Nitartha Digital Library
Tibetan
 
previousཤོག་ལྷེབ་ ༧༠༡ ནས་ ༧༨༨ བར།no next

ཤོག་ལྷེབ་ ༧༠༡ ནས་ ༧༨༨ བར།


KMC013_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བུད་མེད་མེད་དོ་ཅེས་སྨྲས་པས། བདག་གིས་ནི་ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་མཐོང་ངོ་། །ཞེས་དང་། བདག་གིས་བུད་མེད་ཀྱི་དངོས་པོ་གང་ཞིག་ཡིན་ཞེས་བསྐལ་པ་མཐའ་ཡས་པར་བརྟགས་ཀྱང་བུད་མེད་ཀྱི་དངོས་པོ་མ་རྙེད་དོ་ཅེས་གཟུགས་ནས་རྣམ་མཁྱེན་གྱི་བར་རེ་རེ་ནས་བུད་མེད་ཀྱི་དངོས་པོ་མ་ཡིན། དེ་དག་འདུས་པ་མ་ཡིན་ཞིང་། དེ་དག་ལས་གཞན་ན་ཡང་མེད་པས་སྐྱེས་པ་དང་བུད་མེད་ནི་འདུ་ཤེས་ཀྱིས་སྒྲོ་བཏགས་པ་ཙམ་དུ་བསྟན་ཏོ། །དེ་བཞིན་དུ་བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་དང་འཇམ་དཔལ་རྣམ་རོལ་གྱི་མདོར་བུ་མོ་གསེར་མཆོག་འོད་དཔལ་གྱི་གྱུར་པ་སོགས་ཐེག་ཆེན་གྱི་མདོ་མཐའ་དག་ལས་རྒྱས་པར་བཤད་དོ། །དེའི་ཕྱིར་སྐྱེས་པ་དང་བུད་མེད་ལ་སོགས་པ་ནི་འདུ་ཤེས་ཀྱི་དམིགས་པ་ཙམ་དུ་ཟད་ལ། དམིགས་པ་ཐམས་ཅད་གཟོད་ནས་དག་པའི་དབྱིངས་སུ་ཉེ་བར་ཞི་བ་ལ་སངས་རྒྱས་ཐོབ་པའི་ཐ་སྙད་དུ་བྱེད་ཀྱི་སྐྱེས་པའི་འདུ་ཤེས་སོགས་ཐོབ་པ་ལ་ནི་སངས་རྒྱས་ཐོབ་པ་ཅེས་གང་ལས་ཀྱང་མ་གསུངས་སོ། །གཞན་ཡང་ཁྱེད་ཅག་འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པས་སྤྱི་བོར་


KMC013_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་འབྱུང་བར་འཆད་ཀྱི་གཙུག་ཏོར་གྱི་འཁོར་ལོ་དང་གཙུག་ཏོར་གྱི་རང་བཞིན་ཅི་འདྲ་བ་སོགས་ཀྱང་ཅི་ཡང་མི་སྣང་བས་རྡོ་རྗེ་ལུས་ཀྱི་རྣམ་གཞག་ཡང་ཚངས་པའི་བསྙེམས་པས་བཤད་པར་གོའོ། །སྤྱིར་མདོ་ལས་བུད་མེད་ཀྱི་རྟེན་ལ་སངས་རྒྱས་འབྱུང་བ་གནས་མིན་དུ་བཤད་ཅིང་། བུད་མེད་ཀྱི་རྟེན་གྱིས་འཁོར་བསྒྱུར་དང་འཇིག་རྟེན་སྐྱོང་བ་དང་བརྒྱ་བྱིན་དང་ཚངས་པ་དང་རང་སངས་རྒྱས་ཏེ་མཆོག་ལྔ་མ་ཐོབ་པའི་ཕྱིར་སངས་རྒྱས་མི་འཐོབ་པར་གསུངས་ཀྱང་། སྔར་བསྟན་པ་ལྟར་དགའ་ལྡན་ནས་འཕོ་བ་དང་ལྷུམས་སུ་འཇུག་པ་དང་སྐུ་བལྟམས་པ་ནས་སྐུ་གདུང་སྟོན་པའི་བར་གྱི་མཛད་པ་རྒྱ་ཆེན་པོ་སྟོན་པའི་མཆོག་གི་སྤྲུལ་པའི་སྐུ་བསྟན་པའི་བདག་པོ་དེ་བུད་མེད་ཀྱི་རྟེན་ལ་མི་འབྱུང་བར་གསུངས་པ་ཡིན་གྱི། སྤྲུལ་པའི་སྐུ་དེ་ནི་ནམ་གདུལ་བའི་དུས་ལ་བབ་པ་ན་སྟོན་པར་ཟད་ཀྱི་འཚང་རྒྱའོ་ཅོག་སྤྲུལ་སྐུར་འཚང་རྒྱ་བ་མ་ཡིན་ཏེ། དེའི་སྔོན་དུ་ཆོས་སྐུར་སངས་རྒྱས་ཟིན་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མཛད་པ་མ་མཛད་པར། །མི་འབྱེད་འཇིག་རྟེན་ཁམས་འདིར་ནི། །སངས་


KMC013_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཛད་པ་སྟོན་མི་མཛད། །ཅེས་དང་། སྟུག་པོ་བཀོད་པའི་མདོ་ལས་ཀྱང་རྒྱས་པར་བཤད་ལ། ཆོས་སྐུར་འཚང་རྒྱ་བ་དེ་ནི་ལུས་ཀྱིས་འཚང་རྒྱ་བ་མ་ཡིན། ངག་གིས་མ་ཡིན། ཡིད་ཀྱིས་མ་ཡིན། ལུས་ངག་དང་ཡིད་མེད་པས་མ་ཡིན། སྐྱེས་པའི་རྟེན་གྱིས་མ་ཡིན། བུད་མེད་ཀྱི་རྟེན་གྱིས་མ་ཡིན། མ་ནིང་གིས་མ་ཡིན། རྒྱལ་རིགས་ཀྱིས་མ་ཡིན། བྲམ་ཟེའི་རིགས་ཀྱིས་མ་ཡིན། རྗེ་རིགས་ཀྱིས་མ་ཡིན། དམངས་རིགས་ཀྱིས་མ་ཡིན། གདོལ་པས་མ་ཡིན། མིས་མ་ཡིན། མི་མ་ཡིན་པའི་འགྲོ་བས་མ་ཡིན་ཏེ། ཇི་ལྟར་སེམས་(ཀ༢༢༨ན)ཅན་རྣམས་ཀྱིས་རྣམ་པར་བཏགས་པའི་འདུ་ཤེས་ཡུལ་དང་བཅས་པ་ལས་ཉེ་བར་ལོག་པའི་གཟིགས་པ་ཡང་དག་པ་ཐོབ་པ་དེ་ནི་འུ་ཅག་མ་རིག་པའི་གཉིད་ཀྱིས་ནོན་འཁྲུལ་པའི་རྨི་ལམ་ལ་བདེན་ཞེན་གྱིས་ཨ་འཐས་ཏེ་གཉིད་སད་པའི་ནམ་མཁའི་ཕ་མཐའ་རྨི་ལམ་དུ་སྣང་བའི་བྲེའུ་ཆུང་གིས་ཚད་འཛིན་པར་བྱེད་པ་འདི་ཡིས་ག་ལ་དཔོགས་ཏེ། དེའི་ཕྱིར། ཐར་པ་ནོར་པ་ཟད་ཙམ་ཉིད། །ཅེས་མཁས་པ་རྣམས་སྒྲོག་པ་ཡིན་ནོ། །དཔལ་ལྡན་འདུས་པའི་ཕྱོགས་ལས་རིམ་པ་གསུམ་པའི་མཐར་སྒྱུ་ལུས་ཀྱི་


KMC013_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པས་སྒྱུ་མ་ལྟ་བུའི་སྐུ་བསྒྲུབས་ཏེ་འོད་གསལ་གྱི་རིམ་པ་ཡང་དག་པའི་གནས་ལ་མཉམ་པར་བཞག་པས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ་ཟུང་འཇུག་གི་སྐུར་ལྡང་བར་བཤད་ཀྱི་སྒྱུ་མ་ལྟ་བུ་དང་འོད་གསལ་བ་གཉིས་ཀ་ལ་ཕོ་མོའི་མཚན་ངེས་པར་བཞག་པ་ནི་མེད་དོ། །དཔལ་དུས་ཀྱི་འཁོར་ལོ་ལས་ནི། སོར་བསམ་གྱིས་ལུས་དང་། སྲོག་འཛིན་གྱིས་ངག་དག་པར་བསྒྲུབས་ཏེ། རྗེས་སུ་དྲན་པ་བདེ་བའི་རྣལ་འབྱོར་གྱིས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་ཞིང་ཐིག་ལེ་འཕོ་མེད་དུ་ཟིན་པས་རྡོ་རྗེ་ཉི་མ་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་བརྟན་ཞིང་རྡོ་རྗེ་ཟླ་བ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་སྒྱུ་འཕྲུལ་དྲ་བའི་རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྟེ་རྡོ་རྗེ་སེམས་དཔའ་ཐབས་དང་ཤེས་རབ་རིས་མེད་པ་ཟུང་འཇུག་མ་ནིང་གི་གོ་འཕང་དུ་འཚང་རྒྱ་བར་གསུངས་ལ། མ་ནིང་གི་གོ་འཕང་དུ་གསུངས་པས་ཀྱང་སངས་རྒྱས་སྐྱེས་པ་དང་བུད་མེད་སོགས་སུ་ཞེན་པའི་བློ་སེལ་བར་ཅིས་མི་ནུས། སྤྱིར་ཕོ་མོའི་དབང་པོ་ཐ་དད་པ་ནི་བསྐལ་པ་དང་པོ་ཅུང་ཟད་ཉམས་པ་ཕྱིན་གྱི་འདོད་ཁམས་པ་ཁོ་ན་


KMC013_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིན་གྱི་ཁམས་གོང་མ་(ཀ༢༢༨བ)གཉིས་ན་ཡང་འདོད་ཆགས་དང་བྲལ་བའི་ཕྱིར་ཕོ་མོའི་དབང་པོ་ཐ་དད་པ་མེད་ན། སངས་རྒྱས་འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། དེ་འདོད་ཁམས་པའི་ཕོ་མོ་གང་རུང་དུ་སྡུད་པ་འདི་ནི་མྱ་ངན་ལས་འདས་པ་ལ་དམིགས་པར་ལྟ་བ་མི་བཟད་པ་ཡིན་ནོ། །ནུ་མ་སྤངས་པ་བོལ་ལར་འགྱུར། །ཞེས་སོགས་ཀྱང་བརྟག་པ་དང་པོར་བདག་མེད་མའི་དཀྱིལ་འཁོར་དང་སྒོམ་པ་གཙོ་བོར་བསྟན་ཞིང་རིག་མ་བསྟེན་ཚུལ་ཡང་གསུངས་པ་ལ། བརྟག་པའི་ཕྱི་མར། ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྲུབ། །ཅེས་སོགས་ཀྱིས་བདག་མེད་མའི་ང་རྒྱལ་ཅན་དེས་ཕྱག་རྒྱ་བདག་མེད་མ་དེ་ཇི་ལྟར་བསྟེན་ཞེས་དོགས་པ་སེལ་ཕྱིར་བདག་མེད་མའི་ང་རྒྱལ་དེ་ཉིད་ལས་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་གང་ཡིན་པ་དེ་དག་སྐྱེས་པའི་ཐུན་མོང་མ་ཡིན་པའི་ཆོས་སུ་བསྒྱུར་ཏེ། སླར་ཧེ་རུ་ཀའི་ང་རྒྱལ་དུ་འཕོས་ནས་བསྟེན་པར་གསུངས་པ་ཡིན་གྱི་རྣལ་འབྱོར་མའི་མཚན་འགྱུར་གཞན་གཙོ་བོར་གསུངས་པ་ནི་མ་ཡིན་


KMC013_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལྟ་མོད་ཀྱི་ཞུ་བྱ་ཞུ་བྱེད་ཀྱི་ནུས་པ་ཁྱད་པར་བའི་རྒྱུ་རྩ་རླུང་ཐིག་ལེ་ཕྲ་བའི་ཆ་ནས་སྐྱེས་པ་དང་བུད་མེད་དུ་འཇོག་པར་བཞེད་པ་དང་ཡང་མི་འགལ་ཏེ། དེ་ནི་ལས་རྒྱ་གཙོ་བོར་བྱས་པའི་ཡང་དག་ཀུན་རྫོབ་ཀྱི་གནས་ཚུལ་ལ་དཔྱད་ཅིང་མདོ་སྔགས་ཀྱི་འཚང་རྒྱ་ཚུལ་ཐ་དད་པར་བཞེད་པའི་སྐབས་ཡིན་ལ། འདིར་ནི་ཕྱག་རྒྱ་བཞི་སོ་སོར་མ་ཕྱེ་ཞིང་འཚང་རྒྱ་བའི་ངོ་བོ་མདོ་སྔགས་གནད་གཅིག་པར་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །བསམ་པ་ནི། ཤེས་བཞིན་དུ་བརྙས་པའི་བློའོ། །དངོས་གཞི་ནི། བུད་མེད་གཅིག་ལ་ཡང་(ཁ༢༢༨ན)རུང་སྟེ་ཡིད་ཀྱིས་སྡང་ཞིང་ངག་གིས་སྨོད་པ་ལུས་ཀྱིས་རྡེག་པ་སོགས་བྱེད་པའོ། །གལ་ཏེ་བུད་མེད་ཐམས་ཅད་ལ་སྨོད་ན་རྩ་ལྟུང་དུ་གསུངས་པ་མ་ཡིན་ནམ་གཅིག་ལ་སྨད་པ་རྩ་ལྟུང་དུ་རིགས་སོ་སྙམ་ན། དེ་ལྟ་མིན་ཏེ་བུད་མེད་ཀྱི་རིས་གང་ལ་སྨད་ནའང་རྩ་ལྟུང་དུ་སྟོན་པ་ཡིན་ཏེ། གཞན་དུ་ན་ལྟུང་བ་དེ་འབྱུང་རིགས་པས་བཅས་མི་དགོས་པའི་ཕྱིར་རོ། །དུས་ནི། བརྙས་པ་དང་སྨད་པའི་བྱ་བའི་བསམ་པ་རྫོགས་པ་ཉིད་ནའོ། །འདིར་ཡང་ཕ་རོལ་སུན་བྱུང་བ་དང་གོ་བ་ཡན་ལག་ཏུ་དགོས་པར་མ་ངེས་སོ། །ལྟུང་


KMC013_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཚུལ་ནི། སྤྱི་དང་མཚུངས་སོ། །ལྟུང་མེད་ནི། དེ་ཉིད་ལ་ཕན་པའི་ཆེད་དམ་གཞན་དགོས་པ་ཁྱད་པར་ཅན་ཡོད་ནས་སྨད་པ་ལྟར་སྟོན་པ་ལ་ལྟུང་མེད་དོ། །མདོར་ན་བརྡ་དོན་རྟགས་ཀྱི་རྣལ་འབྱོར་མའི་ངང་ཚུལ་ཤེས་པས་ཕྱག་རྒྱ་རྣམ་པ་བཞི་ལ་མ་དད་པ་སྤངས་ཏེ་དག་པ་ཡེ་ཤེས་ཀྱི་སྣང་བར་རྒྱས་གདབ་པས་ལྟུང་བ་འདི་ལས་ཀུན་ཏུ་རྒྱལ་བ་ཡིན་ནོ། །རྩ་བའི་ལྟུང་བ་རྣམས་ཇི་ལྟར་འགོག་པའི་ཚུལ་བཤད་ཟིན་ཏོ། །ལྔ་པ་ཡན་ལག་བརྒྱད་ནི། དེ་དང་ཕྱོགས་མཐུན་ཡན་ལག་ནི། །དམ་མེད་རིག་མ་མི་བསྟེན་ཞིང་། །ཚོགས་ཀྱི་འཁོར་ལོར་རྩོད་མི་བྱ། །མ་གསུངས་པ་ཡི་རིག་མ་ལས། །དམ་ཚིག་བདུད་རྩི་མི་བླང་ཞིང་། །གསང་ཆོས་དུས་ལྡན་བསྟན་པར་བྱ། །ཆོས་དྲིར་བྲེ་མོའི་གཏམ་མི་བྱ། །ཉན་ཐོས་ནང་དུ་ཞག་བདུན་མིན། །རྣམ་འབྱོར་ཡེ་ཤེས་མི་ཤེས་བར། །རྡོ་རྗེ་འཛིན་པར་ཁས་མི་བླང་། །དུས་མིན་གསང་ཆོས་བསྟན་པ་མིན། །འདི་འགལ་ཡན་ལག་ལྟུང་བ་བརྒྱད། །ཅེས་པས་དགོས་པ་ཁྱད་པར་བ་མེད་པར་དམ་ཚིག་དང་མི་ལྡན་པའི་རིག་མ་བསྟེན་པ་ནི་དང་པོ་སྟེ། འཇིགས་བྲལ་དཔའ་བོའི་ཞབས་ཀྱིས། རབ་ཏུ་བདེ་བ་འཕྲོག་


KMC013_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །ཡན་ལག་ཉེས་པ་ང་ཡིས་བཤད། །དམ་ཚིག་ངག་(ཁ༢༢༨བ)དང་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་ནི། །ཡན་ལག་ཉེས་པ་དང་པོ་ཡིན། །ཞེས་སོ། །ཚོགས་ཀྱི་གྲལ་དུ་རིགས་སམ་ཐོས་པས་ཁེངས་པ་ཆོས་དང་ཟང་ཟིང་གི་རྩོད་པ་བྱེད་པ་ནི་གཉིས་པ་སྟེ། ཚོགས་ཀྱི་འཁོར་ལོར་རྩོད་པ་ནི། །ཡན་ལག་ཉེས་པ་གཉིས་པ་ཡིན། །ཞེས་སོ། །རྒྱུད་མན་ངག་ལས་གསུངས་པའི་མཚན་རྟགས་མ་ཚང་བའི་བུད་མེད་ཕལ་པ་ལས་རིལ་བུའི་རྒྱུའམ་བདེ་བའི་རྒྱུར་བདུད་རྩི་ལེན་པ་ནི་གསུམ་པ་སྟེ། མ་གསུངས་པ་ཡི་རིག་མ་ལས། །སྔགས་པའི་བདུད་རྩི་ཐོབ་བྱེད་པ། །ཡན་ལག་ཉེས་པ་གསུམ་པ་ཡིན། །ཞེས་སོ། །དེ་བཞིན་དུ་མ་སྨིན་པ་ལ་བརྡའི་སྐད་སྟོན་པ་ཡང་གསུམ་པར་མཚུངས་སོ། །གསང་ཆོས་རྣམས་སྣོད་རུང་དོན་དུ་གཉེར་བ་ལ་དཔེ་མཁྱུད་ཀྱིས་མི་སྟོན་པ་བཞི་པ་སྟེ། གསང་ཆོས་མན་ངག་ཤེས་གྱུར་ཀྱང་། །གཞན་ལ་མི་སྟོན་ཤེས་རབ་ངན། །ཡན་ལག་ཉེས་པ་བཞི་པ་ཡིན། །ཞེས་སོ། །སྣོད་རུང་ཆོས་དོན་གཉེར་གྱིས་དུས་སུ་འདྲི་བ་ལ་བྲེ་མོའི་གཏམ་སོགས་ཀྱིས་གཏམ་རླུང་ལ་སྐུར་བར་བྱེད་པ་ནི་ལྔ་པ་སྟེ། དད་པའི་སེམས་ཅན་ཆོས་


KMC013_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིར་སྒྱུས། །གཞན་གྱི་གཏམ་བྱེད་བྱང་ཆུབ་སེམས། །ཡན་ལག་ཉེས་པ་ལྔ་པ་ཡིན། །ཞེས་སོ། །ཁ་ཅིག་གིས་ནི་འདི་ཡན་ལག་བཞི་པར་འཆད་དོ། །ཐེག་ཆེན་ལ་ཆོས་ལོག་ཏུ་རྟོག་པའི་ཉན་ཐོས་པ་དང་སྔགས་སྤྱོད་ལ་སྐུར་པ་འདེབས་པའི་རྟོག་གེ་བའི་ནང་དུ་ཞག་བདུན་ལོངས་པར་གནས་པ་ནི་དྲུག་པ་སྟེ། ཉན་ཐོས་ནང་དུ་ཞག་བདུན་འདས། །ཡན་ལག་ཉེས་པ་དྲུག་པ་ཡིན། །ཞེས་སོ། །གཞན་དག་ནི་མ་སྨིན་པ་ལ་དམ་རྫས་བསྟན་པ་དྲུག་པར་འཆད་དོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མི་ཤེས་པར་རང་ཉིད་རྡོ་རྗེ་འཛིན་པར་ཁས་ལེན་པ་ནི་བདུན་པ་སྟེ། རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །ང་ནི་སྔགས་པ་ཡིན་ཟེར་བ། །ཡན་ལག་ཉེས་པ་བདུན་པ་ཡིན། །ཞེས་སོ། །གཞན་དག་ནི་བསྙེན་སོགས་མ་བྱས་པར་དཀྱིལ་འཁོར་གྱི་ལས་དང་སློབ་དཔོན་གྱི་བྱ་བ་ལ་འཇུག་པ་བདུན་པར་འཆད་དོ། །སྣོད་མིན་ལ་ཤེས་བཞིན་དུ་གསང་ཆོས་སྟོན་ན་བརྒྱད་པ་སྟེ། སྣོད་མིན་སེམས་ཅན་ཐམས་ཅད་ལ། །ཕྱི་ཡི་ཆོས་བཤད་འོས་པ་ལ། །གསང་བའི་ཆོས་རྣམས་བཤད་པ་ནི། །ཡན་ལག་ཉེས་པ་བརྒྱད་པ་ཡིན། །ཞེས་སོ། །ཁ་ཅིག་ནི་རིག་མ་


KMC013_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མེད་ལས་བདུད་རྩི་ལེན་པ་དང་ཡེ་ཤེས་དང་མི་ལྡན་པར་སྔགས་པར་ཁས་ལེན་པ་གཉིས་གཅིག་ཏུ་བསྡོམས་ཏེ་བརྒྱད་པར་འཆད་དོ། །འདི་ཐམས་ཅད་ལ་ཡང་ཐ་མལ་གྱི་རྟོག་པས་འདུ་བྱས་ཅིང་དེ་ལ་དེར་ཤེས་པ་དང་དེ་ལྟར་བྱེད་འདོད་པས་བྱ་བ་དེ་གྲུབ་པ་ན་སྦོམ་པོ་ཡིན་ལ། ཡན་ལག་གང་རུང་མ་ཚང་ན་ཉེས་བྱས་དང་། དགོས་པ་ཁྱད་པར་བ་ཡོད་ན་ལྟུང་བ་མེད་དོ། །འགྲེལ་ཆེན་ལས་ནི། ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ་དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ། །ཞེས་གྲངས་མ་ངེས་པར་ཡང་གསུངས་སོ། །དྲུག་པ་ལས་དང་པོ་པའི་ལྟུང་བ་བཅོ་ལྔ་ནི། གཞན་ཡང་རྣམ་པ་བཅོ་ལྔ་སྟེ། །མཆོད་སོགས་དུས་ལས་འདས་པ་དང་། །རང་ལྷ་བླང་དོར་བྱེད་པ་གཞན། །ཕྱི་རོལ་འཇིག་རྟེན་ལྷ་དགའ་དང་། །དངོས་པོར་ཐེར་ཟུག་ཞེན་ཞིང་སྦོམ། །དབང་མ་རྫོགས་པར་གཞན་ལ་བསྐུར། །ཚེ་འདིའི་དོན་དུ་བསྟན་པ་དང་། །འོག་མའི་བསླབ་པ་ཁྱད་དུ་གསོད། །རྙེད་ཕྱིར་རང་ཚུལ་གོང་མར་སྟོན། །ནུས་མེད་ཕྲིན་ལས་རྩོམ་པ་དང་། །དོན་མེད་སྙོམས་ལས་ཀྱིས་གནས་བྱེད། །བརྩེ་བ་སྤོང་བར་བྱེད་པ་དང་། །དམན་པའི་སྤྱོད་པ་བྱེད་ལ་དགའ། །འཇིག་རྟེན་གཡེང་བས་དུས་


