Nitartha Digital Library
Tibetan
 
previousཤོག་ལྷེབ་ ༧༠༡ ནས་ ༧༤༨ བར།no next

ཤོག་ལྷེབ་ ༧༠༡ ནས་ ༧༤༨ བར།


KMC011_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་གཟུགས་ཀྱི་རྣམ་པར་འགྱུར་བའི་རྣམ་དག་ཉིད་ཀྱི་ཚུལ་དེ་ནི་རྡོ་རྗེ་འཛིན་པ་ང་ཡིས་སྨྲ་བར་བྱ་ཡི་ལྷ་མོ་ལ་སོགས་པ་ཉོན་ཅིགཅེས་བསྐུལ་ནས། སེམས་ཅན་ཐམས་ཅད་ལ་བརྩེ་བས་རྗེས་སུ་ཆགས་པ་སྙིང་རྗེའི་རང་བཞིན་མཚོན་པས་སྤྱན་རྣམས་ནི་ཁ་དོག་དམར་པོར་གྱུར་པ་ཡིན་ལ། འགྲོ་བ་མ་ལུས་པ་ལ་བྱམས་པའི་ཐུགས་ནམ་དུའང་འགྱུར་བ་མི་མངའ་བ་ལས་སྐུའི་ཡན་ལག་དང་བཅས་པ་ནག་པོར་སྟོན་པ་སྟེ། དེ་ཚོན་གྱིས་ཁ་བསྒྱུར་བར་མི་ནུས་པ་བཞིན་ནོ། །སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་གཅིག་ཏུ་སྤྱོད་པས་གདུལ་བྱ་རྣམས་བསྡུ་བའི་དངོས་པོ་བཞི་དག་པ་ཡིས་ནི། ཞབས་ནི་རྣམ་པ་བཞི་ཞེས་བརྟན་པར་བརྗོད་ཅིང་། སྔར་བཤད་པ་ལྟར་ཞལ་བརྒྱད་དུ་སྟོན་པའང་། རྣམ་པར་ཐར་པ་བརྒྱད་སྒྲིབ་པ་དང་བྲལ་བར་གྱུར་པ་དང་། ཕྱག་ནི་སྟོང་པ་ཉིད་བཅུ་དྲུག་དྲི་མ་མེད་པའི་ངོ་བོ་ཉིད་དང་། གུག་ཀྱེད་ཅེས་པ་རྒྱ་དཔེར་མཱ་ཏྲེ་ཎ་ཞེས་པ་ཐད་བསྒྱུར་ལ་ཙམ་ཞེས་པའི་སྐད་དོད་དེ། ཙམ་ནི་འབྱུང་བ་ལྔའི་མིང་གི་ཐ་སྙད་ཡིན་ལ། དེ་ལྔ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་འཛིན་པས་སམ། བོད་ཀྱི་


KMC011_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའི་གུག་བཀྱེད་ནི་དབྱངས་ལ་འདོག་པས། ཨ་ཨི་ཨུ་ཨེ་ཨོ་ལྔ་མི་བསྐྱོད་པ་ལ་སོགས་པའི་ས་བོན་གྱིས་ནི་སངས་རྒྱས་ལྔ་མཚོན་ཅིང་། གདུག་པ་ཅན་བདུད་ཀྱི་རིས་དྲག་པོས་འདུལ་བའི་ཕྱིར་མི་སྡུག་པ་སོགས་ཁྲོ་བོའི་ཉམས་དང་ལྡན་པ་ཉིད་དོ། །གཙོ་བོའི་སྐུ་ལ་ཤ་སའི་ཁམས་དག་པའི་ངོ་བོ་ལྷ་མོ་པུཀྐ་སཱི་རུ་བྱ་བ་ལྟར། དེ་བཞིན་དུ་ཁྲག་ཆུ་ཁམས་དག་པས་ནི་རི་ཁྲོད་མ་དང་། གདོལ་པ་མོ་ནི་ཁུ་བར་སྟེ་དེ་དང་མེའི་ཁམས་དག་པར་བརྗོད་པ་དང་། གཡུང་མོ་རྐང་དང་ཚིལ་བུ་རླུང་ཁམས་དག་པ་ཡིན་ལ། ལུས་ཀྱི་པགས་པའི་རིམ་པ་བདུན་དག་པ་ནི་དྲན་པ་ཡང་དགཆོས་རབ་ཏུ་འབྱེད་པ། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་དག་པ་དང་། རུས་པ་མགོ་རྐང་པ་ལག་པ་རྩིབས་མའི་སྡེ་ཚན་བཞིས་བསྡུས་པ་ནི་སྡུག་ཀུན་འཁོར་བ་དང་འགོག་ལམ་མྱང་འདས་ཀྱི་རྒྱུ་དང་འབྲས་བུའི་བདེན་པ་བཞི་པོའི་ཡུལ་ཅན་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོར་ཁོང་དུ་ཆུད་པར་བྱ་སྟེ། འདི་ཡང་ངེས་པའི་དོན་ལ་རྗེས་སུ་གཞོལ་བའི་འཆད་


KMC011_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལོ། །གསུམ་པ་སྔགས་བཏུ་བ་ལ་གསུམ། ཞུས་པ། ལན་མདོར་བསྟན་པ། སྔགས་བཏུ་བ་དངོས་སོ། །དང་པོ་ནི། བདག་མེད་མས་གསོལ་བ། སྔགས་བཏུ་བ་ནི་ཇི་ལྟར་འགྱུར། །གང་གི་སྔགས་ཀྱིས་སྐྱེ་བོ་ཡི། །ལས་ཀྱི་དངོས་གྲུབ་འགྱུར་བ་ཉིད། །བདེ་བ་ཆེན་པོ་བཤད་དུ་གསོལ། །ཅེས་གསུངས་ཏེ། ལྷ་མོ་བདག་མེད་མས་བཅོམ་ལྡན་འདས་ལ་གསོལ་བ། སྔར་སྔགས་གསུངས་པ་རྣམས་སྐལ་མེད་ཀྱིས་རང་གར་མི་ཤེས་པ་དང་། སྐལ་ལྡན་ལ་དག་པར་བྱ་བའི་དོན་དུ་ཡི་གེའི་གཞི་དབྱངས་གསལ་ལས་སྔགས་རྣམས་ཀྱི་ཡིག་འབྲུ་བཏུ་བ་ནི་ཚུལ་ཇི་ལྟ་བུར་འགྱུར་བ་ལགས། བཏུས་པ་གང་གི་སྔགས་ཀྱིས་སྐྱེ་བོ་རྣམས་ཀྱི་ཞི་རྒྱས་ལ་སོགས་པའི་ལས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བ་ཉིད་ཀྱི་སྔགས་དེ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོས་བཤད་དུ་གསོལ། ཞེས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་རྡོ་རྗེ་སྙིང་པོ་གཟི་བརྗིད་ཆེན་པོས་བཀའ་སྩལ་པ། སྔགས་ནི་ཁྱོད་ལ་ངས་བཤད་ཀྱིས། །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་ནི་


KMC011_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་མི་ཕྱེད་པས་རྡོ་རྗེ་ཅན་དང་ཆེ་བར་གྱུར་པས་ན་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་མཚན་མས་མི་གཡོ་བས་རྡོ་རྗེ་སྙིང་པོ་དང་དབྱེར་མེད་པའི་སྐུ་བསྐལ་མེ་ལྟར་འབར་བའི་གཟི་བརྗིད་ཆེན་པོ་དེས་ཇི་ལྟར་སྔགས་བཏུ་བའི་དོན་དུ་ཞུས་པའི་ལན་ནི་བདག་མེད་མ་ཁྱོད་ལ་ངས་བཤད་ཀྱིས། ལྷ་མོ་སྟོང་ཉིད་རང་བཞིན་ཤེས་རབ་ཆེན་མོ་ཉོན་ཅིག་ཅེས་བཀའ་སྩལ་པའོ། །གསུམ་པ་ལ་དྲུག །ལས་སྣ་ཚོགས་པའི་སྔགས་བཏུ་བ། ཧེ་རུ་ཀ་བཞིའི་སྔགས། གྲོང་ཁྱེར་དཀྲུག་པའི། ས་སྦྱོང་བའི། བཟའ་བཏུང་བྱིན་གྱིས་རློབ་པ། འབྱུང་པོ་ཐམས་ཅད་པའི་གཏོར་སྔགས་བཏུ་བའོ། །དང་པོ་ལའང་རྣམ་གྲངས་བརྒྱད་ལས། དང་པོ་རེངས་པར་བྱེད་པའི་སྔགས་བཏུ་བ་ནི། དང་པོར་རྣམ་པར་སྣང་མཛད་སྦྱིན། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱིས་བརྒྱན་སྟོང་པས་མནན། །མདོག་དཀར་མཐར་ནི་སྭཱ་ཧཱ་སྦྱར། །འདིས་ནི་བཟླས་པ་འབུམ་གྱིས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །ཅེས་གསུངས་ཏེ། དེ་ཡང་ཐོག་མར་རྣམ་པར་སྣང་མཛད་ཀྱི་ས་བོན་ནི་ཨོཾ་ཡིན་པས་དང་པོར་ཨོཾ་སྦྱིན་པའོ། །དེ་ནས་དྲོ་བའི་ཡི་གེའི་མ་ཨུཥྨ་རྣམས་ཀྱི་བཞི་པ་ཧ་བཞག་པའོ། །དེ་ལ་


KMC011_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པུཀྐ་སཱིས་བརྒྱན་པ་ནི་དེའི་ས་བོན་ཨུ་དང་སྦྱར་བས་ཞབས་ཀྱུར་བྱིན་ན་ཧཱུར་འགྱུར་བའོ། །སྟོང་པས་མནན་པ་ནི་སྟེང་དུ་ཐིག་ལེ་ཀླད་སྐོར་དུ་བྱིན་པའོ། །མདོག་དཀར་ནི་སྔགས་ཀྱི་ཁ་དོག་གམ་ཡང་ན་དེའི་སྟེང་དུ་ནཱ་ད་བྱིན་པའོ། །མཐར་ནི་སྭཱ་ཧཱ་སྦྱར་བས། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་གྲུབ་སྟེ། སྔགས་འདིས་ནི་སྔོན་དུ་བཟླས་པ་འབུམ་སོང་བ་ཅན་གྱིས་ནི་ལས་སྦྱོར་བྱས་ན་དམིགས་བྱའི་འགྲོ་བ་རྟག་ཏུ་རེངས་པར་བྱེད་པའོ། །གཉིས་པ་དབང་དུ་བྱེད་པའི་སྔགས་བཏུ་བ་ནི། དབང་དུ་བྱེད་པའི་སྔགས་བཏུ་བ་ནི། དང་པོར་ཡི་གེའི་བདག་པོ་བཞག །དེ་རྗེས་མཁའ་སྤྱོད་མ་དེ་ནས། །མཐར་ནི་སྭཱ་ཧཱ་སྦྱར་བྱས་ན། །སངས་རྒྱས་རྣམས་ཀྱང་དབང་དུ་བྱེད། །ཅེས་གསུངས་ཏེ། དང་པོར་ཡི་གེའི་བདག་པོ་ཨོཾ་བཞག །དེའི་རྗེས་ལ་མཁའ་སྤྱོད་མའི་ས་བོན་ཨཾ། དེ་ནས་མཐར་ནི་སྭཱ་ཧཱ་སྦྱར་བས་བྱས་ན། ཨོཾ་ཨཾ་སྭཱ་ཧཱ་ཞེས་པ་གྲུབ་བོ། །མདོག་དམར་པོ་འབུམ་བཟླས་ནས་ལས་ལ་སྦྱར་ན་སངས་རྒྱས་རྣམས་ཀྱང་དབང་དུ་བྱེད་པར་ནུས་ན་གཞན་ལ་སྨོས་ཅི་དགོས་པའི་སྔགས་སོ། །གསུམ་པ་སྐྲོད་པར་བྱེད་པའི་སྔགས་ནི། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །དང་པོ་ཡི་ནི་གཉིས་པ་ལ། །སྟོང་བཅས་མཐར་ནི་


KMC011_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སཱ་ཧཱ་སྦྱར། །སངས་རྒྱས་ཀྱང་སྐྲོད་ཤེས་རབ་ཅན། །ཅེས་གསུངས་ཏེ། རིག་བྱེད་བཞི་རྣམས་ཀྱི་དང་པོ་ཨོཾ་ཡིག་སྦྱིན། དེ་ནས་སྡེ་ཚན་དང་པོ་ཡི་ནི་གཉིས་པ་ཁ་ལ་སྟོང་པ་ཐིག་ལེ་དང་བཅས་པའི་མཐར་ནི་སྭཱ་ཧཱ་སྦྱར་བས་སངས་རྒྱས་རྣམས་ཀྱང་བསྐྲོད་པར་ནུས་པའི་སྔགས། ཨོཾ་ཁཾ་སྭཱ་ཧཱ་ཞེས་པ་འགྲུབ་བོ། །དུ་བའི་མདོག་ཅན་གསུམ་བཟླས་ནས་ལས་ལ་སྦྱར་བ་གོང་ལྟར་རོ། །ཤེས་རབ་ཅན་མ་ཞེས་བདག་མེད་མ་ལ་འབོད་པའོ། །བཞིང་པ་སྡང་བར་བྱེད་པའི་སྔགས་ནི། དང་པོར་རྣམ་པར་སྣང་མཛད་སྦྱིན། །གཉིས་པ་ཡི་ནི་གསུམ་པ་ལ། །ར་དང་ལྡན་ཞིང་ཆུ་མས་བརྒྱན། །སྟོང་བཅས་སྭཱ་ཧཱ་ཡང་དག་ལྡན། །མི་རྣམས་ཐམས་ཅད་སྡང་བར་བྱེད། །ཅེས་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་སྦྱིན། དེ་ནས་སྡེ་ཚན་གཉིས་པ་ཙ་སྡེ་ཡི་ནི་ཡི་གེ་གསུམ་པ་ཛ་ལ་འོག་ཏུ་ར་དང་ལྡན་པར་བྱ་ཞིང་། ཛྲ་ཞེས་ས་ལ་ཆུ་མའི་ས་བོན་ཨིས་བརྒྱན་ཏེ་སྟོང་པ་ཐིག་ལེ་དང་བཅས་པའི་མཐར་སྭཱ་ཧཱ་ཡང་དག་པར་ལྡན་པ་ནི་མི་རྣམས་ཐམས་ཅད་སྡང་བར་སྟེ་འབྱེད་པར་བྱེད་པའི་སྔགས། ཨོཾ་ཛྲཱིཾ་སྭཱ་ཧཱ་ཞེས་པ་འགྲུབ་སྟེ་མདོག་ནག་པོའོ། །མངོན་སྤྱོད་ཆེན་


