Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་ཞལ་ལུང་།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་ཞལ་ལུང་།next

ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་ཞལ་ལུང་།


JKT013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཨམཱ ར སིངྒྷ སྦ ག མ ནཱ མཱ པ རི མི ཏཱ ཡུ༔ པཉྩ ཀུ ལཱ མྲྀ ཏ པ རཱ མ དཱན སྱ ས སཱ དྷ ཀཱ བྷི ཥིཉྩ བི རྒྱ སྟི།།
ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


JKT013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བླ་མ་སྐུ་གསུམ་ཚེ་ལྷ་དང་། །དབྱེར་མེད་གྲུབ་དབང་ཐང་སྟོང་བར། །བཏུད་ནས་རྡོ་རྗེའི་སྲོག་སྒྲུབ་ཕྱིར། །འཆི་མེད་གྲུབ་པའི་ཞལ་ལུང་དབྱེ། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤོམ། དངོས་གཞི་སྒྲུབ་པའི་ཐབས། སྨིན་བྱེད་དབང་གི་ཆོ་གའོ། །དང་པོ་ནི། གནས་དབེན་པར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་འདུ་བྱ་བའམ། མ་གྲུབ་ན་ལྷ་གྲངས་དང་མཉམ་པའི་ཚོམ་བུ་ཙམ་ལ་བརྟེན་པས་རུང་ཞིང་གང་ལྟར་ཡང་ཕྱི་ནང་གི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་སོགས་བཀོད་པས་མཛེས་པར་བཤམ་མོ། །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ལའང་གསུམ་ལས། དང་པོ་སྔོན་འགྲོ་ལའང་། ཐོག་མར་སྐྱབས་ཡུལ་རྣམས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བཞུགས་པར་མོས་ཏེ་སྐྱབས་སུ་འགྲོ་བ་ནི། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །རང་རིག་དཔལ་


JKT013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྡོ་རྗེ་སེམས་དཔའི་ཞལ། །རང་ངོ་མ་འཕྲོད་དེ་སྲིད་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། རང་ལ་གདོད་ནས་ཡོད་པའི་རྫོགས་སངས་རྒྱས། །ཅེར་མཐོང་ངོ་སྤྲད་འགྲོ་ཀུན་གྲོལ་བའི་ཆེད། །བདག་གིས་བླ་ན་མེད་པའི་རྣལ་འབྱོར་མཆོག །ཉམས་བླངས་གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཚོགས་བསག་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རངས། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་


JKT013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །བགེགས་བསྐྲད་ནི། ཧྲཱིཿ རང་སེམས་སྐད་ཅིག་ཧྲཱིཿཡིག་ཡོངས་གྱུར་ལས། །ཁྲོ་རྒྱལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །བེ་ཅོན་སྡིགས་མཛུབ་རྩེ་ལས་མེ་དཔུང་འབར། དུར་ཁྲོད་ཆས་རྫོགས་རྟ་སྐད་ཕྱོགས་བཅུར་སྒྲོགས། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གཏོར་མ། རྃ་ཡྃ་ཁྃ་གིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་རྣམས་མ་གཏོགས་པ། །མི་དང་མི་མིན་འབྱུང་པོའི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྟ་མཆོག་རྒྱལ་པོས་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ། སྲུང་འཁོར་ནི། ཧཱུྃ། དབང་གི་རྟ་སྐད་རབ་འཚེར་ཞིང་། །འཁོར་ལོ་རྡོ་རྗེ་མེ་དཔུང་གིས། །སྟེང་འོག་ཕྱོགས་མཚམས་མེད་གཏམས་པའི། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཙཀྲ་ཛྭ་ལ་རྃ་རྃ་ཧཱུྃ་བྷྲཱུྃ་ཧཱུྃ། བརྡ་སྐོང་བྱེ་བ་ནི། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ། བརྡ་ཕྱག་འཚལ་བ་ནི། ཨ་ལ་ལ་ཧོ་ན་མ། །དམ་བཅའ་བ་ནི།


JKT013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ས་མ་ཡ་སྟཾ། བྱིན་འབེབས་པ་ནི། ཧྲཱིཿ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། །རང་བྱུང་ཚེ་ཡི་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྐུར་བཞེངས་ལ། །དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོཉཧཾ། རྃ་ཡྃ་ཁྃ། ཧྲཱིཿ འཆི་མེད་རིག་འཛིན་དཀྱིལ་འཁོར་སྒྲུབ་པའི་རྫས། །ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས། །མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན། །ཡེ་ཤེས་འབྲུ་གསུམ་སྦྱངས་ཤིང་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུྃ། །ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་མཧཱ་པཉྩ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཋཱཿ གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཨོཾ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཨོཾ། །དེ་ལས་འོད་ཟེར་ཐིག་འཕྲོས་འབྱུང་ལྔའི་སྟེང་། །བྷྲཱུྃ་ལས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །རྩིག་པ་ལྔ་ལྡན་ཕ་གུ་ར་དྲར་བཅས། །དྲ་ཕྱེད་ཤར་བུ་མདའ་ཡབ་ཕིབས་ཏོག་མཛེས། །རྡོ་རྗེའི་རྭ་གུར་ཡེ་ཤེས་མེ་འོད་འཕྲོ། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་


JKT013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐོར། །དེ་དབུས་པད་འདབ་བཞི་ཡི་ལྟེ་བ་དང་། །འདབ་མར་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །དབུས་སུ་རྨ་བྱ་ཤར་ནས་གཡས་སྐོར་དུ། །གླང་ཆེན་ཤང་ཤང་སེངྒེ་མཁའ་ལྡིང་གིས། །བཏེགས་པའི་རིན་ཆེན་ཁྲི་སྟེང་པད་ཉི་ཟླའི། །དབུས་མའི་གདན་སྟེང་རྒྱུ་ཡི་ཨ་དམར་པོ། །ཡོངས་གྱུར་སྣང་བ་མཐའ་ཡས་ཚེ་དཔག་མེད། །ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་པའི་སྐུ། །གཡས་པ་པདྨ་གཡོན་པ་ཚེ་བུམ་བསྣམས། །ཡུམ་ཆེན་གོས་དཀར་ཚེ་མདའ་བུམ་འཛིན་འཁྱུད། །ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། །བྷྲཱུྃ་སྭཱ་ཧཱུྃ་ཧཱ་ཕྱོགས་བཞིར་བབས་པ་ལས། །སྣང་མཛད་ཚེ་དཔག་དཀར་པོ་གཡས་འཁོར་ལོ། །རིན་འབྱུང་ཚེ་དཔག་སེར་པོ་གཡས་རིན་ཆེན། །མི་བསྐྱོད་ཚེ་དཔག་སྔོན་པོ་གཡས་རྡོ་རྗེ། །དོན་གྲུབ་ཚེ་དཔག་ལྗང་གུ་གཡས་རྒྱ་གྲམ། །བཞི་ཀའང་གཡོན་པ་ཚེ་ཡི་བུམ་པ་འཛིན། །སྤྱན་མ་རིན་ཆེན་སྒྲོལ་མ་མཱ་མ་ཀཱི། །དམ་ཚིག་སྒྲོལ་མ་དཀར་སེར་སྔོ་ལྗང་ཅན། །ཚེ་མདའ་བུམ་པ་འཛིན་པས་ཡབ་ལ་འཁྱུད། །ཡབ་རྣམས་མཐོན་མཐིང་ཐོར་ཚུགས་ཡུམ་རྣམས་གྲོལ། །བཞིན་འཛུམ་ཆགས་དང་རྒྱས་པའི་ཉམས་ཀྱིས་མཛེས། །རིན་ཆེན་རྒྱན་སྤྲས་དར་གྱི་ན་བཟའ་གསོལ། །ཡབ་རྣམས་རྡོར་སྐྱིལ་ཡུམ་རྣམས་པད་སྐྱིལ་བཞུགས། །སྒོ་བཞིར་ཛཿཧཱུྃ་བྃ་ཧོཿསྒོ་མ་བཞི། །དཀར་སེར་དམར་ལྗང་གཡས་