KMC013_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བདའ་ཞིང་། །ཉམས་པ་ཡལ་བར་འདོར་བྱེད་དང་། །རང་གི་སྤྱོད་པ་དོར་བྱེད་པ། །འདི་རྣམས་ལྟུང་བར་གསུངས་པ་ཡིན། །ཞེས་པས་ཟླ་རེས་དབང་དུ་བྱས་པ་དུས་བཟང་གི་མཆོད་པ་དང་ཞག་གཅིག་ལ་དུས་དྲུག་གམ་བཞིར་དཀྱིལ་འཁོར་མཆོད་སྒྲུབ་བྱ་དགོས་པ་རྣམས་དུས་ལས་འདས་པ་དང་། ལྷག་པའི་ལྷ་སྤངས་ཏེ་ལྷ་གཞན་ལེན་པ་སོགས་ལྷ་ལ་བླང་དོར་བྱེད་པ་དང་། འཇིག་རྟེན་གྱི་ལྷ་སྲུང་ལ་མཆོག་ཏུ་འཛིན་པ་དང་། ལྷ་སྐུ་སོགས་བརྡོས་བཅས་ཐེར་ཟུག་ཏུ་ཞེན་པ་དང་། དབང་མ་རྫོགས་པར་རྡོ་རྗེའི་སློབ་དཔོན་བྱས་ཏེ་མ་ཐོབ་པའི་ཆོས་འཆད་པ་དང་། ཚེ་འདིའི་ཟང་ཟིང་གི་ཆེད་དུ་གསང་སྔགས་སྟོན་པ་དང་། སྡོམ་པ་འོག་མ་ལ་བརྙས་པས་ཁྱད་དུ་གསོད་པ་དང་། རྙེད་བཀུར་གྱི་ཆེད་དུ་མིའི་ཆོས་བླ་མ་རང་གིས་མ་ཐོབ་པ་རྣམས་ཀྱང་ཐོབ་པར་ཁས་ལེན་པ་དང་། ནུས་པ་མེད་པར་ལས་སྦྱོར་བྱེད་པ་དང་། སྙོམས་ལས་ཀྱིས་གནས་པར་བྱེད་པ་དང་། ཕན་གདགས་ཡུལ་གྱི་སེམས་ཅན་དམན་པའི་སྐྱབས་ནུས་བཞིན་མི་བྱེད་པ་དང་། ཐེག་པ་འོག་མའི་སྤྱོད་པ་ཁོ་ན་ལ་དགའ་བས་སྤྱོད་པ་དང་། འཇིག་རྟེན་པའི་རྣམ་


KMC013_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་གིས་དུས་འདའ་བ་དང་། དམ་ཚིག་ཉམས་པ་སོགས་གདུལ་བར་ནུས་བཞིན་དུ་མི་འདུལ་བ་དང་། རང་གི་སྤྱོད་པའི་དུས་ཚོད་ཇི་ལྟ་བར་སྤྱོད་པ་སྤངས་ནས་སྤྱོད་པ་གཞན་བྱེད་པ་སྟེ། རྣམ་པ་བཅོ་ལྔ་ནི་ལས་དང་པོ་པ་རྣམས་ཀྱི་ལྟུང་བ་སྟེ་རྩ་ལྟུང་དང་མི་ཟློས་པའི་ཚུལ་ནི་ཞར་ལས་ཤེས་པར་ནུས་ལ། དགོས་པ་ཁྱད་པར་བ་དང་འབྲེལ་ན་ལྟུང་བ་མེད་དོ། །བདུན་པ་ཡན་ལག་གི་ཕྱོགས་མཐུན་བདུན་ནི། དམ་པ་ཉེར་བསྟེན་ཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤང་། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་དོར། །དགེ་ཀུན་སེམས་སྐྱེད་བསྔོ་བས་བཟུང་། །རྣམ་ཤེས་འཕོ་བའི་དེ་ཉིད་མཁས། །འདི་ཡང་ཡན་ལག་ཉེས་པར་བཤད། །ཅེས་པས་བླ་མ་དམ་པ་བསྙེན་ཞིང་དམ་པ་མ་ཡིན་པ་སྤོང་བ་དང་། སློབ་མ་སྣོད་རུང་སྡུད་ཅིང་སྣོད་དང་མི་ལྡན་པ་མི་སྡུད་པ་དང་། ཚེ་འདིའི་ཆེད་དུ་གཞན་ལ་གནོད་པ་མི་བྱེད་པ་དང་། དཀོན་མཆོག་གི་རྫས་སོགས་ལྕི་བའི་རྫས་ལོངས་མི་སྤྱོད་པ་དང་། གཞན་གྱི་དོན་ཡལ་བར་མི་འདོར་བ་དང་། དགེ་བ་ཅི་བྱེད་སྦྱོར་བ་སེམས་སྐྱེད། དངོས་གཞི་འཁོར་གསུམ་དག་


KMC013_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྗེས་བསྔོ་བས་རྒྱས་འདེབས་པ་དང་། འཆི་ལྟས་ཀྱི་དེ་ཉིད་ཤེས་པས་དུས་སུ་མ་བབ་པར་མི་འཕོ་བ་སྟེ་རྣམ་པ་བདུན་ལ་བསླབ་པར་བྱ་སྟེ་འགལ་ན་ཡན་ལག་གི་ཉེས་པའོ། །མདོར་ན་རྒྱུད་ཀྱི་རིམ་པ་བཞིན། །དབང་བཞིའི་ཚུལ་དང་རྗེས་འབྲེལ་བས། །བློ་དང་ལྡན་པས་ལེགས་པར་དཔྱད། །ཅེས་ལྟུང་བ་རྣམས་དབང་དང་ཇི་ལྟར་སྦྱོར་བ་དང་། ཕམ་སོགས་དབྱེ་བའི་གོ་རིམ་ཡང་། །ཉོན་མོངས་ཀུན་བསླང་དེར་ཤེས་ལྡན། །ལུས་ངག་སྦྱོར་བརྟེན་བར་བཅད་ཅིང་། །མ་འཁྲུལ་འགྱོད་མེད་ཚད་ལས་འདས། །བདུན་ལྡན་ཕམ་པ་ཅེས་བརྗོད་ལ། །དངོས་གཞི་མེད་དང་ཚད་ལས་འདས། །ལྟུང་བ་ཞེས་བརྗོད་ལྷག་མ་འདྲ། །དེ་བས་དམན་པ་ཡན་ལག་གི། །གཙོ་བོ་ལྕི་སྟེ་སྦོམ་པོ་བཞིན། །ཡན་ལག་གཞན་དག་ལྟུང་བྱེད་མཚུངས། །ཕྱོགས་མཐུན་ཕྲ་མོ་ཉེས་བྱས་ཏེ། །ལྟུང་བ་ཉེས་མེད་གཟུགས་བརྙན་སྣང་། །ལེགས་ཤེས་གཉེན་པོས་རབ་ཏུ་བསྟེན། །ཞེས་ལྟུང་བར་འགྱུར་ཚུལ་རྣམས་ནི་རྩ་ལྟུང་གི་སྐབས་སུ་བཤད་ཟིན་ལ། དཀོན་མཆོག་བྱང་ཆུབ་ཕྱི་ནང་སེམས། །ཡུལ་དང་ཡུལ་ཅན་ཕྱི་ནང་རྐྱེན། །ཚར་བཅད་རྗེས་བཟུང་ཕྲིན་


KMC013_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ། །དམ་ཚིག་ཐམས་ཅད་འདུས་པའོ། །ཞེས་པ་ནི་དམ་ཚིག་དེ་ཐམས་ཅད་ཀྱང་མདོར་བསྡུ་ན། སྐྱབས་དཀོན་མཆོག་གསུམ་དང་། ཕྱི་ནང་གི་བྱང་སེམས་མི་སྤང་བ་དང་། ཡུལ་དང་ཡུལ་ཅན་གྱི་དག་པ་ལ་ཐེ་ཚོམ་མི་ཟ་བ་དང་ཕྱི་ནང་གི་མཐུན་རྐྱེན་ཉེ་བར་བསྟེན་པ་དང་། ཚར་བཅད་རྗེས་བཟུང་གི་འཕྲིན་ལས་དུས་ལས་མི་འདའ་བར་བྱེད་པ་སྟེ་བཅུ་གཉིས་སམ་ལྔར་འདུ་བ་སྟེ། དམ་ཚིག་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །ད་ནི་གཉིས་པ་སྔགས་ཀྱི་སྡོམ་པ་བྱེ་བྲག་ཏུ་བཤད་པར་བྱ་སྟེ་འདི་ལ་ལྔ། ངོ་བོ། དབྱེ་བ། ཡུལ། སོ་སོའི་རང་བཞིན། ཐོབ་མཚམས་སོ། །ངོ་བོ་ནི། ཨེ་ཝཾ་དབྱེར་མེད་དུ་གྲུབ་པའི་བདེ་ཆེན་གྱི་ཡེ་ཤེས་ནི་རྡོ་རྗེ་ཐེག་པ་བླ་མེད་ཀྱི་སྡོམ་པ་དངོས་ཡིན་ཏེ། བརྟག་གཉིས་ལས། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཨ་ལྀ་ཀཱ་ལྀ་ནི་ཉི་མ་དང་ཟླ་བ་དང་ཤེས་རབ་དང་ཐབས་སོ། །ཞེས་དང་། བརྟག་པ་ཕྱི་མ་ལེའུ་གསུམ་པར། དེ་ལ་སྡོམ་པ་བཀའ་བསྩལ་པ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཅེས་སོ། །དེ་ལ་དབང་གི་སྒོ་ནས་དབྱེ་ན། དབང་བཞིའི་སྡོམ་པ་བཞི་སྟེ་ཨེ་ཝཾ་སྦྱོར་བས་དགའ་


KMC013_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའམ་སྐད་ཅིག་མ་བཞི་སྐྱེ་ཚུལ་རྒྱས་པར་བཤད་ནས་མཐར། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་སོ། །འབྲས་བུའི་སྒོ་ནས་དབྱེ་ན། སྐུ་བཞི་རེ་རེ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཏེ་རྣམ་པ་བཞི་གཅིག་ཏུ་བསྡོམས་པས་སྡོམ་པ་རྣམ་པ་བཞིའོ། །ཡང་ན་བསྡམ་བྱའིདབང་གིས་བཅུ་དྲུག་ཏུ་ཡང་འགྱུར་ཏེ། དུས་འཁོར་འགྲེལ་ཆེན་ལས། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །དཔལ་ལྡན་ལྷན་སྐྱེས་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པའོ། །ཞེས་སོ། །གང་ཞིག་སྡོམ་པའི་རིགས་སམ་གང་དུ་སྡོམ་པའི་གནས་ཀྱི་སྒོ་ནས་ཕྱེ་ན་རྣམ་པ་གསུམ་སྟེ། ནཱ་རོ་འགྲེལ་ཆེན་ལས། ཐམས་ཅད་དེ་ཁོ་ན་ཉིད་བཞི་ཞེས་པ་ལ་སོགས་པ་ནི་ཇི་ལྟར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲེངས་ནས་རྒྱུད་གཞན་དུ་གསུངས་པའི་སྒྲུབ་བྱེད་ཀྱིས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་ཏུ་སྡོམ་པའོ། །རིགས་ལྔའི་དབྱེ་བས་རིགས་ལྔར་


KMC013_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམ་པ་དང་རིགས་གསུམ་གྱི་དབྱེ་བས་རིགས་གསུམ་དུ་བསྡམ་པ་ཅེས་པ་ནི་དེ་བཞིན་གཤེགས་པས་ངེས་པར་གསུངས་སོ། །ཞེས་རིགས་དྲུག་དང་རིགས་ལྔ་དང་སྐུ་གསུང་ཐུགས་གསུམ་སྡོམ་པ་སྟེ་རྣམ་གྲངས་གསུམ་གསུངས་སོ། །མདོར་ན་ཨཱ་ལྀ་ཀཱ་ལྀ་སོགས་གཉིས་ཆོས་ཀྱི་སྡོམ་པ་དང་། སྐུ་གསུང་ཐུགས་སོགས་གསུམ་ཆོས་ཀྱི་སྡོམ་པ་དང་། དགའ་བཞི་སོགས་བཞི་ཆོས་ཀྱི་སྡོམ་པ་དང་། འབྱུང་བ་ལྔ་སོགས་ལྔ་ཆོས་ཀྱི་སྡོམ་པ་དང་། རིགས་དྲུག་སོགས་དྲུག་ཆོས་ཀྱི་སྡོམ་པ་ནས། བྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །ཞེས་པས་གྲངས་མེད་གཞལ་དུ་མེད་པའི་སྡོམ་པར་འགྱུར་ཏེ། འདིས་སྡོམ་པར་མི་ནུས་པའི་ཆོས་ནི་འགའ་ཡང་དམིགས་པ་མ་ཡིན་ཏེ། ཡེ་ཤེས་ཆེན་པོ་འདི་ནི་ཆོས་ཐམས་ཅད་ལ་གདབ་པར་བྱ་བའི་ཕྱག་རྒྱ་བླ་ན་མེད་པ་ཡིན་ནོ། །དངོས་བཏགས་ཀྱི་སྒོ་ནས་དབྱེ་ན། ཁས་བླངས་པ་ཙམ་གྱིས་སྡོམ་པའི་ཐ་སྙད་སྦྱར་བ་སྔགས་སྡོམ་བཏགས་པ་བ་དང་། ཡེ་ཤེས་རྒྱུད་ལ་རྙེད་པ་སྔགས་སྡོམ་ཡང་དག་པ་སྟེ་གཉིས་སོ། །གང་ལས་ཐོབ་པའི་ཡུལ་ནི། རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་ཡིན་ལ། རྐྱེན་ནི་དབང་བསྐུར་བ་ལས་


KMC013_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར་ཏེ། ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་རྙེད་པར་འགྱུར། །ཞེས་སོ། །ད་ནི་སོ་སོའི་རང་བཞིན་བཤད་པར་བྱ་སྟེ། སྤྱིར་ཐིག་ལེ་སྟོང་པ་ཡེ་གེ་དྲུག་སྟེ་ཐབས་ཀྱི་ཆོས་ཐམས་ཅད་དང་གསལ་བྱེད་ཀྱི་ཚོགས་པ་གཅིག་ཏུ་གྱུར་པ་ནི་ཝཾ་ཡིག་བདེ་བ་ཆེན་པོ་དང་། སྟོང་པ་ཆེན་པོ་ཡི་གེ་ལྔ་ཤེས་རབ་ཀྱི་ཆོས་ཐམས་ཅད་དང་དབྱངས་ཀྱི་ཚོགས་པ་གཅིག་ཏུ་གྱུར་པ་ནི་ཨེ་ཡིག་ཆོས་ཀྱི་འབྱུང་གནས་སྟོང་པ་ཆེན་པོ་ཡིན་ལ། དེ་གཉིས་དབྱེར་མེད་དུ་གཅིག་པ་ནི་ཨེ་ཝཾ་གཉིས་སུ་མེད་པ་ཁ་སྦྱོར་ཟུང་འཇུག་གི་གོ་འཕང་དགྱེས་པའི་རྡོ་རྗེའི་དུས་ཀྱི་འཁོར་ལོ་ལ་སོགས་པར་བརྗོད་པ་ཡིན་ཏེ། བརྟག་གཉིས་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཞེས་དང་། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་སོགས་གསུངས་སོ། །དེས་ན་གསུང་རབ་མཐའ་དག་གི་གླེང་གཞིར་ཨེ་ཝཾ་ཐོག་མར་སྨོས་ཅིང་། ཁ་ཅིག་ཏུ་མིང་གི་རྣམ་གྲངས་གཞན་གྱིས་


KMC013_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཨེ་ཝཾ་གསུངས་ནས་ཡི་གེ་གཉིས་པོ་འདི་ནི་ཆོས་ཀྱི་ཕུང་པོ་ཐམས་ཅད་ཀྱི་གཞིར་བསྟན་པ་སྟེ། ལྷའི་དབང་པོས་ཞུས་པའི་མདོ་རྒྱ་འགྲེལ་རྣམས་སུ་དྲངས་པར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་དག་གི་གྲངས་གསུངས་པ། །ཀུན་གྱི་གནས་ནི་ཕ་དང་མ། །ཡི་གེ་གཉིས་སུ་བདག་གིས་བསྟན། །ཨེ་ཡིག་དག་ནི་མ་ཡིན་ཏེ། །ཝཾ་ཡིག་དག་ནི་ཕར་ཤེས་བྱ། །ཐིག་ལེ་དེ་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བ། །ཞེས་དང་། ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད། །ཅེས་གསུངས་སོ། །དེས་ན་ཨེ་ཡིག་ཤེས་རབ་ཀྱི་ཆོས་དང་ཝཾ་ཡིག་ཐབས་ཀྱི་ཆོས་དབྱེར་མེད་པ་ཐིག་ལེའི་ངོ་བོར་སྡོམ་པ་རྒྱུད་ལ་གྲུབ་པ་ནི་བླ་མེད་ཀྱི་སྡོམ་པ་ཐོབ་པ་ཅེས་བྱ་ལ། དབང་ཐོབ་པ་དང་དབང་གི་ཡེ་ཤེས་བརྙེད་པ་ཅེས་ཀྱང་བྱ་ཞིང་བླ་མེད་ཀྱི་དབང་གི་ངོ་བོ་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟར་སྤྱི་དོན་གྱི་ཚུལ་གྱིས་བཤད་ནས་བྱེ་བྲག་སྦས་དོན་དུ་བཤད་ན། ཕུང་པོ་ལྔས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ནི་ཨཱ་ལིའི་སྒྲས་བསྟན་པ་ཝཾ་ཡིག་ཐབས་ཀྱི་ཆ་ཡིན་ལ།


KMC013_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་དང་རིགས་ལྔས་བསྡུས་པ་རྣམ་པར་དག་པ་མྱ་ངན་ལས་འདས་པའི་ཆོས་ཀཱ་ལིའི་སྒྲས་བསྟན་པ་ཨེ་ཡིག་ཤེས་རབ་ཀྱི་ངོ་བོར་གཟོད་ནས་དག་པས་འཁོར་འདས་གཉིས་མེད་དུ་སྡོམ་པས་གཟུང་བའི་མཚན་མ་ལས་ལོག་པས་སྟོང་པ་དང་སྐུ་རྡོ་རྗེ་སྣང་བའི་འོད་གསལ་དགའ་བའི་ཡེ་ཤེས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་བདག་ཉིད་རྟོགས་པ་ནི་བུམ་དབང་གི་སྡོམ་པའམ་སྐུའི་སྡོམ་པའམ་བུམ་དབང་ངམ་བུམ་དབང་གི་ཡེ་ཤེས་ཅེས་བྱ་སྟེ། ཞིབ་མོར་ཕྱེ་ན་མི་བསྐྱོད་པ་ཆུ་དབང་གིས་རྣམ་ཤེས་མི་བསྐྱོད་པ་དང་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྡོམ་པ་ནས་མིང་དབང་གིས་གཟུགས་ཕུང་རྣམ་སྣང་དང་གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་སྡོམ་པར་བྱེད་ལ། དེ་ལྟར་ཕུང་པོ་ལྔ་རིགས་ལྔར་ཤེས་པས་འཁོར་འདས་ལ་བཟང་ངན་གྱི་བློ་དང་བྲལ་ཏེ་ཆོས་ཐམས་ཅད་ཡི་དམ་གྱི་ངོ་བོར་ཤེས་པས་སྣང་བ་ལ་སྤྲོས་མཚན་ལོག་སྟེ་སྣང་སྟོང་སྒྱུ་མ་ལྟར་གནས་པ་ན་བུམ་དབང་གི་བྱ་བ་རྫོགས་ཅིང་སྐབས་དོན་གྲུབ་པ་ཡིན་ནོ། །དེ་བཞིིན་དུ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་ལས་འོངས་པ་ཨེ་ཡིག་ཤེས་རབ་རྡོ་རྗེ་ཉི་མ་དམར་ཆའི་དངོས་པོ་


KMC013_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་བདེན་པ་དང་། ཝཾ་ཡིག་ཐབས་རྡོ་རྗེ་ཟླ་བ་དཀར་ཆའི་དངོས་པོ་ཀུན་རྫོབ་ཀྱི་བདེན་པ་དབྱེར་མེད་དུ་འདྲེས་པའི་བྱང་ཆུབ་ཀྱི་སེམས་མྱངས་པས་ནང་གི་ཟླ་ཉི་དབྱེར་མེད་དུ་སྡོམ་པས་ལུས་སྣང་གི་མཚན་མ་ལོག་པས་སྟོང་པ་ཆེན་པོ་གསུང་རྡོ་རྗེ་མཆེད་པའི་འོད་གསལ་ལམ་མཆོག་དགའི་ཡེ་ཤེས་རྣམ་པར་ཉེད་པའི་སྐད་ཅིག་མའི་བདག་ཉིད་རྟོགས་པ་ནི་གསང་དབང་གི་སྡོམ་པ་དང་གསང་དབང་དངོས་དང་གསུང་གི་སྡོམ་པ་ཡིན་ལ། དཀར་དམར་དང་གོ་ཀུ་ལ་སོགས་པ་སྔོན་མི་གཙང་བར་གྲགས་པ་དེ་ཉིད་དམ་ཚིག་གི་བདུད་རྩི་བླ་ན་མེད་པར་བསྟན་པས་གཙང་མི་གཙང་དང་བཟའ་རུང་མི་རུང་སོགས་དབྱེར་མེད་དུ་ཤེས་པས་གཙང་དམེའི་རྟོག་པ་དང་བྲལ་ཏེ་གསལ་སྟོང་བདེ་བའི་ངོ་བོར་གནས་པ་ན་གསང་དབང་གི་སྐབས་དོན་གྲུབ་པའོ། །ཨེ་ཡིག་ཤེས་རབ་ཀྱི་པདྨ་དང་ཝཾ་ཡིག་ཐབས་ཀྱི་རྡོ་རྗེ་གཅིག་ཏུ་སྡོམ་པས་དྲུག་ཡིད་ཀྱི་རྟོག་པ་དང་ཆོས་ཀྱི་མཚན་མ་ལས་ལོག་པས་ཤིན་ཏུ་སྟོང་པ་ཐུགས་རྡོ་རྗེ་ཐོབ་པའི་འོད་གསལ་ལམ་ཁྱད་པར་གྱི་དགའ་བའམ་ཞུ་བདེའི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྣམ་པར་སྨིན་པའི་སྐད་ཅིག་རྟོགས་


KMC013_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དབང་གསུམ་པའི་སྡོམ་པའམ་ཐུགས་ཀྱི་སྡོམ་པའམ་དབང་གསུམ་པའི་ཡེ་ཤེས་ཡིན་ལ། ཆོས་ཐམས་ཅད་བདེ་སྟོང་གཅིག་ཏུ་སྡོམ་པས་བདེ་ཆེན་འགྱུར་མེད་དུ་གནས་པ་ནི་དབང་གསུམ་པའི་དོན་གྲུབ་པའོ། །དབང་བཞི་པའི་ཡེ་ཤེས་སམ་སྡོམ་པའམ་དབང་དངོས་ནི་ངག་གིས་དངོས་སུ་བརྗོད་པར་ནུས་པ་མ་ཡིན་ཏེ། ཇི་ལྟར་བུ་རམ་གྱི་ཤིང་དང་ཁ་དོག་དང་དབྱིབས་སོགས་བརྗོད་ཅིང་ལེན་པར་བྱེད་མོད་ཀྱང་དེའི་རོ་ནི་མངར་རོ་ཞེས་པ་ཙམ་ལས་མངར་བ་ཉིད་ཀྱི་རང་བཞིན་དངོས་སུ་བརྗོད་མི་ནུས་ཅིང་འདི་འདྲའོ་ཞེས་རྟོག་པས་བསམས་པས་ཀྱང་ཉམས་སུ་མི་མྱོང་བས་ལྕེའི་དབང་པོའི་མངོན་སུམ་དུ་མྱངས་པ་ལས་རིག་པར་བྱ་བ་ཁོ་ན་ཡིན་པ་ལྟར། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ནི་སྒྲ་དང་རྟོག་པའི་དངོས་ཡུལ་མིན་ཏེ་སེམས་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ཁོ་ན་ཡིན་ལ། དེ་ནི་རྡོ་རྗེ་སློབ་དཔོན་གྱི་བྱིན་རླབས་དང་ཐབས་ཀྱི་ཁྱད་པར་ལས་ཁོང་དུ་ཆུད་པར་འགྱུར་གྱི། བརྟག་དཔྱད་ཀྱི་བློས་མི་རྟོགས་པས་དབང་བཞི་པ་རྒྱུད་ཐམས་ཅད་དུ་སྦས་པར་གྲགས་པ་ཡིན་གྱི། དབང་བཞི་པ་སྐུར་བྱེད་ཀྱི་ཆོ་ག་དང་མཚོན་བྱེད་ཀྱི་