KMC011_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྔགས་ནི། དང་པོར་ཡི་གེའི་དབང་ཕྱུག་གཞག །ལྔ་པ་ཉིད་ཀྱི་གསུམ་པ་ལ། །སྟོང་པ་མཁའ་འགྲོ་མ་དང་ལྡན། །མཐར་ནི་སྭཱ་ཧཱ་མངོན་སྤྱོད་ཆེ། །ཅེས་གསུངས་ཏེ། དང་པོར་ཡི་གེ་ཐམས་ཅད་ཀྱི་དབང་ཕྱུག་ཨོཾ་བཞག་ནས་སྡེ་ཚན་ལྔ་པ་པ་སྡེ་ཉིད་ཀྱི་གསུམ་པ་བ་ལ་སྟོང་པ་ཐིག་ལེས་སྟེང་དུ་བརྒྱན། མཁའ་འགྲོ་མའི་ས་བོན་ཨུ་ཞབས་ཀྱུར་ལྡན་པའི་མཐར་ནི་སྦྱར་བས་རིམས་ཀྱིས་འདེབས་པའི་མངོན་སྤྱོད་ཆེན་པོའི་སྔགས། ཨོཾ་བུཾ་སྭཱ་ཧཱ་ཞེས་པ་འགྲུབ་སྟེ་མདོག་ནག་པོའོ། །དྲུག་པ་འགུགས་པར་བྱེད་པའི་སྔགས་ནི། ཡང་ནི་ཡི་གེའི་ཐུ་བོ་སྦྱིན། །ཧཱུྃ་ནི་ཁྲག་དང་འདྲ་བ་ཡི། །མཐར་ནི་སྭཱ་ཧཱ་ཐིག་ལེ་མཆོག །དགའ་བཟང་མ་སོགས་རྟག་ཏུ་འགུགས། །ཞེས་གསུངས་ཏེ། ཡང་ནི་ཡི་གེའི་ཐུ་བོ་ཨོཾ་སྦྱིན་ཞིང་དེ་ནས་ཧཱུྃ་ནི་ཁྲག་དང་འདྲ་བའི་དམར་པོའི་མཐར་ནི་སྭཱ་ཧཱ་བཀོད་པས། བརྒྱ་བྱིན་གྱི་ཆུང་མ་ལྷ་མོ་ཐིག་ལེ་མཆོག་མ་དང་། བདུད་སྡིག་ཅན་གྱི་ཆུང་མ་དགའ་བ་བཟང་མོ་མ་ལ་སོགས་པའི་བསྒྲུབ་བྱ་དུས་རྟག་ཏུ་འགུགས་པར་བྱེད་ནུས་པའི་སྔགས། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་འགྲུབ་པར་འགྱུར་རོ། །བདུན་པ་གསོད་པར་བྱེད་པའི་སྔགས་ནི། གཏི་མུག་


KMC011_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནི་དང་པོར་སྦྱིན། །གྷུཿནི་ཡང་དག་རབ་ཏུ་སྦྱར། །མཐར་ནི་སྭཱ་ཧཱ་ཡང་བྱས་ན། །ལྷ་དང་མི་རྣམས་གསོད་པར་བྱེད། །ཅེས་གསུངས་ཏེ། གཏི་མུག་རྣམ་པར་དག་པའི་རིགས་རྣམ་སྣང་གི་ས་བོན་ཨོཾ་ནི་དང་པོར་སྦྱིན། དེ་ནས་གྷུཿཡིག་ཚེག་དྲག་དང་བཅས་པ་ནི་ཡང་དག་པར་རབ་ཏུ་སྦྱར་བའི་མཐར་ནི་སྭཱ་ཧཱ་ཞེས་པ་ཡང་བྱས་ན་ལྷ་དང་ལྷ་མིན་མི་རྣམས་ཀྱང་གསོད་པར་བྱེད་པའི་སྔགས། ཨོཾ་གྷུཿསྭཱ་ཧཱ་ཞེས་པ་འགྲུབ་སྟེ་མདོག་ནག་པོའོ། །དེ་དག་ཐམས་ཅད་ཐོག་མར་འབུམ་ཕྲག་གཅིག་བསྙེན་ནས་ལས་ལ་སྦྱོར་བ་མཐུན་ནོ། །བརྒྱད་པ་ཀུ་རུ་ཀུལླེའི་སྔགས་ནི། དང་པོར་རྣམ་པར་སྣང་མཛད་གཞག །དང་པོ་ཉིད་ཀྱི་དང་པོ་ལ། །རྡོ་རྗེ་མཁའ་འགྲོ་མ་དང་སྦྱར། །མཐར་གནས་པ་ཡི་གཉིས་པ་ལ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཡང་ནི་དང་པོའི་རྩེ་མོ་ལ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །མཐར་གནས་པ་ཡི་གསུམ་པ་ལ། །ཡང་ནི་དེ་ཉིད་ཡང་དག་ལྡན། །སྟེང་དུ་ཆོམ་རྐུན་མ་ཡིས་བརྒྱན། །དེ་རྗེས་ཧྲཱིཿཡིས་རྣམ་པར་སྦྱར། །མཐར་ཡང་སྭཱ་ཧཱ་སྦྱོང་བ་ཉིད། །ཀུ་རུ་ཀུལླེའི་སྔགས་སོ། །ཞེས་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་བཞག་


KMC011_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྡེ་ཚན་དང་པོ་ཀ་སྡེ་ཉིད་ཀྱི་ཡི་གེ་དང་པོ་ཀ་ལ་རྡོ་རྗེ་མཁའ་འགྲོ་མའི་ས་བོན་ཨུ་ཞབས་ཀྱུ་དང་སྦྱར་ལ་མཐར་གནས་པའི་ཡི་གེ་གཉིས་པ་ར་ལ་རྡོ་རྗེ་མཁའ་འགྲོ་མ་ཨུ་ཞབས་ཀྱུ་དང་ལྡན་པར་བྱས་ལ། ཡང་ནི་སྡེ་ཚན་དང་པོའི་རྩེ་མོ་ན་ཡོད་པའི་ཀ་ལ་རྡོ་རྗེ་མཁའ་འགྲོ་མ་ཨུ་ཞབས་ཀྱུ་དང་ལྡན་ཞིང་དེ་ནས་མཐར་གནས་པའི་གསུམ་པ་ལ་ལ་ཡང་ནི་ལ་དེ་ཉིད་བརྩེགས་པ་དང་ཡང་དག་པར་ལྡན་པ་སྟེ་ལ་ཉིས་བརྩེགས་ཀྱི་སྟེང་དུ་ཆོམ་རྐུན་མའི་ས་བོན་ཨི་ཡིས་བརྒྱན་པས་ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཞེས་པས་འགྲེང་བུར་འགྱུར་ཞིང་། དེ་རྗེས་ཧྲཱིཿཚེགས་དྲག་དང་བཅས་པ་ཡི་རྣམ་པ་སྦྱར་བའི་མཐར་ཡང་སྭཱ་ཧཱ་སྤྱོད་པ་སྟེ་སྦྱར་བ་ཉིད་དུ་བྱས་པས་ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ། ཞེས་པ་ཀུ་རུ་ཀུལླེའི་སྔགས་འགྲུབ་བོ། །གཉིས་པ་ཧེ་རུ་ཀ་བཞིའི་སྔགས་བཏུ་བ་ལ་བཞི། དང་པོ་ཀྱེ་རྡོ་རྗེའི་སྙིང་པོའི་སྔགས་བཏུ་བ་ནི། ཨོཾ་ནི་དང་པོ་བཞི་པ་ཡི། །གསུམ་པ་ཆོམ་རྐུན་མ་ཡིས་བརྒྱན། །མཐར་གནས་པ་ཡི་བཞི་པ་ལ། །པི་ཙུ་བཛྲ་སྦྱར་བ་དང་། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱི་ཡིས་རྣམ་པར་བརྒྱན། །སྟོང་པས་མནན་ཞིང་སུམ་འགྱུར་ཉིད། །


KMC011_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཡི་ནི་གཉིས་པ་དང་། །གསུམ་པའི་དང་པོ་མཐར་སྭཱ་ཧཱ། །ཀྱེ་ཡི་རྡོ་རྗེའི་སྙིང་པོའོ། །ཞེས་གསུངས་ཏེ། ཨོཾ་ནི་དང་པོར་བཞག་ཅིང་། སྡེ་ཚན་བཞི་པ་ཏ་སྡེའི་ཡི་གེ་གསུམ་པ་ད་ལ་ཆོམ་རྐུན་མའི་ས་བོན་ཨེ་ཡིས་བརྒྱན་ཅིང་དེ་ནས་མཐར་གནས་པའི་བཞི་པ་ཝ་ལ་མཐར་པི་ཙུ་བཛྲ་སྦྱར་བ་དང་། དེ་ནས་ཨུཥྨ་སྟེ་དྲོ་བ་རྣམས་ཀྱི་བཞི་པ་ཧ་ལ་པུཀྐ་སཱིའི་ས་བོན་ཨཱུ་ཡིས་ནི་ཞབས་ཀྱུར་རྣམ་པར་བརྒྱན། སྟོང་པའི་ཡི་གེ་ཐིག་ལེས་མནན་ཞིང་དེ་དག་སུམ་འགྱུར་ཉིད་དེ། གསུམ་ཚན་གཅིག་གི་རྗེས་སུ་སྡེ་ཚན་ལྔ་པ་ཡི་ནི་ཡི་གེ་གཉིས་པ་ཕ་དང་སྡེ་ཚན་གསུམ་པའི་ཡི་གེ་དང་པོ་ཊ྄་སྲོག་མེད་སྦྱར་བའི་མཐར་སྭཱ་ཧཱ་བཀོད་པས། ཀྱཻ་རྡོ་རྗེའི་སྟེ་ཕྱག་བཅུ་དྲུག་པའི་སྙིང་པོ་ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་འགྲུབ་བོ། །གཉིས་པ་ཕྱག་བཞི་པའི་སྔགས་བཏུ་བ་ནི། སྣང་མཛད་དང་པོ་ཛྭ་ལ་གཉིས། །སྦྱར་ནས་ལྔ་པའི་བཞི་པ་ལ། །མཐར་གནས་རྣམས་ཀྱི་དང་པོར་ལྡན། །གྷསྨ་རཱིས་ནི་རྣམ་པར་བརྒྱན། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །སྟོང་པས་མནན་ཞིང་སུམ་འགྱུར་ཉིད། །ལྔ་པ་ཡི་ནི་གཉིས་པ་དང་། །གསུམ་པའི་དང་


KMC011_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐར་སྭཱ་ཧཱ། །ཕྱག་བཞི་པའི་སྔགས་སོ། །ཞེས་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་དང་པོར་དགོད་ཅིང་ཛྭ་ལ་ལན་གཉིས་སྦྱར་ནས་སྡེ་ཚན་ལྔ་པའི་ཡི་གེ་བཞི་པ་བྷ་ལ་མཐར་གནས་རྣམས་ཀྱི་དང་པོ་ཡ་བཏགས་པ་དང་ལྡན་པ་ལ་གྷསྨ་རཱིའི་ས་བོན་ཨོཾ་ནི་ན་རོར་རྣམ་པར་བརྒྱན་པའི་མཐར་ཨུཥྨ་རྣམས་ཀྱི་བཞི་པ་ཧ་ལ་རྡོ་རྗེ་མཁའ་འགྲོ་མའི་ས་བོན་ཨུ་ཡིས་ཞབས་ཀྱུར་བརྒྱན་ཏེ། སྟོང་པའི་ཡི་གེ་ཐིག་ལེས་སྟེང་ནས་མནན་ཞིང་སུམ་འགྱུར་ཞེས་པས་གསུམ་བསྒྲིགས་པ་ཉིད་ལྔ་པ་ཡི་ནི་གཉིས་པ་སོགས་ཕཊ་སྭཱ་ཧཱ་སྔར་བཞིན་བྲིས་པས་ཧེ་རུ་ཀ་ཕྱག་བཞི་པའི་སྔགས། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་འགྲུབ་བོ། །གསུམ་པ་ཕྱག་དྲུག་པའི་སྔགས་བཏུ་བ་ནི། དང་པོར་རྣམ་སྣང་དང་པོ་ཡི། །དང་པོ་ནང་གི་དཀར་མོས་བརྒྱན། །གསུམ་པ་ཉིད་ཀྱི་དང་པོ་ལ། །ནང་གི་དཀར་མོས་རྣམ་པར་བརྒྱན། །ཉིས་འགྱུར་ལྔ་པའི་གསུམ་པ་དང་། །གཉིས་པའི་གསུམ་པ་མེ་ཡིས་བརྒྱན། །ཧཱུྃ་གི་རྣམ་པ་གསུམ་སྦྱར་ནས། །ལྔ་པ་ཉིད་ཀྱི་གཉིས་པ་དང་། །གསུམ་པའི་དང་པོ་མཐར་སྭཱ་ཧཱ། །ཕྱག་དྲུག་པའི་སྔགས་སོ། །ཞེས་