JKT013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚེ་མདའ་གཡོབ། །གཡོན་པ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དར་དང་རིན་ཆེན་རྒྱན་ལྡན་གར་གྱིས་བཞེངས། །སྤྱན་འདྲེན་ནི། ཧྲཱིཿ སྔོན་གྱི་བསྐལ་པའི་ཐོག་མ་ལ། །འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས། །སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གནས་མཆོག་འདི་རུ་གཤེགས་སུ་གསོལ། །སེམས་ཅན་འཛིན་པས་བཅིངས་པ་རྣམས། །ལམ་གྱི་བར་ཆད་སེལ་བའི་ཕྱིར། །འགུགས་འདྲེན་འཆིངས་སྡོམ་དགྱེས་མཛད་མ། །སྒོ་སྲུང་ལྷ་མོ་ཆེན་མོ་བཞི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། བ་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས། །རིག་པ་རང་ཤར་ཚེ་དཔག་མེད་མགོན་སྐུ། །མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། ཕྱག་འཚལ་བ་ནི། ཧྲཱིཿ བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་སྐྱེ་འགགས་མེད་པའི་དབྱིངས་ཉིད་དུ། །བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི། །མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི། ཧྲཱིཿ རིག་མདངས་ཚེ་ཡི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་


JKT013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དྲི། །ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་སྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ ཧྲཱིཿརིག་མདངས་ཚེ་ཡི་ལྷ་ཚོགས་ལ། །རང་བྱུང་བདུད་རྩི་རྣམ་ལྔ་དང་། །ཤ་ལྔ་དམ་ཚིག་མཆོག་གི་རྫས། །ནང་གི་བདག་ཉིད་དག་པར་བཞེས། །མ་ཧཱ་ཨ་མྲྀ་ཏ་མཾ་ས་པཔཱུ་ཛ་ཧོཿ ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པར་བཞེས། །ཨོཾ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང་། །བདེ་ཆེན་རཀྟའི་མཆོད་པ་དང་། །དམ་རྫས་གཏོར་མའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པར་འབུལ། །མཐུན་འཇུག་མཆོག་གི་མཆོད་པར་བཞེས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། །བསྟོད་པ་ནི། ཧྲཱིཿ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པའི། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ། །རིགས་ལྔ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །སེམས་ཅན་ལས་དང་མཐུན་པའི་ལམ་སྣ་འདྲེན། །


JKT013_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་སྐྱོང་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད། །ཛབ་བཟླ་བ་ནི། ཧྲཱིཿ རང་བྱུང་རྣམ་དག་གཞལ་ཡས་འདིར། །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛབ་ཀྱི་རང་སྒྲ་སྒྲོགས། །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་དུ་བསྡུ། །རྟག་མཐོང་བར་དུ་རྒྱུན་མི་བཅད། །ཨོཾ་ཨཱཿཧཱུྃ་ཧྲཱིཾ་ཧྲཱིཾ་བཛྲ་གུ་རུ་པདྨ་སིདྡྷི་པུ་ཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཞེས་ཅི་ནུས་བཟླ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་མཆོད་བྱ་བ་ནི། མངོན་པར་བཤམས་པའི་ཡོ་བྱད་རྣམས་ལ་བསང་ཆུ་འཐོར་ཞིང་། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། རྃ་ཡྃ་ཁྃ། །ཚོགས་རྫས་ཀྱི་དངོས་འཛིན་ཐམས་ཅད་ཡེ་ཤེས་ཀྱི་མེ་རླུང་ཆུས་སྦྱངས་ཏེ་སྟོང་པའི་ངང་ལས་ཚོགས་གཞོང་བྷཉྫ་འབར་བར་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་སྤྲིན་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ལན་གསུམ་གྱིས་བརླབས་ཏེ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ རང་བཞིན་རྣམ་དག་གཞལ་ཡས་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །རིགས་ལྔ་སྒོ་བ་བཞི་ཡི་ལྷ། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཕུད་ཆ་གསུམ་དུ་སྤྲོས་ཏེ་དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་མཛད་ཀྱི་སྒོ་ཕྱེས་ཏེ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་


JKT013_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡུཛྙཱ་ན་གྷ་ཎ་ཙ་ཀྲ་སརྦ་པཱུ་ཛ་ཁཱ་ཧི བར་པ་བཤགས་པ་ནི། མ་རིག་ལས་དང་ཉོན་མོངས་ཀྱིས། །རྩ་བ་ཡན་ལག་དམ་ཚིག་གི །ནོངས་པར་གྱུར་པའི་ཉེས་པ་ཀུན། །གནོང་འགྱོད་སེམས་ཀྱིས་མཐོལ་ཞིང་བཤགས། །ཡི་གེ་བརྒྱ་བ་བརྗོད། ཐ་མ་བསྒྲལ་བ་ནི། ཨེ་ནྲྀ་ཏྲི་ཛཿ སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དཔལ། །དགྲ་བགེགས་ལོག་འདྲེན་དམ་སྲི་ཡི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་པ་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྭ་ཝ་གནོད་བྱེད་དགྲ་བགེགས་ཤ་ཏཱན་མཱ་ར་ཡ་རྦད། ཅེས་བསྒྲལ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། ཞེས་འབུལ། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་ཚོགས་ཀྱི་དམ་རྫས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་མཐར་སྨོན་ལམ་གདབ། ལྷག་མ་རྣམས་བསྡུས་ཏེ་གཙང་ལྷག་དང་བཅས་པ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཅེས་པས་བྱིན་གྱིས་བརླབས་ཏེ་བསྔོ་བ་ནི། ཧྲཱིཿ ཚེ་དཔག་མེད་མགོན་བཀའ་འཁོར་ན། །དམ་པའི་ཆོས་ཀྱི་སྲུང་མ་ནི། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །ཧ་རི་ཀ་དང་པཉྩི་ཀ །འཕྲོག་མ་མ་བུར་བཅས་པ་དང་། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། །ལྷ་དང་ལྷ་མིན་མིའམ་