KMC013_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་རྣམས་ནི་མ་སྦས་པར་གསལ་བར་བཤད་དོ། །འོན་ཡང་བུ་རམ་གྱི་རོ་མ་མྱོང་བ་ལ་མངར་རོ་ཞེས་སྨྲས་ཀྱང་སྔོན་རང་གིས་མྱོང་བའི་འོ་མའམ་ཤིང་མངར་ལྟ་བུའི་རོ་དང་མཚུངས་པར་ལྟ་བ་ཙམ་ལས་བུ་རམ་གྱི་མངར་བའི་རོའི་ཁྱད་པར་མ་མྱོང་གི་བར་དུ་མི་ཤེས་པ་ལྟར། དབང་བཞི་པའི་ཡེ་ཤེས་མ་རྟོགས་པ་ལ་སྤྲོས་བྲལ་ལོ། སྟོང་པའོ། ཟུང་འཇུག་གོ། བློ་འདས་སོ། བདེ་ཆེན་ནོ་ཞེས་སོགས་བརྗོད་ཀྱང་། ཅི་ཡང་མེད་པ་ཙམ་མམ། སྔར་ཡོད་འགགས་པ་མེ་ཤི་བ་ལྟ་བུའམ། གཉིས་སྡེབས་སམ། བདག་གི་བློ་ལས་འདས་སོ་ཞེས་སྒྱིད་ལུག་པའམ། ཞུ་བདེའི་ཚོར་བ་ལྟ་བུར་གོ་བ་ཙམ་ལས་མི་སྐྱེས་ལ། ཡེ་ཤེས་དེ་རྟོགས་ན་ནི་བརྗོད་པ་ཐམས་ཅད་དང་མི་འགལ་ཞིང་བརྗོད་པ་གང་གིས་ཀྱང་མཚོན་དུ་མེད་ལ། ཕྱོགས་རེ་ལས་བརྩམས་ཏེ་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་སྨྲ་བསམ་བརྗོད་པའི་གནས་ཀྱང་མ་ཡིན་པ། འགལ་འབྲེལ་གྱི་དབུ་བའི་ཕུང་པོ་ཐམས་ཅད་ཞིག་པ། ལྟ་གྲུབ་དང་མཐོང་བ་སྣ་ཚོགས་པའི་སྐྲ་ཤད་ཐམས་ཅད་མ་རིག་པའི་རབ་རིབ་དང་བྲལ་བའི་མིག་གི་ལམ་ན་གར་ཡང་མ་སྤངས་ཅིང་གང་དུའང་མི་གནས་


KMC013_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པ་སུས་ཅི་ཡང་གང་དུ་ཇི་ལྟར་མཐོང་བ་མེད་པ་ཉིད་ཀྱི་མཐོང་བ་ཡང་དག་པར་བརྙེད་པ་དེའི་ཚེ་ཆོས་ཐམས་ཅད་གཟོད་མ་ནས་རྣམ་པ་ཐམས་ཅད་དེ་ཉིད་དུ་སྡོམ་པའི་ངེས་པ་བརྙེད་པས་ལྷན་ཅིག་སྐྱེས་པ་དང་ཀུན་བཏགས་པའི་མ་རིག་པའི་མཚན་མ་ལས་ལོག་པས་ཐམས་ཅད་སྟོང་པ་ཡེ་ཤེས་རྡོ་རྗེ་བདེ་ཆེན་གྱི་འོད་གསལ་ལ་ལམ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་དགའ་བྲལ་གྱི་ཡེ་ཤེས་རྣམ་པ་ཐམས་ཅད་དང་བྲལ་བའི་སྐད་ཅིག་གིས་རྟོགས་པ་ནི་དབང་བཞི་པའི་སྡོམ་པ་དང་ཡེ་ཤེས་ཀྱི་སྡོམ་པ་དང་དབང་བཞི་པའི་ཡེ་ཤེས་དངོས་ཡིན་ལ། སྣང་སྲིད་ཐམས་ཅད་བློ་འདས་ཕྱག་རྒྱ་ཆེན་པོའི་ངོ་བོར་མཉམ་རྗེས་ཀྱི་འཇུག་ལྡང་དང་བྲལ་བར་གནས་པ་འདི་ནི་དབང་བཞི་པ་ཐོབ་པ་ཡིན་ནོ། །དེ་ལྟར་དབང་བཞིའི་སྡོམ་པ་ཐོབ་པ་འདི་ནི་འབྲས་བུའི་སྐུ་བཞིའི་ས་བོན་སྨིན་ངེས་སུ་ཐེབས་ཅིང་ལམ་དུས་ཀྱི་སྐུ་བཞི་མྱུ་གུ་ལྟ་བུར་གྲུབ་ལ། གཞིའི་སྐུ་བཞི་ལ་སྒྲིིབ་བྱེད་ཀྱི་དྲི་མ་རགས་པ་བསལ་བ་ཡིན་ཞིང་། རེ་རེ་ལ་ཡང་དབང་བཞིའམ། དགའ་བཞིའམ། སྐུ་གསུང་ཐུགས་ཡེ་ཤེས་བཞིར་ཕྱེས་བས་དེ་ཉིད་རྣམ་པ་བཅུ་དྲུག་དང་ས་བཅུ་


KMC013_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་དུས་ཀྱི་འཁོར་ལོ་ལས་བཤད་དོ། །མདོར་ན་བརྟག་གཉིས་ལས་གསུངས་པའི། ཨཱ་ལྀ་ཀཱ་ལྀ་དང་ཞེས་པས་བུམ་དབང་གི་ཨེ་ཝཾ། ཟླ་ཉིའི་སྒྲས་གསང་དབང་གི་ཨེ་ཝཾ། ཐབས་ཤེས་ཀྱི་སྒྲས་དབང་གསུམ་པའི་ཨེ་ཝཾ་སྟེ་དབང་གསུམ་གྱི་སྡོམ་པ་དངོས་སུ་བསྟན་ནས་བཞི་པ་སྦས་ཐབས་སུ་བསྟན་ལ། ཤུགས་ཀྱིས་ནི་ཨཱ་ལྀ་ཀཱ་ལྀ་སོགས་རེ་རེས་ཐབས་ཤེས་ཀྱི་ཨེ་ཝཾ་ཐམས་ཅད་བསྡུས་ཏེ་དེ་ཁོ་ན་ཉིད་ཀྱི་སྡོམ་པ་གཅིག་ཏུ་བསྟན་པ་ཡིན་ནོ། །ཐོབ་མཚམས་ནི། སྤྱིར་རྒྱུད་སྡེ་འོག་མ་ལ་བླ་མེད་ལྟ་བུའི་སྔགས་སྡོམ་དངོས་ནི་མེད་ཀྱང་རང་སའི་སྔགས་སྡོམ་རེ་ཡོད་ཅིང་། དེ་དག་ཡང་སྤོང་སེམས་སམ་སྒྲུབ་སེམས་ཀྱི་རྟོག་པ་རེ་སྐྱེས་པ་ལ་སྡོམ་པར་འཇོག་པ་ནི་མ་ཡིན་ཏེ་བདེ་སྟོང་གི་ཡེ་ཤེས་དང་ཆ་མཐུན་པའི་རྣལ་འབྱོར་མངོན་སུམ་གྱི་མྱོང་བ་དེ་ཡིན་ལ། སྣོད་ཀྱི་དབང་གིས་སྐྱེ་བའི་དུས་མ་ངེས་ཀྱང་གཙོ་བོར་དབང་དུས་དང་ལམ་སྒོམ་སྟོབས་ཅི་རིགས་པར་སྐྱེ་ལ། དབང་དུས་སུའང་རྡོ་རྗེའི་སེམས་སྐྱེད་པ་དང་ཡེ་ཤེས་དབབ་པ་དང་དབང་བསྐུར་བ་སོགས་སྐབས་ཐོབ་ཅི་རིགས་པར་སྐྱེ་བ་ཡོད་དོ། །རྒྱུད་གོང་འོག་ཐུན་མོང་དུ་རིགས་ལྔའི་སྡོམ་པ་བཟུང་


KMC013_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁས་ལེན་པའི་ཚེ་སོ་ཐར་དང་བྱང་སྡོམ་ལྟར་ཁས་བླངས་པ་ཙམ་ལ་སྡོམ་པ་ཕོག་པ་དང་ཐོབ་པའི་ཐ་སྙད་བྱེད་པ་ཡིན་གྱི་རིགས་ལྔའི་སྔགས་སྡོམ་དངོས་དུས་དེར་ཐོབ་པ་ནི་མ་ཡིན་ཏེ། རིགས་ལྔའི་སྡོམ་བཟུང་གི་རྗེས་ཟློས་བྱས་པ་ཙམ་གྱིས་ཡེ་ཤེས་ལྔའི་ཆ་མཐུན་རྒྱུད་ལ་མ་སྐྱེས་ཅིང་ཐ་མལ་གྱི་རྟོག་པ་མ་འགྱུར་བའི་ཕྱིར། ཁྱད་པར་བླ་མེད་ཀྱི་སྐབས་སུ་རིགས་ལྔའི་སྡོམ་པ་དངོས་ནི་གནས་སྐབས་བཞིར་འགྱུར་ཏེ། རགས་པ་སྣོད་བཅུད་དང་འབྲེལ་བ་རིག་པའི་དབང་ལྔ་ལས་ཐོབ་ཅིང་། ཕྲ་བ་དམ་ཚིག་གི་རྫས་དང་འབྲེལ་བ་གསང་དབང་གི་དུས་དང་དེ་བས་ཕྲ་བ་རྩ་རླུང་ཐིག་ལེ་དང་འབྲེལ་བ་དབང་གསུམ་པའི་དུས་དང་། ཤིན་ཏུ་ཕྲ་བ་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ནི་དབང་བཞི་པའི་སྐབས་སུ་ཐོབ་པའི་ཕྱིར་ཏེ། བུམ་དབང་གི་དུས་སུ་ཕུང་པོ་ལྔ་རིགས་ལྔར་ངོ་སྤྲོད། གསང་དབང་གི་དུས་ཤ་ལྔ་དང་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་དུ་ངོ་སྤྲོད། དབང་གསུམ་པའི་དུས་རྩ་རླུང་ཐིག་ལེ་དང་བདེ་བ་རིགས་ལྔར་ངོ་སྤྲོད། དབང་བཞི་པའི་དུས་རིགས་ཐམས་ཅད་གཉུག་མ་དེ་ཁོ་ན་ཉིད་ཀྱི་རིགས་གཅིག་ཏུ་སྟོན་པའི་ཕྱིར་རོ། །དེ་


KMC013_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྡོ་རྗེའི་སེམས་བསྐྱེད་པས་ཐུན་མོང་མ་ཡིན་པའི་རིགས་ཀྱི་བྱང་སེམས་ཀྱི་སྡོམ་པ་དང་། གནས་གསུམ་བྱིན་རླབས་ཀྱིས་ལྷ་བཞེང་བ་ན་རྒྱུ་བྱིན་གྱིས་རློབ་པ་ལྟ་བུར་སྒོ་གསུམ་ལྷར་སྡོམ་པ་དང་། གོ་ཆ་འགོད་པ་སོགས་ཀྱིས་ཕུང་ཁམས་སྐྱེ་མཆེད་ལ་མཚན་རྟོག་སྡོམ་པ་དང་། ཡེ་ཤེས་དབབ་པའི་ལྷའི་བྱིན་རླབས་རྒྱུད་ལ་ཕེབས་པ་སོགས་སོ་སོས་ཀྱང་རྒྱུད་ལ་ཡེ་ཤེས་ཀྱི་ཆ་ཤས་སོ་སོ་བ་རེ་སྐྱེད་པའི་ཕྱིར་སྡོམ་པའི་ཆ་ཡིན་ལ། ཁྱད་པར་དབང་བཞི་སོ་སོའི་སྡོམ་པ་ནི་ཡེ་ཤེས་དེ་ནམ་རྒྱུད་ལ་སྐྱེས་པ་དེའི་ཚེ་སྡོམ་པ་དེ་ཐོབ་པ་ཡིན་ལ། དེའི་ཕྱིར་བུམ་དབང་གི་སྡོམ་པ་ལྟ་བུ་དབང་དུས་སུ་སྐྱེས་ནས་དེ་ཕྱིན་དབང་དུས་སུ་མ་སྐྱེས་པར་ལམ་སྒོམས་པའི་ཚེ་སྐྱེས་པའང་ཡོད་ཅིང་ཐམས་ཅད་དབང་དུས་སུ་སྐྱེས་པ་དང་ཐམས་ཅད་ལམ་གྱི་ཚེ་སྐྱེས་པའང་ཡོད་ལ། ཁྱད་པར་བརྒྱུད་པ་འདི་ལ་ནི་དབང་བཞི་ག་བླ་མ་ལ་གསོལ་བ་འདེབས་པ་མོས་གུས་བྱིན་རླབས་ཀྱི་ལམ་ལས་སྐྱེས་པ་མང་བ་ཡིན་ནོ། །བོད་ཡུལ་ཕྱི་རབས་པ་མང་པོས་སྔགས་ཀྱི་གླེགས་བམ་ཆེ་ཞིང་མང་བ་བྱས་མོད་ཀྱང་། ཉན་ཐོས་ཀྱི་སྡོམ་པར་རིག་བྱེད་མིན་གཟུགས་དང་། ཕར་ཕྱིན་


KMC013_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡོམ་པ་སྤོང་སེམས་དང་སྒྲུབ་སེམས་ལ་འཇོག་པ་བཞིན་དུ། སྔགས་སྡོམ་ཡང་རིག་བྱེད་མིན་གཟུགས་སམ་སྤོང་སེམས་དང་སྒྲུབ་སེམས་ཙམ་ཞིག་གོ་ཞེས་བསམས་ནས། ཕལ་ཆེ་བས་རིགས་ལྔའི་སྡོམ་བཟུང་ཚར་གསུམ་གྱི་མཐར་སྔགས་སྡོམ་ཡོངས་རྫོགས་ཐོབ་པར་འཆད་པ་དང་། ཁ་ཅིག་གིས་བུམ་དབང་གི་མཐར་ཡོངས་རྫོགས་ཐོབ་པར་འཆད་པ་དང་། ཁ་ཅིག་གིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྔགས་སྡོམ་ཡོངས་རྫོགས་ཐོབ་པ་མེད་དོ་ཅེས་ཟེར་བ་སོགས་སྣ་ཚོགས་པ་མུ་ཅོར་སྒྲོག་གི་སྔགས་སྡོམ་གྱི་ངོ་བོ་རྒྱུས་ཡོད་པ་ནི་འགའ་ཡང་མི་སྣང་ངོ་། །དེས་ན་ལུགས་དེ་ནིི་ཕྱོགས་རེ་བ་ཁོ་ན་སྟེ་རིགས་ལྔའི་སྡོམ་བཟུང་གི་མཐར་སྔགས་སྡོམ་ཡོངས་རྫོགས་ཐོབ་ན་དེ་ནི་བྱ་སྤྱོད་རྣལ་འབྱོར་གྱི་དབང་ལ་ཡང་ཡོང་བས་རྒྱུད་སྡེ་གོང་འོག་ལ་སྔགས་སྡོམ་ཁྱད་མེད་པར་འགྱུར་ལ། འདོད་ན་ནི་སྔགས་སྡོམ་འབོགས་ཆོག་ནི་དབང་བསྐུར་ཁོ་ན་ཡིན་པར་ཁྱེད་རང་ཡང་སྨྲ་བའི་ཕྱིར་རྒྱུད་སྡེ་གོང་འོག་ལ་དབང་གི་ཆོ་གའང་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང་རིགས་ལྔའི་སྡོམ་བཟུང་ཙམ་གྱིས་རིགས་ལྔའི་སྡོམ་པ་རྫོགས་པར་ཐོབ་ན་ནི་


KMC013_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

སླར་རིག་པའི་དབང་ལྔས་ཅི་ཞིག་བྱ། གཞན་ཡང་དབང་བསྐུར་སྔགས་སྡོམ་འབོགས་ཆོག་ཏུ་སྨྲ་ཞིང་དབང་དོན་དང་སྔགས་སྡོམ་མི་གཅིག་པར་འདོད་པ་ནི་སྐད་ཅིག་གིས་ཀྱང་འགལ་བ་ཡིན་ནོ། །དེ་བཞིན་དུ་བུམ་དབང་གི་མཐར་ཡོངས་རྫོགས་ཐོབ་ནའང་སླར་དབང་གོང་མ་ལ་དགོས་པ་ཅི་ཡོད་དེ། སྔར་མ་ཐོབ་པའི་སྡོམ་པ་སར་དུ་ཐོབ་དུ་མེད་པའི་ཕྱིར་། ཁ་ཅིག་དབང་གོང་མ་ནི་དགེ་སློང་གི་སྡོམ་པ་སྐྱེས་ནས་གདམས་ངག་བརྗོད་པ་ལྟ་བུའོ་ཟེར་མོད། དེ་ཡང་ག་ལ་ཡིན་ཏེ། དེ་ལྟ་ན་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་དེའི་གདམས་ངག་བརྗོད་པ་ཡིན་ནོ་ཞེས་དགེ་ཚུལ་དང་དགེ་སློང་རིམ་པས་ཕོག་པ་དང་ཁྱད་ཅི་ཡོད། བུམ་དབང་གི་གདམས་ངག་བརྗོད་ན་ནི་སྐྱེས་རིམ་འཆད་དགོས་པ་ཡིན་གྱི་བུམ་དབང་གི་སྐབས་སུ་ཟུར་ཙམ་ཡང་མ་བསྟན་པའི་དབང་གོང་མ་སྐུར་བ་བུམ་དབང་གི་གདམས་ངག་བརྗོད་པར་སྨྲ་ན་ནི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ནི་རྫ་མཁན་གྱི་ཡོ་བྱད་ཡིན་པར་སྨྲས་ན་ཡང་སྐྱོན་ཅི་ཡོད། ཁ་ཅིག་གིས་ཞིབ་མོར་རློམ་ནས་ལྟ་གོན་གྱི་དུས་ཁྱོར་ཆུ་བླུད་པ་དང་། ཀུ་ཤ་འགྲེམས་པ། སོ་ཤིང་འདོར་བ་སོགས་ལའང་སྡོམ་པ་


KMC013_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཐོས་རེ་ཡོད་དོ་ཟེར་བ་ནི་ལྷམ་དཔེ་ཞྭ་ལ་བཀབ་པའི་རིགས་པ་ཡིན་ཏེ། ལྟ་གོན་ནི་གྲབས་ཡུལ་གྱི་བརྡ་རྙིང་ཡིན་པས་དབང་གི་ལྟ་གོན་དབང་དངོས་ཡིན་པར་སྨྲས་ན། སྤྲིན་འདུ་བ་ནི་ཆར་འབབ་པ་ཡིན་པ་དང་གོ་ཆ་སོག་པ་ནི་གཡུལ་སྤྲོད་པ་ཡིན་པ་སོགས་བྱིས་པ་བཞད་གད་དུ་འགྱུར་བ་དུ་མ་སྨྲ་དགོས་སོ། །དེས་ན་དབང་གི་ལྟ་གོན་ནི་སྔགས་སྡོམ་ལ་འཇུག་པའི་གྲབས་ཡུལ། ཉན་ཐོས་ཀྱི་དགེ་སློང་ལེན་པ་ན་བསྒྲུབ་བྱ་ཁྲུས་བྱེད་ཡོ་བྱད་སོག་པ་ནི་མཚན་བརྟག་པ་ལྟ་བུ་ཡིན་ལ། དབང་བསྐུར་ཉིད་ཀྱི་ཚེའམ་མིག་དར་འཆིང་བ་ནི་ཐོས་པའི་ཉེ་འཁོར་ལས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་འཇོག་པ་ལྟ་བུ་དང་། མེ་ཏོག་གཏད་པ་ནི་མཇལ་དར་གྱི་བོད་པོ་དང་དམ་བཞག་རྣམས་ནི་བར་ཆད་དྲི་བ་ལྟ་བུ་ཡིན་པས་དེ་དག་ནི་དགོས་པ་གཞན་དང་གཞན་ལས་ཡིན་གྱི་སྡོམ་པ་ཁྱད་པར་བ་ཐོབ་ཏུ་མེད་དོ། །དེ་བཞིན་དུ་སྔགས་སྡོམ་ཡོངས་རྫོགས་ཐོབ་པ་སངས་རྒྱས་ལས་མེད་དོ་ཅེས་པའང་སྐབས་མིན་གྱི་སྨྲ་བ་ཡིན་ཏེ་བུམ་པ་གཉིས་ཅིག་ཡོད་པ་ཁྱད་གཞིར་བྱས་ནས། ཁྱོད་གསེར་བུམ་འདིས་ཆུ་ལེན་ནམ་དངུལ་བུམ་འདིས་ཆུ་


KMC013_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དྲིས་པ་ན། ཁོ་བོས་འཛམ་གླིང་གི་གསེར་བུམ་དང་དངུལ་བུམ་ཐམས་ཅད་ནི་འཁུར་བར་མི་ནུས་སོ་ཞེས་སྨྲ་བ་ལྟ་བུ་སྟེ། དེ་ལྟར་ན་སོ་ཐར་དང་བྱང་སྡོམ་ལའང་ཅིས་མི་མཚུངས་། རྫོགས་པའི་སངས་རྒྱས་ལ་ནི་བསྡམས་པ་མཐར་ཕྱིན་པ་ཞེས་བྱའི། སྡོམ་པ་ནི་མ་འོངས་པ་དང་ད་ལྟར་བའི་སྒྲ་ཡིན་པས། སངས་རྒྱས་ལ་མི་སྦྱོར་ཏེ་སྤངས་པ་ཕུན་ཚོགས་ཅེས་བྱའི་སྤོང་བ་ཕུན་ཚོགས་ཅེས་མི་བརྗོད་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པ་ཅེས་བྱའི་འཚང་རྒྱ་ཤཱཀྱ་ཐུབ་པ་ཅེས་མི་བརྗོད་པ་བཞིན་ཏེ། འདི་ནི་བརྡ་སྤྲོད་ཀྱི་ཚུལ་རིག་པ་རྣམས་ལ་དྲིས་ཅིགདེ་ལྟར་ཐུན་མོང་མ་ཡིན་པའི་སྔགས་སྡོམ་གྱི་ཚུལ་འདི་ནི་སྒྲུབ་བརྒྱུད་འདིའི་རྡོ་རྗེའི་གསུང་སྔ་མ་རྣམས་ཀྱི་ས་བོན་ལ་བསྟེན་ཏེ་རྒྱུད་འགྲེལ་དབང་དུ་བྱས་ནས་བཀོད་པ་སྟེ་བོད་ཀྱི་མཁས་རློམ་རྣམས་ལ་མི་སྣང་བས་ཤིན་ཏུ་སྦ་བར་བྱ་ཞིང་གསུམ་ཆོས་དང་བཞི་ཆོས་ལ་སོགས་པའི་སྡོམ་པའི་རྣམ་བཞག་ནི་མན་ངག་ལས་རིག་པར་འགྱུར་རོ། །གཉིས་པ་བསྟེན་བྱའི་དམ་ཚིག་བྱེ་བྲག་ཏུ་བཤད་པ་ནི། གཞུང་ཇི་ལྟ་བ་ཉིད་དེ་བཀླགས་པས་གོ་ལ། ཞལ་གདམས་བཅུ་པར་སྤྲོས་པ་གཞན་མ་མཛད་ལ་བཅུ་


KMC013_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་ཅུང་ཟད་གསལ་བར་མཛད་དོ། །གཉིས་པ་ཉམས་པ་ཕྱིར་བཅོས་ནི། ཉམས་ན་ཚོགས་ཀྱི་འཁོར་ལོ་དང་། །ཡེ་གེ་བརྒྱ་པས་བཤགས་པར་བྱ། །ཅེས་གསུངས་ཏེ། འདི་ལ་གཉིས། སྤྱི་དང་། ཚོགས་ཀྱི་འཁོར་ལོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དམ་ཚིག་རྒྱ་མཚོར། གལ་ཏེ་ཉམས་ན་བཤགས་བྱ་སྟེ། །དབང་བསྐུར་སྦྱིན་སྲེག་གསང་སྔགས་དང་། །མཎྜལ་གཏོར་མའི་རིམ་པ་ནི། །ཉམས་པའི་ཚད་དང་སྦྱར་ཏེ་སྤྱད། །ལུས་ངག་ཡིད་ཀྱི་རིམ་པ་ཡིས། །དཀའ་སྤྱད་བསམ་གཏན་ཚུལ་བཞིན་བྱ། །ཞེས་པས་གསུམ་ལྡན་གྱི་སློབ་དཔོན་ལ་རྩ་ལྟུང་དང་པོ་བྱུང་ན་ཇི་ལྟར་བྱ་བ་ནི། སྒྱུ་དྲ་ལས། གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པ་ཡིས། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་སྐྱེད་པའི་རྩ་བ་ཡིན། །རང་གིས་བསམ་པ་རྫོགས་བྱས་ཀྱང་། །སློབ་དཔོན་གྱིས་གནང་མ་བྱུང་ན། །དང་པོ་སྡུག་བསྔལ་དཀའ་བ་སྤྱད། །དེ་ནས་བདོག་པ་ཐམས་ཅད་དབུལ། །རྗེས་སུ་གནང་བ་བསྒྲུབ་པར་བྱ། །དབང་བསྐུར་ཆོ་ག་ལན་བདུན་བྱ། །ཚོགས་ཀྱི་འཁོར་ལོ་ཉི་ཤུ་གཅིག །སྦྱིན་སྲེག་འབུམ་ཕྲག་བདུན་