KMC011_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། དང་པོར་རྣམ་སྣང་ས་བོན་ཨོཾ་བཀོད་ནས་སྡེ་ཚན་དང་པོའི་ཡི་གེ་དང་པོ་ཀ་ལ་ནང་གི་དཀར་མོའི་ས་བོན་ཨིས་གི་གུར་བརྒྱན། སྡེ་ཚན་གསུམ་པ་ཉིད་ཀྱི་དང་པོ་ཊ་ལ་ནང་གི་དཀར་མོའི་ས་བོན་ཨིས་རྣམ་པར་བརྒྱན་པས་ཀི་ཊི་ཞེས་པར་འབྱུང་ཞིང་། དེ་ཉིས་འགྱུར་དུ་བྱས་པས་ཀི་ཊི་ཀི་ཊི་ཞེས་པར་འགྱུར་ལ། དེ་ནས་སྡེ་ཚན་ལྔ་པའི་ཡི་གེ་གསུམ་པ་བ་བཀོད་པ་དང་། སྡེ་ཚན་གཉིས་པའི་ཡི་གེ་གསུམ་པ་ཛ་ལ་མེའི་ས་བོན་ར་ཡིས་བརྒྱན་པ་དང་སྦྱར་བས་བཛྲ་གྱི་མཐར་ཧཱུྃ་གི་ཡི་གེ་རྣམ་པ་གསུམ་སྦྱར་ནས་ལྔ་པ་ཉིད་ཀྱི་སོགས་སྔར་བཞིན་ཕཊ་དང་སྭཱ་ཧཱ་མཐའ་མར་སྦྱར་བས། ཧེ་རུ་ཀ་ཕྱག་དྲུག་པའི་སྔགས་ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་འགྲུབ་བོ། །བཞི་པ་ཕྱག་གཉིས་པའི་སྔགས་བཏུ་བནི། དང་པོར་རྣམ་སྣང་བཞི་པ་ཡི། །དང་པོར་བྱིན་ཟ་ཡང་དག་ལྡན། །རོ་ལངས་མ་ཡིས་རྣམ་པར་བརྒྱན། །མཐར་གནས་པ་ཡི་གསུམ་པ་ལ། །གྷསྨ་རཱི་ཡིས་རྣམ་པར་བརྒྱན། །དང་པོ་ཡི་ནི་དང་པོ་ལ། །མཐར་གནས་པ་ཡི་དང་པོ་དང་། །རྡོ་རྗེ་མ་ཡིས་རྣམ་པར་བརྒྱན། །ཀྵ་ནི་ཆོམ་རྐུན་མ་ཡིས་བརྒྱན། །ལྔ་པ་ཉིད་ཀྱི་དང་པོ་དང་། །ཨུཥྨ་


KMC011_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན། །སྟོང་པས་མནན་ཅིང་སུམ་འགྱུར་ཏེ། །ཕཊ་དང་མཐར་ནི་སྭཱ་ཧཱ་ཉིད། །ཕྱག་གཉིས་པའི་སྔགས་སོ། །ཞེས་གསུངས་ཏེ། དང་པོར་རྣམ་སྣང་ས་བོན་ཨོཾ་བཀོད་དེ་སྡེ་ཚན་བཞི་པའི་ཡི་གེ་དང་པོ་ཏ་ལ་བྱིན་ཟའི་ས་བོན་ར་སྦྱར་བ་དང་ཡང་དག་པར་ལྡན་ཞིང་། རོ་ལངས་མའི་ས་བོན་ཨཻ་ཡིས་རྣམ་པར་བརྒྱན། མཐར་གནས་པའི་གསུམ་པ་ལ་ཡིག་ལ་གྷསྨ་རཱིའི་ས་བོན་ཨོ་ཡིས་ན་རོས་རྣམ་པར་བརྒྱན། སྡེ་ཚན་དང་པོའི་ཡི་གེ་དང་པོ་ཀ་ལ་མཐར་གནས་པའི་ཡི་གེ་དང་པོ་ཡ་བཏགས་པ་དང་དེ་ལ་རྡོ་རྗེའི་ས་བོན་ཨཱ་ཡིས་རྣམ་པར་བརྒྱན་པ་སྟེ། རིང་པོའི་རྣམ་པར་སྦྱར་བས་བོད་ཡིག་ལ་ཀྱཱ་ཞེས་པ་དང་། དེ་ནས་ཀྵའི་ཡི་གེ་ནི་ཆོམ་རྐུན་མའི་ས་བོན་ཨེ་ཡིས་བརྒྱན་པ་དང་། སྡེ་ཚན་ལྔ་པ་ཉིད་ཀྱི་དང་པོ་པ་དང་དེ་ནས་ཨུཥྨ་རྣམས་ཀྱི་བཞི་པ་སོགས་སྔར་བཞིན་བསྒྲུབས་པའི་ཧཱུྃ་གསུམ་དང་ཕཊ་དང་དེ་ཡི་མཐར་ནི་སྭཱ་ཧཱ་ཉིད་བཀོད་པས་ཧེ་རུ་ཀ་ཕྱག་གཉིས་པའི་སྔགས། ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་འགྲུབ་བོ། །གསུམ་པ་གྲོང་ཁྱེར་དཀྲུགས་པའི་སྔགས་བཏུ་བ་ནི། བདག་མེད་


KMC011_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་དང་པོ་དང་། །གཉིས་པ་ཉིད་ཀྱི་དང་པོ་དང་། །གསུམ་པ་ཡི་ནི་དང་པོ་དང་། །བཞི་པ་ཉིད་ཀྱི་དང་པོ་དང་། །ལྔ་པ་ཡི་ནི་དང་པོ་དང་། །མཐར་གནས་ཀྱི་ནི་དང་པོ་དང་། །ཨུཥྨ་རྣམས་ཀྱི་དང་པོ་ཉིད། །དང་པོར་རྣམ་སྣང་མཐར་སྭཱ་ཧཱ། །གྲོང་ཁྱེར་དཀྲུགས་པའི་སྔགས་ཀྱི་བཟླས་པ་ནི་འབུམ་མོ། །ཞེས་གསུངས་ཏེ། བདག་མེད་མའི་ས་བོན་ཨ་དང་སྡེ་ཚན་དང་པོའི་ཡི་གེ་དང་པོ་ཀ་དང་དེ་བཞིན་དུ་གཉིས་པ་ཉིད་ཀྱི་དང་པོ་ཙ་དང་གསུམ་པའི་ནི་དང་པོ་ཊ་དང་བཞི་པ་ཉིད་ཀྱི་དང་པོ་ཏ་དང་ལྔ་པའི་ནི་དང་པོ་པ་དང་མཐར་གནས་ཀྱི་ནི་དང་པོ་ཡ་དང་ཨུཥྨ་རྣམས་ཀྱི་དང་པོ་ཤ་ཉིད་བསྒྲིགས་པའི་དང་པོར་རྣམ་སྣང་གི་ས་བོན་ཨོཾ་དང་ཐ་མར་སྭཱ་ཧཱ་བཀོད་པས་གྲོང་ཁྱེར་དཀྲུག་པའི་སྔགས། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ་ཞེས་པ་གྲུབ་སྟེ། ལས་ལ་སྦྱོར་བའི་དུས་སུ་བཟླས་པ་ནི་འབུམ་མོ། །བཞི་པ་ས་སྦྱོང་བའི་བསྔགས་བཏུ་བ་ནི། མཐར་གནས་རྣམས་ཀྱི་གཉིས་པ་དང་། །ཀྵ་ཡི་རྣམ་པ་ཉིས་འགྱུར་ཉིད། །ཧཱུྃ་གི་རྣམ་པ་གསུམ་དང་ལྡན། །དང་པོར་རྣམ་སྣང་ཕཊ་ཉིད་ཀྱི། །རྣམ་པ་ནང་བཅུག་མཐར་སྭཱ་ཧཱ། །ས་སྦྱོང་བའི་སྔགས་སོ། །ཞེས་གསུངས་ཏེ།


KMC011_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གནས་རྣམས་ཀྱི་ཡི་གེ་གཉིས་པ་ར་དང་སྦྱར་བའི་ཀྵའི་རྣམ་པ་ཉིས་འགྱུར་ཉིད་དེ། རཀྵ་ལན་གཉིས་ཀྱི་རྗེས་སུ་ཧཱུྃ་གི་རྣམ་པ་ལན་གསུམ་དང་ལྡན་པ་དེ་དག་གི་དང་པོར་རྣམ་སྣང་ཨོཾ་དང་མཐའ་མར་ཕཊ་ཉིད་ཀྱི་རྣམ་པ་ཐོག་མཐར་བྱས་པའི་ནང་དུ་སྔགས་གཞན་རྣམས་བཅུག་ཕཊ་ཀྱི་མཐར་སྭཱ་ཧཱ་བཀོད་པས། ས་སྦྱོང་བའི་སྔགས། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་འགྲུབ་བོ། །ལྔ་པ་བཟའ་བཏུང་བྱིན་གྱིས་བརླབ་པའི་སྔགས་བཏུ་བ་ནི། དང་པོར་རྣམ་སྣང་དེ་རྗེས་སུ། །རྡོ་རྗེ་མ་ཡི་མཐའ་རུ་ྃཧཱུ། །བཟའ་བ་དང་བཏུང་བ་བྱིན་གྱིས་བརླབ་པའོ། །ཞེས་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཉིད་ཀྱི་ས་བོན་ཨོཾ་བྱིན་པ་དེའི་རྗེས་སུ་རྡོ་རྗེ་མའི་ས་བོན་ཨཱ་དང་མཐའ་ཞེས་པའི་སྒྲ་དབྱངས་ཡིག་རྣམས་ཀྱི་མཐའ་རུ་འབྱུང་བའི་ཚེག་དྲག་སྟོན་པར་མི་ཐུབ་ཟླ་བས་བཤད་པས་དེ་བཀོད་ཅིང་དེ་རུ་ཧཱུྃ་བཀོད་པས། བཟའ་བ་དང་བཏུང་བ་བྱིན་གྱིས་བརླབ་པའི་སྔགས། ཨོཾ་ཨཱཿཧཱུྃ་གྲུབ་བོ། །དྲུག་པ་འབྱུང་པོ་ཐམས་ཅད་པའི་གཏོར་སྔགས་བཏུ་བ་ནི། དང་པོར་རྣམ་པར་སྣང་མཛད་ཉིད། །དེ་རྗེས་ཨ་ཀཱ་རོ་མུ་ཁཾ། །ཨུཥྨ་རྣམས་ཀྱི་གསུམ་


KMC011_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །མཐར་གནས་པ་ཡི་བཞི་པ་ཉིད། །སྟེང་དུ་མེ་ཡིས་རྣམ་པར་བརྒྱན། །དྷརྨཱ་ནཱཾ་དེ་རྗེས་རྡོ་རྗེ་མ། །བྱིན་ལ་དྱཱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །ཞེས་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཉིད་ཀྱི་ས་བོན་ཨོཾ་བྱིན་ནས་དེའི་རྗེས་ལ་ཨ་ཀཱ་རོ་མུ་ཁཾ་ཞེས་པ་དང་། དེ་ནས་ཨཱུཥྨ་རྣམས་ཀྱི་གསུམ་པ་ས་དང་མཐར་གནས་པའི་བཞི་པ་བ་ཉིད་སྟེང་དུ་མེའི་ས་བོན་གྱི་རྣམ་པ་ར་ཡིས་བརྒྱན་པ་ལ་དྷརྨ་ནཱཾ་སྦྱོར་ནས་དེ་ཡི་རྗེས་རྡོ་རྗེ་མའི་ས་བོན་ཨཱ་བྱིན་ལ་སླར་ཡང་དྱཱ་ནུ་ཏྤནྣ་ཏྭཱ་ཏྲཱ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། རྣམས་རིམ་པར་བྲིས་པ་ནི། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་བྱེད་པའི་སྔགས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱཱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་འགྲུབ་བོ། །གཉིས་པ་ལེའུའི་མཚན་ནི། ཀྱེའི་རྡོ་རྗེ་ལས་སྔགས་བཏུ་བ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེའི་རྒྱུད་གསུམ་དང་ཐབས་ཤེས་ཟུང་དུ་འཇུག་པ་ལས། ལེའུ་གཉིས་པར་གསུངས་པའི་སྔགས་རྣམས་བཏུ་བ་གཙོ་བོར་གྱུར་པའི་ཁ་སྦྱོར་འབྱེད་པ་དང་རྣམ་དག་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། དགུ་པའི་ཚིག་དོན་གྱི་རྣམ་པར་བཤད་


KMC011_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།བཅུ་པ་བཟླས་པའི་ལེའུ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། དགུ་པར་བཟླ་བྱ་སྔགས་གསུངས་ཀྱང་བཟླས་པའི་ཡུལ་ཕྲེང་བ་དང་ཁ་ཟས་མ་གསུངས་པས། དེའི་དེ་མ་ཐག་ཏུ་དེ་སྟོན་པར་བྱེད་པའི་ལེའུ་འདི་གསུང་བར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། བཟླས་པའི་ཕྲེང་བ་སོགས་སྟོན་པས་གཙོ་བོར་བསྐྱེད་རིམ་དང་། འབྲས་རྒྱུད་ཀྱི་དངོས་གྲུབ་སྒྲུབ་པ་དང་འབྲེལ་ལོ། །འདིས་ནི་བརྟག་པ་དང་པོའི་ལེའུ་གཉིས་པར་གསུངས་པའི་མཁའ་འགྲོ་མ་བདུན་གྱི་ལས་བསྒྲུབ་པ་དང་ཆར་འབེབས་པ་སོགས་ཀྱི་ཚེ་བཟླས་པའི་བགྲང་ཕྲེང་བཟུང་བ་དང་། ཁ་ཟས་ལས་དང་མཐུན་པ་གང་བཟའ་བ་ཁ་སྐོང་བར་རྗེ་མར་པས་བཞེད་དོ། །འདི་ལ་གསུམ། བཤད་པར་ཞལ་གྱིས་བཞེས་པ། ལེའུའི་གཞུང་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། །བདག་མེད་ཙུམྦ་ན་མཛད་ནས། །བཟླས་པའི་ཡུལ་ནི་རབ་ཏུ་དབྱེ། །ཞེས་གསུངས་ཏེ། སྔགས་བཏུ་བ་ལ་སོགས་པ་བསྟན་པའི་རྗེས་དེ་ནས་འཁོར་འདས་ཀྱི་ཆོས་ཀུན་བདེ་


