Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་འཆི་མེད་ཚེའི་སྒྲུབ་པའི་ཉམས་ལེན་རྒྱུན་ཁྱེར་མདོར་བསྡུས་བདེ་ཆེན་རྡོ་རྗེའི་བཅུད་ལེན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousདཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་འཆི་མེད་ཚེའི་སྒྲུབ་པའི་ཉམས་ལེན་རྒྱུན་ཁྱེར་མདོར་བསྡུས་བདེ་ཆེན་རྡོ་རྗེའི་བཅུད་ལེན།next

དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་འཆི་མེད་ཚེའི་སྒྲུབ་པའི་ཉམས་ལེན་རྒྱུན་ཁྱེར་མདོར་བསྡུས་བདེ་ཆེན་རྡོ་རྗེའི་བཅུད་ལེན།


JKT015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་འཆི་མེད་ཚེའི་སྒྲུབ་པའི་ཉམས་ལེན་རྒྱུན་ཁྱེར་མདོར་བསྡུས་བདེ་ཆེན་རྡོ་རྗེའི་བཅུད་ལེན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། །འདིར་ཐུགས་དམ་ཟབ་པ་སྐོར་བདུན་ལས། མཐར་ཐུག་མཆོག་གི་ཟབ་པ་དཔལ་ཡང་དག་ཧེ་རུ་ཀ་ཚེའི་བདག་པོའི་སྒོམ་བཟླས་རྒྱུན་


JKT015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་དུ་བྱ་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་ནམ་མཁར་གང་བར་སད་པའི་སྤྱན་སྔར། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །ཧེ་རུ་ཀ་དཔལ་བསྒོམ་པར་བགྱི། །ལན་གསུམ་གྱིས་སེམས་བསྐྱེད་དང་། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་:ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཧཱུྃ་བཾ་ཧོས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལ་གཉིས། ལྷ་བསྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ནི། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭབྷ་ཝ་ཨཏྨ་ཀོཉ་ཧཾ། ཆོས་རྣམས་བདག་མེད་དེ་བཞིན་ཉིད༔ འགྲོ་ལ་ཀུན་ཁྱབ་སྙིང་རྗེ་བསྒོམ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ༔ ཧཱུྃ་ལས་སྲུང་བའི་འཁོར་ལོའི་དབུས༔ བྷཾ་ལས་ཟླ་གམ་གཞལ་ཡས་ཁང་༔ པདྨ་འདབ་བརྒྱད་ལྟེ་དབུས་སུ༔ ཚེ་བདུད་ཕོ་མོ་བསྒྱེལ་བའི་སྟེང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་གི་འཕྲོ་འདུས་ཚེ་བཅུད་བསྡུས༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ དམར་གསལ་ཞལ་གསུམ་ཕྱག་དྲུག་པ༔ དང་པོའི་ཕྱག་གཉིས་ཐུགས་ཀ་རུ༔ ཐལ་སྦྱར་ཚེ་ཡི་བུམ་པ་འཛིན༔