KMC013_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །མེ་ཏོག་ཚོམ་བུ་འབུམ་ཕྲག་གཉིས། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་ན། །འདི་ནི་བཤགས་པའི་དམ་པའོ། །འཇིག་རྟེན་སྤྱོད་ལ་མི་གནས་ཅིང་། །དྲང་སྲོང་སྤྱོད་པ་ཡང་དག་བྱ། །ཡང་ན་ལུས་ལས་ཁྲག་ཕྱུང་སྟེ། །བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ནི། །བྱས་ཏེ་བླ་མ་ལ་དབུལ་བྱ། །ཡང་ན་གནང་བ་ཐོབ་པ་ཡིས། །བསམ་གཏན་གྱིས་ནི་ཟླ་བ་བདུན། །ཞེས་སོ། །བླ་མ་གཉིས་ལྡན་ལ་དེའི་ཆ་གཉིས་དང་གཅིག་ལྡན་ལ་ཆ་གཅིག་གིས་བཤགས་ཅིང་དུས་འདས་ན་ལོ་རེ་ཞིང་ཆ་རེ་སྐྱེད་པས་བཤགས་ཏེ། རྒྱ་ཆེར་འགྲེལ་ལས། གཉིས་ལྡན་ནི་དང་པོའི་ཆ་གཉིས་སོ། །གཅིག་ལྡན་ནི་དང་པོའི་ཆ་གཅིག་གོ། །གཅིག་ལྡན་དུས་ལོ་གསུམ་འདས་ན་དང་པོའི་ཚད་དུ་བྱའོ། །གཉིས་ལྡན་ལ་ལོ་གསུམ་འདས་ན་དང་པོའི་ཕྱེད་དང་གཉིས་སོ། །ཞེས་སོ། །སྤྱིར་རྩ་ལྟུང་ཐམས་ཅད་ལ་བཤགས་པའི་མཆོག་ནི་རྡོ་རྗེ་སེམས་དཔའི་སྒོམ་པ་དང་ལྡན་པས་ཡིག་བརྒྱ་འབུམ་ཕྲག་གམ་རྩ་ལྟུང་བྱང་བའི་རྟགས་ཐོབ་ཀྱི་བར་དུ་བཟླ་བ་དང་། བསྙུང་གནས་དང་མཆོད་རྟེན་གདབ་པ་དང་། ཕྱག་དང་སྐོར་བ་སོགས་ལུས་ངག་གི་དགེ་བ་


KMC013_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཞི་ལྷག་དང་སྒྱུ་མ་ལྟ་བུ་སྟོང་ཉིད་སྒོམ་པ་སོགས་རྟགས་ཐོན་པར་བྱ་སྟེ། དཀྱིལ་ཆོག་སྙིང་པོ་རྒྱན་ལས། འབུམ་བཟླས་ཡོངས་སུ་རྫོགས་པ་ཡིས། །རྩ་བའི་ལྟུང་བ་རྣམ་པར་སྦྱོང་། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས། ལུས་ངག་ཡིད་ཀྱི་ཉེས་པ་ལ། །ལུས་ཀྱིས་མཆོད་རྟེན་དཀྱིལ་འཁོར་བཞེང་། །ངག་གིས་ཡི་གེ་བརྒྱ་པའོ། །ཡིད་ཀྱིས་སྒྱུ་མའི་དོན་བསམ་ཞིང་། །གཞན་དུ་སྦྱིན་སྲེག་དག་ཏུ་བཤད། །ཀུན་གྱི་ཁ་སྐོང་གཏོར་མ་བཤམ། །ཞེས་གསུངས་ཅིང་། ཚོགས་ཀྱི་འཁོར་ལོ་མཚན་ཉིད་དང་ལྡན་པ་བརྒྱ་ཕྲག་སོགས་དང་དཔའ་བོ་དང་དཔའ་མོའི་སྟོན་མོ་སྦྱོར་བ་སོགས་ནི་གཤེགས་པ་དང་གསོལ་བ་གཉིས་ཀར་ཡིན་ཏེ། ཞལ་གདམས་བཅུ་གཅིག་པར། དམ་ཚིག་ཉམས་པ་གསོ་བའི་ཐབས་ནི་ཡར་གྱི་ཚེས་བཅུ་དང་མར་གྱི་ཚེས་བཅུ་ལ་ཚོགས་ཀྱི་འཁོར་ལོ་བྱས་དང་མེ་མཆོད་དང་ཡི་གེ་བརྒྱ་པས་ཁ་བསྐང་བར་བྱའོ། །ཞེས་སོ། །སྤྱིར་རྩ་ལྟུང་བྱུང་ན་དབང་གིས་གསོ། ཡན་ལག་ཉམས་ན་ཚོགས་འཁོར་བསྐོར། སྦོམ་པོ་བྱུང་ན་བླ་མར་བཤགས། ཉེས་བྱས་བྱུང་ན་གཞན་ལ་བཤགས་པར་ཡང་བཞེད་དོ། །སླར་དབང་བསྐུར་ཞུ་བ་


KMC013_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསོ་བའི་ཆོ་ག་དངོས་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི། བྱིས་པའི་དབང་བདུན་ལ་གནས་པ་ལ་རྩ་ལྟུང་བྱུང་ན་ཕྱིས་སྡོམ་སེམས་དང་ལྡན་པས་བཟླས་པ་སུམ་ཁྲི་དྲུག་སྟོང་གིས་རྩ་ལྟུང་ལས་ལྡང་ཞིང་། བུམ་གསང་གི་དབང་ལ་གནས་པའི་ཁྱིམ་པ་ལ་རྩ་ལྟུང་བྱུང་ན་སློབ་དཔོན་གྱིས་བསོད་ནམས་ཀྱི་ལས་ཀྱི་ཆད་པ་སྟེར་ལ། དགེ་ཚུལ་ལམ་དགེ་སློང་གི་བརྟུལ་ཞུགས་ཅན་ལ་ནི་ཚུལ་ཁྲིམས་ཀྱི་ལས་གཙོ་བོར་གྱུར་པའི་ཆད་པ་སྟེར་ཞིང་དེ་སྦྱར་བས་བསོད་ནམས་སམ་ཚུལ་ཁྲིམས་དེས་ལྟུང་བ་ལས་ལྡང་བར་འགྱུར་ལ། གོང་མ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ལ། རྩ་ལྟུང་བྱུང་ན་ནི་གཞན་གྱིས་ཆད་པ་སྦྱིན་པའི་དབང་གིས་འདག་པ་མེད་དེ་རང་གི་བསོད་ནམས་དང་ཚུལ་ཁྲིམས་ཀྱི་མཐུ་བསྐྱེད་ནས་སྡིག་པ་གཤགས་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་སུ་ཕྱིན་ནས་རང་སྟོབས་ཀྱིས་ལྡང་དགོས་པར་གསུངས་ལ། འདིའི་ནུས་པས་དབང་གསུམ་པ་དང་བཞི་པའི་རྩ་ལྟུང་ནི་ཆད་པའི་བཤགས་བྱ་མ་ཡིན་ཞིང་རང་སྟོབས་ཀྱིས་ལྡང་དགོས་པར་ཐོན་ནོ། །གསང་དབང་ལ་གནས་པ་མན་ཆད་ཀྱི་རྩ་ལྟུང་བྱུང་བ་དེ་ནི་


KMC013_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་ལས་ལངས་ནས་སླར་དབང་བསྐུར་ཞུ་ཞིང་དེའི་ཚེ་ཉན་ཐོས་ཀྱི་ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་བསླབ་བྱིན་ལྟར་རྡོ་རྗེ་འཛིན་པའི་གྲལ་སྔ་མ་ལས་ཕབ་སྟེ་དབང་བསྐུར་ཕྱི་མའི་གྲལ་དུ་འཇོག་ལ། གལ་ཏེ་གྲུབ་པ་ཐོབ་པའམ་མངོན་ཤེས་ཅན་དུ་གྱུར་ན་སྔུན་གྱི་གནས་སུ་འཕོ་བའང་བསླབ་བྱིན་གྱི་ཤུགས་ཀྱིས་ཐོན་ནོ། །དེས་ན་རྒྱུད་ལས། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་དག་ལ་གནས་པ་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། །རྩ་བའི་ལྟུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །ཞེས་དང་། །འགྲེལ་ཆེན་ལས། དབང་བདུན་པ་ལ་གནས་པ་ལ་སྔགས་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་དག་པར་འགྱུར་ཏེ། །ཅེས་དང་། དེ་ཉིད་ལ་སློབ་དཔོན་གྱིས་བརྟུལ་ཞུགས་ཀྱི་ངེས་པས་ཆད་སྦྱིན་པར་བྱའོ། །ཞེས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་པ་ལ་གང་གི་ཚེ་རྩ་བའི་


KMC013_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་འབྱུང་བར་གྱུར་ན་དེའི་ཚེ་དག་པ་མེད་དོ། །དོན་ཅི་ཞེ་ན། དེ་ལ་སློབ་དཔོན་གྱིས་འདིའི་ཆད་པ་སྦྱིན་པར་མི་བྱ་སྟེ་རང་གི་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཆོས་ཀྱིས་བདག་ཉིད་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་བཅས་པའི་གནས་སུ་སོང་སྟེ་བདག་ཉིད་དག་པ་འཐོབ་བོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་བཞེད་པའོ། །ཞེས་གསུངས་སོ། །ཁ་ཅིག་གོང་མ་ལ་ནི་དག་པ་མེད་ཅེས་པའི་རྒྱུད་ཚིག་ལ་བརྟེན་ནས་དག་པ་གཏན་མེད་དུ་སྨྲ་བ་ཡང་འགྲེལ་ཆེན་གྱི་ལུང་འདིས་བསལ་བ་ཡིན་ནོ། །ཉམས་པའི་ཉེས་དམིགས་དང་མ་ཉམས་པའི་ཕན་ཡོན་ཡང་། དམ་ཚིག་རྒྱ་མཚོར། མ་བཤགས་རྡོ་རྗེ་དམྱལ་བ་སོགས། །ཚུལ་མིན་སྡུག་བསྔལ་བསམ་ལས་འདས། །མ་ཉམས་རབ་ནི་ཚེ་གཅིག་གིས། །རྡོ་རྗེ་འཛིན་པའི་ས་ཐོབ་ཅིང་། །ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཐོགས་མེད་བསམས་པ་ཙམ་གྱིས་འགྲུབ། །ཅེས་སོ། །དམ་ཚིག་གི་རྣམ་པར་བཞག་པ་བཤད་ཟིན་ཏོ། །བར་འདིར་བཅུ་གཉིས་པ་དབང་བསྐུར་གྱི་ཞལ་གདམས་ཡོད་མོད་ཀྱང་དབང་གི་ངོ་བོ་


KMC013_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གལ་ཆེ་བ་ནི་གོང་དུ་ཁ་འཐོར་དུ་བཤད་ཟིན་ལ། ཇི་ལྟར་ལག་ཏུ་བླང་ཚུལ་ནི་སྒྲུབ་ཐབས་ལས་གསལ་བའི་ཕྱིར་རྣམ་བཤད་མ་བྱས་སོ། །ཕྱི་ནང་གཞན་དང་དེ་བཞིན་ཉིད་ཀྱི། །འདུ་བའི་འཁོར་ལོས་རྟག་པར་རོལ་མཛད། །དཀྱིལ་འཁོར་པ་རྣམས་ཀུན་ལ་བཏུད་ནས། །ཚོགས་ཀྱི་འཁོར་ལོ་བཤད་པར་བྱའོ། །གཉིས་པ་ཚོགས་ཀྱི་འཁོར་ལོ་བཤད་པ་ལ་གཉིས། དངོས་དང་། ཞར་བྱུང་དུས་བཟང་གི་མཆོད་པའོ། །དང་པོ་ནི། ཉུང་ཞིང་འཚམ་པའི་ཕྱིར་བརྟག་གཉིས་དང་ཡེ་ཤེས་ཐིག་ལེའི་རྒྱུད་བཞིན་བཤད་པར་བྱའོ། །དེ་ལ་གང་དུ་བྱ་བའི་གནས་ནི་སྤྱིར་ཡུལ་ཆེན་པོ་སོ་གཉིས་སོགས་ཏེ། བརྟག་གཉིས་ལས། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །གནས་དང་ཉེ་བའི་གནས་དང་ནི། །ཞེས་སོགས་ཡུལ་སོ་གཉིས་ལ་བཤད་ཅིང་། བཟའ་བའི་ལེའུར། དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པའི་རྒྱ་མཚོའི་མཐར། །ཞེས་པས་དུར་ཁྲོད་དང་བས་མཐའ་དང་རིའི་བྱ་སྐྱིབས་ལ་སོགས་པ་ཡིན་ལ། ཁྱད་པར་དུ་དེར་ཚོགས་


KMC013_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁང་པ་སུམ་བརྩེག་གམ་ཕྱི་ནང་སུམ་རིམ་དུ་བྱ་བ་སྟེ། ཡེ་ཤེས་ཐིག་ལེར། ཚོགས་ཀྱི་འཁོར་ལོའི་གཏོར་མ་ཆེ། །ཁྱིམ་ནི་སུམ་ཐོག་གི་ནི་གནས། །ཅེས་དང་། རྗེ་མར་པའི་ཚོགས་མགུར་ལས། ཚོགས་ཁང་རིམ་པ་གསུམ་དུ་བསྐོར། །ཞེས་སོ། །སྤྱོད་བསྡུས་ལས་ཀྱང་། རིམ་པ་ཕྱི་མ་ནི་ཟས་ཀྱི་ཁང་པ་དང་། བར་མ་ནི་རོལ་མོའི་གནས་དང་། ནང་མ་ནི་ཚོགས་ཀྱི་གནས་དངོས་སུ་བཤད་དོ། །དུས་ནི། བརྟག་གཉིས་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་པས་མར་ངོའི་བཅུ་བཞི་དང་བརྒྱད་པ་བསྔགས་ལ་ཁྱད་པར་བདེ་མཆོག་གི་ཕྱོགས་ལ་ཚེས་བཅུ་ཁོ་ན་ངེས་པར་དུས་ཏེ། རྗེ་མར་པས། ཚེས་བཅུ་ལ་ནི་དེ་རབ་མཆོད། །ཅེས་སོ། །ཁྱད་པར་མཚན་མོའི་དུས་ཁོ་ན་བྱ་བ་སྟེ། མཁའ་འགྲོ་འདུ་བའི་ཕྱིར་རོ། །དེ་ཡང་སྦྱིན་བདག་བསོད་ནམས་འདོད་པ་དེས་ཚོགས་ཀྱི་གཙོ་བོར་འོས་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་གསོལ་བ་བཏབ་ཏེ་དེས་ལས་ཀྱི་རྡོ་རྗེ་ནུས་པ་དང་ལྡན་པ་སློབ་དཔོན་གཉིས་པར་འོས་པ་བརྡས་བཙལ་ནས་ལས་ཀྱི་རྡོ་རྗེ་དེས་འདུ་བར་འོས་པའི་རྣལ་འབྱོར་ཅན་རྒྱུད་དང་མན་


KMC013_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཤེས་ཅིང་རྩ་ལྟུང་མེད་པ་དཀྱིལ་འཁོར་གཅིག་པ་རྣམས་ལ་གནས་དང་དུས་ལ་སོགས་པ་བརྡས་རིག་པར་བྱས་ཏེ་ཚོགས་འཁོར་ལ་འདུ་བར་ལུས་ངག་གི་བརྡས་གསོལ་བ་གདབ་ཀྱི་ཐ་མལ་གྱི་ཚིག་གིས་ནི་མ་ཡིན་ནོ། །དེ་ནས་གནས་དེར་འདོད་ན་དཀྱིལ་འཁོར་བྲི་བར་རུང་ཞིང་སྐུ་གཟུགས་དགྲམ་པའང་རུང་མོད། གཙོ་བོར་ནི་འདིར་ཚོགས་ཀྱི་དཀྱིལ་འཁོར་གཙོ་བོ་ཡིན་གྱི་རྡུལ་ཚོན་མེད་མི་རུང་བ་ཡིན་པས་དབུས་སུ་གཙོ་བོའི་གདན་དང་ལྷ་སོ་སོའི་གནས་སུ་རོ་གདན་ནམ་མེད་ན་རོ་རས་ཀྱི་སྟན་ནང་ཚངས་ཅན་རོའི་དབྱིབས་དང་ཁ་དོག་བྲིས་པ་དགུ་ལ་སོགས་པ་དང་། ཡང་ན་སྟག་པགས་དང་ཞིང་པགས་དང་རོ་རས་ཀྱང་རུང་སྟེ། བརྟག་གཉིས་ལས། དེ་ལ་གདན་དུ་བརྟགས་པ་ནི། །རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་ལྤགས་པ་དང་། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་སོ། །དེ་ནས་རྣལ་འབྱོར་ཅན་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པའི་ལྷག་ཀྱང་རུང་སྟེ་རིམ་བཞིན་འོངས་པ་ན་ལས་ཀྱི་རྡོ་རྗེས་སྒོ་དྲུང་དུ་བརྡ་བྱས་ཏེ་ལན་གྱིས་མགུ་བར་གྱུར་ན་ནང་དུ་བཏང་ཞིང་བརྡ་མི་ཤེས་ན་སྐྲད་པར་བྱ་ལ། གང་


KMC013_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གློ་བུར་དུ་འོངས་ན་ཡང་དེ་བཞིན་ནོ། །གང་ཞིག་འོངས་པ་དེ་དག་གིས་ཀྱང་ཚོགས་ཀྱི་གཙོ་བོ་ལ་ཕྱག་བྱས་ཏེ། གཙོ་བོས་ཀྱང་སྡོད་ཅིག་བར་བརྡ་བྱས་ནས་སློབ་དཔོན་གཙོ་བོའི་གནས་དང་གཞན་རྣམས་ཀྱང་ལྷའི་རིམ་པ་ཇི་ལྟ་བས་འཁོད་པར་བྱ་སྟེ། བརྟག་གཉིས་ལས། དབུས་སུ་དགྱེས་པ་རྡོ་རྗེའི་གཟུགས། །ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །ཅེས་སོ། །བཟའ་བཏུང་གི་རྫས་ནི་རྒྱལ་མཚན་ལྟར་བསད་ཤིང་ལ་བཙུགས་པ་དང་གཡུལ་དུ་མཚོན་གྱིས་བསྣུན་པ་དང་དུར་ཁྲོད་དུ་བོར་བའི་རོ་གཞན་ཡང་ཡིན་ལ། གཙོ་བོ་ནི་མི་སྐྱེ་བ་བདུན་པའི་ཤ་སྟེ། རྒྱལ་མཚན་དང་ནི་མཚོན་བསྣུན་དང་། །ལན་བདུན་པ་ཡང་བཟའ་བར་བྱ། །ཅེས་སོ། །སྐྱེ་བ་བདུན་པ་ཇི་ལྟར་བརྟག་ཞེ་ན། སྐད་སྙན་པ་དང་མིག་ཡངས་དང་། །དྲི་ཞིམ་ལུས་ནི་གཟི་བརྗིད་ཆེ། །དེ་ཡི་གྲིབ་མའང་བདུན་དུ་འགྱུར། །ཞེས་པས་མཛེས་ཅིང་སྐད་སྙན་པ་མིག་དཀྱུས་རིང་ཞིང་ཡངས་ལ་རིང་དུ་མི་འཛུམ་པ། ལུས་ལ་ཙནྡན་གྱི་དྲི་བྲོ་བ། མཚན་མོ་དང་སྐྱེ་བོ་མང་པོ་འདུས་པ་ན་གཟི་བརྗིད་ཆེ་བ་


KMC013_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིན་ལ། བདེ་མཆོག་མངོན་བརྗོད་བླ་མར་སྐྱེ་བདུན་གྱི་ལེའུར་མིག་གི་མཐའ་དམར་ཞིང་འཇམ་ལ་ཡན་ལག་གི་ཐིལ་པདྨ་ལྟར་འཇམ་པ་དང་དངུལ་མུ་ཏིག་གི་ཕྲེང་བ་ལྟ་བུ་འབབ་པ་དང་དྲི་ཆུ་ལ་བུང་བ་འཁོར་བ་སོགས་མཚན་ཉིད་མང་བར་བཤད་ལ། ལུས་ཀྱི་ཆ་མཐའ་དག་ལས་ལས་ཚོགས་ཐ་དད་པ་འགྲུབ་པ་རྒྱ་ཆེར་བཤད་དོ། །གྲིབ་མ་བདུན་ལ་ཁ་ཅིག་གྲིབ་མ་འདི་ཉིད་བདུན་བརྩེགས་སུ་འབྱུང་བར་འཆད་ཀྱང་དེ་མ་ཡིན་ཏེ། དུར་ཁྲོད་དུ་ཐོད་ཆེན་གྱི་ནང་དུ་དུར་ཁྲོད་ཀྱི་རས་ལ་སྡོང་བུ་བྱས་ཏེ་ཞུན་ཆེན་གྱིས་བཀང་། དུར་ཁྲོད་ཀྱི་མེ་སྦར་ཏེ་ཉེར་དགུ་འམ་སྟོང་གི་མཚན་མོ་མར་མེའི་དྲུང་དུ་བཞག་པ་ནི་གྲིབ་མ་བདུན་བརྩེགས་སུ་འབྱུང་བར་རྗེ་མར་རྔོག་བཞེད་ལ། ཁ་ཅིག་ཚེས་བཅོ་ལྔའི་ཟླ་འོད་ལ་རྫིང་བུ་རྩིག་ངོས་དང་བཅས་པའི་དྲུང་དུ་བཞག་པས་གཞན་ལ་གྲིབ་མ་གཉིས་འཆར་ལ་དེ་ལ་བདུན་འཆར་བར་ཡང་འཆད་དོ། །ཕན་ཡོན་ནི། ཟོས་པ་ཙམ་གྱིས་གཟུགས་ཁམས་ཀྱི་ལྷ་དང་མཚུངས་པར་ནམ་མཁའ་ལ་འགྲོ་ཞིང་ཚེ་མཐའ་ཡས་པ་དང་ལུས་འཇའ་ཚོན་ལྟར་ཕྲ་བའི་དངོས་གྲུབ་ཏུ་འགྱུར་ལ། རྫས་དེ་ལ་བརྟེན་


KMC013_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྒྲུབས་ན་མཆོག་གི་དངོས་གྲུབ་ཀྱང་མྱུར་བར་འགྲུབ་ནུས་ཏེ། དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་མཁའ་སྤྱོད་འགྱུར། །ཞེས་དང་། དགའ་བྲལ་དགའ་བ་ལ་སྨོད་པའང་། །ལན་བདུན་པ་ནི་འགྲུབ་པར་འགྱུར། །ཞེས་སོ། །དེས་ན་སྐྱེ་བདུན་གྱི་ལུས་ནི་ཕལ་གྱིས་མི་རྙེད་ཅིང་བྱ་དང་གཅན་ཟན་སོགས་སྲོག་ཆགས་ཕལ་གྱིས་སྐྲག་པས་བཟའ་མི་ནུས་པར་བཤད་དོ། །ལན་བདུན་པ་དེ་ནི་སྐྱེས་བུ་ཆེན་པོ་ཡིན་པས་ལུས་སློངས་ན་ཡང་སྟེར་བར་འགྱུར་ཞིང་མིག་སྨན་གྱི་སྦྱོར་བས་ཀྱང་གང་ན་སྐྱེ་བདུན་གྱི་རོ་ཡོད་པ་བརྟགས་ནས་ལེན་པའོ། །གཞན་ཡང་གནོད་པ་སྤངས་པའི་ཤ་ལྔ་དང་བདུད་རྩི་ལྔ་དང་བཟའ་བཏུང་གཞན་དང་ཁྱད་པར་ཆང་སྣ་བཞི་བཤམ་པར་བྱ་སྟེ། ཡེ་ཤེས་ཐིག་ལེར། ཁྲག་ཆེན་པོ་དང་ཤ་ཆེན་པོ། །ཅི་རྙེད་པ་དག་བརྟག་པ་ཡིན། །གཞན་ནི་སྣ་ཚོགས་མཆོག་བྱེ་བྲག །ཉ་དང་ཤ་ལ་སོགས་པར་ལྡན། །མི་འཚེ་བ་དང་སྐྱོན་ཀུན་བྲལ། །སྡིག་པ་མེད་དང་མ་སླངས་པའོ། །ཞེས་སོ། །བཟའ་བཏུང་དེ་དག་སྟག་པགས་ཀྱི་སྟེང་དུ་བཞག་པར་བྱ་སྟེ། དམ་ཚིག་མ་ལ་ཏིནྡྷ་ནི། །སྟག་གི་ལྤགས་པའི་སྟེང་དུ་བཟའ། །ཞེས་