JKT013_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཅི། །དྲི་ཟ་གནོད་སྦྱིན་འབྱུང་པོ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །མཆོད་སྦྱིན་གཏོར་མ་འདི་བསྔོས་པས། །ཅི་འདོད་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་ནུས་པའི་ཕྲིན་ལས་མཛོད། །བ་ལིཾ་ཏ་པཱུ་ཛ་ཧོཿ བརྟན་མ་སྐྱོང་བ་ནི། ཧཱུྃ། ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བོད་ཡུལ་བརྟན་མ་བཅུ་གཉིས་དང་། །ཕྱི་གཏོར་དབང་བར་ཁས་བླངས་རྣམས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་ཆིངས་ལ་འབྲུ་ཕྱུགས་སྤེལ། །དམག་དཔུང་ཆོམས་ལ་མཚོན་ཆ་རྟུལ། །བཅོལ་བའི་དམ་ཚིག་དྲན་པར་མཛོད། །སྒྲུབ་པ་སོགས་ཀྱི་སྐབས་སུ་དངོས་གྲུབ་བླང་བ་ནི། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་འགགས་མེད་ཚེ་ཡི་ལྷ། །མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ། །སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ། །རྩ་སྔགས་མཐར་ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ། གཏོང་རག་གི་མཆོད་པ་ཁ་གསོས་ལ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་ཀྱི་བསྐོངས་བ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ་ཞིང་། བདག་ཉིད་དམ་ཚིག་པའི་འཁོར་ལོ་བསྡུ་བ་ནི། ཧྲཱིཿ སྣོད་


JKT013_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་འཁོར་དང་འཁོར་ཡང་གཙོ་ལ་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་ཉིད་ལས། །སླར་ཡང་འཇའ་ཚོན་བཞིན་དུ་གསལ་བར་གྱུར། །སྨོན་ལམ་ནི། དགེ་ལྟ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །ཚེ་དཔག་མེད་མགོན་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་མ་ལུས་འགྲུབ་པར་ཤོག །བཀྲ་ཤིས་ནི། །ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད། །སྤྲུལ་པའི་སྐུ་མཆོག་པད་འབྱུང་ཐང་སྟོང་པ། །སྐུ་གསུམ་དབྱེར་མེད་དཀྱིལ་འཁོར་ལྷ་ཚོགས་ཀྱི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་ཤིས་པ་བརྗོད་པའི་དབྱངས་སྙན་མངོན་པར་བསྒྲགས་ཤིང་མེ་ཏོག་གི་ཆར་སིལ་མས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་བྱའོ། །གསུམ་པ་སྨིན་བྱེད་དབང་གི་ཆོ་ག་ལ། ཐོག་མར་སྦྱོར་བ་ཡོ་བྱད་བཤམ་པའི་སྐབས། དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་རྣམ་བུམ་གྱི་མདུན་དུ་ལྷ་ཙཀ ། ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་བསྣོལ་མ། གཡས་གཡོན་དུ་གསང་རྫས་དང་རིག་ཙཀ ཉེ་ལོགས་ཅི་བདེ་བར་མཎྜལ། མིག་དར། མེ་ཏོག །རྡོར་དྲིལ། །གླེགས་བམ། དུང་། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་འོག་ཏུ་ཉེར་མཁོའི་རིགས་ཐམས་ཅད་འདུ་བྱས་ཏེ། དངོས་གཞི་སྒྲུབ་མཆོད་སྐྱབས་སེམས་ནས་བཟླས་པའི་བར་བདག་མདུན་དབྱེར་མེད་ཀྱི་ཚུལ་དུ་ལས་གཞུང་བསྲངས་ཏེ་བཟླས་པ་ཅི་རིགས་པ་བྱ། རྣམ་བུམ་ལ་དམིགས་བསལ་གྱི་བཟླས་པ་བྱེད་ན། གཟུངས་ཐག་ནས་འཇུས་ཏེ།


JKT013_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་པའི་དམིགས་གནད་དང་སྦྱར་ཏེ་བཟླས་པ་ཇི་ལྟར་རིགས་པ་དང་། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་བེ་ཅོན་དང་གཡོན་པདྨ་འཛིན་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། མཆོད་བསྟོད་དང་ཡི་གེ་བརྒྱ་པ་ལན་གསུམ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། ཧཱུྃ་ཞེས་བརྗོད་པས་རྣམ་རྒྱལ་གྱི་ལྷ་རྣམས་འོད་དུ་ཞུ་བའི་འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བུམ་པ་གང་བར་མོས། ལས་བུམ་གྱི་ལྷ་ལ། དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་པར་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་གསོལ་ཏེ། ཧཱུྃ་ཞེས་བརྗོད་པས་ལྷ་འོད་དུ་ཞུ་བའི་དབང་དྲག་གི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཚོགས་ཀྱི་མཆོད་པ་ནི་སྐབས་འདིའམ་དབང་གི་མཐའ་གང་འོས་སུ་བྱ་ཞིང་། སྐབས་འདིར་བྱེད་ན་བསྒྲལ་མཆོད་ཡན་གྲུབ་པར་བྱའོ། །དེ་ནས་དབང་གི་བྱ་བ་དངོས་ལ་གཉིས་ལས། དང་པོ་བདག་འཇུག་ནི། རྒྱས་པར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་དབང་རྫོགས་པར་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་ནུས་ལྡན་དུ་བྱ།། གཉིས་པ་སློབ་