JKT015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མས་རྡོ་རྗེ་བྷནྡྷ་དང་༔ ཁ་ཊཾ་གཡོབ་ཅིང་དྲིལ་བུ་འཁྲོལ༔ ཡུམ་ནི་སྡུད་བྱེད་དམར་སེར་ལཿ ཁ་ཊཾ་ཚེ་ཡི་བུམ་པ་འཛིན༔ གོ་རཱི་ལྷ་མོ་བརྒྱད་རྣམས་ཀྱང་༔ དམར་གསལ་ཁ་ཊཾ་ཚེ་བུམ་འཛིན༔ འཇའ་འོད་འཁྲུགས་པའི་ཀློང་དུ་གསལ༔ ཞེས་བསྒོམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨརྨ་ཀོཉ་ཧཾ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཀྲ་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉ་ཧཾ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉ་ཧཾ། །ཞེས་གནས་གསུམ་བྱིན་གྱིས་བརླབས། ཨོཾ་མ་ཧཱ་པྲཏུ་བེཀ་ཎ་ཛྷཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉ་ཧཾ། །ཨོཾ་མ་ཧཱ་ཨ་དཱན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ། །ཨོཾ་མ་ཧཱ་ས་མ་ཏཱ་ཛྷཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉ་ཧཾ། །ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉ་ཧཾ། །ཨོཾ་མ་ཧཱ་ཀྲྀ་རྒྱ་ནུཏྟཱན་ཛྷཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉ་ཧཾ། ཞེས་དབང་བསྐུར། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཧཱུྃ་བཾ་ཧོས་བསྟིམ། པདྨ་སུར་ཙཀྲ་ཀ་མ་ལཱ་ཡ་ཧཱུཾ། ཞེས་པས་གདན་འབུལ། ས་མ་ཡ་ཏིཥྛ་ལྷན། ཞེས་བརྟན་པར་བྱ། ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཞེས་ཕྱག་བྱ། སྤྲོ་ན་མཆོད་ཕྲེང་རྒྱས་པའམ། བསྡུ་ན། ཨོཾ་བཛྲ་གོ་རཱི་ས་མ་ཡ་སྟཱ༔ ཨོཾ་བཛྲ་ཙོ་རི་ས་མ་ཡ་ཧོ༔ ཨོཾ་བཛྲ་པྲ་མོ་ཧཱ་ར་ཧོ་ཧཾ༔ ཨོཾ་བཛྲ་བེ་ཏ་ལི་རཱ་ག་ཡ་མི། ཨོཾ་བཛྲ་ཙཎྜ་ལཱི་པུཉྫ་སུ། ཨོཾ་བཛྲ་པུཀྐ་སཱིདྷཱ་པྤེ་ཧཱུྃ༔ ཨོཾ་བཛྲ་སྨེ་


JKT015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ནཱི་ཨཱ་ལོ་ཀེ་ཨཱ༔ ཨོཾ་བཛྲ་གྷསྨ་རཱི་གནེ་ག་ན༔ མ་ཧཱ་མཾ་ས་རཀྟ་ཀིང་ནི་རི་ཏི་ཁ་རཾ་ཁཱ་ཧི། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ མ་ཧཱ་མུ་དྲ་སུ་ཁ་ཧོ༔ མ་ཏྲཾ་རུ་ཏྲ་པྲ་བེ་ཤ་ཡ་ཕཊ༔ དྷརྨ་དྷ་ཏུ་པཱུ་ཛ་ཧོ༔ ཞེས་མཆོད། ཧཱུྃ༔ ཟླ་གམ་དབང་གི་གཞལ་ཡས་ན༔ ཡང་དག་ཚེ་ཡི་ལྷ་ཚོགས་བཞུགས༔ སྙིང་པོ་མི་ཤིགས་རྡོ་རྗེའི་བདག༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་འཛིན། གཉིས་པ་བཟླས་པ་བྱ་བ་ནི། ཐུགས་ཀར་རྒྱ་གྲམ་གཉིས་ཀྱི་དབུས༔ ཉི་ཟླ་ཟླ་གམ་གའུའི་ནང་བློ་ལ་ཨ་ནཱི་ཧཱུྃ་གིས་མཚན༔ རུ་ལུ་འབྲུ་བརྒྱད་སྔགས་ཀྱིས་བསྐོར༔ འོད་ཟེར་སྟོང་ཁམས་ཁྱབ་པར་འཕྲོསཿ འཁོར་འདས་ཚེ་བཅུད་ཐམས་ཅད་ཀུན༔ ཨཱ་ཡུར་ཚེ་ཡི་རྣམ་པར་བསྡུས༔ སྙིང་གར་ཐིམ་ཞིང་བཀྲག་མདངས་འབར༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཨཱ་ཡུར་ཛྙཱ་ན་ཚེ་ཧཱུྃ༔ ཅེས་ཅི་ནུས་བཟླ། གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ལན་གསུམ་རེས་སྔགས་ཀྱི་ནུས་པ་སྤེལ་ཞིང་ལྷག་ཆད་ཁ་སྐོང་། དཀྱིལ་འཁོར་ཐམས་ཅད་རང་ལ་ཐིམ། །རྡོ་རྗེའི་གུར་དུ་ཚུད་པ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་