KMC013_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་རྣལ་འབྱོར་ཅན་འདུས་ཅིང་མཆོད་པའི་ཡོ་བྱད་ཚོགས་ནས་སྔོན་འགྲོ་གཏོར་མ་བཏང་སྲུང་འཁོར་བརྟན་པས་ལས་ཀྱི་རྡོ་རྗེས་ཕྱག་དང་མཎྜལ་བྱས་ཏེ་ཏིང་ངེ་འཛིན་ལ་བསྐུལ་ནས་མངོན་པར་རྟོགས་པ་ཚུལ་བཞིན་དུ་སྒོམ་སྟེ། དེ་ཡང་ཚོགས་ཁང་ནི་གཞལ་ཡས་ཁང་དང་། སློབ་དཔོན་ནི་དཀྱིལ་འཁོར་གྱི་གཙོ་བོ་དང་། དེའི་ཡུམ་ནི་དཀྱིལ་འཁོར་གྱི་གཙོ་མོའི་ང་རྒྱལ་དུ་བྱ་ཞིང་གཞན་རྣམས་ཀྱང་རང་རང་གི་གནས་ཀྱི་རིམ་པས་འཁོར་གྱི་ལྷ་དེ་དང་དེའི་ང་རྒྱལ་འཛིན་པ་ཡིན་ལ། འོན་ཀྱང་དགྱེས་རྡོར་ལྷ་དགུ་དང་བཅོམ་ལྡན་འདས་མ་ལྷ་ལྔ་སོགས་དཀྱིལ་འཁོར་གྱི་ལྷ་གྲངས་ཉུང་ཞིང་རྣལ་འབྱོར་ཅན་མང་ན་ནི་ཤར་ཕྱོགས་པ་རྣམས་གཽ་རི་དང་། མེ་ན་གནས་པ་རྣམས་ཤ་ཝ་རི་སོགས་དང་། སྐབས་འདིར་ཤར་ཕྱོགས་པ་རྣམས་རྡོ་རྗེ་མཁའ་འགྲོ་དང་ལྷོ་ཕྱོགས་པ་རྣམས་རིན་ཆེན་མཁའ་འགྲོ་སོགས་ཀྱི་ང་རྒྱལ་འཛིན་པས་བཟླས་པའི་རྣལ་འབྱོར་གྱི་བར་དུ་བྱས་ནས་བདག་ཉིད་ཚོགས་ཀྱི་དཀྱིལ་འཁོར་དུ་གནས་པ་ལ་ཕྱི་ནང་གསང་བའི་མཆོད་པ་དང་སྦྱངས་རྟོགས་སྦར་བའི་རྫས་ཀྱི་མཆོད་པ་ཡིན་ལ། དེ་ལྟ་བུའི་རྣལ་


KMC013_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་མཆོག་མ་ཡིན་ན་སླར་མདུན་སྐྱེད་བྱས་ནས་དེ་ལ་མཆོད་པ་བྱེད་ཅིང་བཟའ་བཏུང་རྣམས་སྦྱང་རྟོགས་སྦར་ཞིང་བྱིན་གྱིས་བརླབས་ནས་ཕུད་གཏོར་མར་བཅུག་ནས་འབུལ་ཞིང་ཤིན་ཏུ་ཕུད་ཟུར་དུ་བཞག་པར་བྱ་སྟེ་དེའི་དབང་དུ་མཛད་ནས་ཚོགས་མཆོད་ཀྱི་ཆོ་ག་སྒྲུབ་ཐབས་ལས་གསུངས་པ་ཡིན་ནོ། །དེ་ལ་སྐྱེ་བདུན་གྱི་ཐོད་པ་ནི་བླ་མའི་བཏུང་སྣོད་དུ་བྱེད་ལ། དེའི་བཅུད་ནི་དམ་ཚིག་གི་བདུད་རྩིས་བསྲེས་ནས་དངོས་གྲུབ་ཏུ་འགྱེད་ཅིང་སྐྱེ་བདུན་གྱི་ཤའི་ཕྱེད་གཏོར་མར་གཞུགཕྱེད་ཚོགས་རྫས་སུ་བྲིམ་པར་ཡེ་ཐིག་ལས་རྒྱས་པར་བཤད་དོ། །ཇི་ལྟར་དྲང་བ་ཡང་ལས་ཀྱི་རྡོ་རྗེས་གཡས་སུ་ཐབས་ཀྱི་རྫས་དང་གཡོན་དུ་ཤེས་རབ་ཀྱི་རྫས་བཟུང་སྟེ་གཟིགས་མཛེས་ཀྱི་གླུས་དྲང་བ་དེང་སང་ལག་ལེན་དུ་བྱེད་པ་ལྟར་རྒྱུད་རྒྱ་གཞུང་ཁ་ཅིག་ལས་བཤད་ལ། རྒྱུད་རྒྱ་གཞུང་མང་ཞིག་ཏུ་ཤེས་རབ་ཀྱི་རྫས་ཡིན་པའི་ཕྱིར་དཔའ་བོ་ལ་བཏུང་བ་སྔོན་དུ་དྲང་བ་དང་། ཐབས་ཀྱི་རྫས་ཡིན་པའི་ཕྱིར་དཔའ་མོ་ལ་བཟའ་བ་ནས་དྲང་བར་ཡང་བཤད་པས་ཇི་ལྟར་ཡང་འགལ་བ་མེད་ལ། དྲང་བ་དང་ལེན་པ་གཉིས་ཀའང་པད་སྐོར་གྱིས་བྱ་སྟེ། པདྨའི་


KMC013_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པས་བླང་བ་དང་། །དེ་ཉིད་ཀྱིས་ནི་ལག་པས་དབུལ། །ཞེས་སོ། །དྲང་བའི་སྐབས་ཐམས་ཅད་དུ་ཡང་ལས་ཀྱི་རྡོ་རྗེས་ཚོགས་ཀྱི་གཙོ་བོ་དང་རྡོ་རྗེའི་དཔུན་རྒན་པ་རྣམས་ལ་འདྲེན་པ་ལ་འཇུག་པ་དང་དྲངས་ཟིན་པའི་སྐབས་གཉིས་ཀར་དུ་ཕྱག་སྔོན་དུ་འགྲོ་བས་བྱ་ལ་རྡོ་རྗེའི་དཔུན་གཞོན་པ་རྣམས་ལ་ནི་ལས་ཀྱི་རྡོ་རྗེས་ཕྱག་བྱ་མི་དགོས་ཅིང་དེ་དག་གིས་ལས་ཀྱི་རྡོ་རྗེ་ལ་ཐོག་མ་དང་ཐ་མར་ཕྱག་བྱས་ཏེ་བླང་དགོས་ཏེ། ཡང་དང་ཡང་དུ་རབ་འདུད་པ། །དེར་ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་སོ། །དེ་ནས་ཕུད་ཀྱི་སྔགས་ཀྱིས་འབྱུང་པོ་ཕུད་ཟ་བ་ལ་ཅུང་ཟད་བཅད་ནས་ལོངས་སྤྱད་པར་བྱ་སྟེ། དེ་ཡང་ཐབས་ཤེས་ཀྱི་དབང་གིས་རྣལ་འབྱོར་པས་སྔོན་དུ་མ་ད་ན་ནས་རིམ་པས་ལོངས་སྤྱོད་ཅིང་རྣལ་འབྱོར་མས་སྔོན་དུ་བཱ་ལ་ནས་རིམ་པས་ལོངས་སྤྱོད་ལ། འོན་ཀྱང་ཐམས་ཅད་ཀྱི་ཐོག་མར་ཚོགས་ཀྱི་གཙོ་བོ་ལ། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ། ཞེས་པ་ལྟར་བླ་མ་ལ་བཏུང་བ་དྲངས་ནས་བླ་མས་དེ་སླར་རྣལ་འབྱོར་མའི་གཙོ་མོ་ལ་སྟོབ་ཅིང་། དེས་ཀྱང་ཕྱག་བྱས་ཏེ་


KMC013_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་ཇི་ཙམ་འདོད་པ་མྱངས་ནས་སླར་དབུལ་བ་ནི་མ་གཏོགས་ཏེ། སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། །ཞེས་སོ། །ཤ་ཆེན་ལ་སོགས་པ་དང་བཞི་མཉམ་དང་གླ་རྩི་སོགས་ཐམས་ཅད་ཀྱང་རྣམ་རྟོག་མེད་པས་ནང་གི་སྦྱིན་སྲེག་ཏུ་ལོངས་སྤྱོད་པར་བྱ་སྟེ། འབད་པས་རྒྱལ་པོ་སཱ་ལུ་སྐྱེས། །བཟའ་བ་དེ་ཉིད་བཟའ་བ་ཉིད། །དེར་ནི་ཟོས་ནས་ཟོས་ནས་ཡང་། །ཞེས་སོ། །ཐམས་ཅད་ཀྱང་ལངས་པའམ་སྡོད་པའི་ཚེ་གཙོ་བོ་ལ་ཕྱག་བྱ་སྟེ། ཡེ་ཤེས་ཐིག་ལེར། ལངས་པ་འམ་ནི་འདུག་པའི་ཚེ། །ཚོགས་ཀྱི་གཙོ་ལ་ཕྱག་བྱའོ། །ཞེས་སོ། །རྐང་པ་སྐྱོང་བ་དང་གཉིད་ལོག་པ་དང་མཆིལ་མ་འདོར་བ་དང་གཏམ་གཞན་སྨྲ་བ་སོགས་བག་མེད་པའི་བྱ་བ་རྣམས་ཚོགས་གྲལ་དུ་མི་བྱ་སྟེ། ཡེ་ཐིག་ལས། རྐང་པ་སྐྱོང་དང་གཉིད་ལོགས་སོགས། །ཚོགས་ཀྱི་འཁོར་ལོར་མི་བྱའོ། །ཞེས་སོ། །ཚོགས་ཀྱི་གཙོ་བོ་དང་ལས་ཀྱི་རྡོ་རྗེ་སེམས་དཔའ་བཞིན་དུ་བལྟ་བས་དེའི་ངག་གང་བསྒོ་བ་བསྒྲུབ་པར་བྱ་སྟེ། ཡེ་ཐིག་ལས། དཔལ་ལྡན་རྡོ་རྗེ་སེམས་ཇི་བཞིན། །དཔལ་ལྡན་ལས་ཀྱི་རྡོ་རྗེའོ། །ཅི་མཛད་པ་དང་ཅི་གསུང་བ། །དེ་ནི་མཁས་པས་


KMC013_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དེ་སྒྲུབ། །དེ་ལྟར་མིན་ན་ཆད་པ་འབབ། །ཅེས་སོ། །དེ་བཞིན་དུ་སློབ་དཔོན་གྱི་སྔུན་དུ་བཟའ་བཏུང་མི་བྱ་ཞིང་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་མ་བསྒོ་བར་གླུ་གར་མི་བྱ་ཞིང་བསྒོ་ནས་གླུ་གར་བྱེད་པ་ན་ཡང་དོན་མེད་པའི་ཐེ་ཚོམ་གྱི་འཁྱལ་པ་ཅན་དང་སྙན་ངག་དང་སྡེབས་སྦྱོར་སོགས་རྟོག་གེའི་ཚིགས་བཅད་སྦྱར་བར་མི་བྱ་སྟེ། ཡེ་ཐིག་ལས། ཡིད་འཕྲོག་པ་ཡི་གླུ་བླང་ཞིང་། །ཐེ་ཚོམ་དང་ནི་ཚིགས་བཅད་མིན། །མ་གནང་རྡོ་རྗེའི་གར་མི་བྱ། །ཞེས་དང་། བརྟག་གཉིས་ལས། གང་དུ་གུས་པས་གླུ་ལེན་དང་། །གང་དུ་གུས་བཅས་གར་བྱེད་པ། །ཚོགས་ཀྱི་བདག་པོས་སྦྱར་བྱས་ནས། །ཅེས་སོ། །རྫས་ཐམས་ཅད་ལ་ཡང་བརྡའི་ཚིག་གིས་མ་གཏོགས་ཕལ་པའི་མིང་ནས་མི་བརྗོད་དེ། བརྟག་གཉིས་ལས། གསང་བའི་སྐད་ཀྱིས་མི་སྨྲ་བ། །དེ་ནི་དམ་ཚིག་ཉམས་པ་རུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །གླུ་གར་དང་བརྡའི་རྣམ་བཞག་ནི་སྔར་སྤྱོད་པའི་སྐབས་སུ་བརྗོད་ཟིན་ཏོ། །གཞན་ཡང་རྗེ་ནཱ་རོ་ཞབས་ཀྱི་ཚོགས་ཀྱི་འདུ་བ་བསྒྲག་པར་རྣམ་བཞག་བཅོ་ལྔ་གསུངས་ཏེ། དགེ་སློང་དང་བྲམ་ཟེ་ཡིན་ཡང་རིགས་དང་


KMC013_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཀྱི་རྟོག་པ་བྱར་མི་རུང་། མ་སྲིང་དང་ཤ་ཟ་ཡིན་ཡང་ངོ་ཚ་དང་འཇིགས་པའི་རྟོག་པ་བྱར་མི་རུང་། དམ་ཚིག་གི་རྫས་ལ་མི་གཙང་བའི་རྟོག་པ་བྱར་མི་རུང་སྟེ་མི་རུང་བའམ་མི་བྱ་བ་གསུམ་མོ། །རྡོ་རྗེ་འཛིན་པ་དང་ལས་ཀྱི་རྡོ་རྗེ་ལ་མིང་གཞན་ནས་མི་བོད། རྡོ་རྗེ་དཔུན་ལ་སླ་དགས་ཀྱི་མིང་ནས་མི་བོད། དམ་རྫས་ལ་ཐ་མལ་གྱི་མིང་ནས་མི་བོད་པ་སྟེ་མི་བོད་པ་གསུམ་མོ། །ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དེ་མི་འབྲལ་བ་གསུམ་མོ། །བྱ་བའི་དུས་གསང་། བྱས་པའི་གྲགས་པ་གསང་། ཇི་ལྟར་བྱ་བའི་ཚུལ་གསང་སྟེ་གསང་བ་གསུམ་མོ། །ཚོགས་གྲལ་དུ་མ་གཏོགས་པ་ལ་མི་སྦྱིན། རང་གིས་བྱིན་གྱིས་བརླབས་པ་གཞན་ལ་མི་སྦྱིན། ལྷག་མ་རང་གིས་གསོ་བའི་ཁྱི་དང་བྱ་རོག་ལྟ་བུ་ལ་མི་སྦྱིན་པ་རྣམ་པ་གསུམ་སྟེ་བཅོ་ལྔའོ། །ཡེ་ཐིག་ལས་ཀྱང་། འབད་པ་ཡིས་ནི་བསྲུང་བར་བྱ། །རང་གི་ཚོགས་ལའང་སྦྱིན་མི་བྱ། །རང་དབང་བསྐུར་ལའང་དེ་བཞིན་ནོ། །ཞེས་མི་སྦྱིན་པ་གསུམ་གསལ་བར་བཤད་ཅིང་། སྡོམ་འབྱུང་ལས་ཀྱང་། དམ་ཚིག་མ་ཐོབ་པ་དག་ལ། །དམ་ཚིག་ཐོབ་པས་ཆང་མི་བྱིན། །ཞེས་སོ། །ཁྱད་པར་དུ་


KMC013_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང་མཚོན་བསྣུན་སྦས་དོན་དུ་བཤད་པའི་ཚུལ་གྱིས་ནང་གི་སྐྱེ་བ་བདུན་པ་སྤེལ་ཞིང་རྣམ་པར་དག་པར་བྱེད་པ་ནི་ཚོགས་ཀྱི་འཁོར་ལོའི་དམ་པ་སྟེ། བརྟག་གཉིས་ལས། དེར་ནི་མ་མོ་མཆོད་པར་བྱ། །སྲིང་མོའི་བུ་མོ་སྒྱུག་མོ་དང་། །གལ་ཏེ་མ་སྲིང་ཡིན་ན་ཡང་། །དེ་རྣམས་རྟག་ཏུ་ལེགས་མཆོད་ན། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །ཞེས་གསུངས་ཅིང་འདི་ལ་ཡང་། མ་གནང་རྡོ་རྗེའི་གར་མི་བྱ། །ཞེས་སྦྱར་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཚོགས་ཀྱི་རྒྱུ་སྦྱོར་བས་རང་རིགས་སམ་རིགས་གཞན་ལས་སྐྱེས་པ་ཡང་རུང་སྟེ་བསོད་ནམས་འཕེལ་བའི་སླད་དུ་ཤེས་རབ་དང་ཐབས་སོ་སོ་ལའམ་མེད་ཀྱང་སློབ་དཔོན་ལ་ངེས་པར་དབུལ་བར་གསུངས་སོ། །ཚོགས་གྲལ་དུ་ཁ་ཅིག་རྩོད་པ་བྱེད་ན་ནི་སློབ་དཔོན་དང་ལས་ཀྱི་རྡོ་རྗེས་ནུས་པ་དྲི་བར་བྱ་སྟེ། གལ་ཏེ་སློབ་དཔོན་ལས་ནུས་པ་མཆོག་ཏུ་གྱུར་ན་ཚོགས་ཀྱི་གཙོ་བོར་བྱ་ལ། ནུས་པ་མེད་པར་མངོན་པའི་ང་རྒྱལ་གྱིས་རྩོད་ན་བསྐྲད་པར་བྱ་ལ། བསྐྲད་པ་མ་ངེས་ཆད་པ་ཁས་ལེན་ན་ཚོགས་ཀྱི་སྦྱིན་བདག་གིས་ཁ་ཟས་ལས་དེའི་ཆད་པ་བཤམ་པར་བྱ་བར་དུས་


KMC013_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོར་དཔའ་བོའི་སྟོན་མོའི་སྐབས་སུ་བཤད་པ་ཉིད་འདིར་ཡང་མཚུངས་སོ། །ཚོགས་ཀྱི་སྐབས་དེར་གླུ་གར་བྱས་པ་ལས་མཁའ་འགྲོ་མ་རྣམས་འདུ་བར་འགྱུར་ཏེ། དེ་ཡང་དང་པོར་སྒོག་པའི་དྲི་འབྱུང་བ་ནི་ཤ་ཟའི་མཁའ་འགྲོ་འདུ་བའི་རྟགས་སོ། །དེ་ནས་མཁའ་འགྲོ་མའི་བཞོན་པ་བྱ་རྒོད་ཀྱི་དྲི་འབྱུང་བ་ནི་ལས་ཀྱི་མཁའ་འགྲོ་དང་རིགས་ལྔའི་མཁའ་འགྲོ་ཕལ་པ་འདུ་བའི་རྟགས་སོ། །དེ་ནས་ཙནྡན་དང་ག་བུར་གྱི་དྲི་འབྱུང་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མཆོག་འདུ་བའི་རྟགས་སོ། །དེ་བཞིན་དུ་ཕྱི་རོལ་དུ་བ་ལང་ལ་འཚེ་བར་བྱེད་པ་ལྕེ་སྤྱང་གི་སྒྲ་འབྱུང་བ་ནི་དྲི་དང་པོ་དང་མཚུངས་ལ། ངང་པའི་སྒྲ་འབྱུང་བ་ནི་གཉིས་པའི་རྟགས་དང་། བུང་བའི་སྒྲ་ལྟར་སྙན་པ་འབྱུང་བ་ནི་མཆོག་གི་རྟགས་ཏེ། བརྟག་གཉིས་ལས། དེ་ལ་དྲི་ནི་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་ཉིད། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་བུར་མ་ལ་ཡ་ཛཾ་ཉིད། །ངང་པ་དང་ནི་བུང་བའི་སྒྲ། །གླུ་ཡི་མཐའ་ནས་མཉན་པར་བྱ། །བ་ལང་ཚེ་ཡི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་བྱ་བ། །གླུ་ཡི་བྱིན་རླབས་མཚན་ཉིད་དོ། །ཅེས་སོ། །གལ་ཏེ་རྣལ་འབྱོར་མ་དག་གཟུགས་སྟོན་པས་


KMC013_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་འོངས་ན་གཞན་ཐམས་ཅད་ཀྱིས་བརྡའི་ཕྱག་བྱས་ཏེ་ཅི་ཡང་མི་སྨྲ་ལ། སློབ་དཔོན་གྱིས་བརྡ་དང་བརྡ་ལེན་བྱ་ཞིང་། སློབ་དཔོན་གྱིས་གནང་ན་ལས་ཀྱི་རྡོ་རྗེས་བརྡ་དང་བརྡའི་ལན་བྱར་རུང་ལ། གལ་ཏེ་མི་ལྡོག་མ་སོགས་འཇིགས་རུང་གི་རྣལ་འབྱོར་མ་ཡིན་ན་བརྡ་དང་ལན་མང་དུ་མི་བྱ་བར་བཟོད་པར་གསོལ་བར་བྱ་ལ། མཆོག་རྣམས་ནི་མཆོད་པ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་དེ་བརྡ་དང་ལན་ལས་དེའི་བསམ་པ་རིག་པར་བྱའོ། །མདོར་ན་དཔལ་མདའ་བསྣུན་ཞབས་ཀྱིས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་གནན་ནས་སོང་། །ཞེས་པ་ལྟར་བཟའ་བཏུང་གི་རྣལ་འབྱོར་གྱི་ལུས་ཀྱི་ལྷ་མཆོད་པ་ནི་ཕྱི་དང་། ཀུནྟུ་རུ་ལས་སྐྱེས་པའི་དཀར་དམར་གྱིས་རྩ་ཁམས་ཀྱི་ལྷ་མཆོད་པ་ནང་དང་། གཟུགས་འཛིན་བཅོམ་པས་དེ་ཁོ་ན་ཉིད་ཀྱི་ལྷ་མཆོད་པ་ནི་གསང་བ་སྟེ། ཚོགས་ཀྱི་འཁོར་ལོ་རྣམ་པ་གསུམ་དབྱེར་མེད་དུ་སྒྲུབ་པ་ཡིན་ལ། ནང་དང་


KMC013_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་འཁོར་ལོ་ལ་འདུ་བར་མི་ནུས་པ་ལ་ནི་ཚོགས་ཀྱི་ཆོ་གས་བསྒྲུབས་སུ་ཟིན་ཡང་ཁ་ཟས་ཀྱི་རྣལ་འབྱོར་དུ་འགྱུར་གྱི་ཚོགས་ཀྱི་འཁོར་ལོ་མཚན་ཉིད་དང་ལྡན་པར་མི་འགྱུར་ལ། དེ་གཉིས་ལ་འདུ་བར་ནུས་པ་ཁོ་ན་ཚོགས་ཀྱང་ནང་གི་འཁོར་ལོ་མེད་ན་དཔའ་བོ་དང་དཔའ་མོ་གང་ཤས་ཆེ་བ་དེའི་སྟོན་མོ་དང་། གྲངས་མཉམ་ན་ཡང་ཆ་མཉམ་གྱི་སྟོན་མོར་འགྱུར་གྱི་ཚོགས་ཀྱི་འཁོར་ལོར་མི་འགྱུར་ལ། འོན་ཀྱང་དེའི་ཚེ་ཅུང་ཟད་སྣོད་དང་མི་ལྡན་པ་འདུས་པ་ལ་སོགས་པའི་དབང་གིས་ཡིན་ན་བསམ་པའི་སྒོ་ནས་སྒྲུབ་ཅིང་གསང་སྒྲོགས་ལ་སོགས་པའི་སྐྱོན་མེད་ན་ནི་དངོས་སུ་མ་བསྒྲུབས་ན་དམ་ཚིག་བརྙེད་པ་སྤངས་པར་འགྱུར་བ་ཡིན་ནོ། །མཚན་ཉིད་དང་ལྡན་པའི་ཚོགས་ཀྱི་འཁོར་ལོ་འདི་ནི་དངོས་གྲུབ་མཆོག་མྱུར་དུ་འགྲུབ་པར་བྱེད་པའི་ཉེ་རྒྱུ་བླ་ན་མེད་པ་ཡིན་ལ། རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་དེའི་བ་སྤུ་བུ་ག་ཙམ་མཆོད་པས་ཀྱང་ཉན་རང་གི་དགྲ་བཅོམ་པས་ཛམྦུ་གླིང་བྱུར་བུར་གང་བ་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ཟིལ་གྱིས་གནོན་ན་འདུས་པའི་འཁོར་ལོ་སྦྱར་བའི་


KMC013_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཕུང་པོ་ནི་བགྲང་དུ་ཅི་ཡོད་དེ་ཚོགས་ཀྱི་སློབ་དཔོན་མཆོག་ཡིན་ན་ནི་འཁོར་ལོ་ལན་གཅིག་གམ་དུ་མ་སྦྱར་བ་ཙམ་གྱིས་སྦྱིན་བདག་སོགས་འཁོར་ཚོམ་བུ་དང་བཅས་པ་མཆོག་གི་དངོས་པོ་སྐད་ཅིག་གིས་འགྲུབ་པས་འདུས་བྱས་ལས་བྱུང་བའི་དགེ་རྩ་རྣམས་ཀྱི་ནང་ན་ཡང་རབ་ཏུ་འགྱུར་བ་ཡིན་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པ་སྐྱེད་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་ཞེས་དང་དཔའ་བོ་དང་རྣལ་འབྱོར་མ་འདུ་བའི་ཕྱིར་འདུ་བའི་འཁོར་ལོ་ཞེས་བརྗོད་པ་ཡིན་ནོ། །སྐབས་གང་གི་ཚེ་དགོས་པ་ཡང་འདིར་ནི་གཙོ་བོར་ཉམས་ཆག་སྐོང་བྱེད་དུ་དགོས་པའི་ཕྱིར་བཤད་མོད། སྤྱིར་རྗེ་མར་པའིི་ཚོགས་མགུར་དུ། ཚོགས་ཀྱི་འཁོར་ལོ་སྐད་པ་དེ། །སྨིན་ལམ་དབང་བཞི་བསྐུར་བའི་ཚེ། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །རྒྱུད་སྡེའི་ཉན་བཤད་བྱེད་པའིཚེ། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །གདམས་ངག་ཟབ་མོ་ཞུ་བའི་ཚེ། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །རབ་ཏུ་གནས་པ་བྱེད་པའི་ཚེ། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཞེས་གསུངས་ཅིང་། དེད་དཔོན་འཁོར་ལོ་དང་བུ་མོ་ཀུཎྜ་