JKT013_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྗེས་སུ་བཟུང་བ་ལ། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ཀྱི་དང་པོ་ལ། སློབ་མ་རྣམས་ཡོལ་བའམ་སྒོའི་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། ཀྱེ། ཁྲོ་རྒྱལ་དབང་ཆེན་ཧེ་རུ་ཀ །སྣ་ཚོགས་ཁྲོ་བོའི་ཚྭ་ཚྭ་འཕྲོ། །གཏུམ་ཆེན་གིང་གི་ཕོ་ཉར་བཅས། །མ་རིག་སྒོ་ཕྱེ་བདག་སོགས་རྣམས། །སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། །ཁྱེད་ཀྱིས་ནང་དུ་གཏོང་བར་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་ལན་དུ། བདུད་དང་མུ་སྟེགས་ཐེག་དམན་སོགས། །སྣོད་མིན་ལྷ་དང་ཕྱག་རྒྱ་རྫས། གསང་སྤྱོད་ལྟ་བར་མི་རུང་བ། །ཡིན་ན་མ་འདུག་ཕྱིར་དེངས་ཤིག །ཅེས་དྲིས་པའི་ལན་དུ། བདག་ཅག་སྙིང་རྗེ་ཆེན་པོའི་མཐུས། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཐེག་མཆོག་སྨིན་གྲོལ་དོན་གཉེར་ན། །དེ་དོན་བདག་ལ་གནང་བར་མཛོད། །ཅེས་ལན་གསུམ། བགེགས་གཏོར་བཏང་བ་ལས་བྱང་གི་སྔོན་འགྲོའི་སྐབས་ལྟར་བྱས་ལ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ཏེ་སློབ་མ་རྣམས་ནང་དུ་གཞུག །སྲུང་འཁོར་བསྒོམ་པ་རྣམས་སྔོན་དུ་འགྲོ་བས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་གོ་འཕང་ཐོབ་པ་དང་། གནས་སྐབས་འཆི་མེད་ཚེའི་དངོས་གྲུབ་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་མགོན་པོ་ཚེ་མཐའ་ཡས་པའི་དབང་བསྐུར་ཟབ་མོ་གསན་སྙམ་


JKT013_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་བསྐྱེད་དང་། ཆོས་ཉན་པའི་ཀུན་སྤྱོད་ཐམས་ཅད་ཀྱང་ཚུལ་བཞིན་དུ་གསལ་བཏབ་ནས་གསན་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཚེ་སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས་མཆོག་ཏུ་གྱུར་པ་ནི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད་ཡིན་ལ། དེ་ལའང་ཟབ་མོའི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་ནི་འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་གདུལ་བྱ་དག་པའི་སྣང་ངོར་ཨོ་རྒྱན་གྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་དབྱེར་མ་མཆིས་ཀྱང་། ཐུན་མོང་པ་རྣམས་དྲང་པའི་སླད་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་སྐུ་དངོས་སུ་བྱོན་ནས་ཨོ་རྒྱན་ཆེན་པོ་ལས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་དང་། ཁྱད་པར་ཚེ་སྒྲུབ་ཟབ་མོ་འདི་ཉིད་གསན། བསམ་ཡས་མཆིམས་ཕུ་ནས་ཟབ་གཏེར་ཀྱང་བཞེས་པའི་བཀའ་གཏེར་ཟུང་དུ་འབྲེལ་བའི་གདམས་པ་ཟབ་མོ་ལ་བརྟེན་ནས་གྲུབ་ཆེན་ཉིད་ཀྱིས་དགུང་ལོ་བརྒྱ་དང་ཉེར་ལྔ་ཙམ་ཚུ་བཞུགས་ཏེ་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་བའི་རྟེན་འབྲེལ་ཕྱིས་རྗེས་འཇུག་ཀྱང་སྐུ་ཚེའི་དངོས་གྲུབ་བརྙེས་པ་དུ་མ་བྱུང་བས་མཚོན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེས་ཁྱད་པར་དུ་གྱུར་པ་ཚེ་སྒྲུབ་འཆི་མེད་།


JKT013_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྟེར་དུ་གྲགས་པ་འདི་ལའང་རིང་བརྒྱུད། ཉེ་བརྒྱུད་གཉིས་དང་། ཕྱི་མ་ལའང་བཀའ་བབས་ཐ་དད་པ་འགའ་ཞིག་མཆིས་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ། གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན། ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་ཞེས་མཚན་གྱི་གྲགས་དཀར་སྲིད་ཞིའི་བླ་ན་མངོན་པར་མཐོ་བ་གང་དེའི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་ཤར་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། རྟ་མགྲིན་པདྨས་མཚན་པའི་བུམ་པའི་རྒྱ་ཅན་ལས་ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེའང་ཀུན་མཁྱེན་བླ་མ་ཉིད་ས་ཕག་ཧོར་ཟླ་བཞི་པའི་ནང་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོར་བོད་ཁམས་བདེ་ཐབས་ཀྱི་ཆེད་དུ་ཟབ་མོའི་རྣལ་འབྱོར་ལ་གཞོལ་བའི་ཚེ་སྤྱིར་དག་པའི་གཟིགས་སྣང་མཐའ་ཡས་པ་དང་། བྱེ་བྲག་ཏུ་ཟླ་བ་དེའི་ཚེས་བཅུ་བཞི་ལ་ཚེ་སྒྲུབ་འཆི་མེད་དཔལ་སྟེར་གྱི་ཉམས་བཞེས་གནང་སྐབས་རྗེ་གྲུབ་ཐོབ་ཆེན་པོའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་དང་ལུང་བསྟན་མང་དུ་སྩལ། ཁྱད་པར་ལོ་དེའི་ཧོར་ཟླ་དགུ་པའི་ཚེས་བརྒྱད་ནས་བཟུང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཕྱག་གི་ཛྷཻ་ཀྵིཾ་ལས་


JKT013_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་བུམ་པ་ལ་བརྟེན་ནས་འཆི་མེད་དཔལ་སྟེར་གྱི་སྒྲུབ་པ་བདུན་ཕྲག་གཅིག་ཏུ་གནང་བས་རྗེ་གྲུབ་ཐོབ་ཆེན་པོ་ཉིད་མངོན་སུམ་དུ་མདུན་གྱི་ནམ་མཁར་བྱོན། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་སྐད་ཅིག་གིས་སྤྲུལ་ཏེ་དབང་ཡོངས་སུ་རྫོགས་པར་བསྐུར་བ་ལྟར་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་ཀྱང་རིག་འཛིན་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་དང་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་རིག་འཛིན་གཏེར་བདག་གླིང་པ་སོགས་སྐལ་ལྡན་ཆོས་བདག་རྣམས་ལ་རིམ་པར་སྤེལ་བ་ནས་བཟུང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྒྱལ་བ་ཀུན་གྱི་གསུང་གི་ལྷ། །ཚེ་དཔག་མེད་མགོན་དཀྱིལ་འཁོར་དུ། །བདག་སོགས་སྣོད་ལྡན་ལེགས་དྲངས་ནས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །དེ་ནས་


JKT013_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཡོངས་སུ་སྦྱང་བའི་ཕྱིར། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་པ་རྣམས་ཚིག་ཕྱིར་སེམས་གཞོལ་བས་འདི་རྣམས་ཀྱི་རྗེས་ཟློས་མཛོད། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །སོགས་ལས་བྱང་ལྟར་རེ་རེ་ནས་ལན་གསུམ་རེ་བརྗོད་དུ་གཞུག །རིགས་ལྔའི་སྡོམ་པ་བཟུང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་རིགས་ལྔའི་སྡོམ་པས་བསྡུས་པའི་རིག་འཛིན་སྔགས་ཀྱི་སྡོམ་པ་རྣམས་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་རྣམས། །རང་བྱུང་དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི། །རིགས་འདུས་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས། །བདག་ལ་བརྩེ་བས་གསན་ཅིང་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་སེམས་