JKT015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །མི་ཕྱེད་རྡོ་རྗེའི་ངོ་བོར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། ལོ་བརྒྱ་ཐུབ་ཅིང་སོགས་ཤིས་བརྗོད་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །བདག་བསྐྱེད་ལ་བརྟན་པའི་བསྙེན་པ་རྐྱང་པ་བཏང་ན། མདུན་དུ་མཆོད་པ་དང་སྨན་རཀ་གཏོར་མ་ཙམ་བཤམ། གོང་དུ་བཤད་པའི་ཉམས་ལེན་ཐུན་བཞིའི་རིམ་པས་སྔགས་འབུམ་ཕྲག་གསུམ་བཟླས་པས་གྲུབ་ལ། དངོས་གྲུབ་བླངས་པའི་སླད་དུ་སྒྲུབ་པ་དང་སྦྲེལ་བའི་ཚུལ་ནི་གཞུང་རྩ་བ་ལས་ཤེས་པར་བྱའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཟིན་བྲིས་སུ་བཏབ་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་ཀུན་འཆི་མེད་ཧེ་རུ་ཀའི་རྡོ་རྗེའི་སྐུ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །།བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཟླས་པའི་སྐབས་ཛཔ་ཁང་དབྱེ་བ་ལས་གཞུང་ལྟར་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་གཙོ་བོ་སྐུ་གསུམ་ལ་བརྟེན་ནས་བསྙེན་པ། འཁོར་སྤྱི་དང་བྱེ་བྲག་ལ་བརྟེན་ནས་སྒྲུབ་པ། དཔའ་བོ་རིགས་བཞི་ཡབ་ཡུམ་ལ་བརྟེན་ནས་ལས་སྦྱོར་གྱི་ཚུལ་དུ་བཟླས་པ་རྣམས་རིམ་བཞིན་དུ་བྱ་


JKT015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས། སྔ་མ་གཉིས་ལ་རེ་རེ་བཞིན་དུ་སྦྱོར་བ་ཛཔྲ་ཀྱི་ཕྲིན་ལས་ལ་བསྐུལ་བ། དངོས་གཞི་བཟླས་དམིགས་གསལ་བཏབ་སྟེ་བཟླས་པ་བྱ་བ། མཇུག་སྟོང་ཚིག་གི་མཆོད་བསྟོད། མཐའ་རྟེན་གསོལ་འདེབས་ཀྱི་སྒོ་ནས་གཞི་བསྟོད་བྱ་བ་སྟེ་རྣམ་གྲངས་བཞིའི་སྒོ་ནས་ངེས་པ་བྱ་དགོས་པས། ཐོག་མར་རིགས་བདག་ཚེ་དཔག་མེད་མགོན་གྱི་བཟླས་པའི་སྐབས། ཧཱུཾ་ཧཱི༔ རིགས་བདག་ཚེ་དཔག་མེད་མགོན་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་སོགས་འཇམ་རོལ་བཅས་ཛཔ་བསྐུལ༔ སྤྱི་བོའི་རིགས་བདག་སོགས་ཛཔ་ཀྱི་བཀོལ་བྱང་ལྟར་བཟླས་དམིགས་གསལ་བཏབ་ནས་བཟླས་པ་ཅི་ནུས་མཐར། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མ་ཧཱ་ཨ་མྲྀ་ཏ་བ་ལིནྟ་རཀྟ་ཁཱ་ཧི། །ཞེས་རོལ་མོ་དང་བཅས་སྟོང་ཚིག་གི་མཆོད་པ་འབུལ། ཐལ་མོ་སྦྱར་ཏེ། དྷཱི༔ ངོ་མཚར་ཕུན་ཚོགས་བདེ་ཆེན་ཞིང་༔ བཀོད་པ་ཚད་མེད་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཚེ་དཔག་མེད་མགོན་བཅོམ་ལྡན་འདས༔ ཡབ་ཡུམ་སྲས་དང་བཙུན་མོ་དང་༔ འདུས་པའི་