KMC013_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལིས་གསོལ་བ་བཏབ་སྟེ་རྗེ་ནཱ་རོས་ཚོགས་ཀྱི་གཙོ་བོ་མཛད་ནས་སེང་ལྡེང་ནགས་ཀྱི་དུར་ཁྲོད་དུ་ཇི་ལྟར་ཚོགས་འཁོར་བསྐོར་ཚུལ་གླུར་གསུངས་པ་ལྟ་བུ་ཡིན་ལ། བོད་ཡུལ་དུ་རྗེ་མར་པས་མེས་སྟོན་གྱི་དོན་དུ་མཛད་པ་ལྟ་བུ་ཉུང་ཤས་མ་གཏོགས་ཚོགས་འཁོར་མཚན་ཉིད་པ་མེད་དེ་དཔའ་བོའི་སྟོན་མོ་ཙམ་ལ་ཚོགས་འཁོར་དུ་སྒྲོག་ཡང་དེ་ཉིད་ཀྱང་མཚན་ཉིད་དང་ལྡན་པ་སྲིད་པ་ཙམ་ལས་མི་སྣང་ངོ་། །དེ་ལྟར་རྣམ་པ་གསུམ་དབྱེར་མེད་ཀྱི་ཚོགས་ཀྱི་འཁོར་ལོས་ཀུན་ནས་ཚིམ་པར་སྤྱད་དེ་སེར་སྣ་སྤང་བའི་ཕྱིར་བཟའ་བཏུང་གི་ཕུད་དང་ལྷག་མ་སོགས་མི་འཁྱེར་བར་ལས་ཀྱི་རྡོ་རྗེས་བསྡུས་ཏེ་ཤིན་ཏུ་ཕུད་དང་ལྷན་ཅིག་ཏུ་བྱས་ནས་རྡོ་རྗེ་སློབ་དཔོན་གྱི་ཁ་བདུད་རྩིས་བཀང་བས་དྲ་བའི་ཕྱག་རྒྱ་ལས་བླུག་སྟེ་ལྷག་གཏོར་ཟ་བ་དཀྱིལ་འཁོར་དུ་འཇུག་ཏུ་མི་དབང་བ་རྣམས་དང་འཇུག་ཏུ་དབང་ཡང་དམ་ཚིག་གི་དབང་གིས་ལྷག་སྡུད་ཀྱི་ཚུལ་གྱིས་དམ་ཚིག་ཅན་སྐྱོང་བ་རྣམས་ལ་སྔགས་ཀྱིས་བསྔོས་ནས་ལམ་གྱི་སུམ་མདོའམ་བཞི་མདོའམ་ཆུ་ངོགས་སམ་དགོན་པ་ཆེན་པོའི་ཕྱོགས་སུ་མར་མེ་དང་རོལ་མོར་ལྡན་པས་དོར་བར་བྱས་ལ་མ་ནུས་ཀྱང་


KMC013_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཁང་གི་ཕྱི་རོལ་ཉེ་བ་མ་ཡིན་པར་ལྟོས་མེད་དུ་འདོར་བར་བྱ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་མ་རྣམས་ཕུད་ཆང་བུ། །སོ་སོར་བསྡུ་བར་བྱ་བ་ཡིན། །ཟོས་པ་ཡི་ནི་ལྷག་མ་ཡང་། །འབྱུང་པོ་ཐམས་ཅད་ལ་སྦྱིན་བྱ། །ཞེས་དང་། ཡེ་ཐིག་ལས། ཡང་ན་སུམ་མདོ་གྱེས་པའམ། །དུར་ཁྲོད་དམ་ནི་ཆུ་ངོགས་སུ། །ལྷག་མ་འམ་ནི་ཡང་ན་ཕུད། །དེ་ཀུན་བསྲེས་ཏེ་ཆུ་ཡིས་སྦྱང་། །ཞེས་སོ། །ནཱ་རོ་ཞབས་དང་མར་རྔོག་གི་ཕྱག་བཞེས་ནི་ལྷག་གཏོར། དུར་ཁྲོད་བདག་མོ་དངོས་གྲུབ་ཞབས། །ཞེས་སོགས་ཀྱི་ཚིག་དང་སྔགས་ཀྱིས་དུད་པའི་སོལ་བ་མ་ལ་བསྔོ་བར་མཛད་དེ་ལྷག་སྡུད་ཐམས་ཅད་ཀྱི་གཙོ་མོ་ནི་མ་མོ་འདི་ཡིན་པའོ། །ཁྱད་པར་རྗེ་ཀརྨ་པཀྴིས་ནི་ལྷག་གཏོར་གྱི་ཆོ་གར་གཙོ་མོ་ལས་ཀྱི་མཁའ་འགྲོ་མ་ཀེང་རུས་ཀྱི་གཟུགས་ཅན་དང་། སྤྲུལ་པ་འཇིག་རྟེན་གྱི་མཁའ་འགྲོ་མ་ཅེ་སྤྱང་གདོང་ཅན་དང་། ཡང་སྤྲུལ་ཤ་ཟའི་མཁའ་འགྲོ་དུར་བྱའི་གདོང་ཅན་དང་། འཁོར་ཕོ་ཉ་མཐའ་ཡས་པ་སྟེ་བཞིར་བསྡུས་ནས་བསྔོ་བར་མཛད་ལ། རྙིང་མའི་གཏེར་ཆོས་འཁའ་འགྲོ་སྙིང་ཐིག་ལས་ཀྱང་དེ་ལྟར་གསུངས་སོ། །འོན་ཡང་འདིའི་


KMC013_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོ་ཀེང་རུས་ཀྱི་གཟུགས་ཅན་ནི་དུད་པའི་སོལ་བ་མ་ཉིད་ཡིན་པས་མར་རྔོག་གི་ཕྱག་བཞེས་ལས་འགལ་བའི་སྐྱོན་ནི་མེད་དོ། །ཁ་ཅིག་ལྷག་གཏོར་སྐྱེལ་བ་པོ་ལོག་པ་ན་མེ་དང་ཆུ་འཐོར་བ་དང་མེ་ལོང་སྟོན་པ་སོགས་ཀྱིས་བགེགས་སྲུང་དགོས་སོ་ཟེར་བ་དང་། གཏོར་སྐྱེལ་ལ་སྔགས་མདུད་ལྟ་བུས་སྲུང་བ་མ་བྱས་ན་ཤ་ཟས་འཚེའོ་ཟེར་ཡང་ཚོགས་འཁོར་དེ་ལྟ་བུ་ག་ལ་དགོས་ཏེ། གཏོར་སྐྱེལ་ནི་ལས་ཀྱི་རྡོ་རྗེ་ཡིན་ལ། དེ་ནི་ནུས་པ་མཆོག་དང་ལྡན་པའི་ཕྱིར་རོ། །སམྦཱུ་ཊ་ལས་ནི་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེ་བཞི་མདོ་ཆེན་པོར་ཕྱིན་རྐང་པའི་ཐེ་བོས་དཀྱིལ་འཁོར་གྲུ་བཞི་པ་བྲིས་པར་གཏོར་མར་བཞག་སྟེ་མཁའ་འགྲོ་མ་རྣམས་སོ་སོའི་མིང་ནས་བརྗོད་བཞིན་པས་མཐར་ཕྲེངཧཱུྃ་སྦྱར་ཏེ་སྙིང་གར་ཌཱ་མ་རུ་བརྡུངས་པས་བོས་ཏེ་གཏོར་མ་བྱིན་ནས་ཕྲིན་ལས་སྒོ་བར་ཡང་གསུངས་སོ། །དེ་ནས་སྦྱིན་བདག་གིས་ཡོན་དབུལ་ཞིང་དགེ་བ་ཧེ་རུ་ཀའི་གོ་འཕང་དུ་བསྔོས་ནས་སྐྱེ་བོ་རྣམས་མ་ལངས་པའི་སྔོན་དུ་རྣལ་འབྱོར་ཅན་རྣམས་རང་གནས་སུ་ལྡོག་ཞིང་ལས་ཀྱི་རྗེས་ཁྱད་པར་བ་རྣམས་ནི་མི་མངོན་པར་བྱ་བ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི།


KMC013_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་སྟོན་མོའི་སྐབས་སུ་དུས་འཁོར་གྱི་རྣལ་འབྱོར་ཅན་གྱི་དགེ་སློང་ཕ་མ་ནི་ཤར་དང་། དགེ་ཚུལ་ཕ་མ་བྱང་དང་། ཁྱིམ་པ་ཕ་མ་ལྷོར་ཕྱོགས་པས་གྲལ་སོ་སོའི་དབང་བསྐུར་སྔ་རིམ་གྱིས་བྱེད་ལ། དེ་ཉིད་བཅུ་ཤེས་པའི་དགེ་སློང་རྡོ་རྗེ་འཛིན་པ་ནི་དབུས་སུ་གཙོ་བོར་བྱེད་ལ། དེ་མེད་ན་དགེ་ཚུལ་དང་། དེ་ཡང་མེད་ན་ཁྱིམ་པས་བྱེད་ཅིང་། ཁྱིམ་པའམ་དགེ་ཚུལ་ལམ་དགེ་སློང་གཞོན་ནུས་དེ་ཉིད་བཅུ་ཤེས་ལ། དགེ་སློང་རྒན་པས་མི་ཤེས་ན་གཞོན་ནུ་དེ་གཙོ་བོར་བྱ་ཞིང་རྒན་པོ་གནས་གཞན་དུ་ཚིམ་པར་བྱ་ལ། ཐ་ནའང་ཚོགས་ཀྱི་གཙོ་བོ་ལ་གཡོན་དུ་ཤེས་རབ་གཅིག་དབུལ་ཞིང་། དེ་མེད་ན་ཤེས་རབ་དང་བྲལ་བའི་ཕྱིར་གཙོ་བོ་ཆང་མི་འཐུང་ལ། ཚོགས་ཀྱི་གཙོ་མོ་ཡིན་ན་གཡས་སུ་ཐབས་གཅིག་དབུལ་ཞིང་། དེ་མེད་ན་ཐབས་དང་བྲལ་བས་གཙོ་མོ་ཤ་ཆང་གཉིས་ཀ་མི་སྤྱོད་པར་གསུངས་ཏེ། །རྒྱུད་ལས། ཕྱག་རྒྱ་དང་བྲལ་གང་ཞིག་འཐུང་བྱེད་དེ་ནི་ཡུལ་ཅན་དུ་འགྱུར་བདུད་ཀྱི་ཚོགས་ཀྱིས་བསྐོར་བའོ། །ཞེས་སོ། །འདིར་ཚོགས་མགྲོན་ཐབས་ཤེས་གཉིས་ཀ་ཡོད་ཅིང་ཐབས་སམ་ཤེས་རབ་དབུལ་དགོས་མོད་ཀྱང་


KMC013_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེར་ནང་གི་འཁོར་ལོ་མི་སྒྲུབ་པའི་ཕྱིར་གཙོ་བོའི་རྟེན་གྱི་དབང་གིས་དཔའ་བོའི་སྟོན་མོའམ་དཔའ་མོའི་སྟོན་མོ་ཞེས་ཐ་སྙད་མཛད་ལ། ཚོགས་ཀྱི་འཁོར་ལོ་དངོས་ནི་ཟླུམ་སྐོར་ལྔ་ལ་མི་པགས་ལ་སོགས་པའི་སྟན་ཐ་དད་པ་ལ་གཙོ་བོ་དང་བཅས་པའི་རྣལ་འབྱོར་མ་སོ་བདུན་བཀོད་ཅིང་སྟན་དང་མཚུངས་པའི་སྡེར་བྱིན་པ་དང་དེ་དག་གི་གཟུགས་ཀྱི་འགྱུར་བ་དུ་མ་དང་བཅས་ནས་ནང་གི་འཁོར་ལོ་སྒྲུབ་པར་གསུངས་ལ། དེའི་ཚེ་དགེ་སློང་དང་དགེ་ཚུལ་ལ་སོགས་པའི་གྲལ་གཞན་མ་གསུངས་སོ། །གཉིས་པ་དུས་བཟང་གི་མཆོད་པ་ནི། ཞལ་གདམས་ཀྱི་བཅུ་གསུམ་པར་གསུངས་པ་ཉིད་དེ། དེ་ཡང་སྔོན་གྱི་ཕྱག་བཞེས་རྙིང་པ་རྣམས་ལྟར་ཚེས་བཅུའི་དུས་རྟེན་གྱི་དྲུང་དུ་དཀོན་མཆོག་སྤྱིའི་མཎྜལ་གླིང་བཞི་རི་རབ་དང་བཅས་པའམ་ཐ་ན་པདྨ་ཚོམ་བུ་ཅན་དགོད། ཡི་དམ་གྱི་མཆོད་པའི་མཎྜལ་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲིས་ཏེ་པདྨའི་ལྟེ་བ་དང་འདབ་མ་བཞིའི་ས་བོན་གྱི་སྟེང་དུ་ཤ་སྣ་ཚོགས་ཀྱི་གཏོར་མ་བཞགམཆོད་པ་ལྔ་ཚན་ལྔས་བསྐོར། རྣལ་འབྱོར་པའི་མདུན་དུ་ལག་མཆོད། གཡོན་ངོས་སུ་ཆོས་འབྱུང་དམར་པོའི་


KMC013_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཤེས་རབ་ཀྱི་རྫས་ཆང་སྣ་བཞི་བཞགགཡས་ངོས་སུ་དགའ་བ་འཁྱིལ་པ་དཀར་པོ་བྲིས་པར་ཐབས་ཀྱི་རྫས་བཟའ་བ་རྣམས་བཞགརྣལ་འབྱོར་པ་རྣམས་འདུས་ཏེ་སྐྱེད་རྫོགས་བདག་མདུན་སྒྲུབ་ཐབས་ལྟར་བྱས། ཚོགས་བྱིིན་གྱིས་བརླབས་ཅིང་ཤིན་ཏུ་ཕུད་ཟུར་དུ་བཞགཕུད་གཏོར་མར་བླུགས་ནས་གཏོར་མའི་ཆོ་གས་དབུལ་ཞིང་བསྟོད་པ་བྱ། གསོལ་བ་གདབ། སྔོན་གཏོར་གྱི་ཆོ་ག་ལྟ་བུ་དང་གདན་བཞིའི་གཏོར་སྔགས་ཡི་གེ་བཅུ་གཅིག་པས་དུར་ཁྲོད་ཀྱི་ལྷ་ཚོགས་དང་མཁའ་འགྲོ་སྤྱི་ལ་འབུལ་ཏེ་ཕྲིན་ལས་བཅོལ་ནས་རྫོགས་རིམ་ལ་མཉམ་པར་བཞག་སྟེ་སླར་དཀྱིལ་འཁོར་ལ་མཆོད་བསྟོད་བྱས་ནས་གཟིགས་མཛེས་ཀྱིས་དྲངས་ཏེ་ལོངས་སྤྱོད། ལྷག་གཏོར་བཏང་རྗེས་ཆོ་ག་བྱས་ནས་ལས་ཀྱི་རྗེས་མི་མངོན་པར་བྱེད་པ་སྟེ་དེང་སང་ནི་འདི་ཙམ་ལ་ཚོགས་འཁོར་ཞེས་གྲགས་པ་ཡིན་ནོ། །ཞལ་གདམས་ཀྱི་བཅུ་བཞི་པ་འགྲོ་བ་དབང་དུ་བྱ་བ་དང་བཅོ་ལྔ་པ་བགེགས་ཀྱི་གནོད་པ་བསལ་བ་ནི་སྒྲ་ཇི་བཞིན་པ་ཁོ་ན་ཡིན་པས་བཀྲལ་བར་མ་བྱས་སོ། །ཚོགས་འཁོར་གྱི་ཆོ་ག་ཡན་ལག་དང་བཅས་པ་བཤད་ཟིན་ཏོ།། །།


KMC013_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་འབྲས་བུ། བཞི་པ་མཐར་ཐུག་གི་འབྲས་བུ་ནི། འབར་བ་གསུམ་དང་ཚུགས་པ་གསུམ། །འདུ་བ་གསུམ་དང་དྲོད་གསུམ་ཐོབ། །ཤེས་པ་གཏིང་ནས་ལྷོོངས་པ་དང་། །ཡུལ་སེམས་གཉིས་འཛིན་མེད་པ་དང་། །ཞེས་པ་ནི་གོང་དུ་མཚན་མའི་བསྙེན་པར་བསྟན་ཟིན་ལ། འབྲས་བུ་དངོས་ནི། ངོ་བོ་འགྱུར་བ་མེད་པ་དང་། །ཞེས་པས་ལྷན་ཅིག་སྐྱེས་པའི་སྐུ་དང་། རང་བཞིན་སྐྱེ་བ་མེད་པ་དང་། །ཞེས་པས་ཆོས་སྐུ་དང་། མཚན་ཉིད་གཉིས་སུ་མེད་པ་དང་། །ཞེས་པས་ལོངས་སྐུ་དང་། ཐུགས་རྗེ་འགག་པ་མེད་པར་འཆར། །ཞེས་པས་སྤྲུལ་སྐུ་སྟེ་སྐུ་བཞི་འགྲུབ་ཚུལ་གསུངས་ཅིང་། ཞལ་གདམས་དང་པོར་། དེ་ལྟར་ཉམས་སུ་བླངས་པས་ཕྱི་ས་ཆུ་མེ་རླུང་ལས་གྲུབ་པའི་དངོས་པོ་རྣམས་དབང་དུ་འདུ། ནང་སྡེ་བཞིའི་མཁའ་འགྲོ་དབང་དུ་འདུས་པས་སྐྱེས་པ་དང་བུད་མེད་དབང་དུ་འདུ། གསང་བ་འཁོར་ལོ་བཞིར་དགའ་བ་བཞིར་དབང་དུ་འདུས་པས་སྐུ་བཞི་དང་ཡེ་ཤེས་བཞི་ཤར་ནས་ཚེ་འདི་ཉིད་དུ་མཆོག་དང་ཐུནམོང་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །ཞེས་སོ། །དེ་ཡང་རྟེན་སྐྱེད་རིམ་དང་བརྟེན་པ་རྫོགས་རིམ་གྱི་གནད་དེ་


KMC013_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཚུལ་བཞིན་དུ་བཅིངས་ཏེ་རང་སྐབས་ཀྱི་སྤྱོད་པ་ལ་གནས་པས་མར་མེའི་རྩེ་མོ་དང་ཆུ་བོའི་རྒྱུན་ལྟར་འབད་པས་དབང་པོ་ཡང་རབ་ལོ་ཟླ་ལ་སོགས་པ་དུས་ཐུང་ངུས་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སྤྱིར་སྐྱེ་བ་འདི་ཉིད་ཁོ་ནས་འཚང་རྒྱ་ལ། དབང་བོ་འབྲིང་ལ་སོགས་པས་ཀྱང་འཆི་ཀ་དང་བར་དོར་འགྲུབ་ཅིང་། ཐ་མས་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་སྟེ། རྗེ་མི་ལས། བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བ། ལེ་ལོ་ཅན་འཆི་ཀར་འཚང་རྒྱ་བ། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ། ཞེས་བཞེད་དོ། །ཇི་ལྟར་འཚང་རྒྱ་བའི་ཚུལ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་དྭངས་མ་དབྱེར་མེད་དུ་བརྟན་པས་སད་པའི་གནས་སྐབས་དག་སྟེ་སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སུ་བྱང་ཆུབ་ཅིང་ལུས་མཚན་དང་དཔེ་བྱད་ཀྱི་མེ་ཏོག་རྒྱས་ཅིང་གཅིག་དང་དུ་མ་ལས་འདས་པ་རགས་པ་དང་ཐོགས་པ་མེད་པ་ནམ་མཁའ་ལྟར་ཀུན་ཏུ་ཁྱབ་ཅིང་གར་ཡང་གནས་པ་མེད་པ་གདུལ་བྱ་དང་མཐུན་པའི་སྐུ་མི་བཟད་པ་འབད་མེད་དུ་འབྱུང་བའི་གནས་མངོན་དུ་བྱས་པ་ནི་མཆོག་གི་སྤྲུལ་པའི་སྐུའམ་སྐུ་རྡོ་


KMC013_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐོབ་པ་ཅེས་བྱ་སྟེ། ཐུགས་རྗེ་འགག་མེད་དུ་འཆར་བའོ། །དེ་བཞིན་དུ་སྙིང་ག་ཆོས་ཀྱི་འཁོར་ལོར་བརྟན་པས་གཉིད་སྟུག་གི་སྐབས་ལྷན་ཅིག་སྐྱེས་པའི་མ་རིག་པ་དག་སྟེ་ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱང་ཆུབ་ཅིང་མཉམ་པ་དང་མི་མཉམ་པ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་པ་དང་རོ་མཉམ་པའི་ཡེ་ཤེས་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུ་ཐུགས་རྡོ་རྗེ་ཐོབ་པ་སྟེ་རང་བཞིན་སྐྱེ་མེད་རྟོགས་པའོ། །མགྲིན་པར་བརྟན་པས་རྨི་ལམ་གྱི་གནས་སྐབས་དག་སྟེ་དྲུག་པ་ཡིད་ཀྱི་རྣམ་ཤེས་སོ་སོར་རྟོགས་པའི་ཡེ་ཤེས་སུ་བྱང་ཆུབ་ཅིང་སྒྲ་དང་མིང་ཚིག་ལས་འདས་པའི་གསུང་ཆོས་ཀྱི་ཕུང་པོ་སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་སྐད་ཇི་ལྟ་བ་ལྟར་འབད་མེད་དུ་རྒྱུན་མི་འཆད་པར་འབྱུང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྡོ་རྗེ་ཐོབ་པ་སྟེ། མཚན་ཉིད་གཉིས་སུ་མེད་པ་རྟོགས་པའོ། །སྤྱི་བོར་བརྟན་པས་ཆགས་པའི་གནས་སྐབས་ཤིན་ཏུ་ཕྲ་ཞིང་བཟློག་པར་དཀའ་བའི་འཕོ་བའི་བག་ཆགས་དག་སྟེ་བདུན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བྱང་ཆུབ་ཅིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཇི་


KMC013_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་མངོན་དུ་བྱས་པ་ནི་བདེ་བ་ཆེན་པོའི་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ་ཡེ་ཤེས་ཀྱི་སྐུ་ཐོབ་པ་ཅེས་བྱ་སྟེ་ངོ་བོ་འགྱུར་བ་མེད་པ་ཉིད་རྟོགས་པའོ། །དེ་ལྟར་ཡང་བརྟག་གཉིས་ལས། གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །གང་ཕྱིར་སྐྱེད་དང་སྤྲུལ་བྱེད་པའི། །སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །རོ་རྣམ་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །མགྲིན་པར་ལོངས་སྤྱོད་འཁོར་ལོ་དང་། །སྤྱི་བོར་བདེ་བ་ཆེན་པོའི་གནས། །ཅེས་གསུངས་ཅིང་། ཚུལ་འདིས་འཁོར་ལོ་བཞིར་ལྟེ་བར་རྒྱུ་མཐུན་གྱི་འབྲས་བུ། སྙིང་གར་རྣམ་སྨིན་གྱི་འབྲས་བུ། མགྲིན་པར་སྐྱེས་བུ་བྱེད་འབྲས། སྤྱི་བོར་དྲི་བྲལ་གྱི་འབྲས་བུར་བཤད་དེ། ལུང་དེ་ཉིད་ཀྱི་འཕྲོར། ཨེ་ཝཾ་རྣམ་པ་རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད། །བདེ་བའི་འཁོར་ལོ་དྲི་མེད་ཉིད། །རྒྱུ་མཐུན་སོགས་པས་རབ་ཕྱེ་བའི། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ཅེས་སོ། །དེས་ན་དཀར་ཆ་མས་བརྟན་གྱི་དགའ་བ་བཞི་འཁོར་