JKT013_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མི་ཉམས་བཟུང་བར་བགྱི། །རྡོ་རྗེ་སྙིང་པོ་རྩ་བ་རིགས་ལྔ་པོའི། །དམ་ཚིག་མ་ལུས་བདག་གིས་བཟུང་བར་བགྱི། །ལྷུན་གྲུབ་དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །སྐྱབས་གསུམ་ཁྲིམས་གསུམ་མ་ལུས་བཟུང་བར་བགྱི། །མི་འགྱུར་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ། །ཕྱག་རྒྱ་རྣམ་གསུམ་མི་འབྲལ་བཟུང་བར་བགྱི། །འདོད་འབྱུང་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིའི་ལས་ལ་བརྩོན་པར་བྱ། །སྐྱོན་བྲལ་པདྨའི་རིགས་ཀྱི་དམ་ཚིག་ཏུ། །དམ་ཆོས་མ་ལུས་ཡོངས་སུ་བཟུང་བར་བྱ། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །སྡོམ་ལྡན་མཆོད་པའི་ལས་ལ་བརྩོན་པར་བྱ། །ཁྱད་པར་ལྷ་སྔགས་བདེ་ཆེན་རྡོ་རྗེ་གསུམ། །བདག་གི་སྒོ་གསུམ་མཉམ་སྦྱོར་བསྒྲུབ་པ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་བརྒྱད་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། བདག་གིས་མ་ལུས་ཡོངས་སུ་བཟུང་བར་བྱ། །དེ་ཡིས་འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ། །བླ་མེད་རྡོ་རྗེ་འཆང་གི་ས་ཐོབ་ཤོག །ཅེས་ལན་གསུམ་བརྗོད། དེ་ནས་སྔོན་ཆད་བཅོམ་ལྡན་འདས་ཚེ་དཔག་མེད་རིགས་ལྔའི་དཀྱིལ་འཁོར་མ་མཇལ་བའི་བརྡར་མིག་དར་དམར་པོ་རེ་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཡེ་ཧཱུྃ། དཀྱིལ་འཁོར་པ་དང་མཇལ་བའི་ཚེ་ཕྱག་


JKT013_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་སླད་དུ་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་ཡང་བྱིན་པའི་མོས་པ་མཛོད། ཨོཾ་པུཎྜེ་སིདྡྷི་ཧཱུྃ། གཞི་ལུས་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། །ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲིན་ལས་བཞི་ཡི་ལས་མཛད་པའི། །དཀར་སེར་དམར་ལྗང་སྒོ་མ་བཞི། །དཀྱིལ་འཁོར་གསང་བའི་སྒོ་ཕྱེ་ལ། །བདག་སོགས་ནང་དུ་གཏོང་བར་གསོལ། །སློབ་དཔོན་གཙོ་བོའི་རྣམ་པའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཁྲིད་པའི་མོས་པ་དང་བཅས་ཏེ་ཡོལ་བ་ཡོད་ན་བསལ། ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། རང་སེམས་དོན་གྱི་ཚེ་དཔག་མེད། །གདོད་ནས་ལྷུན་གྱིས་གྲུབ་པའི་གཟུགས། །མངོན་སུམ་ལོགས་སུ་གསལ་མཐོང་བར། །གཉིས་མེད་དོན་གྱི་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ དེས་ཕྱི་ལྟར་འཇུག་པ་སོང་ནས། ནང་འཇུག་གི་སྔོན་འགྲོ་དམ་ལ་བཞག་པ་ལ་གསུམ་ལས། ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། སློབ་དཔོན་གཙོ་བོར་


JKT013_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཕྱག་གི་རྡོ་རྗེ་མགོ་བོར་བཞག་སྟེ། ཧོ༔ ཤིན་ཏུ་གཉན་པའི་དཀྱིལ་འཁོར་འདིར། །ཁྱོད་ཀྱི་དངོས་གྲུབ་མྱུར་ཐོབ་པར། །གེགས་བྱེད་གསང་བ་གཞན་དག་ལ། །སྨྲས་ན་དམ་ཚིག་ཉམས་པར་འགྱུར། །ཨོཾ་བཛྲ་ས་མ་ཡ་ཧཱུྃ། མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེའི་དམ་ཚིག་ཉེར་བསྲུངས་ན། །དངོས་གྲུབ་མ་ལུས་མྱུར་དུ་ཐོབ། །འདས་ན་དཔག་མེད་དུཁའི་རྒྱུ། །དེ་ཕྱིར་དམ་སྲུངས་འདི་འཐུང་ཞིང་། །ཨོཾ་བཛྲ་ཨུ་ད་ཀ་ཋཱ་ཋཱ་ཋཱ། ཞེས་མནའ་ཆུ་སྦྱིན། །བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧོ ཁྱོད་ཀྱི་ཚེ་དཔག་མེད་མགོན་དེ། །དེང་ནས་བརྩམས་ཏེ་ང་ཡིན་པས། །ང་ཡི་བསྒོ་བ་ལས་འདས་ན། །མནར་མེད་དམྱལ་བར་ལྟུང་ཏ་རེ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཚེ་དཔག་མེད་མགོན་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། །དུས་འདིར་བདག་ལ་དབབ་ཏུ་གསོལ། །སླར་ཡང་ཁྱེད་རང་ཚུརྣམས་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ཡུམ་གོས་དཀར་མོ་དང་མཉམ་


JKT013_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱོར་བའི་སྐུར་ལམ་གྱིས་གསལ་འདེབས་པར་ཞུ། །བླ་མའི་སྐུ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་བ་ཅན་སོགས་དག་པའི་ཞིང་རབ་འབྱམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་རྣམ་བར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་དབུ་གཙུག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། ཧྲཱིཿ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། །རང་བྱུང་ཚེ་ཡི་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྐུར་བཞེངས་ལ། །དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་ཏིཥྛནྟུས་བརྟན་པར་བྱ། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་ཁྱེད་རང་རྣམས་མིག་རས་དང་བཅས་དཀྱིལ་འཁོར་གྱི་བར་སྣང་ལ་གཟིགས་ཏེ་ཁ་དོག་གང་མཐོང་བ་དེ་ངེད་ལ་སྨྱོས་ཤིག །ཅེས་མཐོང་བ་བྲི། དེའང་དཀར་སེར་དམར་མཐིང་ལྗང་གུ་རྣམས་མཐོང་ན་རིམ་བཞིན་ཞི་རྒྱས་དབང་དྲག་ལས་སྣ་ཚོགས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ནས་སྔར་བྱིན་པའི་མེ་ཏོག་གི་ཅོད་པན་དེ་ཉིད་དཀྱིལ་འཁོར་དུ་དོར་བ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཧོཿ


JKT013_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་མགོན་དཀྱིལ་འཁོར་དུ། །རིན་ཐང་མེད་པའི་མེ་ཏོག་འབུལ། །རིགས་ཀྱི་ལས་འཕྲོ་གང་སད་པའི། །ཡི་དམ་ལྷ་ལ་འབབས་པར་ཤོག །ཨོཾ་བཛྲ་པུཥྤེ་པཱུ་ཛ་ཧོ༔ སླར་ཡང་མེ་ཏོག་གང་ལ་ཕོག་པའི་ལྷག་པའི་ལྷས་མེ་ཏོག་གི་ཕྲེང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ། མཐུ་སྟོབས་དབང་ཕྱུག་ཚེ་དཔག་མེད། །ཁྱོད་ཀྱིས་རྡོ་རྗེའི་སློབ་མ་འདི། །བླ་ན་མེད་པའི་བྱང་ཆུབ་མཆོག །མ་ཐོབ་དེ་སྲིད་རྗེས་ཟུངས་ཤིག །པུཉྫ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མེ་ཏོག་ཕྲེང་བས་དབང་བསྐུར། ཧོཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ཙཀཱ་པྲ་བེ་ཤ་ཡ་ཕཊ། མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་བས་བཅོམ་ལྡན་འདས་ཚེ་དཔག་མེད་ལྷ་དགུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་པ་རྣམས་མངོན་སུམ་བཞིན་དུ་གཟིགས་པའི་མོས་པ་མཛོད། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སོང་ནས། ཞུགས་ནས་མངོན་པར་དབང་བསྐུར་བ་ལའང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་བུམ་པ་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པ་ལྟར་བཞི་ཡོད་པ་ལས། དང་པོ་བུམ་དབང་ལའང་གཉིས་ཀྱི། དང་པོ་ཐུན་མོང་རིག་པའི་དབང་ལྔ་ཞུ་བའི་ཡོན་


JKT013_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཚེ་དཔག་མེད་མགོན་ལྷ་ཚོགས་ཀྱི། །རིག་པའི་དབང་ལྔ་མ་ལུས་རྣམས། །དུས་འདིར་བདག་ལ་དབབ་ཏུ་གསོལ། །ལས་བུམ་གྱི་ཆུས་བགེགས་བསང་། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སློབ་མ་དང་རྣམ་རྒྱལ་བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཉིས་ཀའང་པདྨ་ཉི་ཟླའི་གདན་ལ་ཧཱུཾ་སྔོན་པོ་ལས་མི་བསྐྱོད་ཚེ་དཔག་མེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་ཕྱག་གཡས་རྡོ་རྗེ་དང་གཡོན་བུམ་པ་བསྣམས་པ། ཡུམ་མཱ་མ་ཀཱི་སྐུ་མདོག་སྔོན་མོ་ཚེ་མདའ་བུམ་པ་འཛིན་པ་དང་སྙོམས་པར་ཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་པའི་དབང་རྫས་བུམ་ཆུར་གྱུར་པས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། མི་བསྐྱོད་ཚེ་དཔག་མེད་མགོན་གྱི། །གསང་བ་གསུམ་ལས་བྱུང་བ་ཡི། །བུམ་པའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་


JKT013_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཾ། ཞེས་མི་བསྐྱོད་པ་བུམ་པའི་ཆུས་དབང་བསྐུར་བས་ཞེ་སྡང་དག་སྟེ་རྣམ་ཤེས་གནས་གྱུར། མི་བསྐྱོད་ཚེ་དཔག་མེད་གྱི་ངོ་བོར་གྱུར་པའི་མོས་པ་མཛོད། དབུ་རྒྱན་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དང་དབུ་རྒྱན་སཱ་ལས་རིན་འབྱུང་ཚེ་དཔག་མེད་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་ཕྱག་གཡས་རིན་པོ་ཆེ་དང་གཡོན་ཚེ་བུམ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སྐུ་མདོག་སེར་མོ་ཚེ་མདའ་བུམ་པ་འཛིན་པ་དང་སྙོམས་པར་ཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་ཞིང་བསྟིམ། ཨོཾ་རཏྣ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རིན་འབྱུང་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པན་དུ་གྱུར་པ་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། རིན་འབྱུང་ཚེ་དཔག་མེད་མགོན་གྱི། །གསང་བ་གསུམ་ལས་བྱུང་བ་ཡི། །ཅོད་པན་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་རཏྣ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་བསྐུར་བས་སེར་སྣ་དག་སྟེ་ཚོར་བ་གནས་གྱུར། རིན་འབྱུང་ཚེ་དཔག་མེད་


JKT013_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། རྡོ་རྗེ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དང་རྡོ་རྗེ་ཨོཾ་ལས་སྣང་མཐའ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། །གཡས་པདྨ་དང་གཡོན་ཚེ་བུམ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་ཚེ་མདའ་བུམ་པ་འཛིན་པ་དང་སྙོམས་པར་ཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲང་ཞིང་བསྟིམས་ལ་མཆོད། སྣང་མཐའ་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར་པ་ལག་གཡས་སུ་བྱིན་ཏེ་དབང་བསྐུར་བའི་མོས་པ་མཛོད། སྣང་མཐའ་ཚེ་དཔག་མེད་མགོན་གྱི། །གསང་བ་གསུམ་ལས་བྱུང་བ་ཡི། །རྡོ་རྗེའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་པདྨ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་འོད་དཔག་མེད་རྡོ་རྗེའི་དབང་བསྐུར་བས་འདོད་ཆགས་དག་སྟེ་འདུ་ཤེས་གནས་གྱུར། སྣང་མཐའ་ཚེ་དཔག་མེད་ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། དྲིལ་བུ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དང་དྲིལ་བུ་ཧཱ་ལས་དོན་གྲུབ་ཚེ་དཔག་མེད་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་གཡས་རྒྱ་གྲམ་དང་གཡོན་བུམ་པ་འཛིན་


JKT013_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡུམ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་གཡས་ཚེ་མདའ་དང་གཡོན་བུམ་པ་འཛིན་པ་དང་སྙོམས་པར་ཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་ཞིང་བསྟིམས་ལ་མཆོད། དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར་པ་ལག་གཡོན་དུ་བྱིན་ཏེ་དབང་བསྐུར་བའི་མོས་པ་མཛོད། དོན་གྲུབ་ཚེ་དཔག་མེད་མགོན་གྱི། །གསང་བ་གསུམ་ལས་བྱུང་བ་ཡི། །དྲིལ་བུའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་ཀརྨ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་དྷརྨ་གཌེ་ཨ་བྷི་ཥིཉྩམཾ། ཞེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས་ཕྲག་དོག་དག་སྟེ་འདུ་བྱེད་གནས་གྱུར། དོན་གྲུབ་ཚེ་དཔག་མེད་ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། རྡོར་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དང་རྡོར་དྲིལ་བྷྲཱུ་ལས་རྣམ་སྣང་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་ཕྱག་གཡས་འཁོར་ལོ་དང་གཡོན་བུམ་པ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ་གཡས་ཚེ་མདའ་དང་གཡོན་བུམ་པ་འཛིན་པ་དང་སྙོམས་པར་ཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་