JKT015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་རྣམས་ཀྱི༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་གི་བར་གཅོད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་གསོལ་བ་གདབ་པ། དེས་མཚོན་ཏེ། ༈ །ཧཱུྃ་ཧཱི །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་སོགས་ཀྱིས་ཛཔྲ་བསྐུལ། འགྲོ་འདུལ་འཕགས་པའི་སོགས་བཟླས་དམིགས་གསལ་བཏབ་བཟླས་པ་བྱ། ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིག་གི་མཆོད་པ་འབུལ། ཧཱུྃ༔ ཤར་ཕྱོགས་རི་བོ་ཏ་ལའི་ཞིང་༔ བྱང་ཆུབ་ཆེན་པོའི་ཕོ་བྲང་ནསཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད༔ དཔལ་ལྡན་པདྨ་གར་གྱི་བདག༔ སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ བསྐལ་བཟང་སེམས་དཔའ་སེམས་མ་དང་༔ རིག་པ་འཛིན་པའི་འཁོར་རྣམས་ཀྱི༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ དེ་བཞིན་དུ།


JKT015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧི༔ དཀྱིལ་འཁོར་གཙོ་མཆོག་བླ་མ་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་སོགས། རང་ཉིད་རིགས་འདུས་སོགས། ཡེ་ཤེས་ལྷ་ཚོགས་སོགས། ཧཱུྃ༔ ལྷོ་ནུབ་རྔ་ཡབ་དཔལ་རིའི་ཞིང་༔ པདྨ་འོད་ཀྱི་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྲུལ་པའི་སྐུ་ཡི་ངོ་བོ་ཉིད༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ ཡི་དམ་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྲུང་རྒྱ་མཚོ་འཁོར་བཅས་ཀྱི༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༈ ཧཱུྃ་ཧི༔ རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་སོགས༔ བདག་དང་དཀྱིལ་འཁོར་སོགས། ཡེ་ཤེས་ལྷ་ཚོགས༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ སོགས་གསོལ་འདེབས་བར་ཆད་ལམ་སེལ་གྱི་སྡེ་ཚན་དང་པོའི་མཐར། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་འཚོབ་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས༔ ཧཱུྃ༔ དཀྱིལ་འཁོར་ཤར་ཕྱོགས༔ ཡེ་ཤེས་ལྷ་ཚོགས༴ སྐ་ཡི་ངོ་མཚར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་


JKT015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རཱ་ཛ་ཨནཾ་ཛ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་སྨྲ་བའི་སེང་གེ་དབྱིངས་ནས་བཞེངས༔ ཐུགས་དམ༔ ཧཱུྃ༔ དཀྱིལ་འཁོར་ལྷོ་ཕྱོགས༔ ཡེ་ཤེས་ལྷ་ཚོགས༴ དམ་ཆོས་རིན་ཆེན༴ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་པྲ་ཛྷཱ་ཛྷཱ་ན་སརྦ་སིདྡྷི་ཧཱུྃ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་པདྨ་སཾ་བྷ་དབྱིངས་ནས་བཞེངས༔ ཐུགས་དམ༔ ཧཱུྃ༔ དཀྱིལ་འཁོར་ནུབ་ཕྱོགས༔ ཡེ་ཤེས་ལྷ་ཚོགས༴ དམ་ཅན་དམ་ལ༴ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་བ་སརྦ་སིདྡྷི་ཧཱུྃ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་བདུད་ཀྱི་གཤེད་ཆེན་དབྱིངས་ནས་བཞེངས༔ ཐུགས་དམ ཧཱུྃ༔ དཀྱིལ་འཁོར་བྱང་ཕྱོགས༔ ཡེ་ཤེས་ལྷ་ཚོགས་རྒྱལ་བའི་བསྟན་པ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་འཛམ་གླིང་རྒྱན་མཆོག་དབྱིངས་ནས་བཞེངས༔ ཐུགས་དམ༴ ཧཱུྃ༔ ཤར་ཕྱོགས་རིན་ཆེན་འབར་བའི༔ ཡེ་ཤེས་ལྷ་ཚོགས༴ སྲིན་པོའི་ཁ་གནོན༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་པདྨ་འབྱུང་གནས་དབྱིངས་ནས་བཞེངས༔ ཐུགས་དམ༔ ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་འབར༔ ཡེ་ཤེས་ལྷ་ཚོགས༴ འདྲེ་ཡི་ཡུལ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཙསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་ཁྱད་པར་འཕགས་པ་དབྱིངས་ནས་བཞེངས༔ ཐུགས་