KMC013_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཞིར་བརྟན་པ་ནི་འབྲས་དུས་ཀྱི་སྐུ་བཞི་སྟེ། ལྟེ་བར་སྡུག་བསྔལ་འགགས་པ་འཕགས་པའི་བདེན་པ་ནས་སྤྱི་བོར་འགོག་པ་མངོན་དུ་བྱས་པ་འཕགས་པའི་བདེན་པའི་བར་རྡོ་རྗེའི་བདེན་པ་བཞི་མངོན་དུ་བྱས་པ་དང་། ལྟེ་བར་ཨེ་ཡིག་ས་ཁམས་དག་པ་ནས་སྤྱི་བོར་ཡཾ་ཡིག་རླུང་ཁམས་ཀྱི་བར་དག་པས་འབྱུང་བ་བཞི་དག་སྟེ་ཡུམ་བཞི་དབང་དུ་གྱུར་པ་དང་། ལྟེ་བར་སད་པའི་འཁྲུལ་པ་འཇོམས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་པ་དང་ལྡན་པའི་སྐད་ཅིག་མ་ནས་སྤྱི་བོར་ཆགས་པའི་བག་ཆགས་འཇོམས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བར་མངོན་དུ་བྱེད་པས་སྐད་ཅིག་གཅིག་གི་བདག་ཉིད་ཅན་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བཞི་དང་། ཏིང་ངེ་འཛིན་དེ་ཉིད་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་བདེ་ཆེན་བརྗོད་མེད་དུ་མྱོང་བའི་ཆ་ནས་ལྟེ་བར་ཡུལ་སྣང་དག་པའི་དགའ་བ་ནས་སྤྱི་བོར་དམིགས་པའི་མཚན་མ་ཐམས་ཅད་དག་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་བར་མངོན་དུ་བྱེད་པ་ཡིན་ཏེ། དེའི་ཕྱིར་བརྟག་གཉིས་སུ། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཞེས་སོགས་ནས། དགའ་བ་


KMC013_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བར་གྲངས་མཉམ་དུ་སྦྱར་ནས་གསུངས་ཅིང་། དེ་ཉིད་མན་ངག་གིས་འབྲས་དུས་སུ་འདི་ལྟར་སྦྱོར་བར་རྗེ་བཙུན་མར་པ་ཡབ་སྲས་བཞེད་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི། རྣམ་ཐར་སྒོ་བཞི་དང་སྦྱར་ནས་ལྷན་ཅིག་སྐྱེས་པའི་སྐུ་ནི་སྟོང་པ་ཉིད་ཀྱི་རྣམ་པར་དག་པ་ཅན་ཡེ་ཤེས་རྡོ་རྗེ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སྐུ་དང་། ཆོས་སྐུ་ནི་མཚན་མེད་དག་པ་ཐུགས་རྡོ་རྗེ་ལམ་གྱི་རྣམ་པ་མཁྱེན་པ་ཡེ་ཤེས་ཀྱི་སྐུ་དང་། ལོངས་སྐུ་ནི་སྨོན་མེད་དག་པ་གསུང་རྡོ་རྗེ་ལམ་མཁྱེན་པ་ཉིན་མོར་བྱེད་པའི་སྐུ་དང་། སྤྲུལ་སྐུ་ནི་འདུས་མ་བྱས་པའི་རྣམ་ཐར་དག་པ་སྐུ་རྡོ་རྗེ་པད་འདབ་རྒྱས་པའི་སྤྱན་གྱི་སྐུ་སྟེ་བཞིར་བཤད་ཅིང་མུ་སྟེགས་དང་ཉན་རང་དང་རྣམ་ཤེས་སྨྲ་བ་རྣམས་ཀྱི་ཐར་པ་ལས་ཁྱད་པར་དུ་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་སྐུ་སོགས་རིམ་གྱིས་བཞག་པར་གསུངས་ལ། སྐུ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཡེ་ཤེས་བཞིར་ཕྱེ་བས་ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས་ཡེ་ཤེས་བཞི་ནས་སྤྲུལ་པའི་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་བར་བཅུ་དྲུག་ཏུ་གསུངས་ནས་འབྲས་དུས་ཀྱི་དེ་ཉིད་རྣམ་པ་བཅུ་དྲུག་གི་རིག་པར་བཞེད་དོ། །སྤྱིར་འཁོར་ལོ་


KMC013_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོ་རེ་རེར་སྦྱོར་བ་མགོ་རྩོམ་པ་ལ་དུས་སྦྱོར་གཅིག་དང་དངོས་གཞི་ཡང་དག་པར་འགྲུབ་པ་ལ་དུས་སྦྱོར་གཅིག་སྟེ་དུས་སྦྱོར་གཉིས་རེའི་མ་དག་པའི་རླུང་ཐིག་འགགས་ཅིང་དག་པའི་རླུང་ཐིག་བརྟན་པས་དུས་སྦྱོར་རེས་ས་རེ་ཐོབ་པས། དང་པོ་མོས་སྤྱོད་ཀྱི་ས་ནས་བཅུ་གཉིས་པ་དབང་བསྐུར་བའི་སའི་བར་ས་བཅུ་གཉིས་དང་། རིན་པོ་ཆེ་པདྨའི་ཕར་ཕྱིན་ནས་རྡོ་རྗེ་ལས་ཀྱི་ཕར་ཕྱིན་གྱི་བར་ཕར་ཕྱིན་བཅུ་གཉིས་དང་། དེ་བཞིན་ཉིད་ལ་དབང་བ་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་དབང་བའི་བར་དབང་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་དང་དུས་སྦྱོར་བཅུ་གཉིས་འགགས་པ་རྣམས་སྦྱར་ནས་དུས་སྦྱོར་ཐ་མ་གཉིས་གཙུག་ཏོར་དུ་འགགས་པ་ན་འཚང་རྒྱ་བར་གསུངས་ལ། འཚང་རྒྱ་བའི་གོ་རིམ་ནི་སྤྱི་བོར་སད་པ་ཟད་པ་རྣམ་པ་བཅུ་དྲུག་གིས་འཚང་རྒྱ་བ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང་། མགྲིན་པར་སྒྱུ་འཕྲུལ་དྲ་བའི་རྣམ་པ་ཉི་ཤུས་ལོངས་སྐུ་དང་། སྙིང་གར་རྣམ་པ་ལྔས་ཆོས་སྐུ་དང་། ལྟེ་བར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་འཕོ་བའི་བག་ཆགས་ཟད་པ་ལྷན་ཅིག་སྐྱེས་པའི་སྐུར་འཚང་རྒྱ་བར་བཞེད་པ་ཡིན་ཏེ། ཡེ་ལེའི་འགྲེལ་


KMC013_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུ། དེ་ལྟར་ལྟེ་བར་ལྷན་ཅིག་སྐྱེས་པའི་རྒྱུ་མཐུན་པ་དང་སྙིང་གར་རྣམ་པར་སྨིན་པའོ། །ཞེས་དང་། རྨི་ལམ་གྱི་གནས་སྐབས་ཟད་པ་ལས་མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་བུ་བྱེད་པའོ། །ཞེས་དང་། སད་པའི་གནས་སྐབས་ཟད་པ་ལས་དཔྲལ་བར་སྤྲུལ་པའི་སྐུ་དྲི་མ་དང་བྲལ་བ་སྟེ། ཅེས་གསུངས་ཅིང་། དཀར་ནག་གི་ཆ་གཉིས་ཀ་སྤངས་པའི་ཕྱིར་ཐབས་དང་ཤེས་རབ་གང་ཡང་མ་ཡིན་ལ། མཐའ་བཞི་རྣམ་པར་བསལ་བའི་ཆ་བཅུ་དྲུག་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་ལྷན་ཅིག་སྐྱེས་པའི་སྐུ་རྡོ་རྗེ་སེམས་དཔའི་མ་ནིང་གི་གོ་འཕང་རང་དོན་ཕུན་སུམ་ཚོགས་པའི་སྐུ་ཡིན་ལ། དེ་ཉིད་གཉིད་སྟུག་ཟད་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གཞན་དོན་བྱེད་པ་པོ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྒྲ་བརྙན་ལྟ་བུ་དང་། སེམས་ཅན་རྣམས་སྨིན་པའི་སླད་དུ་མཆོག་གི་སྤྲུལ་པའི་སྐུར་ཡང་འགྱུར་ལ། འདི་ཉིད་གདུག་པ་ཅན་འདུལ་བའི་ཕྱིར་ཧེ་རུ་ཀ་དང་། གཏི་མུག་ཅན་འདུལ་བའི་ཕྱིར་རྣམ་སྣང་དང་། དབུལ་བ་སྐྱོབ་པའི་ཕྱིར་རིན་འབྱུང་དང་། འདོད་ཆགས་ཅན་གྱི་དོན་དུ་འོད་དཔག་མེད་དང་། བགེགས་གཞོམ་


KMC013_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དོན་གྲུབ་སོགས་རྣམ་པ་ཐམས་ཅད་པར་འགྱུར་བ་སྟེ། རྒྱུད་ལས། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །རྡོ་རྗེ་སེམས་དཔའ་གཅིག་པོ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་འབྱུང་བར་འགྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་དོན་ཡོད་གྲུབ་པར་འབྱུང་བར་འགྱུར། །ཞེས་དང་། འགྲེལ་པར། དེ་ལྟར་ལྷན་ཅིག་སྐྱེས་པའི་སྐུ་གཅིག་པོ་སྟེ་དེ་ཉིད་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ་ཞེས་པ་རྣམ་པ་བཞིའོ། །ཞེས་སོགས་རྒྱས་


KMC013_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་སོ། །དེ་ལྟར་སྐུ་ལྷག་མ་གསུམ་ནི་གཞན་དོན་ཕུན་སུམ་ཚོགས་པ་སྟེ་ཝཾ་ཡིག་བདེ་བ་ཆེན་པོ་ཐབས་ཀྱི་ཆ་ཡིན་ལ། དེ་ཉིད་རང་དོན་ཕུན་ཚོགས་ལྷན་ཅིག་སྐྱེས་པའི་སྐུ་ཆོས་ཀྱི་དབྱིངས་ཨེ་ཡིག་ཤེས་རབ་ཀྱི་རང་བཞིན་ལ་དབྱེར་མེད་དུ་གནས་པ་ནི་འབྲས་བུའི་ཨེ་ཝཾ་གཉིས་སུ་མེད་པ་དཔལ་དུས་ཀྱི་འཁོར་ལོའམ་འཁོར་ལོ་སྡོམ་པའམ་དགྱེས་པ་རྡོ་རྗེ་ཞེས་བྱ་བ་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་འམ་བྱང་ཆུབ་ཀྱི་སེམས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཞེས་ཀྱང་བྱ་སྟེ། འདུས་པ་རྒྱུད་ཕྱི་མའི་འགྲེལ་པར་རྗེ་ནཱ་རོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བསྡུས་པའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྣང་བའི་སྐུ། ཡེ་ཤེས་ཀྱི་སྐུ། ཟུང་དུ་འཇུག་པའི་སྐུ་དེ་ལ་ལྷག་པའི་ལྷ་ཞེས་ཀྱང་བྱ་སྟེ། དེ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་བསྡུས་ཏེ་ཤིན་ཏུ་རྫོགས་པ་ཆེན་པོར་བྱང་ཆུབ་པས་དེ་ལ་དེ་སྐད་ཅེས་བྱའོ། །བདེ་མཆོག་ལས་ཀྱང་། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུར་རབ་ཏུ་ཕྱེ་བའི་ལྷ། །ཞེས་སོགས་གསུངས་སོ་ཞེས་ལུང་


KMC013_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དང་བཅས་ཏེ་གསུངས་ཅིང་། བདེན་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པས་ན་རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན་པ་སྟེ། དེ་ཉིད་ལས། རྒྱུ་ལྔ་དང་ནི་འབྲས་བུ་ལྔ། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །འཆང་བ་འཛིན་ཞེས་གྲགས་པ་སྟེ། །ཞེས་པའི་དོན་དྲང་དོན་དུ་རྒྱུ་རྣམ་ཤེས་ལྔ་དང་འབྲས་བུ་ཡེ་ཤེས་ལྔ་མངོན་པར་བྱང་ཆུབ་པས་དབྱེར་མེད་དུ་འཆང་བ་དང་། ངེས་དོན་དུ་རྒྱུ་ཀུན་རྫོབ་དང་འབྲས་བུ་དོན་དམ་པ་སྟེེ་བདེན་གཉིས་དབྱེར་མེད་དུ་འཆང་བར་གསུངས་སོ། །མདོར་ན་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཡང་དག་པ་ཇི་བཞིན་ཉིད་དེ་ཉིད་དུ་མ་རྫོགས་པའི་དངོས་པོ་མེད་པར་ཤིན་ཏུ་གསལ་བར་བྱང་ཆུབ་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བརྗོད་པ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་སྐུ་མ་ཡིན་པའི་སྐུ་མེད་པའི་ཕྱིར་སྐུ་དེ་དག་ཐ་དད་པ་ཡང་མ་ཡིན་ལ། དགོས་པའི་དབང་གིས་སྐུ་བཞི་པོ་ལུས་བསམ་གྱི་ཐབས་ཤེས་སུ་ཡང་བསྟན་པ་ཡིན་ནོ། །དེས་ན་རྒྱུད་པ་འདིས་སྐུ་བཞི་དབྱེར་མེད་དམ་སྐུ་གཉིས་ཟུང་འཇུག་ཞེས་བཞེད་པ་འདི་ཁོ་ན་མདོ་རྒྱུད་ཆེན་པོ་མཐའ་དག་གི་དགོངས་པ་ཡིན་ལ། གོ་འཕང་འདི་མངོན་དུ་བྱས་པ་


KMC013_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཐར་ཕྱིན་པ་སྟེ། བྲལ་བ་དང་རྣམ་སྨིན་གྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་ཅིིང་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་མངའ་བ་དང་དབང་ཕྱུག་གི་ཡོན་ཏན་བླ་ན་མེད་པ་བརྒྱད་ཐོབ་ལ། ཁ་སྦྱོར་གྱི་ཡན་ལག་བདུན་མངའ་ཞིང་གང་འདུལ་གྱི་གཟུགས་སྐུ་རྒྱར་ཆད་པ་མེད་པས་ཁྱབ་པ་དང་རྟག་པའི་ཕྲིན་ལས་རྒྱུན་མི་འཆད་པ་ཡིན་ནོ། །དེ་ལ་བྲལ་བའི་ཡོན་ཏན་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་བཅོ་བརྒྱད་དེ་སོ་གཉིས་དང་། རྣམ་སྨིན་གྱི་ཡོན་ཏན་ནི། མཚན་སོ་གཉིས་ཏེ་གཙོ་བོར་དྲུག་ཅུ་རྩ་བཞི་ཡིན་ལ། རེ་རེའང་ཡོན་ཏན་བྱེ་བའི་འཁོར་དང་ལྡན་པར་གསུངས་སོ། །གསུང་དབྱངས་ཡན་ལག་དྲུག་བཅུ་རྩ་བཞི་ནི། དཀོན་བརྩེགས་ལས། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། མཉེན་པའི་གསུང་འབྱུང་བ་དང་། ཞེས་སོགས་གསུངས་པ་སྡོམ་ཚིག་ཏུ་སྦྱར་ན། མཉེན་འཇམ་ཡིད་འོང་ཡིད་དུ་འཐད། །དག་ཞིང་དྲི་མེད་འོད་གསལ་འཇེབས། །མཉན་འོས་མི་ཚུགས་སྙན་ཞིང་དུལ། །མི་རྩུབ་མི་བརླང་རབ་ཏུ་དུལ། །རྣར་སྙན་ལུས་དང་


KMC013_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཚིམ་བྱང་། །སྙིང་དགའ་འབྱེད་དང་དགའ་བདེ་སྐྱེད། །ཡོངས་སུ་མི་གདུང་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་པར་གསལ། །དགའ་དང་མངོན་པར་དགའ་བར་བྱེད། །ཀུན་ཏུ་ཤེས་བྱེད་རྣམ་རིག་བྱེད། །རིགས་པ་དང་འབྲེལ་ཟློས་སྐྱོན་མེད། །སེང་གེའི་ང་རོའི་ཤུགས་དང་ལྡན། །གླང་ཆེན་སྒྲ་དང་འབྲུག་གི་དབྱངས། །ཀླུ་དང་དྲི་ཟ་ཀ་པིང་དབྱངས། །ཚངས་དབྱངས་ཤང་ཤང་ཏེ་འུའི་དབྱངས། །ལྷ་དབང་དབྱངས་དང་རྔ་ཡི་སྒྲ། །མ་ཁེངས་པ་དང་མི་དམའ་དང་། །སྒྲ་རྣམས་ཀུན་གྱི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆད་ལྡབ་ལྡིབ་མེད། །མ་ཚང་མེད་ཅིང་མ་ཞུམ་དང་། །མི་ཞན་རབ་དགའ་ཁྱབ་པ་དང་། །ཆུབ་དང་རྒྱུན་ཆགས་འབྲེལ་བ་དང་། །སྒྲ་རྣམས་ཐམས་ཅད་རྫོགས་པར་བྱེད། །དབང་པོ་ཐམས་ཅད་ཚིམ་པར་བྱེད། །མ་སྨད་མི་འགྱུར་མ་བརྟབས་དང་། །འཁོར་གྱི་དཀྱིལ་འཁོར་ཀུན་དུ་གྲག །འདོད་ཆགས་ཞི་བྱེད་ཞེ་སྡང་འདུལ། །གཏི་མུག་སེལ་བྱེད་བདུད་ཚར་གཅོད། །རྣམ་པ་ཀུན་མཆོག་ལྡན་པ་སྟེ། །གསུང་དབྱངས་དྲུག་ཅུ་རྩ་བཞིའོ། །ཞེས་བྱའོ། །དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་བའི་མདོ་ལས་ནི་


KMC013_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡོད་པའི་ཆོས་སྟོན་པ་དང་ངེས་ཚིག་སྨྲ་བ་སོགས་དྲུག་ཅུ་རྩ་བཞི་ལས་ཆེས་མང་བར་བཤད་དོ། །དབང་ཕྱུག་གི་ཡོན་ཏན་བརྒྱད་ནི་རྣམ་པ་དུ་མ་སྟེ། སྤྱོད་བསྡུས་ལས་ནི། དེ་ལ་མཚན་མ་ནི་འདི་དག་ཡིན་ནོ། །གཟུགས་ཕྲ་བ་དང་རེག་པ་ཡང་བ་དང་ཁྱབ་པ་དང་ཡང་དག་པར་ཐོབ་པ་ཉིད་དང་རབ་ཏུ་སྣང་བ་ཉིད་དང་བསྟན་པ་ཉིད་དང་དབང་དུ་གྱུར་པ་དང་འདོད་གུར་བསྒྱུར་བ་ཞེས་བྱའོ། །ཞེས་བརྒྱད་དུ་གསུངས་ཅིང་། འཇམ་དཔལ་ཞལ་ལུང་ལས་ནི། དེ་ནས་མཐའ་མེད་འཁོར་བའི་བར། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་གདུང་དང་། །འདི་ནི་བདེ་ཆེན་རོ་མྱང་བརྒྱད། །ཅེས་བཤད་དོ། །དཔལ་ནཱ་རོ་ཞབས་ཀྱིས་འདུས་པ་རྒྱུད་ཕྱིའི་འགྲེལ་པར་ནི་སྐུ་གསུང་ཐུགས་རྡོ་རྗེའི་དབང་ཕྱུག་ཐོབ་པར་བཤད་པའི་མཐར། སྐུ་གསུང་ཐུགས་ནི་མཚོན་པ་ཙམ་སྟེ། ནཱ་ཇི་སྐད་དུ་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་


KMC013_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཅི་འདོད་སྐྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཅེས་པ་དྲངས་ནས་སྐུ་རྡོ་རྗེ་ཐོབ་པ་སྐུའི་དབང་ཕྱུགགསུང་རྡོ་རྗེ་ཐོབ་པ་གསུང་གི་དབང་ཕྱུགཐུགས་རྡོ་རྗེ་ཐོབ་པ་ཐུགས་ཀྱི་དབང་ཕྱུགཁམས་གསུམ་ལ་རང་དབང་བསྒྱུར་བ་རྫུ་འཕྲུལ་གྱི་དབང་ཕྱུགཀུན་ལ་ཁྱབ་པ་ཐམས་ཅད་དུ་སོན་པའི་དབང་ཕྱུགབཙུན་མོའི་འཁོར་ཐམས་ཅད་ཀྱིས་རོལ་བ་འདོད་པའི་དབང་ཕྱུགཐར་པ་ཆེན་པོའི་དཀྱིལ་འཁོར་དུ་རྟག་ཏུ་བཞུགས་པས་གནས་ཀྱི་དབང་ཕྱུགསངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་འཁོར་གྱི་དབང་ཕྱུག་སྟེ་བརྒྱད་དུ་བཞེད་དོ། །ཁ་ཅིག་ནི་སམྦཱུ་ཊའི་བཅོམ་ལྡན་གྱི་སྐབས་སུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་ཕུན་སུམ་ཚོགས་པ་དང་། །དྲུག་པོ་དེ་ལ་སྐལ་ཞེས་བྱ། །ཞེས་ཡོན་ཏན་དྲུག་གི་སྟེང་དུ་རང་དོན་དང་གཞན་དོན་བསྣན་པའི་བརྒྱད་ལ་འཆད་ཅིང་། སྤྱིར་ཕྱི་རོལ་པ་རྣམས་ནི། གང་ཞིག་ཕྲ་ཞིང་གཅིག་པུ་སྐྱེས་གནས་འདུག། ཞེས་སོགས་ཁྱབ་པ་དང་རྟག་པའི་ཡོན་ཏན་བརྒྱད་པོ་དེ་ལྷ་དབང་ཕྱུག་ལ་ལྡན་པར་འཆད་པས། སྔགས་སུ་ཡང་ཕྱི་རོལ་པ་གཞུག་ཕྱིར་ཐ་སྙད་


KMC013_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཕྱི་རོལ་པ་དང་སྦྱར་བ་ཡིན་ལ། དེའི་ཕྱིར་སྤྱོད་བསྡུས་ལས་གསུངས་པའི་ཡོན་ཏན་བརྒྱད་ནི་ཕྱི་རོལ་པའི་ཐ་སྙད་ལས་དྲངས་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བདུན་དང་ལྡན་པ་ཡང་ཡིན་ཏེ། དེ་ཁོ་ན་ཉིད་དུ་མངོན་པར་བྱང་ཆུབ་པ་ནི་བླ་ན་མེད་པའི་ཡན་ལག་དང་། ཨེ་ཝཾ་གཉིས་མེད་དུ་གྲུབ་པ་ནི་ཁ་སྦྱོར་གྱི་ཡན་ལགཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བར་དག་པ་ནི་བདེ་ཆེན་གྱི་ཡན་ལགཆོས་ཀྱི་ལོངས་སྤྱོད་ཐམས་ཅད་དུ་འབྱུང་བ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལགའཁོར་བ་དང་མྱང་ངན་ལས་འདས་པ་ཐམས་ཅད་ཀྱི་མཐས་གཏུགས་པར་རྒྱུན་མི་འཆད་པའི་ཕྱིར་རྒྱུན་ཆད་མེད་པའི་ཡན་ལགསྙིང་རྗེ་ཆེན་པོའི་གོམས་པས་འཁོར་བ་ལས་གང་དུ་ཡང་མི་གཡོ་བའི་ཕྱིར་སྙིང་རྗེས་ངེས་པར་གང་བའི་ཡན་ལགམཐའ་ཐམས་ཅད་ཉེ་བར་བསལ་བ་ནི་འགོག་པ་མེད་པའི་ཡན་ལག་སྟེ་བདུན་དང་ལྡན་པའོ། །གཅིག་དང་དུ་མ་ལས་འདས་པའི་སྐུ་རྣམ་པ་མཐའ་ཡས་པའི་ཅིག་ཆར་འགྲོ་བའི་དོན་མཛད་པ་ནི། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། དོན་ཟིན་ནས་ནི་སོ་སོར་ནི། །སྣ་ཚོགས་ཀྱི་ནི་


KMC013_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཉིད་ཀྱིས། །ལ་ལར་འདོད་ཆགས་སྤྱོད་པ་དང་། །ལ་ལར་འདོད་ཆགས་བྲལ་བའི་ཡིད། །ལ་ལར་ཞི་བའི་གཟུགས་དང་ནི། །ལ་ལར་ང་རྒྱལ་ལྡན་པའི་ཡིད། །ལ་ལར་ན་བས་ཟོས་པ་དང་། །ལ་ལར་བདེ་བའི་ལུས་ནི་རབ། །ལ་ལར་སློངས་མོ་བྱེད་པ་དང་། །ལ་ལར་རྒྱལ་པོ་ཆེན་པོ་རྒྱལ། །ལ་ལར་གཅེར་བུ་དྲི་མེད་ཅན། །ལ་ལར་དག་པ་གཙང་སྦྲ་ཅན། །ལ་ལར་ཅུང་ཟད་ཙམ་གྱིས་འགྲངས། །ལ་ལར་ངོ་ཚར་བྱེད་པ་དང་། །ལ་ལར་ངོ་ཚ་མེད་པ་ཡིད། །ལ་ལར་ལྐུགས་པར་འདུག་པ་དང་། །ལ་ལར་སྒྲ་ཆེན་སྒྲོགས་པ་དང་། །ལ་ལར་དྲི་ཆེན་ཟ་བ་དང་། །ལ་ལར་འོ་མ་འཐུང་བར་བྱེད། །ལ་ལར་སྡུག་པ་བྱེད་པ་དང་། །ལ་ལར་བསོད་ནམས་ཆེན་པོ་བྱེད། །ལ་ལར་ངུ་བར་བྱེད་པ་དང་། །ལ་ལར་རྒོད་ལ་གཅིག་ཏུ་དགའ། །ལ་ལར་ཆོ་ལོ་རྩེ་བ་དང་། །ལ་ལར་གར་ནི་གཅིག་པོ་བྱེད། །ལ་ལར་བྲམ་ཟེའི་སྤྱོད་པ་དང་། །ལ་ལར་ཐོད་པའི་སྤྱོད་པ་བྱེད། །ལ་ལར་གཏུམ་པའི་བྲན་བྱེད་དང་། །ལ་ལར་ཆོས་ནི་སྟོན་པ་དང་། །ལ་ལར་ཆོས་ནི་ཉན་པ་དང་། །ལ་ལར་སྒྱུ་མ་བྱེད་པ་དང་། །ལ་ལར་སྒྱུ་མ་བྲལ་བ་དང་། །ལ་ལར་རྒན་པོ་ལོ་མང་དང་། །


