མཚན་མེད་མཚན་མེད་འང་ཡོད། །ཟིལ་གནོན་ཕར་ཕྱིན་འདྲ་འོ་རྣམ་ཐར་འབྲས། །རྣམ་ཐར་ཟིལ་གནོན་ཟད་པར་གསུམ་པོ་ལས། །འགོག་པ་མ་གཏོགས་ཉེར་ལྔ་སྔར་འདྲིས་ཀྱིས། །ཆགས་བྲལ་ཙམ་དང་མ་འདྲིས་སྦྱོར་བས་འཐོབ། །གཟུགས་མེད་རྣམ་ཐར་བཞི་དང་ཟད་པར་གཉིས། །ཁམས་གསུམ་རྟེན་ཅན་ནོ་ལྷག་མ་མིས་སྐྱེད་པའི། །ཕྱིར་ན་ཟད་པར་བརྒྱད་ཡུལ་འདོད་པར་གཏོགས། །ལུང་ལ་ཆེད་དུ་བརྟེན་ཕྱིར་ལྷ་ལ་མེད། །འོ་ན་གོང་སར་བསམ་གཏན་གཟུགས་མེད་ཀྱང༌། །མེད་འགྱུར་ངེས་པར་ལུང་ལ་བརྟེན་ཕྱིར་ན། །མ་གྲུབ་གོང་མར་གཟུགས་མེད་སྐལ་མཉམ་གྱི། །རྒྱུ་དང་ལན་གྲངས་གཞན་མྱོང་ལས་ཀྱིས་སྐྱེ། །གཟུགས་སུ་བསམ་གཏན་སྐྱེ་བ་དེ་གཉིས་དང༌། །ཆོས་ཉིད་ཀྱིས་སྐྱེ་ཆོས་ཉིད་བག་ཆགས་སོ། །བྱེ་སྨྲ་བག་ཆགས་མེད་ཕྱིར་སྐལ་མཉམ་ལོ། །འབྲས་བུ་སྒྲུབ་པ་ལུང་གི་ལེ་འུ་ལ། །དགྲ་བཅོམ་ཕྱིར་མི་འོང་དང་རྒྱུན་ཞུགས་གསུམ། །བསླབ་གསུམ་སྡེ་སྣོད་གསུམ་མོ་རྟགས་ཙམ་བཅས། །སྟོན་པ་འདས་ལོའི་དབྱར་དེ་མ་སྐྱེས་དགྲས། །བཀུར་ནས་འོད་སྲུང་ལ་སོགས་ལྔ་བརྒྱས་བསྡུས། །སྟོན་པ་འདས་ནས་ལོ་བརྒྱ་བཅུ་འདས་ཚེ། །ཐམས་ཅད་འདོད་དང་གྲགས་པ་སྒུར་སྐྱོག་སོགས། །ཀུན་དགའ་བོ་ཡི་མཁན་བུ་དགྲ་བཅོམ་པ། །བདུན་བརྒྱས་རུང་མིན་བཅུ་བསལ་གཉིས་པ་འོ། །བསྡུ་བ་གསུམ་པ་རྟོག་གེ་འབར་བ་དང༌། །དུལ་ལྷའི་སྡེ་པ་ཐ་དད་ཀླག་འཁོར་དང༌། །པད་འབྱུང་དགེ་ཚུལ་ལོ་དྲི་ལ་སོགས་པ། །ལུགས་མང་ངོ་དེ་ཡང་པ་ཏྲ་ལ་པུ་ཏྲར། །བཟང་པོ་ཀུན་གྱི་མི་མཐུན་ཕྱོགས་བྱ་བ། །བདུད་རིགས་དགྲ་བཅོམ་གཟུགས་འཆང་རྫུ་འཕྲུལ་གྱིས། །ལོ་གྲངས་དྲུག་ཅུར་འཁྲུག་གོ་གནས་མའི་བུས། །སྟོན་འདས་ལོ་བརྒྱ་སོ་བདུན་ཚེ་ན་བསྡུས། །སྦྱིན་བདག་དགའ་བོ་པདྨ་ཆེན་པོ་གཉིས། །ཡང་ན་སྟོན་འདས་ལོ་བརྒྱ་དྲུག་ཅུ་ན། །སྐད་བཞིས་ཀླག་པའི་སྡེ་པ་བཅོ་བརྒྱད་གྱེས། །སྟོན་འདས་སུམ་བརྒྱ་འདས་ཚེ་ཀྲི་ཀྲི་ཡི། །རྨི་ལམ་མཐོང་ནས་ཛ་ལནྔྷ་རར་བསྡུས། །དེ་ཕྱིར་བག་དང་ལྡན་པས་ཐོས་པ་མཛོད། ། ཤུ་བྷཾ།།