JKT015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དམ༔ ཧཱུྃ༔ ནུབ་ཕྱོགས་རིན་ཆེན་འབར་བའི༴ ཡེ་ཤེས་ལྷ་ཚོགས༔ བོད་ཀྱི་ཉི་མ་མཛད་པའི༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་རྫུ་འཕྲུལ་མཐུ་ཆེན་དབྱིངས་ནས་བཞེངས༔ ཐུགས་དམ༴ ཧཱུྃ༔ བྱང་ཕྱོགས་རིན་ཆེན༴ ཡེ་ཤེས་ལྷ་ཚོགས༴ དཔལ་མོ་ཐང་གི་དཔལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་རྡོ་རྗེ་དྲག་རྩལ་དབྱིངས་ནས་བཞེངས༔ ཐུགས་དམ༔ ཧཱུྃ༔ ཤར་ལྷོ་རིན་ཆེན༴ ཡེ་ཤེས་ལྷ་ཚོགས༴ དམ་པ་ཆོས་ཀྱི༴ ཨོཾ་ཨཱཧཱུྃ་ཨར་རྩིག་ནིར་རྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཎཱཧཱུྃ་ཧཱུྃ་ཕཊ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་སྐལ་ལྡན་འདྲེན་མཛད་དབྱིངས་ནས་བཞེངས༔ ཐུགས་དམ ཧཱུྃ༔ ལྷོ་ནུབ་རིན་ཆེན༴ བསམ་ཡས་མཆིམས་ཕུར༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ༈ ཧཱུྃ་ཧཱུྃ རིག་འཛིན་རཀཱ་ཐོད་ཕྲེང་དབྱིངས་ནས་བཞེངས༔ ཐུགས་དམ ཧཱུྃ༔ ནུབ་བྱང་རིན་ཆེན༔ ཡེ་ཤེས་ལྷ་ཚོགས༴ དེ་ནས་ཨོ་རྒྱན་ཡུལ་དུ༴ ཨོཾ་བཛྲ་ཙཎྜ་སརྦ་དུཥཱན་ཧཱུྃ་ཕཊ༔ ༈ ཧཱུྃ་ཧཱུྃ༔ རིག་འཛིན་པདྨ་བཛྲ་དབྱིངས་ནས་བཞེངས༔ ཐུགས་དམ ཧཱུྃ༔ བྱང་ཤར་རིན་ཆེན༔ ཡེ་ཤེས་ལྷ་ཚོགས༔ སྐུ་གསུང་ཐུགས་ལྡན༔ ཨོཾ་ཨཱཧཱུྃ་མ་ཧཱ་གུ་རུ་པདྨ་བཛྲ་དྷཱ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཞེས་སྦྱར། དཔའ་བོ་རིགས་