JKT013_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲང་ཞིང་བསྟིམས་ལ་མཆོད། རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོར་དྲིལ་དུ་གྱུར་པ་ལྷན་ཅིག་ཏུ་སྤྱི་བོར་དཀྲོལ་ཞིང་རྡོ་རྗེའི་མིང་བཏགས་ཏེ་དབང་བསྐུར་བའི་མོས་པ་མཛོད། རྣམ་སྣང་ཚེ་དཔག་མེད་མགོན་གྱི། །གསང་བ་གསུམ་ལས་བྱུང་བ་ཡི། །མིག་གི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་བུདྡྷ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་བཛྲ་ནཱ་མ་ཨ་བྷི་ཥིཉྩ་མཾ། ཞེས་མིང་གི་དབང་བསྐུར་བས་གཏི་མུག་དག་སྟེ་གཟུགས་ཕུང་གནས་གྱུར། རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། དེ་ནས་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ ཕྱིར་མི་ལྡོག་པ་སློབ་དཔོན་གྱི། །དབང་བསྐུར་དམ་པ་སྩལ་དུ་གསོལ། དཀྱིལ་འཁོར་གྱི་ཤར་སྒོར་སེང་གེས་བཏེགས་པའི་ཁྲིའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུར་ལམ་གྱིས་གསལ་འདེབས་པར་ཞུ། རྡོ་དྲིལ། གླེགས་བམ། དུང་། འཁོར་ལོ་རྣམས་གཏད་དེ། ཧོཿ རིགས་རྣམས་ཀུན་གྱི་བདག་ཉིད་ཆེ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བས། །སྨིན་གྲོལ་རྒྱུད་དང་མན་ངག་རྣམས། །


JKT013_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ཉན་བསྒོམ་པའི་དབང་ཐོབ་ཤོག །དེ་ནས་མཐའ་རྟེན་རིགས་ལྔ་ཀའི་ཕྱག་གི་བུམ་པའི་ཆུས་དབང་བསྐུར་བར་མོས་ལ། རིགས་ལྔ་ཚེ་དཔག་མེད་པ་ཡི། །གསང་བ་གསུམ་ལས་བྱུང་བ་ཡི། །བུམ་པའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཀ་ལ་ཤ་ཨ་བྷི་ཥིཉྩམཾ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨཿཧཱུྃ་ནས། ཤཔྟའི་བར་གྱིས་མཆོད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །ཞེས་པའི་བློ་ཀ་གཅིག་གིས་ཤིས་པ་བརྗོད། རྗེས་འབྲེལ་དུ་ནང་ཡེ་ཤེས་ལྷའི་དབང་བསྐུར་བ་ནི། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་སྐུ་གཉིས་པ་རེ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་ལྷ་སོ་སོའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་གཙོ་བོའི་སྐུ་སྙིང་གར་བཞག་སྟེ། སྣང་མཐའ་ཚེ་དཔག་མེད་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །འདུ་ཤེས་ཕུང་པོ་གནས་གྱུར་ནས། །སོར་རྟོག་ཡེ་ཤེས་ཐོབ་པར་ཤོག །པདྨ་ཨ་པ་རི་མི་ཏ་ཨ་ཡུརྫུ་ན་ཨ་བྷི་ཥིཉྩ་མཾ། སྣང་མཛད་ཚེ་དཔག་མེད་ཀྱི་སྐུ་སྤྱི་བོར་བཞག་སྟེ། ཧྲཱིཿ བུདྡྷ་ཚེ་དཔག་མེད་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །གཟུགས་ཀྱི་ཕུང་པོ་གནས་གྱུར་ནས། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །བུདྡྷ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཨ་བྷི་ཥིཉྩ་མཾ། རིན་འབྱུང་ཚེ་དཔག་མེད་ཀྱི་


JKT013_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྟེ་བར་བཞག་སྟེ། ཧྲཱིཿ རཏྣ་ཚེ་དཔག་མེད་མགོན་གྱིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཚོར་བའི་ཕུང་པོ་གནས་གྱུར་ནས། །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག །རཏྣ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཨ་བྷི་ཥིཉྩམཾ། མི་བསྐྱོད་ཚེ་དཔག་མེད་ཀྱི་སྐུ་མགྲིན་པར་བཞག་སྟེ། ཧྲཱིཿ མི་བསྐྱོད་ཚེ་དཔག་མེད་མགོན་གྱིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོ་གནས་གྱུར་ནས། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག །བཛྲ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཨ་བྷི་ཥིཉྩམཾ། དོན་གྲུབ་ཚེ་དཔག་མེད་ཀྱི་སྐུ་གསང་གནས་སུ་བཞག་སྟེ། ཧྲཱིཿ ཀརྨ་ཚེ་དཔག་མེད་མགོན་གྱིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །འདུ་བྱེད་ཕུང་པོ་གནས་གྱུར་ནས། །བྱ་གྲུབ་ཡེ་ཤེས་ཐོབ་པར་ཤོག །ཀརྨ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཨ་བྷི་ཥིཉྩམཾ། ཤར་སྒོ་མ་ལག་གཡས་སུ་བཞག་སྟེ། ཧྲཱིཿ ལྷ་མོ་ལྕགས་ཀྱུ་མ་ཡི་དབང་། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །བྱམས་པ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་ཨངྐུ་ཤ་ཨ་བྷི་ཥིཉྩམཾ། ལྷོ་སྒོ་མ་ལག་གཡོན་དུ་བཞག་སྟེ། ཧྲཱིཿ ལྷ་མོ་ཞགས་པ་མ་ཡི་དབང་། །སྐལ་ལྡན་འདི་ལ་དབང་བསྐུར་བས། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ནས། །སྙིང་རྗེ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་པཱ་ཤ་ཨ་བྷི་ཥིཉྩམཾ། ནུབ་སྒོ་མ་པུས་མོ་གཡས་སུ་བཞག་སྟེ། ཧྲཱིཿ ལྷ་མོ་ལྕགས་སྒྲོག་མ་ཡི་དབང་། སྐལ་ལྡན་འདི་ལ་