KMC011_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་ཡེ་ཤེས་སུ་སྡོམ་པས་ཟུང་དུ་འཇུག་པའི་ངོ་བོར་གཅིག་ཏུ་གྱུར་པའི། རྡོ་རྗེ་མི་ཕྱེད་པ་དང་སེམས་དཔའ་སྲིད་པ་གསུམ་གཅིག་པ་ཞེས་བྱ་བས་འདི་སྐད་དུ་གསུངས་སོ། །ཇི་ལྟར་གསུངས་ཞེ་ན། ཤེས་རབ་དང་ཁ་སྦྱོར་དུ་སྟོན་པའི་ཆེད་དུ་བདག་མེད་མ་དང་ཙུམྦ་ན་མཛད་ནས། བཏུས་པའི་སྔགས་ཀྱི་བཟླས་པའི་དངོས་གྲུབ་ཀྱི་ཡུལ་ཕྲེང་བ་ནི་ལས་སོ་སོ་ལ་རབ་ཏུ་དབྱེ་ཞིང་གསལ་བར་མཛད་པའོ། །གཉིས་པ་ལ་གཉིས། ལས་དང་མཐུན་པའི་བགྲང་ཕྲེང་། ལས་སོ་སོའི་དུས་ཀྱི་བཟའ་བ་སྟོན་པའོ། དང་པོ་ནི། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །དབང་ལ་ཙནྡན་དམར་པོ་ཉིད། །ལུང་ཐང་གི་ནི་མངོན་སྤྱོད་ཉིད། །ནི་རཾ་ཤུས་ནི་སྡང་བ་ལ། །རྟ་ཡི་རུས་པས་སྐྲོད་པ་ཉིད། །བྲམ་ཟེའི་རུས་པས་དགུག་པ་ཉིད། །གླང་པོའི་རུས་པས་ཆར་པ་ལ། །མ་ཧེ་ཡིས་ཀྱང་གསད་པ་ལ། །ཞེས་གསུངས་ཏེ། དེའང་ལས་སྒྲུབ་པ་སོ་སོའི་ཕྲེང་བའི་ཁྱད་པར་ནི། ཤེལ་ཟླ་བའི་འོད་ལྟར་དཀར་ཞིང་སྲ་བའི་རང་བཞིན་གྱིས་བསྒྲུབ་བྱ་རེངས་པར་བྱེད་པའི་བཟླས་པ་ལས་དང་རྗེས་སུ་མཐུན་པ་ཉིད་དང་། གཞན་དབང་དུ་བྱེད་པ་ལ་ཙནྡན་དགའ་བར་བྱེད་


KMC011_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དམར་པོ་ཆགས་པའི་ངོ་བོ་ཅན་གྱི་ལས་དང་མཐུན་པ་ཉིད་ལ། ལུང་ཐང་ཁ་དོག་ནག་པོ་དག་གིས་ནི་དྲག་པོའི་ལས་མངོན་སྤྱོད་དང་ཚུལ་མཐུན་པ་ཉིད་དང་། ནི་རངྴུ་འོད་མེད་དེ་མིའི་རུས་པའི་ཕྲེང་བས་ནི་དབྱེ་ཞིང་སྡང་བ་ལ་ཤིས་སོ། །ཡུལ་ཀུན་ཏུ་འཁྱམས་ཤིང་མི་སྡོད་པར་འགྲོ་བས་རྟའི་རུས་པའི་ཕྲེང་བས་སྐྲོད་པ་ཉིད་ཀྱི་ལས་དང་། སློབ་དཔོན་ཌྷཾ་ག་ད་ཤས་བྲམ་ཟེ་དེ་བཞིན་གཤེགས་པའི་རིགས་སུ་གསུངས་པས་དེའི་རུས་པའི་ཕྲེང་བས་ཕ་རོལ་དགུག་པ་ཉིད་ཀྱི་ལས་ཀྱི་ཡུལ་དུ་བཤད་དོ། །གླང་པོ་ཆེའི་མཆེ་བ་སོགས་ཀྱི་རུས་པའི་ཕྲེང་བ་ཆར་འབེབས་པ་ལ་བསྔགས་ཏེ། ཆུའི་ཁམས་ཤས་ཆེ་བ་ཡིན་པས་སོ། །མ་ཧེ་ཞེ་སྡང་ཆེ་བས་དེའི་རུས་པ་ཡི་ཕྲེང་བས་ཀྱང་དགྲ་བསད་པའི་ལས་སྦྱོར་ལ་འགྲུབ་སླའོ། །འདིའི་ངེས་པའི་དོན་ཀྱང་དཔལ་ནཱ་རོ་པས་ཁ་སྦྱོར་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པ་ནང་གི་རྩ་རླུང་གི་སྦྱོར་བ་ཉིད་དུ་གསུངས་ཏེ། པདྨར་རྡོ་རྗེ་རབ་གཞུག་པ། །སྐུད་པ་ཁ་སྦྱར་དབུས་ཉིད་དུ། །ཐམས་ཅད་དེ་ཉིད་བསྒོམས་པ་ཡིས། །ཕྲེང་བ་རབ་ཏུ་གནས་པར་བྱ། །སྔགས་ཀྱི་དེ་ཉིད་


KMC011_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ནི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྟོག་གེ་པ་ཡིས་མི་ཤེས་ཤིང་། །རྣལ་འབྱོར་པ་ཡི་སྤྱོད་ཡུལ་ཡིན། །ཅེས་གསུངས་པ་དང་། ཁ་སྦྱོར་དྲི་མེད་ལས་ཤེལ་འོད་གསལ་གཡོ་བ་མེད་པ། དབང་ཙན་དན་རྗེས་སུ་ཆགས་པ། ལུང་ཏང་ཡང་དག་པར་རྫོགས་པའི་བྱང་ཆུབ། མངོན་སྤྱོད་རྣམ་པ་ཐམས་ཅད་མཁྱེན་པ། ནི་རཾ་ཤུ་ཡེ་ཤེས་ཏེ་སྟོང་ཉིད་བཅུ་དྲུག །སྡང་བ་རྡོ་རྗེ་འཛིན་པ། རྟ་དོན་ཡོད་གྲུབ་པ་རླུང་རྡོ་རྗེ། དེའི་རུས་པ་འོད་ཟེར། བྲམ་ཟེའི་ངེས་ཚིག་བྲཧྨ་མྱ་ངན་ལས་འདས་པའི་དོན། དགུག་པ་དེ་རྟོགས་པར་གྱུར་པ། གླང་པོ་འོད་དཔག་མེད། དོན་གྲུབ་དབྱེར་མེད་ཀྱི་ཡེ་ཤེས། ཆར་བྱང་ཆུབ་ཀྱི་སེམས། མ་ཧེ་ཆོས་དབྱིངས་ཡེ་ཤེས་ཏེ་ཞེ་སྡང་དག་པ། དབང་ཡུལ་མི་རྟོག་པས་བསད་པའི་དོན་དུ་ལེགས་པར་བཤད་དོ། །གཉིས་པ་ནི། རེངས་པར་འོ་མའི་བཏུང་བ་ཉིད། །དབང་ལ་རང་གིས་འདུན་པས་སྤྱད། །གསད་པ་ལ་ནི་སིཧླ་ཉིད། །དགུག་པ་ལ་ནི་བཞི་མཉམ་ཉིད། །སྡང་ལ་སཱ་ལུ་སྐྱེས་པས་བརྗོད། །བསྐྲད་པ་ཉིད་ལ་གླ་རྩིར་བརྗོད། །ཡང་ན་མཐའི་ཤྭ་དང་། དང་པོའི་ཤྭ་དང་། ན་དང་པོ་དང་། ག་དང་པོ་དང་། ཧ་དང་པོ་ཉིད་


KMC011_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་བཞིན་ནོ། །ཞེས་གསུངས་ཏེ། ལས་བྱེ་བྲག་པ་དེ་དག་བསྒྲུབ་པའི་དུས་སུ་བཟའ་བཏུང་གང་ཤིས་སྙམ་ན། རེངས་པའི་ལས་གྲུབ་པའི་ཚེ་འོ་མའི་བཏུང་བ་ཉིད་དང་། དབང་སྒྲུབ་པ་ལ་ཇི་ལྟར་བཟའ་བཏུང་འདོད་པ་སྒྲུབ་པ་པོ་རང་གི་འདུན་པས་གང་མོས་པ་བཞིན་སྤྱད་ལ། བསད་པའི་ལས་བསྒྲུབ་པ་ལ་ནི་སིཧླ་རྡུལ་སོགས་ཁྲག་གི་བཏུང་བ་ཉིད་དང་། དགུག་པ་ལ་ཁ་དོག་དྲི་རོ་ནུས་པ་བཞི་པོ་ཆ་མཉམ་པའི་དྲི་ཆེན་གྱི་བཟའ་བ་ཉིད་དང་། སྡང་བ་སྒྲུབ་པ་ལ་སཱ་ལུ་སྐྱེས་མིའི་ཤ་ཆེན་གྱི་བཟའ་བར་བརྗོད་ཅིང་། བསྐྲད་པ་ཉིད་ཀྱི་བསྒྲུབ་པ་ལ་གླ་རྩི་སྟེ་དྲི་ཆུའི་བཏུང་བར་བརྗོད་དོ། །ཡང་ན། རེངས་པ་ལ་མཐའི་ཤྭ་ནི་ཨ་ཤྭ་སྟེ་རྟའི་ཤ་དང་། དབང་ལ་དང་པོའི་ཤྭ་ནི་ཤྭ་ན་སྟེ་ཁྱིའི་ཤ་དང་། བསད་པ་ལ་ན་དང་པོ་ནི་ན་ར་སྟེ་མིའི་ཤ་དང་། དགུག་པ་ལ་གི་དང་པོ་ག་ཝི་སྟེ་བ་ལང་གི་ཤ་དང་། སྡང་བ་ལ་ཧ་དང་པོ་ནི་ཧསྟི་སྟེ་གླང་པོ་ཆེའི་ཤ་རྣམས་ཉིད་ཀྱང་བཟའ་བའི་ཚུལ་སྔ་མ་དེ་བཞིན་ནོ་ཞེས་སོ། །ནང་ལྟར་ན། ལྷན་སྐྱེས་ཀྱི་རྟོག་པ་རྒྱས་པའི་ཆེད་དུ་ཕུང་ཁམས་ཀྱི་དྭངས་མ་བསྟེན་པར་བྱ་བའི་དོན་ཡིན་པར་བཤད་དོ། །གསུམ་པ་


KMC011_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུའི་མཚན་བསྟན་པ་ནི། ཀྱེའི་རྡོ་རྗེ་ལས་བཟླས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །། ཞེས་གསུངས་ཏེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་བདག་ཉིད་ཀྱེའི་རྡོ་རྗེ་ལས། རེངས་པ་དང་དབང་དང་མངོན་སྤྱོད་དང་སྡང་བ་དང་སྐྲོད་པ་དང་དགུག་པ་དང་ཆར་དབབ་པ་དང་བསད་པའི་ལས་བརྒྱད་གཙོ་བོར་གྱུར་པའི་བཟླས་ཡུལ་བགྲང་ཕྲེང་གི་རྒྱུ་དང་བཟའ་བ་བསྟན་པ་སྟེ། ལེའུ་བཅུ་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བཅུ་གཅིག་པ་ལྷན་ཅིག་སྐྱེས་པའི་སྦྱོར་བ་དོན་གྱི་ལེའུ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། ལེའུ་བཅུ་པར་བཟའ་བའི་དམ་ཚིག་གསུངས་ཀྱང་། དེ་སྒྲུབ་པ་པོའི་གང་ཟག་དང་གང་ཟག་དེ་ལ་མི་སྨོད་པའི་དམ་ཚིག་གསལ་བར་མ་གསུངས་པས། དེའི་དེ་མ་ཐག་ཏུ་དེ་དག་གསལ་བར་སྟོན་པའི་ལེའུ་འདི་གསུངས་པར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། རྟེན་གྱི་གང་ཟག་གི་རྟགས་མཚན་དང་ཕྱག་རྒྱ་བསྟེན་ཚུལ་སོགས་སྟོན་པས། རྒྱུའི་རྒྱུད་དང་། དཀྱིལ་འཁོར་འཁོར་ལོའི་རྫོགས་རིམ་དང་། ལམ་གྱི་ཡན་ལག་རྣམས་སུ་འབྲེལ་ལོ། །ལེའུ་འདིས་ནི། བརྟག་པ་དང་པོའི་ལེའུ་ལྔ་པ་ནས་རིགས་ལྔའི་ཕྱག་རྒྱ་མ་ལྔར་གསུངས་


KMC011_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོ་སོའི་རིགས་ཀྱི་མཚན་མ་བརྟག་ཅིང་། ཐབས་ཀྱི་ཁ་དོག་ཞར་བྱུང་དུ་བསྟན་པ་དང་། ལེའུ་ལྔ་པ་དང་བརྒྱད་པར་ཕྱག་རྒྱ་མ་བསྟན་པར་གསུངས་ཀྱང་ལུས་ཀྱི་བྱེད་བཅིངས་མ་བསྟན་པ་ལས། འདིར་དེ་དག་ཁ་བསྐང་ནས་སྟོན་པར་རྗེ་མར་པ་བཞེད་དོ། །འདི་ལ་གསུམ། ཞུས་པ་དང་ལན་གྱིས་མཚམས་སྦྱར་བ། ལེའུའི་གཞུང་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། ཀྱེ་རྡོ་རྗེ་ལ་དམ་འཁྱུད་ཅིང་། །ཚེམས་ཀྱིས་མ་མཆུ་རབ་བཙིར་ནས། །ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་ཞུས་པ། །བྷ་གར་ལིངྒ་བཞག་ནས་ནི། །འཁོར་ལོའི་འདྲེན་པས་འདི་སྐད་གསུངས། །ལུས་ཅན་རང་གི་རིགས་བཤད་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ཞེས་གསུངས་ཏེ། ཐབས་ཤེས་ལྷན་ཅིག་ཏུ་སྐྱེས་པ་མཚོན་པའི་བརྡར་ཡུམ་གྱིས་ཡབ་ཀྱཻ་རྡོ་རྗེ་ལ་དམ་དུ་འཁྱུད་པ་དང་། ཚེམས་ཀྱིས་མ་མཆུ་རབ་ཏུ་བཙིར་ནས་རོལ་པས་མཆོད་ཅིང་ལུས་ཅན་རྣམས་ཀྱི་རིགས་མཚོན་པར་བྱེད་པའི་མཚན་མ་དང་ཁ་དོག་སོགས་གཟུགས་ཀྱི་ཁྱད་པར་གྱི་རྟགས་ཇི་ལྟ་བུ་ལགས་ཞེས་བཅོམ་ལྡན་འདས་དེ་ལ་བདག་མེད་མས་ཞུས་