JKT015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡབ་ཡུམ་ལ་བརྟེན་ནས་ལས་སྦྱོར་གྱི་ཚུལ་དུ་བཟླས་པ་ནི་གཞུང་གསལ་ལྟར་བཟླས་དམིགས་གསལ་བཏབ་ནས། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། སོ་སོའི་སྒོས་སྔགས་བཏགས་ནས་བཟླ་བ་ལ་ཛཔྲ་བསྐུལ་སོགས་མི་དགོས། དབང་དོན་སོགས་ཀྱི་ཆེད་དུ་བུམ་བཟླས་དགོས་ན་སྐབས་འདིར་སྦྱར། མཐར་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་བརླབས་ཀྱི་རྒྱུན་བརྟན་པར་བྱ། ཧཱུྃ་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་སོགས་ལས་གཞུང་ལྟར་གྱི་ཕྱི་མཆོད་མཐར། མ་ཧཱ་ཨ་མྲྀ་ཏ་བ་ལིཏྟ་རཀྟ་ཁཱ་ཧི༔ ཞེས་ཁྱད་པར་གྱི་མཆོད་པ་འབུལ། དྲིལ་སྟབས་དང་བཅས་རིགས་ལྔ་སོ་སོ་དང་སྤྱིའི་ཕྱག་ལེན་དང་བཅས། ཨོཾ་བདེ་གཤེགས་ཡེ་ཤེས་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་ཏེ། ཨོ་རིག་འཛིན་དཀྱིལ་འཁོར་སོགས་ཀྱིས་ནོངས་པ་བཤགས། མེ་ཏོག་འཐོར་ཞིང་དྲིལ་བསིལ་དང་བཅས། ཨོཾ་ཨཱཎཱཧཱུྃ་སོགས་ཀྱིས་རིག་པའི་མེ་ཏོག་དོར་ནས་ཛཔྲ་ཁང་བསྡུ་ཞིང་དམ་ཡེ་དབྱེར་མེད་དུ་བསྲེ། དེ་ནས་ཆོས་སྲུང་སྤྱི་བྱེ་བྲག་གི་གཏོར་ཆོག་སྐོང་བཤགས་རྒྱས་བསྡུས་གང་རིགས་དང་། ཚོགས་ཀྱི་མཆོད་པ་སོགས་ལ་འཇུག་པར་བྱའོ།། ༈ །།བསྡུ་ན། ཛཔྲ་བསྐུལ་ཡན་ལས་བྱང་གཞུང་སོར་བཞག་ལ། བསྙེན་སྒྲུབ་གཉིས་ལ་སྐུ་གསུམ་དང་སྤྱི་དྲིལ་ཧཱུྃ་


JKT015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བཅས་ཛཔ་ཀྱི་བཀོལ་བྱང་ལྟར་བཟླས་དམིགས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱ། དེ་ནས། རང་གི་ཐུགས་ནས་འོད་འཕྲོས་པས༔ དཔའ་བོ་རིགས་བཞིའི་ཐུགས་རྒྱུད་བསྐུལ༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ལས་སྦྱོར་ཀྱི་ཚུལ་དུ་ཅུང་ཟད་བཟླ། ༈ ཤིན་ཏུ་བསྡུ་ན། ཛཔྲ་བསྐུལ་ཡན་ལས་བྱང་རྒྱས་པ་སོར་བཞག་ལ། བསྙེན་སྒྲུབ་ལས་གསུམ་དམིགས་བཟླས་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ཇི་ལྟ་བར་བགྱིས་པས་དོན་འགྲུབ་པ་ཡིན་ལ། །དེ་གཉིས་གང་ལྟར་ཡང་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེ་དང་། ཧཱུྃ་ཧཱུྃ༔ བླ་མ་ཡི་དམ་སོགས་ཀྱིས་མཆོད། ཧོ༔ བདེ་གཤེགས་ཡེ་ཤེས་སོགས་ཀྱིས་བསྟོད། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཆོས་སྐུ་སྣང་བ་མཐའ་ཡས་སོགས་བར་ཆད་ལམ་སེལ་གྱི་གསོལ་འདེབས་བྱ། །ཨོ། །རིག་འཛིན་དཀྱིལ་འཁོར་སོགས་བཤགས་པ་དང་། ཨོཾ་ཨཱཧཱུྃ་སོགས་རིག་པའི་མེ་ཏོག་དོར་བ་རྣམས་ལས་བྱང་རྒྱས་པ་རང་གཞུང་ལྟར་གྱི་རྗེས་གཏོར་ཆོག་སོགས་ལ་འཇུག་གོ། །།


previousདཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་འཆི་མེད་ཚེའི་སྒྲུབ་པའི་ཉམས་ལེན་རྒྱུན་ཁྱེར་མདོར་བསྡུས་བདེ་ཆེན་རྡོ་རྗེའི་བཅུད་ལེན།next