JKT013_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །དགའ་བ་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་སྤོ་ཊ་ཨ་བྷི་ཥིཉྩམཾ། བྱང་སྒོ་མ་པུས་མོ་གཡོན་དུ་བཞག་སྟེ། ཧྲཱིཿ ལྷ་མོ་དྲིལ་བུ་མ་ཡི་དབང་། །སྐལ་ལྡན་འདི་ལ་དབང་བསྐུར་བས། །དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག །ཨོཾ་བཛྲ་གནྡྷེ་ཨ་བྷི་ཥིཉྩམཾ། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། གཉིས་པ་གསང་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ། དགའ་ཆེན་བདག་ཉིད་སློབ་དཔོན་ཆེ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །བདག་ལུས་རྩ་ཁམས་ཀུན་ཁྱབ་ནས། །གཏུམ་མོའི་ཡེ་ཤེས་བསྐྱེད་དུ་གསོལ། །ཨོཾ་ཨཱཿཧཱུྃ་གིས་མིག་དར་རྣམས་ཀྱང་འཆིང་བར་ཞུ། དེ་ནས་བླ་མ་ཚེ་དཔག་མེད་རིགས་ལྔ་རིགས་ཀྱི་ཡུམ་ལྔར་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐོད་པའི་རྫས་དང་དབྱེར་མེད་དུ་བསྲེས་ཏེ། ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧྲཱིཿ དཀར་དམར་བྱང་ཆུབ་སེམས་ཀྱི་རྒྱུན། །སྐལ་ལྡན་བུ་ལ་བྱིན་པ་ཡིས། །རྩ་ཁམས་བདེ་བས་ཡོངས་ཁྱབ་པའི། །གསང་བའི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ཨ་མི་


JKT013_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་གུ་རྒྱ་ཨ་བྷི་ཥིཉྩམཾ། ཞེས་བརྗོད། དེ་ལྟར་ལུས་ཐམས་ཅད་རྩས་ཁྱབ། དེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ། དེ་ལ་བདེ་བས་ཁྱབ་པས་བདེ་སྟོང་གི་ཡེ་ཤེས་ནི་གསང་བའི་དབང་གི་ངོ་བོའོ། །དབང་དེ་ཐོབ་པའི་བརྡར་མིག་དར་རྣམས་ཀྱང་འགྲོལ་བར་ཞུ། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧཱུྃ། མཚན་ལྡན་ཡིད་འོང་གཟུངས་མ་ལ། །བསྟེན་ནས་བཅུ་དྲུག་དགའ་བ་བཞི། །ཤེས་རབ་ཡེ་ཤེས་བདེ་ཆེན་གྱི། །དབང་བསྐུར་དམ་པ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གིས་མིག་དར་རྣམས་ཀྱང་འཆིང་བར་ཞུ། རིགས་བཟང་བཅུ་དྲུག་ན་ཚོད་ཅན། །མཐོང་བས་བདེ་བ་སྟེར་བ་འདི། །བུ་ཁྱོད་ཀྱིས་བསྟེན་གཉིས་འཛིན་གྱི། །རྟོག་བྲལ་ལྷན་སྐྱེས་བདེ་ཆེན་མྱོང་། །ཨོཾ་པྲཛྙཱ་ཛྷཱ་ན་ཀརྨ་མུ་དྲ་ཨ་བྷི་ཥིཉྩམཾ། ཞེས་རིག་མ་གཏད། སློབ་མ་སྣང་མཐའ་ཚེ་དཔག་མེད་མགོན་དང་། རིག་མ་གོས་དཀར་མོར་གསལ་བའི་མཁའ་གསང་བྱིན་གྱིས་བརླབས། སྙོམས་པར་ཞུགས་པས་དགའ་བ་བཞི་ལུགས་འབྱུང་ལུགས་ལྡོག་གི་བདེ་བ་ཆེན་པོར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོའོ། །དབང་དེ་ཐོབ་པའི་བརྡར་མིག་


JKT013_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྣམས་ཀྱང་འགྲོལ་བར་ཞུ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལམ་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། །དབང་བཞི་པའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ་མ་རྡོ་རྗེ་སློབ་དཔོན་གྱིས། །གདོད་ནས་རང་བྱུང་བདེ་བ་ཆེའི། །ཡེ་ཤེས་ཅེར་མཐོང་རིག་པའི་རྩལ། །བཞི་པའི་དབང་བསྐུར་གནང་དུ་གསོལ། །ཞེས་པས་གསོལ་བ་བཏབ་ནས་སྔར་དབང་གསུམ་པའི་དུས་ཀྱི་ཉམས་མྱོང་གིས་རྟེན་བྱས་ཏེ། དེ་ལས་སྐྱེས་པའི་བརྟེན་པ་དབང་བཞི་པའི་ཡེ་ཤེས་ཚིག་ཙམ་གྱི་སྒོ་ནས་ངོ་སྤྲད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ། ལུགས་འབྱུང་ལུགས་ལྡོག་བདེ་བའི་གཤིས། །བརྗོད་བྲལ་སྟོང་གསལ་ཡེ་ཤེས་ལྔའི། །ཀློང་དུ་འགྱུར་མེད་ཀུན་ཏུ་བཟང་། ཀུན་ཁྱབ་རང་ངོ་འཕྲོད་པར་ཤོག །ཨོཾ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་མཾ། རང་རིག་ཀུན་ཏུ་བཟང་པོ་གཤིས་གང་དུའང་མ་གྲུབ་པ། གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་སྣང་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་བཞི་པའི་དབང་གི་ངོ་བོ་སྟེ། དེའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་


JKT013_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། དེ་ལྟར་ན་དེ་རྣམས་ཀྱིས་དབང་ཡོངས་སུ་རྫོགས་པར་ཐོབ་པས་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏོང་རག་གི་སླད་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་གསུམ། དེ་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་ལྷ་དགུའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང་། དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་། གོང་དུ་ཚོགས་མཆོད་གྲུབ་ན་སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་རྗེས་ཆོག་རྣམས་བྱ། མ་གྲུབ་ན་ཚོགས་བྱིན་རླབས་ནས་བརྩམས་ཏེ་ཤིས་བརྗོད་ཀྱི་བར་དཀྱུས་བཞིན་དུ་བྱའོ། །འཆི་མེད་གྲུབ་དབང་ཐང་སྟོང་པའི། །ཞལ་ལུང་བདུད་རྩིའི་སྙིང་པོ་འདིས། །འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི། །པདྨོ་མཆོག་ཏུ་རྒྱས་གྱུར་ཅིག །ཚེ་དཔག་མེད་འཆི་མེད་དཔལ་སྟེར་དང་འབྲེལ་བའི་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འདིའང་རིག་འཛིན་གྱི་བཙུན་པ་མཉྫགྷོ་ཥས་སྦྱར་བའོ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


previousཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་ཞལ་ལུང་།next