༈ དུལ་ལྷའི་སྡེ་པ་ཐ་དད་ལས། །ཤར་དང་ནུབ་དང་གངས་རི་དང༌། །འཇིག་རྟེན་འདས་པར་སྨྲ་བ་དང༌། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་སྡེ་དང་འོད་སྲུང་སྡེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིག་རྟེན་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོག་རིས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་འགྱུར། །ཡོད་སྨྲ་རྒྱལ་རིགས་སྒྲ་གཅན་ལས། །སྣམ་ཕྲན་དགུ་ནས་ཉེར་ལྔའི་བར། །པདྨ་ཨུཏྤལ་ཤིང་ལོ་རྟགས། །ཕལ་ཆེན་བྲམ་ཟེ་འོད་སྲུངས་ལས། །བདུན་ནས་ཉེར་གསུམ་བར་རོ་དུང༌། །ཉེ་བར་འཁོར་ལས་མང་བཀུར་ལྔས། །ཉེར་གཅིག་གོ་མེ་ཏོག་སོ་རྩི་ཀ །གནས་བརྟན་ཀ་ཏ་ཡ་ན་ལས། །སྣམ་ཕྲན་རྟགས་བཅས་མང་བཀུར་འདྲ། །
༈ དང་པོའི་སངས་རྒྱས་རྗེ་བཙུན་བླ་མ་མཆོག །མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་ཀུན། །ཀུན་གསལ་ཁྱོན་དང་མཉམ་པར་སྟོན་པའི་རྗེ། །རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །མངོན་པ་སྡེ་བདུན་ཚིག་དོན་མ་ལུས་པ། །མངོན་སུམ་གཟིགས་པ་དབྱིག་གི་གཉེན་པོའི་གསུང༌། །མངོན་པའི་ཚིག་དོན་མུ་མཐའ་ཡས་པ་ཀུན། །མངོན་སུམ་གསལ་བར་སྟོན་པའི་ལེགས་བཤད་འདི། །དང་པོ་རྩོམ་དུས་རང་གི་བློ་རྟེན་དུ། །དུ་མའི་གཞུང་ཀུན་མི་བརྗེད་ཕྱིར་དུ་བརྩམས། །བརྩམས་པའི་དུས་སུ་མཛོད་དང་འདུལ་བ་ཀུན། །ཀུན་ལ་རྩོད་པ་མ་སོང་ཚིག་དོན་ལ། །ལ་ལར་གོང་འོག་མ་འགྲིག་ཡོད་དམ་གསུངས། །གསུངས་ཀྱང་ལེགས་བཤད་བླ་ན་མེད་པ་འདི། །ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དང༌། །ཆོས་ཀུན་ཚིག་དོན་གསལ་བྱེད་ཉི་མ་མཆོག །ཆོས་གཟུགས་སྐུ་གཉིས་ཐོབ་པར་འདོད་པ་ཡིས། །ཆོས་མངོན་དོན་གཉེར་སྐལ་ལྡན་སྤྱི་ནོར་ཡིན། །ཕྱི་མོའི་ཡི་གེ་ཞིབ་ཅིང་རྟོགས་དཀའ་བ། །ཕྱི་ནང་རིག་གནས་ཀུན་ཤེས་ཀུན་དགའ་ཡིས། །ཕྱིས་སུ་མ་ནོར་དག་པར་ཡི་གེར་བྲིས། །བྲིས་པ་རྣམས་ལ་དེ་དོན་མཐའ་དཔྱོད་སྟེང༌། །སྟེང་འོག་ཀུན་ལ་སླར་ཡང་དཔྱད་བྱས་ཡང༌། །ཡང་དག་དཔྱད་དཀའ་ཕྱིས་འབྱུང་བློ་གསལ་ཀུན། །ཀུན་གྱིས་ངེས་པར་གྱིས་ལ་ཐོས་བསམ་མཛོད། །མཛོད་འདིའི་པར་བྱང་ཀུན་དགས་བསྐུལ་བའི་ཚེ། །ཚེ་རབས་ཀུན་ཏུ་བླ་མས་རྗེས་འཛིན་ཕྱིར། །མཁན་མིང་གྲགས་པ་རྒྱལ་མཚན་བྲིས་པ་དགེ །
༈ དཀོ༷ན་མཆོ༷ག་ཐུགས་རྗེ་བདེན་མཐུས་ལེགས་བཤད་འདི། །བསྟན༷་པའི་སྒྲོན༷་མེ༷ར་ཡུན་དུ་གནས་པ་དང༌། །འབྲེལ་ཐོགས་ཀུན༷་ཀྱང་གནས་སྐབས་དག༷འ་བདེས་འཚོ། །མཐར་ཐུག་ཟུང་འཇུག་རྟག་པའི་གནས་ཐོབ་ཤོག། །