KMC011_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ཡུམ་གྱི་བྷ་གར་ཡབ་ཀྱི་ལིངྒ་བཞག་ནས་ནི་རྡོ་རྗེ་དང་པདྨ་སྦྱོར་ཞིང་བདེ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་འདྲེན་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཏེ། ལུས་ཅན་སྐྱེས་པ་དང་བུད་མེད་རྣམས་རང་རང་གི་རིགས་རྟགས་རྣམས་བཤད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བདག་ཉིད་བདག་མེད་མ་ལ་ཉོན་ཅིག་ཅེས་བཀའ་སྩལ་པའོ། །གཉིས་པ་ལ་གཉིས། རིགས་ཀྱི་རྟགས་དང་། ལྷན་སྐྱེས་སྐྱེད་པའི་ཐབས་སོ། །དང་པོ་ལ་གསུམ། ཕྱག་མཚན་གྱི་རྟགས། ཁ་དོག་གི་རྟགས། རིགས་ངེས་པའོ། །དང་པོ་ནི། བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །དཔག་མེད་མགོན་གྱི་འདམ་སྐྱེས་ཉིད། །རིན་ཆེན་འབྱུང་གི་རིན་ཆེན་ཉིད། །ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །ཅེས་གསུངས་ཏེ། བུད་མེད་དམ་ནི་ཡང་ན་སྐྱེས་པའི་འགྲོ་བ་གང་གི་སྲིན་ལག་ཅེས་ཐུན་མོང་དུ་སྤྱིར་བསྟན་ཡང་། སློབ་དཔོན་ཌྷཾ་ག་ད་ཤས། བུད་མེད་ཀྱི་ལག་པ་གཡོན་དང་སྐྱེས་པའི་གཡས་ཀྱི་སྲིན་ལག་གི་རྩ་བ་ལ། རྡོ་རྗེ་རྩེ་དགུ་


KMC011_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་མ་སྣང་བར་གྱུར་པ། ཞེས་འཆད་པ་ལྟར། དེ་ནི་མི་བསྐྱོད་པ་ཡི་རིགས་ཏེ་རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཉིད་དོ། །དེས་མཚོན་ཏེ་སྲིན་ལག་གི་རྩ་བར་རྣམ་པར་སྣང་མཛད་ཀྱི་རིགས་ཡིན་ན་རི་མོ་འཁོར་ལོའི་དབྱིབས་སུ་ཡོད་པར་འགྱུར་ཞིང་། འོད་ཀྱི་སྣང་བ་དཔག་ཏུ་མེད་པའི་མགོན་པོ་གང་གི་རིགས་ཀྱི་འདམ་སྐྱེས་ཏེ་པདྨའི་རྣམ་པ་ཉིད་ཡོད་པ་དང་། རིན་ཆེན་འབྱུང་ལྡན་གྱི་རིགས་ལ་རིན་ཆེན་རི་མོ་ཉིད་ཡོད་པ་དང་། ལས་ཀྱི་རིགས་དོན་གྲུབ་ཀྱི་མཚན་མར་རལ་གྲིའི་གཟུགས་ཉིད་ཀྱི་རི་མོས་མཚན་པའོ། །གཉིས་པ་ནི། རྣལ་འབྱོར་པ་གང་ནག་པོ་ཉིད། །དེ་ཡི་ལྷ་ནི་མི་བསྐྱོད་པ། །རྣལ་འབྱོར་པ་གང་དཀར་པོ་ཆེ། །དེ་ཡི་ལྷ་ནི་རྣམ་སྣང་མཛད། །རྣལ་འབྱོར་པ་གང་སྔོ་བསངས་ཆེ། །དེ་ཡི་ལྷ་ནི་དོན་ཡོད་ཉིད། །རྣལ་འབྱོར་པ་གང་སེར་པོ་ཆེ། །རིན་ཆེན་བདག་པོ་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དམར་ཉིད། །འོད་དཔག་མེད་པ་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དང་སེར། །དེ་ནི་སེམས་དཔའི་རིགས་སུ་འགྱུར། །ཅེས་གསུངས་ཏེ། དེ་འདྲ་བའི་རྟགས་མི་གསལ་ཡང་། རྣལ་འབྱོར་པ་


KMC011_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེས་མཚོན་པའི་རྣལ་འབྱོར་མ་གང་དག་ལུས་ཀྱི་མདོག་ནག་པོ་ཉིད་དུ་ཤས་ཆེ་བར་སྣང་བ་དེའི་ལྷ་ནི་མི་བསྐྱོད་པའི་རིགས་སུ་འགྱུར་ཏེ། ཁ་དོག་གི་མཚོན་བྱེད་ཡོད་པས་སོ། །དེ་བཞིན་དུ། རྣལ་འབྱོར་པ་གང་ཞིག་མདོག་དཀར་པོ་ཤས་ཆེ་བ་སྟེ་དེའི་མདངས་དང་ལྡན་པའི་ལྷ་ནི་རྣམ་པར་སྣང་མཛད་དུ་ངེས་ཤིང་། དེ་ལྟར་སྦྱར་ནས། རྣལ་འབྱོར་པ་གང་དག་མདོག་སྔོ་བསངས་ཀྱི་མདངས་ཤས་ཆེ་བ་དེའི་ལྷ་ནི་དོན་ཡོད་གྲུབ་པ་ཉིད་དེ། ཤྱ་མ་སྔོ་ལྗང་གི་ཁ་དོག་སྐད་དོད་མཚུངས་ཤིང་ཕྱོགས་མཐུན་པས་སོ། །རྣལ་འབྱོར་པ་གང་ཞིག་མདོག་སེར་པོའི་མདངས་ཤས་ཆེ་བ་ནི། རིན་ཆེན་གྱི་རིགས་ཐམས་ཅད་ཀྱི་བདག་པོ་རིན་འབྱུང་གི་རིགས་ཀྱི་ལྷར་འགྱུར་བ་ཡིན་ནོ། །རྣལ་འབྱོར་པ་གང་དག་ཁ་དོག་དཀར་ལ་དམར་བའི་མདངས་ཅན་ཉིད་ཀྱི་འོད་དཔག་མེད་པ་རིགས་ཀྱི་ལྷར་འགྱུར་བ་དང་། རྣལ་འབྱོར་པ་གང་དག་དཀར་པོ་ལ་ཅུང་ཟད་སེར་བའི་མདངས་ཅན་རྣམ་པར་སྣང་བ་དེ་ནི་རྡོ་རྗེ་སེམས་དཔའི་རིགས་སུ་འགྱུར་ཏེ། ཁ་དོག་དེ་དག་ལས་རིགས་དྲུག་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་


KMC011_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་མི་བཙམ། །ཀུན་རྫོབས་གཟུགས་སུ་གནས་ནས་ནི། །དེ་རྣམས་བདེ་གཤེགས་རིགས་སུ་འགྱུར། །བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པ་དེ་བཞིན་ནོ། །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་ཡི་རིགས་སུའང་དེ་འགྱུར་རོ། །ཞེས་གསུངས་ཏེ། སྐྱེ་བོ་ལམ་གྱི་རྣལ་འབྱོར་མཐར་ཕྱིན་པས་ཀྱང་རང་ཉིད་རང་རིགས་ཀྱི་ལྷ་དེའི་ང་རྒྱལ་མི་གཅིག་པར་བརྟན་པར་གནས་པ་དང་། མཚན་མ་དང་ཁ་དོག་དེ་ལྟ་བུ་མེད་པའི་སྐྱེ་བོ་རྣལ་འབྱོར་དང་མི་ལྡན་པ་གཞན་ལའང་ཐོ་མི་བཙམ་ཞིང་བརྙས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་ཏུ་རིགས་དེ་དང་དེའི་གཟུགས་སུ་གནས་ཕྱིན་ཆད་ནས་ནི། དེ་དག་རྣམ་ཀྱང་བདེ་བར་གཤེགས་པ་སོ་སོའི་རིགས་སུ་འགྱུར་བའི་ཕྱིར་རོ། །ཁ་དོག་གི་རྟགས་དེ་ཕོ་མོ་ཐུན་མོང་བར་ཤེས་དགོས་པས་བུད་མེད་རྣམས་ཀྱི་རིགས་ཀྱི་མཚན་ཉིད་འདི་ཡང་གོང་དུ་ཇི་ལྟར་སྐྱེས་པ་ལ་གསུངས་པ་དེ་བཞིན་ནོ་སྟེ། དེ་ལྟར་དུ་ཤེས་པར་བྱ་ཞིང་། ཀུན་རྫོབ་ཏུ་འཇིག་རྟེན་ན་གྲགས་པའི་ཐ་སྙད་ཀྱི་ཚུལ་དེ་ལྟ་བུ་ལས་ནི་རིགས་བདག་སངས་རྒྱས་དེའི་རིགས་སུའང་བུད་མེད་དེ་དག་འགྱུར་རོ་སྟེ། དེའི་རིགས་


KMC011_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པར་བྱ་བ་ཡིན་ནོ། །འདི་རྣམས་ཀྱི་ངེས་དོན་ནི། ནང་གི་ཡེ་ཤེས་ཀྱི་ཁམས་ལ་སོགས་པ་དྲུག་དང་མཉམ་པར་སྦྱོར་བའོ། གཉིས་པ་ལྷན་སྐྱེས་སྐྱེད་པའི་ཐབས་ལ་གསུམ། མཆོད་པས་མཚམས་སྦྱར་བ། གང་དུ་ཇི་ལྟར་མཆོད་པའི་བྱེད་བཅིངས། བྱང་སེམས་སྒྲུབ་པའི་བཟའ་བཏུང་བསྟེན་ཚུལ་ལོ། །དང་པོ་ནི། བྷ་གར་ལིངྒས་ཙུམ་མཛད་ནས། །དེ་ལ་རྡོ་རྗེ་ཆེ་མཉེས་ནས། །བདག་མེད་མ་ཡི་གོ་མཛད་པ། །ལྷ་མོ་རབ་ཏུ་མཆོད་པ་ཉོན། །ཅེས་གསུངས་ཏེ། ཤེས་རབ་ཀྱི་བྷ་གར་ཐབས་ཀྱི་ལིངྒ་སྦྱོར་བས་ཡབ་ཡུམ་ཙུམྦྷ་ན་མཛད་ནས་ཐབས་ཤེས་གཉིས་སུ་མེད་པའི་སྦྱོར་བ་དེ་ལ་རྡོ་རྗེ་ཆེན་པོ་སྟོང་པའི་དགའ་བས་མཉེས་པར་གྱུར་ནས། བདག་མེད་མ་ལ་སོགས་པ་ཡིས་ཡེ་ཤེས་སྐྱེད་ཐབས་ཀྱི་དོན་གོ་བར་མཛད་པའི་ཕྱིར་ལྷ་མོ་སྟེ་ལས་ཀྱི་ཕྱག་རྒྱ་ལ་རབ་ཏུ་མཆོད་པའི་ཐབས་བཀའ་སྩལ་པ་ཉོན་ཅིག་པའོ། །འདིའང་དབང་དང་ལས་ཀྱི་ཕྱག་རྒྱ་བསྟེན་པའི་སྐབས་སུ་ཐ་མལ་གྱི་ཚུལ་སྤངས་ཏེ་རྟོགས་པའི་ཡེ་ཤེས་བསྐྱེད་པར་མཚོན་པའོ། །གཉིས་པ་ནི། ཚལ་དང་སྐྱེ་བོ་མེད་གནས་དང་། །བདག་གི་ཁྱིམ་གྱི་ནང་དུ་ཡང་། །གཅེར་བུའི་ཕྱག་


KMC011_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཙུམྦ་འཁྱུད་པ་བྱས་ནས་ནི། །དེ་བཞིན་བྷ་གར་རེག་པ་ཉིད། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད། །མ་མཆུའི་སྦྲང་རྩི་བཏུང་བ་ཉིད། །རྟག་ཏུ་མྱོས་པའི་མཚན་མ་ལས། །བོ་ལ་ལྡན་པས་ལག་པས་བྱ། །ཁྱོགས་དང་བླ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་བཀལ་བ་ཉིད། །ཡང་ཡང་རྡོ་རྗེས་འདོད་པ་བྱ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །དངོས་གྲུབ་རྒྱས་པ་འཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཅེས་གསུངས་ཏེ། ནགས་ཚལ་ཆེན་པོ་དང་། མ་དད་པའི་སྐྱེ་བོ་མེད་པའི་གནས་དབེན་པ་རི་ཁྲོད་ལ་སོགས་པ་རྣམས་དང་། བདག་གིས་དབང་བའི་ཁྱིམ་གྱི་ནང་ཉིད་དུ་ཡང་ངམ། ལྷན་སྐྱེས་འགྲུབ་པའི་གནས་ལ་སོགས་པར་ལས་རྒྱ་བསྟེན་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་ཐབས་ཤེས་གཉིས་ལུས་གཅེར་བུ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་སྒོམ་ཞིང་མཁའ་གསང་བྱིན་གྱིས་བརླབས་ནས་བདེ་བ་ཆེན་པོར་སྙོམས་པར་འཇུག་པ་བློ་ལ་བྱས་ནས་རྣལ་འབྱོར་པ་དབང་གི་ཡེ་ཤེས་རིག་པས་ལས་ཀྱི་ཕྱག་རྒྱ་རྟག་ཏུ་མཆོད་པར་བྱའོ། །ཇི་ལྟར་ཞེ་ན། ཡབ་ཡུམ་ཕན་ཚུན་ཙུམྦྷ་


KMC011_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ན་དང་འཁྱུད་པ་སོགས་འདོད་པའི་སྒྱུ་རྩལ་བྱས་ནས་ནི། དེ་བཞིན་བོ་ལས་བྷ་གར་རེག་པ་ཙམ་ཉིད་དང་། སྐྱེས་པའི་སྣ་སྟེ་ཡབ་ཀྱི་བོ་ལ་ནི་ཡུམ་གྱི་བྷ་གས་གཞིབ་པ་ཉིད་དང་། ཕན་ཚུན་སྟེང་འོག་གི་མ་མཆུའི་རོ་སྦྲང་རྩི་ལྟ་བུ་གཞིབ་ཅིང་བཏུང་བ་ཉིད་དང་། བདེ་བས་རྟག་ཏུ་མྱོས་པར་གྱུར་པའི་མཚན་མ་རྙེད་པ་ལས། བོ་ལ་ལྡན་པས་ཏེ་ཡབ་ཀྱི་ལག་པས་བྱང་སེམས་འཆིང་བའི་ལས་བསྒྲུབ་པར་བྱའོ། །ཞེས་པ་ནི་རྣམ་པ་གསལ་བའི་འཆད་ཚུལ་ཕྱོགས་གཅིག་གོ། །ཡང་རང་བྱུང་ཡབ་སྲས་དགོངས་པ་ལྟར་ན། ཁ་སྦྱོར་ཙུམྦ་ན་དང་ཡན་ལག་གིས་འཁྱུད་པར་བྱས་ནས་ནི། དེ་བཞིན་དུ་བྷ་གར་བོ་ལས་རེག་པ་ཉིད་ནི་དགའ་བའི་དོན་ཏོ། །དགའ་བ་དེའི་སྟོབས་ཀྱིས་བྱུང་བའི་སྐྱེས་པ་སྟེ་ཡབ་ཀྱི་རྩའི་སྣ་ནི་གཞིབ་པ་ཉིད་དང་མ་མཆུའི་རེག་པ་སྦྲང་རྩི་དང་མཚུངས་པར་བྱས་ནས་བཏུང་བ་ཉིད་ནི་མཆོག་དགའོ། །དེའི་དུས་རྟག་ཏུ་འདོད་པས་མྱོས་པའི་མཚན་ནི་ལས་ཞེས་པའི་སྒྲས་བསྟན་པ་ནི་བདེ་སྟོང་ཟུང་དུ་ཚུད་པ་སྟེ། དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །བོ་ལ་ལྡན་པས་ཞེས་པ་ནི། བདེ་བ་དང་ལྡན་པ་སྟེ་བཞི་པའི་སྐད་ཅིག་མའོ། །ལག་པས་བྱ་


KMC011_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ཡང་ཕྱག་རྒྱ་མྱོས་པའི་མཚན་མ་བྱུང་བ་ན་ཡབ་ཀྱི་ལག་པས་དེའི་རྩ་སྣ་བསྲིང་བར་བྱ་ཞེས་པའོ། །དེའི་ཕྱག་རྒྱ་རི་དྭགས་ཅན་དང་དུང་ཅན་དང་གླང་པོ་ཅན་དང་སྣ་ཚོགས་ཅན་དང་པདྨ་ཅན་ཏེ་རིགས་ལྔ་ཡོད་པ་ལས་སྦྱོར་ཐབས་ཀྱང་རིགས་སོ་སོར་གསུངས་ཏེ། ཁྱོགས་ལྟ་བུ་ཞེས་བྱ་བ་དང་། བརླ་ཞེས་བྱ་བ་དང་། དེ་བཞིན་དུ་བཀལ་བ་དང་ཤིན་ཏུ་བཀལ་བ་ཉིད་དང་། དེ་ལ་སོགས་པའི་སྒོ་ནས་ཡང་དང་ཡང་དུ་འཕོ་བ་མེད་པའི་རྡོ་རྗེས་པདྨ་ལ་འདོད་ཆགས་ཀྱི་སྤྱོད་པ་བྱ་ཞིང་། གཞན་ཡང་ཐབས་ཤེས་སྟེང་དང་འོག་ཏུ་ལྟ་བ་ཉིད་ལས་བྱུང་བའི་སྦྱོར་ཐབས་སམ་སྟེང་ཕྱག་རྒྱའི་གདོང་དང་འོག་ཏུ་བྷ་ག་ལ་ལྟ་བ་ཉིད་ཀྱིས་བདེ་བའི་ཉམས་མྱོང་སྐྱེད་པ་འདི་རྣམས་བྱས་ཏེ་བསྟེན་པས་དགའ་བ་བཞི་དང་ཁྱད་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་བས་དངོས་གྲུབ་རྒྱས་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་འགྱུར་བའི་དངོས་གྲུབ་མཐར་ཕྱིན་པ་ཐོབ་པ་ནི། འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་གཙུག་ཏོར་གྱི་མཐར་སོན་པ་ལས་སངས་རྒྱས་སུ་འགྱུར་རོ། །རིམ་པ་འདི་ནི་འགྲེལ་ཆེན་ལས་གསུངས་ཏེ།


KMC011_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། ཕོ་མཚན་སྟེང་དུ་གནས་པ་དང་། །མདུན་དུ་རྒྱབ་ནས་མི་མོ་ཡིས། །རིམ་པས་རྐེད་པས་འདེགས་པར་བྱ། །མི་མོའི་ཁྱོགས་སུ་རབ་ཏུ་གྲགས། །མི་མོའི་པུས་མོའི་མཐིལ་བླང་ནས། །གཡས་དང་གཡོན་གྱི་དཔུང་པ་ཡིས། །སྦྱར་ཏེ་སྟེང་གི་ཀ་ར་ཎ། །གཉིས་ཀ་སྟེང་དུ་ཕྱོགས་པར་གནས། །ངང་པའི་གཤོག་པ་མཚུངས་རྣམ་པ། །གན་རྐྱལ་པ་རུ་རབ་ཏུ་གྲགས། །རྐང་པ་རབ་ཏུ་བརྐྱང་གྱུར་པ། །གཉིས་ཀྱིས་རབ་ཏུ་བརྐྱང་བའོ། །ཞེས་སོ། །འདིའི་ངེས་པའི་དོན་ཀྱང་། ཚལ་དང་སྐྱེ་བོ་མེད་གནས། ཁྱིམ་གཞན་དུ་ཞེས་བཞིར་ཕྱེས་པ་ལུས་ཀྱི་འཁོར་ལོ་བདེ་ཆེན་ལོངས་སྤྱོད་ཆོས་སྤྲུལ་པ་བཞི་དང་སྦྱར་བ་ཁ་སྦྱོར་དྲི་མེད་ལས་བཤད་ཅིང་། དཔལ་ནཱ་རོ་པས། སངས་རྒྱས་མཉམ་སྦྱོར་ལས། བཅོམ་ལྡན་ཐར་པ་ཞེས་བྱ་བ། །དེ་ནི་ཇི་ལྟར་ཅི་ཞིག་ལགས། །བཅོམ་ལྡན་འདས་ནི་ཆགས་པ་ཆེ། །དངོས་གྲུབ་ཐམས་ཅད་ཆགས་བྱེད་ཕྱིར། །དངོས་གྲུབ་ཐམས་ཅད་འགྱུར་མེད་བདེ། །བདེ་བ་ཆེན་པོ་ཞེས་པར་བཤད། །ཅེས་ཆགས་པ་ཆེན་པོ་མི་འགྱུར་བའི་བདེ་བ་ཟག་མེད་དུ་གྱུར་པའི་ཆེན་པོ་ལ་ངོས་བཟུང་ཞིང་། དེ་ལ་དགའ་བ་བཞིར་དབྱེ་


KMC011_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷན་སྐྱེས་དོན་དམ་པའི་དེ་ཁོ་ན་མངོན་དུ་གྱུར་པ་ངེས་དོན་ལ། དེ་སྐྱེད་པའི་ཐབས་བྱེད་བཅིངས་ཏེ། ཐབས་དང་ཐབས་ལས་བྱུང་བའི་འབྲེལ་བ་ལེགས་པར་བཤད་དོ། །གསུམ་པ་ནི། དེ་ལ་ག་བུར་བཏུང་བར་བྱ། །དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་ཏེ། གནས་སྐབས་དེ་ལ་ཅི་སྟེ་བྱང་སེམས་འཆིང་མ་ནུས་པས་ག་བུར་པདྨར་ལྟུང་ན་ལྕེས་བླངས་ནས་བཏུང་བར་བྱ་ཞིང་། དེ་ལ་བྱང་སེམས་ཀྱི་རྟེན་ག་བུར་ལྷག་པར་འཕེལ་བའི་རྒྱུའི་ཕྱིར། ཁ་ན་མ་ཐོ་བའི་ཉེས་པ་དང་བྲལ་བའི་ཤ་ནི་བཟའ་བ་ཉིད་དུ་བྱ་ལ། ཁྱད་པར་དུ་ཡང་སྦྱང་རྟོགས་སྤར་བར་བྱས་པའི་ཆང་གི་བཏུང་བ་ཉིད་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་དོ། །འདིའི་ངེས་དོན་ཀྱང་། ཤེས་རབ་ཀྱི་སྟོབས་བཟའ་ཞིང་བདེ་བ་ཆེན་པོའི་རོ་བཅུད་བཏུང་བའམ། ཁ་སྦྱོར་དྲི་མེད་ལས། ག་བུར་བཏུང་བ་དབྱངས་གསལ་ཀྱིས་རླུང་བཟུང་བ། བ་ལ་བཟའ་བ་སྐུ་རྡོ་རྗེས་ལུས་རྣམ་པར་དབེན་པས་ཞེན་པ་སྤོང་བའི་ལམ། མ་ད་ན་ཐུགས་རྡོ་རྗེ་སེམས་དབེན་གཏུམ་མོའི་རིམ་པ་བསྟེན་པ། དེ་ལ་ཞེས་པའི་དོན་སྐད་ཅིག་


KMC011_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡེ་ཤེས། རྒྱུའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོབས་བསྐྱེད་པ་ལ་ལེགས་པར་བཤད་པ་ལྟར་རོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། ཀྱེའི་རྡོ་རྗེ་ལས་ལྷན་ཅིག་སྐྱེས་པའི་སྦྱོར་བ་དོན་གྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་སོགས་ཏེ་རྒྱུ་ལམ་འབྲས་བུའི་རང་བཞིན་གྱི་ཀྱེའི་རྡོ་རྗེ་ལས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་། ཞུ་བའི་བདེ་བ་ཟག་བཅས་དཔེ་དང་། བདེ་བ་ཆེན་པོ་ཟག་མེད་དོན་གྱི་ལྷན་ཅིག་སྐྱེས་པ་བརྗོད་བྱའི་གཙོ་བོ་ཡིན་ལ། དེ་རྒྱུད་ལ་སྐྱེད་བྱེད་ཀྱི་རིགས་སམ་སྐྱེད་པའི་རྐྱེན་གྱི་ཐབས་རྗེས་འབྲེལ་དུ་གྱུར་པའི་དོན་གྱི་དངོས་དང་ཡན་ལག་བསྟེན་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་གཅིག་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བཅུ་གཉིས་པ་རྫོགས་པའི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། བཅུ་གཅིག་པ་ཡན་དུ་ལམ་གྱི་རྣམ་པར་བཞག་པ་དང་། དེའི་སྔོན་དུ་འགྲོ་བ་སྨིན་པར་བྱེད་པའི་དབང་བསྐུར་བའི་ཚུལ་གསུངས་ཀྱང་། དབང་བཞིའི་ཚིགས་སུ་བཅད་པ་མ་གསུངས་པ་དང་། ཐབས་ཤེས་ཀྱི་སྦྱོར་བ་གསུངས་ཀྱང་མཁའ་གསང་བྱིན་རླབས་ཀྱི་སྔགས་མ་གསུངས་པས། བཅུ་གཅིག་པའི་དེ་མ་


KMC011_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་དེ་རྣམས་གསལ་བར་སྟོན་པའི་ལེའུ་འདི་གསུང་བར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། དབང་བཞི་སྦྱིན་པའི་ཚིགས་བཅད་སྨིན་བྱེད་དང་འབྲེལ་ལ། མཁའ་གསང་བྱིན་རླབས་སོགས་སྨིན་གྲོལ་མཐའ་དག་དང་འབྲེལ་ལོ། །ལེའུ་འདིས་གང་དུ་ཁ་སྐོང་ན། སྔ་མའི་བཅུ་པ་དང་། ཕྱི་མའི་གསུམ་པ་དང་ལྔ་པ་རྣམས་ཀྱི་ཁ་སྐོང་བ་རྗེ་མར་པ་བཞེད་དོ། །འདི་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་དངོས། ཡོངས་སུ་རྫོགས་པར་བསྟན་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་ཅན་གྱིས་དབང་། །བཞི་ཡི་དོན་ནི་བཀའ་སྩལ་པ། །ཞེས་གསུངས་ཏེ། ལྷན་སྐྱེས་སྐྱེད་པའི་ཐབས་བསྟན་པའི་རྗེས་དེ་ནས་སྙིང་རྗེ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཅན་གྱིས་གསོལ་བ་བཏབ་པ་ལ་མ་ལྟོས་པར། སློབ་མ་ལ་དབང་བསྐུར་བའི་རིམ་པ་རྡོ་རྗེ་སློབ་དཔོན་དང་གསང་བ་དང་ཤེས་རབ་དང་དོན་དམ་སྟོན་པའི་ཚིག་གི་དབང་བཞིའི་དོན་ནི་བཀའ་སྩལ་པ་ཞེས་སམ། འདི་ལྟར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པའི་དབང་བཞིའི་དོན་འཁོར་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་བཀའ་སྩལ་ཏོ་ཞེས་འཆད་ཀྱང་རུང་ངོ་། །


KMC011_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་གཉིས། དབང་བཞིའི་ཚིགས་བཅད། མཁའ་གསང་བྱིན་རླབས་སོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་དུ་སྒྲུབ་པའི་བུམ་དབང་བསྐུར་བ་སོགས་ཚིགས་བཅད་བཞིས་བསྟན་པ་སྟེ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་ཏེ། རིག་པའི་དབང་སྔོན་དུ་སོང་བ་ལ་སློབ་དཔོན་གྱིས་བུམ་དབང་སྦྱིན་པའི་ཚིག་ནི། མི་ཕྱེད་པའི་རྡོ་རྗེའི་སྐུ་སློབ་དཔོན་དང་སློབ་མ་སོ་སོ་ལ་རབ་ཏུ་གནས་པ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཁ་སྦྱོར་དུ་བསྒོམ་པ་སྐུའི་དམ་ཚིག་ཡིན་ལ། གཞན་ཡང་རྡོ་རྗེ་རབ་གནས་ཞེས་པ་སྟོང་པ་ཉིད་ཀྱི་རྡོ་རྗེ་


KMC011_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་ཀྱི་རང་བཞིན་གྱི་དྲིལ་བུ་རབ་ཏུ་བཟུང་བ་ལ་གནས་པའི་རྡོ་རྗེ་ཉིད་ནི་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་ཆེ་བ་ཞེས་བརྗོད་པ་ཐུགས་ཀྱི་དམ་ཚིག་དང་། དྲིལ་བུ་དེ་ཡང་གསུང་རྡོ་རྗེ་གཞོམ་མེད་ཀྱི་སྒྲ་ཆེན་པོའི་རང་བཞིན་གསུང་གི་དམ་ཚིག་སྟེ་དེ་ཁོ་ན་ཉིད་དྲན་པས་ཟུང་ཞིགཅེས་དམ་ཚིག་གསུམ་བྱིན་པའི་དུས་དེ་རིང་རྡོ་རྗེ་སློབ་དཔོན་དུ་གྱུར་པས་གཞན་ལ་དབང་དང་རྒྱུད་སྟོན་ཞིག་པའོ། །དེས་ན་སློབ་མ་བསྡུ་བ་སོགས་གཞན་དོན་ལ་བརྩོན་པ་ཉིད་དུ་གྱིས་ཤིགདེས་ནི་སེམས་ཅན་གྱི་དོན་བྱེད་པ་ལ་དབང་བར་འགྱུར་རོ་ཞེས་པའོ། །རྫས་གསང་བ་སྦྱིན་པའི་ཚིགས་བཅད་ན། དཔེ་ཇི་ལྟར་ན། འདས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ལ་གསང་རྫས་ཀྱིས་དབང་བསྐུར་བ་བཞིན་དུ། འདིར་ཡང་སློབ་དཔོན་བདག་གིས་སྣོད་མིན་ལ་གསང་བའི་དབང་གིས་ནི་ཡབ་ཡུམ་སྦྱོར་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དཀར་དམར་གྱི་རྟོག་པ་གཅོད་པའི་དབང་བསྐུར་རོ་ཞེས་པའོ། །ཤེས་རབ་ཡེ་ཤེས་ཀྱི་རིག་མ་སྦྱིན་པའི་


KMC011_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་ནི། ཕྱག་རྒྱ་བདག་མེད་མ་ལ་སོགས་པར་བསྐྱེད་པས་ལྷ་མོ་སྟེ་དགའ་བ་བཞིའི་ཡེ་ཤེས་སྦྱིན་པར་བྱེད་པའི་གནས། རྟོགས་མ་རྟོགས་ཀྱི་བྱེ་བྲག་གིས་འཆིང་བ་དང་གྲོལ་བའི་ཚུལ་ཕྱིན་ཅི་མ་ལོག་པར་མི་གནས་པའི་མྱ་ངན་ལས་འདས་པ་སྦྱིན་པར་མཛད་མ། རྡོ་རྗེ་ཕག་མོ་དང་རིག་མ་ལ་སོགས་པ་རྣམས་སྣ་ཚོགས་པའི་གཟུགས་ཅན་ཡིད་དུ་འོང་བ་མ་འདི་དབང་གི་ཡེ་ཤེས་སྐྱེད་པའི་དོན་དུ་ཁྱེར་ཅིག་ཁྱེར་ཅིག་ནན་ཏན་ནམ་ངེས་གཟུང་དུ་ལན་དུ་ལན་གཉིས་ཟློས་ཏེ། སློབ་མ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་གོ་བར་བྱ་བའི་ཚིག་གིས་བོས་ནས། ལྷ་མོ་འདི་ཁྱེར་ལ་བདེ་བ་ཆེན་པོ་སྙོམས་འཇུག་གི་མཆོད་པས་ཡེ་ཤེས་ངོས་བཟུང་བ་དག་ཏུ་གྱིས་ཤིག་ཅེས་པའོ། །དབང་བཞི་པ་ཚིག་གི་སྒོ་ནས་ཇི་ལྟར་ངོ་སྤྲད་པའང་། མཚོན་བྱེད་དཔེ་དང་མཚོན་བྱ་དོན་གྱི་ཡེ་ཤེས་ཉམས་སུ་མྱོང་བའི་ངོར་གྲུབ་པ་འདི་ནི། ཆེས་ཕྲ་སྟེ་དབང་པོ་ལྔའི་སྤྱོད་ཡུལ་ལས་འདས་ཤིང་ཡིད་ཀྱིས་ཀྱང་ངོས་བཟུང་དཀའ་བས་བློས་གྲོས་དམན་པ་ལ་ངེས་པར་བརྗོད་ཀྱང་མཚོན་དུ་མེད་པ་ཡིན་ཞིང་། རྡོ་རྗེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་མཚན་རྟོག་


KMC011_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མི་ཕྱེད་པ་སྟེ་དེའི་ངོ་བོ་གདོད་ནས་དག་པས་ནམ་མཁའ་ལྟར་སྤྲོས་པའི་མཚན་མ་ཀུན་གྱིས་སྟོང་པ། དཀྱིལ་ནི་དབུས་སམ་སྙིང་པོ་སྟེ་དེའི་མཐའ་དབུས་ལྟར་རྣམ་པར་མི་རྟོག་པའོ། །ཀུན་ནས་ཉོན་མོངས་པའི་རྡུལ་དང་བྲལ་བའི་ཐར་པ་སྲིད་པའི་དྲི་མ་ཐམས་ཅད་དག་པ་ལམ་འདིས་རྟོགས་པས་སྦྱིན་པའི་ཐ་སྙད་སྦྱར་ལ། ཞི་བ་ཉིད་ནི་མྱ་ངན་ལས་འདས་པ་སྟེ་ཉོན་མོངས་པ་དང་སྡུག་བསྔལ་མ་ལུས་པ་ཉེ་བར་དག་པ། དེའང་སྦྱིན་ཞེས་པ་དང་འབྲེལ་བ་འབྲས་བུའི་དོན་ཏོ། །དེ་ལྟ་ན་བསྐྱེད་བྱ་དབང་བཞི་པའི་རྟོགས་པ་དང་། སྐྱེད་བྱེད་ཡེ་ཤེས་དག་ཐ་དད་དམ་གཅིག་ཅེ་ན། སློབ་མ་ཁྱོད་རང་གི་གདོད་མའི་ཡེ་ཤེས་ཡང་ནི་བསྐྱེད་བྱ་ལ། སྐྱེད་བྱེད་དམ་དེ་ཡི་ཕ་ཡང་དོན་གྱི་ཡེ་ཤེས་དྲི་མེད་དེ་ཡིན་གྱི། དེ་དག་གི་བསྐྱེད་བྱ་སྐྱེད་བྱེད་ཀྱང་ལྟོས་བཞག་ཙམ་མ་གཏོགས་དོན་རང་བྱུང་ཡེ་ཤེས་རང་གིས་རང་རིག་པ་ལས་གཞན་མིན་ཏེ། སློབ་དཔོན་ནག་པོ་པས། རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ་ཞེས་བཤད་དོ། །འདི་དག་དྲང་ངེས་སྤེལ་ཏེ་ཕལ་ཆེར་འཆད་པ་ཡིན་ཡང་། སློབ་དཔོན་གྱི་དབང་ལ། དཔལ་ནཱ་རོ་པས། གདན་བཞི་


KMC011_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྡོ་རྗེ་བདག་ཉིད་ཅེས་བསྐྱེད་ནས། །དྲིལ་བུ་ཤེས་རབ་ཅེས་སྤྲུལ་ཏེ། །མཉམ་པར་ལྟ་བ་གནས་བྱས་ཏེ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །རྡོ་རྗེའི་རྩེ་མོར་ཤེས་ས་བོན། །བདག་ཉིད་ལྷ་རྣམས་ཚིམ་པ་ཉིད། །རྡོ་རྗེ་དྲིལ་བུ་རང་ལུས་ཀྱི། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བཞིའང་། །དེ་ཁོ་ན་ཉིད་ལས་གཟུང་བྱ། །ཞེས་པ་ངེས་པའི་དོན་ཏོ། །ཞེས་བཤད་དོ། །གཉིས་པ་ནི། རྡོ་རྗེ་དང་པདྨས་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་པདྨ་སུ་ཁཱ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད། ཙ་ཏུ་རཱ་ནནཱ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྱམ་ཀུ་རུ་ཥ་མེ། ཨོཾ་བཛྲ་མ་ཧཱ་དེ་ཥ་ཙ་ཏུ་རཱ་ནནྡ་ཡ་ཀཿ། ཁ་ག་མུ་ཁ་ཨེ་ཀ་ར་ས་ནཱ་ཐ། ཧཱུྃ་ཧཱུྃ་ཧཱུྃ་ཀཱརྱམ་ཀུ་རུ་ཥྭ་མེ། སྤྱི་བོར་ནི་ཨོཾ་གྱི་རྣམ་པ། སྙིང་གར་ནི་ཧཱུྃ་གི་རྣམ་པ། ཟེའུ་འབྲུ་ལ་ཨཱཿའི་རྣམ་པའོ། །ཞེས་གསུངས་ཏེ། ཕྱི་མའི་ལྔ་པར་བསྐྱེད་པའི་རིམ་པའི་སྐབས་སུ་བསྟན་པ་ལྟ་བུར་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པར་བྱ་བ་ཡིན་པས་དེའི་སྔགས་ཀྱི་དོན་ནི། ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པའི་དོན། པདྨ་ནི་སྐྱེ་གནས་ཏེ་པདྨ་དང་ཆོས་མཚུངས་པའོ། །སུ་ཁ་དྷ་ར་ནི་བདེ་བ་འཛིན་པ། མ་ཧཱ་རཱ་ག་ནི་འདོད་ཆགས་སམ་


KMC011_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཆེན་པོ། །སུ་ཁཾ་དཱ་ད་ནི་བདེ་བ་སྟེར་བ། ཙ་ཏུ་རཱ་ནནྡ་ནི་དགའ་བ་བཞིའམ་ཀུན་ཏུ་དགའ་བ་བཞིའོ། །བྷ་ག་བི་ཤྭ་ནི་སྐལ་པ་སྣ་ཚོགས་པ། ཧཱུྃ་གསུམ་ནི་སྐུ་གསུང་ཐུགས། ཀཱརྱམ་ཀུ་རུ་ཥཱ་མེ་ནི་བ་ད་ཧ་གི་བྱ་བ་མཛོད་ཅིག་གམ་བདག་གི་དགོས་པའི་ལས་མཛོད་ཅིག་པའོ། །དེ་ནི་པདྨ་བྱིན་རླབས་ཀྱི་སྔགས་ཏེ་བདེ་ཆེན་སྐྱེད་པའི་དོན་དུ་ཡབ་ཀྱིས་ཡུམ་ལ་བསྐུལ་བའི་དོན་ཏོ། །ཨོཾ་སྔར་བཞིན། བཛྲ་མ་ཧཱ་དྭེ་ཥ་ནི་ཞེ་སྡང་ཆེན་པོའི་རྡོ་རྗེ། ཙ་ཏུརཱ་ནནྡ་དཱ་ཡ་ཀ་ནི་དགའ་བ་བཞི་སྦྱིན་པ་པོ། ཁ་ག་མུ་ཁ་ནི་ནམ་མཁའི་སྤོའམ་ནམ་མཁའི་གདོང་སྟེ་རྩ་བྱ་རོག་གི་གདོང་པ་ཅན་ནོ། །ཨེ་ཀ་ར་སོ་ནི་བྱ་བ་རྟོགས་པའམ། རོ་གཅིག་པ་སྟེ། དེ་གཉིས་མཚམས་སྦྱར་བས། ཁ་ག་མུ་ཁཻ་ཀ་ར་སོ་ཞེས་པར་གྱུར་པའོ། །དེས་རྩ་ཁྱད་པར་ཅན་འཕྲད་པས་གཉིས་ཀའི་བྱང་སེམས་འཆིང་བ་མཚོན། ནཱ་ཐ་ནི་རྟོགས་པའམ། ཡང་ན་མགོན་པོ་ཞེས་གཙོ་བོ་ལ་བོད་པའོ། །ཧཱུྃ་གསུམ་དང་ཀཱཪྱམ་ཀུ་རུ་ཥྭ་མེ་ནི་སྔར་བཞིན་ནོ། །དེ་ནི་རྡོ་རྗེ་བྱིན་རླབས་ཀྱི་སྔགས་ཏེ་ཡུམ་གྱིས་ཡབ་ལ་བསྐུལ་ནས། ཡབ་ཡུམ་གཉིས་ཀ་ཕན་ཚུན་ལྷན་སྐྱེས་ཀྱི་དགའ་བ་ལ་སྦྱོར་བའི་དོན་


KMC011_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདིའི་ངེས་དོན་མདོར་བསྡུས་པ་དང་། ཁ་སྦྱོར་དྲི་མེད་ལས། པདྨ་ཆོས་ཀྱི་འབྱུང་གནས། ཡང་དག་པའི་ཡེ་ཤེས་ཀྱི་གཞིར་གྱུར་པས་བདེ་བ་འཛིན་པ། ཆགས་ཆེན་མི་འགྱུར་བའི་བདེ་ཆེན། བདེ་བ་སྦྱིན་པ་ཀུན་རྟོག་ཡོངས་སུ་སྤངས་པ། དགའ་བཞི་ཟག་མེད་དུ་རོ་གཅིག་པ། སྣ་ཚོགས་རྡོ་རྗེ་འཆང་ཆེན་པོ། ཧཱུྃ་གསུམ་རྡོ་རྗེ་གསུམ་མི་ཕྱེད་པ། དེའི་དགོས་པ་གྲུབ་པ་རྟོགས་པའི་ཡེ་ཤེས། རྡོ་རྗེ་ཆེན་པོ་ལྷན་སྐྱེས་འཇིག་རྟེན་ལས་འདས་པ། དགའ་བཞི་ཀུན་རྟོག་མེད་པའི་ཡུལ་ཅན་གྱི་ཡེ་ཤེས་མཁའ་ལ་འགྲོ་བའི་ཕྱིར། ཁ་ག་སེམས། མུ་ག་དང་པོ། །རོ་གཅིག་ལྷན་སྐྱེས་སྐད་ཅིག་ཉམས་སུ་མྱོང་བའི་མཚན་ཉིད། དེ་ཉིད་འགྲོ་བའི་བླ་མ། གཞན་སྔ་མ་ལྟར་རོ། །འབྲུ་གསུམ་ནི་རྗེ་མར་པས་གནས་གསུམ་བྱིན་རླབས་དང་པདྨ་བྱིན་རླབས་གཉིས་སུ་འགྱུར་བར་བཞེད་པས། སྔ་མ་ལྟར་ན། སྤྱི་བོར་ནི་ཟླ་བ་ལ་སྐུ་རྡོ་རྗེ་ས་བོན་ཨོཾ་གྱི་རྣམ་པ་དཀར་པོ། །སྙིང་གར་ནི་ཉི་མ་ལ་ཐུགས་རྡོ་རྗེའི་ས་བོན་ཧཱུྃ་གི་རྣམ་པ་སྔོན་པོ། །མགྲིན་པར་པདྨའི་ཟེའུ་འབྲུ་ལ་གསུང་རྡོ་རྗེའི་ས་བོན་ཨཿའི་རྣམ་པ་དམར་པོ་བསྒོམ་པར་བྱའོ། །ཕྱི་མ་ལྟར་ན། ཧཱུྃ་གིས་ཡབ་


KMC011_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ། ཨོཾ་གྱིས་ནོར་བུ། ཨཱཿས་ཡུམ་གྱི་པདྨ་བསྐྱེད་པར་བསྟན་པར་བཤད་པ་ལྟར་རམ། ཡང་ན་ཐབས་ཀྱི་བོ་ལའི་སྤྱི་བོར་སྟེ། རྩེ་མོར་ནི་ཡི་གེ་ཨོཾ་གྱི་རྣམ་པས་བུག་པ་བཀག་པ། སྙིང་གར་རམ་རྡོ་རྗེའི་ལྟེ་བར་ནི་ཡི་གེ་ཧཱུྃ་སྔོན་པོའི་རྣམ་པ། ཡུམ་གྱི་པདྨའི་ཟེའུ་འབྲུ་ལ་ནི་ཨཱཿའི་རྣམ་པ་སྟེ། འདི་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་གོ། །གསུམ་པ་ཡོངས་སུ་རྫོགས་པར་བསྟན་པ་ལ་གཉིས། རྫོགས་ཚིག་བསྟན་པ་དང་། འགྱུར་བྱང་སྨོས་པའོ། །དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་མའི་བརྟག་པ་ཞེས་བྱ་བ་བརྟག་པ་སུམ་ཅུ་རྩ་གཉིས་ལས་ཕྱུང་བ། བརྟག་པ་གཉིས་ཀྱི་བདག་ཉིད་ཀྱེའི་རྡོ་རྗེ་མཁའ་འགྲོ་མའི་དྲྭ་བ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །། ཞེས་གསུངས་ཏེ། རྒྱུད་གསུམ་སྟོན་པའི་རྗོད་བྱེད་ཚིག་རྒྱུད་ཐམས་ཅད་ལས་བརྗོད་བྱའི་དོན་ཆེས་གསལ་བར་སྟོན་པས་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའང་ཡིན་ལ། ཆེན་པོའང་ཡིན་པས་གཞི་མཐུན་པའི་བསྡུ་བ་སྟེ། བདག་མེད་མ་སོགས་བུད་མེད་སྒྱུ་མས་ཞུས་པ་གཙོ་ཆེ་བས་སམ་སྒྱུ་མ་རང་བྱིན་གྱིས་བརླབ་པའི་རིམ་པ་ཤེས་རབ་གཙོ་བོར་སྟོན་ཞིང་། རྟོགས་


KMC011_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཐབས་སྣ་ཚོགས་བསྟན་པས་ཡང་དག་པའི་དོན་བརྟག་པར་བྱེད་པས་ན། བརྟག་པའམ་ཀལྦའི་སྒྲ་ལས་རྟོག་པ་ཞེས་བྱ་བ། རྩ་རྒྱུད་འབྲིང་པོ་འབུམ་ཕྲག་ལྔ་པ་བརྟག་པ་སུམ་ཅུ་གཉིས་ལས་སྟོད་ཀྱི་ལེའུ་གཉིས་རྩ་རྒྱུད་བསྡུས་པ་ལ་མོས་པའི་དབང་དུ་མཛད་ནས་ཕྱུང་བ། ཐབས་ཤེས་མཚོན་པས་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་དང་། སྒྱུ་མའི་བརྟག་པ་གཉིས་ཀྱི་བདག་ཉིད་ལས་ཕྱི་མའི་ལེའུ་བཅུ་གཉིས་པ་ཤློ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་པ། གཞི་ལམ་འབྲས་གསུམ་གྱི་ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲྭ་བ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་ཚིག་དོན་མ་ལུས་པ་ཡོངས་སུ་རྫོགས་པ་སྟེ་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པ་མཐའ་དག་ལེགས་པར་གྲུབ་བོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་སྟེ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་འདི་ལ་མར་འགོས་ཅོག་གྲུ་སོགས་འགྱུར་འགོ་མི་འདྲ་བ་བདུན་ཡོད་པར་གྲགས་པའི་ནང་ནས་ཕྲིན་ལས་ཆེས་རྨད་དུ་བྱུང་བ་འདི་ཉིད། རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་པོའི་ཡི་གེ་པ་ཀ་ཡསྠའི་


KMC011_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་འཁྲུངས་ཤིང་། རྒྱུད་སྡེ་དུ་མ་འཆད་པའི་སྤོབས་པ་མངའ་བའི་དོན་གྱིས་ཨུ་པ་དེ་ཤ་ཏའི་ངེས་ཚིག་ལྡན་པས་མཁན་པོ། གཱ་ཡ་དྷ་ར་གླུ་འཛིན་ཞེས་ཡོངས་སུ་གྲགས་པ་དང་། འབྲོག་མིའི་རིགས་ལས་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་པའི་དགེ་སློང་སྐད་གཉིས་སྨྲ་བའི་ཁྱུ་མཆོག་ཤཱཀྱ་ཡེ་ཤེས་ཀྱིས། རྒྱ་དཔེ་ལས་བོད་སྐད་དུ་བསྒྱུར་ཅིང་། ཚིག་དང་དོན་གྱི་ཆ་ལ་དཔྱད་ནས་ཞུས་ཏེ། སླར་འཆད་ཉན་གྱི་སྒོ་ནས་ཀྱང་ཡང་དག་པར་གཏན་ལ་ཕབ་པའོ།། །།རྒྱལ་སྲས་གྲུབ་པའི་ལེགས་བཤད་བདུད་རྩིའི་བཅུད། །འཇུ་བར་མི་ནུས་སྙིགས་མའི་སོ་སྐྱེ་དག །སྐལ་མཉམ་ཚིག་གི་ཆུ་རྒྱུན་བཏུང་སླ་བས། །བཤད་ཚུལ་འདི་ཡང་དང་དུ་ལེན་པར་འོས། །ས་བཅད་འབྲུ་བསྣན་བཤད་སྒྲོས་ངོ་མཚར་བ། །མང་ཡང་རྒྱུད་དོན་རིམ་གཉིས་ཉམས་ལེན་གྱི། །དམར་ཁྲིད་དོན་བསྡེབས་ནཱ་རོའི་སློབ་བཤད་ཉིད། །དགྱེས་མཛད་ལོ་ཙཱའི་ཐུགས་ཀྱི་གཏེར་དུ་བཙས། །བཤད་བརྒྱུད་བཀའ་བབས་རྔོག་སྟོན་ཡབ་སྲས་རྣམས། །ཚོགས་བཤད་མཛེས་ཁྲིགས་ཙམ་ལ་མི་བརྟོན་པར། །མངོན་རྟོགས་རྒྱུད་ལ་སྦྱོར་བ་གཙོར་མཛད་པས། །ལྗོངས་


KMC011_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཟུང་འཇུག་གྲུབ་པའི་ཁྱུ་ཆེན་བྱུང་། །རྒྱུད་འཛིན་སྣང་བྱེད་ཕྲེང་བ་ཚར་དངར་ལས། །ཉིན་བྱེད་བཞིན་དུ་གྲགས་པ་རབ་གསལ་བ། །རང་བྱུང་རྒྱལ་བས་སྤྱན་དང་མངོན་ཤེས་ཀྱིས། །དྲང་ངེས་ཚུལ་བཞིན་ཕྱེས་པའི་ལམ་པོ་ཆེར། །མཁས་དང་གྲུབ་པ་དུ་མས་སྐལ་བ་ཅན། །ཁྲིད་ཚུལ་མང་དུ་མཛད་པའི་ཚིག་དོན་གྱི། །ལེགས་ཆ་སྙིང་པོར་བསྡུས་པའི་འགྲེལ་འདི་ཡང་། །མཁས་པར་བསྙེམས་དང་གྲགས་པའི་ཕྱིར་མ་ཡིན། །མར་རྔོག་བཀའ་སྲོལ་ཨུ་དུམྦ་རའི་ཚལ། །བྱུང་བ་བརྗོད་པ་ཙམ་འདིས་ཡིད་གདུང་ནས། །ཉག་ཐག་ཕྲ་མོ་འདི་ཉིད་འཇིག་རྟེན་དུ། །འཚོ་གཞེས་དམིགས་རྐྱེན་ཙམ་དུ་སྨོན་ནས་བྲིས། །མཐའ་དྲུག་ཚུལ་བཞིའི་རྒྱུད་དོན་ཟབ་མོ་རྙེད། །མངོན་པར་རྟོགས་པས་བློ་ཡི་པདྨོ་བྱེ། །ཡེ་ཤེས་སྦྲང་རྩིའི་བཅུད་ཀྱིས་ལུས་རྒྱས་པའི། །ཐབས་ཤེས་འཕུར་ལྡིང་ནཱ་དའི་སྒྲ་དབྱངས་ཅན། །འཕགས་བོད་གཉིས་ན་གཏམ་དུ་གྲགས་རྣམས་དང་། །སྤངས་རྟོགས་མཉམ་པ་ཉིད་གྱུར་མཐའ་ཡས་པའི། །འགྲོ་རྣམས་དགྱེས་མཛད་རོལ་པའི་རྡོ་རྗེ་ཡི། །སྐུ་བཞིའི་རྒྱལ་ཐབས་མཆོག་ལ་འགོད་གྱུར་ཅིག །དཔལ་རྒྱུད་ཀྱི་རྒྱལ་པོ་དགྱེས་པ་རྡོ་རྗེའི་


KMC011_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་གཉིས་པའི་ཚིག་དོན་གྱི་རྣམ་པར་བཤད་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ཞེས་བྱ་བ་འདི་ནི། དགྱེས་མཛད་མར་པ་ལོ་ཙཱའི་སྒྱུ་འཕྲུལ་ཏཱའི་སི་ཏུ་པདྨའི་མཚན་ཅན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་ཅིང་། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་ཡོངས་འཛིན་རྡོ་རྗེ་འཆང་གཉིས་པ་རྣམས་ཀྱི་བཀའ་དྲིན་ལས། དགྱེས་རྡོར་ས་རྔོག་གཉིས་ཀའི་ལུགས་ཀྱི་སྨིན་གྲོལ་བཤད་བཀའ་ཡོངས་སུ་རྫོགས་པ་ཐོབ་པའི་སྐལ་པ་བཟང་པོ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། བློ་གྲོས་མཐའ་ཡས་པའི་སྡེས། རྒྱལ་བ་གཉིས་པ་རང་བྱུང་ཞབས་དང་སྤྱན་སྔ་ཆོས་ཀྱི་གྲགས་པ། སྒམ་པོ་མཁས་གྲུབ་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱི་གསུང་རབ་ལས། ཚོགས་བཤད་གཙོ་བོར་གྱུར་ཅིང་གོ་སླ་བ་རྣམས་ཟུང་དུ་སྦྱར། དུས་ཞབས་ཀྱི་འཆད་ཉན་མཁན་པོ་ལ་ཅུང་ཟད་ཕན་པའི་བསམ་པས་གསལ་བྱེད་ཅི་རིགས་པས་བརྒྱན་པ་ཙམ་ལས་རང་རྟོག་གི་དྲི་མས་མ་སྦགས་པར། གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་དཀར་


KMC011_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལོ་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་གྲུབ་པར་བགྱིས་པ་གསང་རྒྱུད་ཟབ་མོའི་བཤད་པའི་ཆུ་བོ་དབྱར་གྱི་ཆུ་གཏེར་ལྟར་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ། མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།


previousཤོག་ལྷེབ་ ༧༠༡ ནས་ ༧༤༨ བར།no next