KMC013_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལར་སྨད་ཚོང་མ་ཡི་གཟུགས། །ལ་ལར་འདོད་པ་མཆོག་སྤྱོད་དང་། །ལ་ལར་སེར་སྣ་ཡིས་ནི་འགུགས། །ལ་ལར་སེར་སྣ་དང་བྲལ་ཡིད། །ལ་ལར་བྱོལ་སོང་ཡན་ལག་ཉིད། །ལ་ལར་རྣམ་ཤེས་མེད་པ་དང་། །ལ་ལར་བརྗོད་དུ་མེད་པ་དང་། །ལ་ལར་ཡང་དག་གཟུགས་ཅན་སྟོན། །དེ་ལྟར་རྣལ་འབྱོར་དབང་ཕྱུག་ནི། །རང་དབང་གིས་ནི་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་རོ། །སྤྱིར་མདོ་དང་བསྟན་བཅོས་ཀྱི་ལུང་གི་ཚོགས་སོ་སོ་ལ་བརྟེན་ནས་སངས་རྒྱས་ལ་སེམས་ཡོད་མེད་དང་། རྟོག་པ་མངའ་མིི་མངའ་དང་། སྐུ་བཅས་སྐུ་མེད་སོགས་ལ་འཕགས་ཡུལ་དུའང་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པ་ཐ་དད་ཅིང་། བོད་དུ་ནི་ཉན་ཐོས་ཀྱི་ལུགས་ལྟར་མཆོག་གི་སྤྲུལ་སྐུ་ཁོ་ན་ལས་གཞན་པའི་སངས་རྒྱས་མི་འདོད་པ་དང་། ལོངས་སྤྲུལ་གཉིས་ཀ་ཆོས་སྐུའི་རྒྱུད་གཅིག་གིས་བསྡུས་ཅིིང་སྐུ་ཐ་དད་པར་འདོད་པ་དང་། སངས་རྒྱས་དངོས་ནི་ལོངས་སྐུ་ཡིན་ལ། ཆོས་སྐུ་ནི་དེའི་རྒྱུད་ལ་གནས་ཅིང་། སྤྲུལ་སྐུ་ནི་ལོངས་སྐུའི་སྤྲུལ་པ་ཡིན་པས་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་ལྟར་ཆོས་སྐུས་མ་བསྡུས་པར་འདོད་པ་དང་། གཟུགས་


KMC013_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཉིས་ཀ་སངས་རྒྱས་གཏན་ནས་མ་ཡིན་པར་མཐོང་བ་པོའི་མིག་ཤེས་ཁོ་ན་ཡིན་པར་འདོད་པ་དང་། སྐུ་བཞི་ག་འགལ་བར་འདོད་པ་དང་། གཟུགས་སྐུ་གཉིས་འགལ་བར་འདོད་པ་དང་། ཆོས་གཟུགས་ཀྱི་སྐུ་འགལ་བར་འདོད་པ་སོགས་འདོད་པའི་ཚོགས་མཐའ་ཡས་པར་གནས་ཀྱང་མདོ་རྒྱུད་མཐའ་དག་གི་དགོངས་པའི་ཆུ་བོ་མན་ངག་གི་རྒྱ་མཚོར་གཅིག་ཏུ་འདྲེས་པ་ནི་སྐུ་བཞི་དབྱེར་མེད་ཀྱི་ཕྱོགས་འདི་ཁོ་ན་ཡིན་ཏེ། དགག་སྒྲུབ་ཀྱི་ཚོགས་ནི་ཡི་གེས་འཇིགས་པས་འདིར་མི་སྤྲོའོ། །དེ་ལྟ་མོད་ཀྱི་སྐུ་བཞི་ནི་བཞི་ཆོས་ཀྱི་དབང་གིས་གཙོ་བོར་བརྗོད་ཀྱི། གསུམ་དང་གཉིས་དང་ལྷན་སྐྱེས་ཀྱི་སྐུའམ་གསང་ཆེན་རིགས་གཅིག་གི་སྐུ་གཅིག་ཏུ་ཡང་འདུ་ཞིང་། དེ་བཞིན་དུ་སྐུ་ལྔ་དང་དྲུག་ལ་སོགས་པའི་སྤྲོས་པ་ནས་གྲངས་མེད་པའི་བར་དུ་རྣམ་པར་བཞག་ཏུ་རུང་ལ། ཇི་ལྟར་བཞག་ཡང་ནམ་མཁའ་ནི་བགྲང་བ་དང་གཞལ་བར་བྱ་བ་མ་ཡིན་པ་ལྟར་ཇི་ཙམ་སེམས་ཅན་གྱི་བློས་འདུ་བྱས་པའི་རྣམ་པར་བཞག་འཇོག་ཐམས་ཅད་ཀྱིས་ཀྱང་རང་བློས་མངོན་པར་བཏགས་པ་ལ་ཡུལ་དུ་ཞེན་ཞིང་དེར་འཛིན་གྱི་བློ་ལ་ཡུལ་ཅན་དུ་ཞེན་པས་ནན་ཏན་དུ་


KMC013_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བར་བྱེད་ཀྱི་ཡིན་ལུགས་ཤེས་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་སངས་རྒྱས་ཀྱི་རང་བཞིན་ཆོས་ཐམས་ཅད་དང་མི་གཉིས་ལ་ཆོས་བསྟེན་ཡང་མ་འདྲེས་ཅིང་མ་གོས་པ། སྒྲ་དང་རྟོག་པའི་ཡུལ་མ་ཡིན་ལ་སྒྲ་དང་རྟོག་པ་ཡི་ཡང་གནས་ཚུལ་དུ་ཞུགས་པ། མིང་ཚིག་ཐ་སྙད་ཀྱི་འཇུག་པ་ཆད་ཀྱང་མིང་ཚིག་ཐ་སྙད་ཐམས་ཅད་ཀྱི་གཞིར་གྱུར་པ། ཇི་ལྟར་ཡང་བསམ་གྱིས་མི་ཁྱབ་ཅིང་གཞལ་བར་མི་ནུས་པའི་གནས་ཆེན་པོ་འདི་ནི་རང་གི་ཆོས་ཉིད་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་རྣམས་ཀྱིས་མར་ངོའི་བཅུ་བཞི་ལ་ཟླ་བ་ཅུང་ཟད་མཐོང་བ་དེས་ཉ་གང་བའི་ཟླ་བའི་ཕྱོགས་ཙམ་ཤེས་པར་འགྱུར་བ་ལྟར་ཕྱོགས་ཅུང་ཟད་རྟོགས་པར་འགྱུར་གྱི་དེ་ལས་གཞན་སྒྲ་རྟོག་དང་ཐ་སྙད་ཀྱིས་མཚོན་པར་མི་ནུས་སོ། །དེས་ན་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་བསམ་གྱིས་མི་ཁྱབ་པའི་ཕྱིར་དེའི་ཕྲིན་ལས་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཐས་གཏུགས་པར་འབད་མེད་དུ་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་དགོས་པ་ཐམས་ཅད་ཅིག་ཆར་དུ་སྒྲུབ་པ་རྒྱུན་ཆད་མེད་པ་ལ་


KMC013_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གོང་དུ་གཞལ་དུ་མེད་པར་འཕེལ་ཞིང་ཉམས་པ་མེད་པ་འདི་ནི་མི་འགྲིབ་པའི་ཟླ་བ་དང་དགྲ་གཅན་གྱིས་རྫི་བར་མི་ནུས་པའི་ཉི་མ་དང་འདོད་དགུའི་བུམ་བཟང་དང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། མདོར་ན་སྲིད་ཞི་ཐམས་ཅད་དུ་ཟླ་མེད་པ་དེ་བཞིན་གཤེགས་པ་ཉིད་དང་ཐ་མི་དད་པར་གནས་པ་ཡིན་ལ། སྐུ་དང་ཡོན་ཏན་དང་འཕྲིན་ལས་ཀྱི་རྣམ་གཞག་རྒྱས་པར་ནི་བསྟན་བཅོས་ཆེན་པོ་རྣམས་དང་མདོ་རྒྱུད་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ནི། དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པཎྜི་ཏའི་ཞལ་སྔ་ནས་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་བྱང་ཕྱོགས་སེང་ལྡེང་སྟུག་པོའི་ནགས་གསེབ་ཏུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་མཛད་བྱང་དང་འགྱུར་བྱང་རྗེ་མར་པས་འགོད་པར་མཛད་དོ། །དེ་ཡང་རྗེ་ནཱ་རོ་ཞབས་ནི་ཀསྨི་ར་ཁ་ཆེའི་ཡུལ་དུ་འཁྲུངས་པ་ཡིན་ཏེ། ནཱ་རོ་འགྲེལ་ཆེན་ལས། དཔལ་ཁ་ཆེ་བ་ཆེན་པོ་སྙན་གྲགས་བཟང་པོ། ཅེས་ཡང་


KMC013_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུ་གསུངས་ཅིང་། རྗེ་མར་པའི་གསུང་ཇི་ལྟ་བ་རྔོག་གིས་བྲིས་པ་སྲེ་འཕོའི་ཞལ་གདམས་ལས། རྗེ་ནཱ་རོ་པ་ནི་ཡུལ་ཁ་ཆེ་ཡིན། དཔལ་མེ་མུར་བ་ཞེས་ཀྱང་གྲགས་ཏེ། བཞེད་དོ། །རས་ཆུང་སྙན་རྒྱུད་པ་ཁ་ཅིག་ཤར་ཕྱོགས་བྷཾ་ག་ལ་པར་འཆད་ཀྱང་རྗེས་མར་པའི་བཞེད་པར་མ་གོའོ། །ནཱ་རོ་ནི་སྡོམ་པ་རྒྱ་མཚོའི་རྒྱུད་ལས། བཅོམ་ལྡན་རྩ་ཤད་ཕྱིར་མི་ལྡོག ། ཞེས་ལུང་བསྟན་ནོ། །ཞེས་གོང་མ་རྣམས་གསུངས་པས་རྩ་ཤད་དུ་རྒྱུད་པ་འདི་བཞེད་ལ། ཕྱིས་ཀྱི་ལོཙྪ་བ་མཁས་པ་དུ་མས་རོ་ག་རྩོད་པའམ་ཟླ་ཡིན་ལ། དེ་ནས་བཀག་པས་ན་རོ་སྟེ་རྩོད་མེད་དམ་ཟླ་མེད་དུ་འགྱུར་བར་བཞེད་ལ། སྙན་གྲགས་བཟང་པོ། ཡེ་ཤེས་དངོས་གྲུབ། འཇིགས་མེད་གྲགས་པ། དུས་འཁོར་ཞབས། ནཱ་རོ་པ། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། རྩ་ཤད་པ་སྟེ་མཚན་བརྒྱད་དུ་བཞེད་དོ། །རྗེ་ས་པཎ་གྱིས་ནི། ནཱ་རོ་ཏ་པ་ཅེས་བྱ་བ། །བྲམ་ཟེའི་རིགས་ཀྱི་བྱེ་བྲག་ཡིན། །དེ་ཡི་སྒྲ་དོན་མི་ཤེས་པར། །དཀའ་བ་སྤྱད་པས་ཨ་ན་ན། །རོ་རུ་སོང་ཞེས་འཆད་པ་དང་། །ཞེས་གསུངས་མོད་ཀྱང་། རྒྱུད་པ་འདིས་ནི་རྒྱལ་རིགས་སུ་བཞེད་པ་ཡིན་ལ། ཤངས་པ་


KMC013_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཀྱིས་ཀྱང་ནི་གུ་མ་དང་ལྕམ་སྲིང་ཡིན་པ་དང་རྒྱལ་རིགས་སུ་རྒྱས་པར་འཆད་དོ། །འོན་ཀྱང་བྲམ་ཟེའི་རིགས་དང་ཡང་འགལ་བ་ནི་མེད་དེ་བྲམ་ཟེའི་རིགས་ཕྱིས་རྒྱལ་པོར་གྱུར་པ་ཡོད་པས་སོ། །ན་བས་མི་ཚད་རོ་རུ་སོང་། །ཞེས་བྲིས་པའི་སྒྲུབ་བརྒྱུད་འདིའི་ཆོས་ཕྲན་གྱི་ཡི་གེ་རྙིང་པ་འདུག་མོད་ཀྱང་། དེ་དག་ནི་རྒྱུད་པ་འདིའི་ཟབ་ཆོས་མཐའ་དག་ལ་མ་སྦྱངས་པར་མན་ངག་གི་གནད་བསྡུས་པ་རེ་གཉིས་བླ་མ་དམ་པ་ལས་ཞུས་ཏེ་ཉམས་སུ་བླངས་པས་རང་གི་དོན་གྲུབ་པ་ཁ་ཅིག་གི་གསུང་དུ་ཟད་ལ། རྗེ་སྒམ་པོ་པས་མཛད་ཟེར་བའི་རྒྱུད་པའི་རྣམ་ཐར་ན་བྲིས་འདུག་ཡང་དེ་ནི་རྗེ་སྒམ་པོ་པའི་ཐུགས་རྩོམ་མ་ཡིན་པའི་མཚན་ཉིད་དུ་མ་སྣང་ངོ་། །དེ་ལྟ་མོད་ཀྱིས་ཐ་སྙད་མི་མཛེས་པ་དེ་ཙམ་ལས་གང་ཟག་དང་ཆོས་ཚད་མིན་དུ་སྒྲུབ་ཀྱང་མི་ནུས་ཅིང་རྩོམ་པ་པོར་འོས་པའི་ཡོན་ཏན་མ་རྫོགས་བཞིན་དུ་བརྩམས་པའི་བསྟན་བཅོས་བོད་ཡུལ་ན་ཆེས་མང་བས་དེ་དག་ནི་དགག་གཞག་བྱས་ཀྱིས་མི་ལང་བ་ཡིན་ནོ། །ཞལ་གདམས་ནི་རྗེ་མར་པས་དཔལ་ནཱ་རོ་ཞབས་ཀྱི་གསུང་ཇི་ལྟ་བ་ཉིད་རྒྱ་སྐད་དུ་ཟིན་བྲིས་མཛད་དེ་ཕྱིས་ལྷོ་དྲོ་བོ་ལུང་ཞེས་


KMC013_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ། མ་དང་མཁའ་འགྲོ་འདུ་བའི་ས། །སྨན་སྟོང་དང་རྩ་བརྒྱད་སྐྱེ་བའི་མགུལ། །སྤོས་ཀྱི་ཤིང་སྣས་བརྒྱན་པའི་ས། །ཞེས་ལུང་བསྟན་པའི་གྲུབ་པའི་གནས་དེའི་གཟིམས་ཁང་སྲང་སྟེང་དུ་བོད་སྐད་དུ་བསྒྱུར་བ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཞལ་གྱི་གདམས་པ་བཅུ་གཉིས་དང་བཅས་པ་དཔལ་ལྡན་ནཱ་རོ་པ་ཆེན་པོའི་ཞལ་སྔ་ནས་བརྒྱུད་པ་མགོ་ཡགས་ཀྱི་དོན་དུ་མར་པ་ཆོས་ཀྱི་བློ་གྲོས་བདག་གིས་དྲོ་བོ་ལུང་སྲང་སྟེང་དུ་བསྒྱུར་བའོ་ཞེས་གསུངས་པ་ཉིད་དོ། །མདོར་ན་རྒྱུད་པ་འདི་ནི་གསང་སྔགས་བོན་དུ་མི་གྱེར་ཞིང་དམ་ཆོས་ཚེ་འདིའི་ཞར་ལ་མི་གཏོང་ལ། ཟབ་གནད་ལ་ཚོགས་བཤད་དང་རྩོད་ཆོས་སུ་མི་མཛད་པས་རྡོ་རྗེ་ཐེག་པའི་ཐོས་པ་མི་སྒྲོག་པའི་ཕྱིར་ཟབ་གནད་ཀྱི་ས་བོན་ཙམ་ལས་ཡི་གེར་མི་འགོད་ལ། དེ་ཉིད་བླ་མ་དམ་པ་མྱོང་རྟོགས་ཅན་གྱིས་སློབ་མ་སྣོད་ལྡན་ལ་དབང་པོའི་རིམ་པས་བསྟན་ཏེ་རྒྱུད་ལ་མྱོང་རྟོགས་སྐྱེད་པ་ཁོ་ན་ལ་ཕྱག་བཞེས་མཛད་ཀྱི། རྣམ་བཤད་དང་སྤྱི་དོན་དང་དགག་སྒྲུབ་ཀྱི་ཐལ་ཕྲེང་མཛད་པའི་སྲོལ་མེད་དེ། བཅོམ་ལྡན་འདས་མི་སྐྱོད་ཞབས་ཀྱིས་


KMC013_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་སྔ་རབས་པ་རྣམས་ལ་མན་ངག་ཡི་གེར་མ་འཕེལ་སློབ་མ་གྲུབ་ཐོབ་ཏུ་སྨིན་པས་གང་ཟག་གིས་གདམས་ངག་གི་སྣོད་ཐུབ་པ་བྱ་བ་དེ་བྱུང་བ་ཡིན་ཞེས་བཀའ་བསྩལ་པ་དངོས་སུ་ཐོས་པ་ལྟར་ཡིན་ཡང་། དེང་སང་ནི་སྒྲུབ་བརྒྱུད་ཉམས་པ་ལས་ཆེས་ཉམས་ལ་ཐུག་པས། ཉམས་སུ་མི་ལེན་ཡི་གེ་གང་མང་འགྲན། །ཞེས་རང་བྱུང་ཞབས་ཀྱིས་བཀའ་བརྒྱུད་ཆོས་ཀྱི་དཀར་ཆག་ཏུ་གསུངས་པ་དེ་ཉིད་ཐོག་ཏུ་བབ་སྟེ་སྒྲུབ་བརྒྱུད་པ་རྣམས་ཀྱང་རང་ལུགས་ཀྱི་མན་ངག་གི་གནད་ཟབ་མོ་མཐའ་ཡས་པ་རྣམས་ལ་ཇི་མི་སྙམ་པར་བརྙས་ཐབས་ཀྱིས་དོར་ནས་ཚམ་ཚོམ་མེད་པར་གཞན་གཞུང་གི་གླེགས་བམ་ཆེན་པོ་འཇིག་ལྟ་དང་མཐར་ལྟའི་སྙིང་པོ་ཅན་རྣམས་ལ་སྐྱབས་སུ་འཛིན་པར་ཉེ་བར་སྣང་བས་ཐར་འདོད་ངལ་བར་བྱས་ཀྱིས་དོགས་ཅིང་། ད་ནི་བཀའ་རྒྱུད་ཀྱི་བསྟན་པ་ལུང་གི་དུས་སུ་སླེབ་པ་ཡིན་ཞེས་བཅོམ་ལྡན་འདས་མི་སྐྱོད་ཞབས་ཀྱི་བཀའ་དངོས་སུ་ཐོས་པས་སྐྱོན་དུ་མི་འགྱུར་བར་ཡང་བསམས་ནས་བླ་མ་དང་ཆོས་སྲུང་ལ་གསོལ་བ་བཏབ་པས་ཀྱང་མ་བཀག་པར་གོ་བའི་ཕྱིར་རྒྱུད་པ་འདིའི་ཟབ་མོའི་གནད་ཕྱིན་ཅི་མ་ལོག་པ་


KMC013_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཞན་གཞུང་དང་ལེགས་པར་ཕྱེ་ཞིང་མ་འདྲེས་པར་མཐའ་དཔྱད་ཀྱིས་བརྒྱན་ཏེ་གཞུང་དང་ཞལ་གདམས་ཅུང་ཟད་གསལ་བར་རྣམ་པར་ཕྱེ་བ་ཡིན་ལ། འདིས་ནི་སྐྱེད་རྫོགས་ཀྱི་རྣམ་གཞག་མཐའ་དག་ཡང་ཤིན་ཏུ་གསལ་བར་འགྱུར་ཞིང་ཤིན་ཏུ་སྦས་པའི་གནད་ཁྱད་པར་བ་དག་ནི་བླ་མ་དམ་པ་དུས་སུ་བསྟེན་པ་ལས་མན་ངག་རིག་པར་བྱས་ཏེ་ཚུལ་བཞིན་ཉམས་སུ་བླངས་པས་ཉམས་རྟོགས་ཁྱད་པར་ཅན་མངོན་དུ་བྱས་ནས་ཆོས་ཀྱི་མིག་དྲི་མ་མེད་པས་མཐོང་བར་བྱོས་ཅིག རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་ཀུན་གྱི་བཅུད། །ཕྱག་ཆེན་གྲུབ་པའི་རྣལ་འབྱོར་ཀུན་གྱི་བགྲོད་གཅིག་ལམ། །རྒྱལ་ཡུམ་མཆོག་གི་སྒྲུབ་ཐབས་གསང་ལས་ཆེས་གསང་བ། །སྒྲུབ་བརྒྱུད་དམ་པའི་དགོངས་པ་ཇི་བཞིན་ལེགས་པར་བཤད། །ཤིན་ཏུ་ལྐོག་གྱུར་གནད་རྣམས་མངོན་སུམ་གྱི། །མིག་གིས་བརྟག་ནུས་བདག་ལ་མེད་ན་ཡང་། །བརྒྱུད་པའི་བྱིན་རླབས་སྙིང་ལ་ཐིམ་པའི་ཕྱིར། །ཚད་ལྡན་ལེགས་བཤད་སེམས་ཀྱི་ཀློང་ནས་འཆར། །རྟོག་གེའི་ཟེར་མའི་ཐིགས་པ་མ་བསགས་ཅིང་། །གཞན་གཞུང་སྣ་ཚོགས་ངལ་བས་མ་དཀྲུགས་


KMC013_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

མོད། །རྒྱུད་དང་མན་ངག་ཚད་མས་རབ་གྲུབ་པའི། །ཡིད་བཞིན་སྙིང་པོའི་ལམ་བཟང་འདི་ན་གསལ། །མཁས་པའི་མཁས་པ་ཕལ་གྱིས་མ་རྙེད་ཅིང་། །ཐོས་མང་བློ་གྲོས་ཞིབ་མོས་མི་རྟོགས་ན། །ཚུར་མཐོང་གཞན་གྱིས་སྨོས་ཀྱང་ཅི་དགོས་པའི། །ཟབ་རྒྱས་གནས་ལ་བདག་གི་བློ་གྲོས་ཡངས། །སྔོན་ཚེ་ལེགས་སྤྱད་གོམས་པའི་སྐལ་བ་ཡིས། །ཕྱི་དུས་འདིར་ཡང་རྩོད་མེད་སྒྲུབ་བརྒྱུད་བརྙེད། །རྩ་བརྒྱུད་བླ་མར་ཡིད་ཆེས་གྲུབ་པའི་མཐུ། །ཁོ་ནས་གཞན་དྲིང་མི་འཇོག་སྤོབས་པ་ཐོབ། །དེ་སླད་རང་ཉིད་ཇི་ལྟར་ཡིད་ཆེས་པའི། །ཟབ་མོའི་གནད་འགའ་ཅུང་ཟད་འདིར་བཀོད་ཀྱི། །ཐོས་ལོ་ཚིག་སྐམ་ཙམ་གྱིས་མ་ཡིན་པས། །སྐལ་ལྡན་རྣམས་ཀྱིས་གུས་པས་བླང་བར་མཛོད། །འདིར་འབད་དགེ་བ་མཁའ་ལྟར་ཡངས་པ་དེས། །ཕྱི་དུས་འགྲོ་བའི་སྙིང་གི་མུན་བསལ་ནས། །སྒྲུབ་བརྒྱུད་སྙིང་པོའི་ལམ་བཟང་ཉིན་བྱེད་ཀྱིས། །འཛམ་གླིང་ཁྱབ་པར་བརྡལ་བའི་རྒྱུ་རུ་བསྔོ། །བདག་དང་སློབ་མར་བཅས་ཀུན་མྱུར་བ་རུ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་ཐོབ་ནས། །ཡེ་ཤེས་མཁའ་སྤྱོད་གྲུབ་མ་ཀུན་གྱི་བདག །རིགས་ཀུན་སྙིང་པོ་རྡོ་རྗེ་འཆང་


KMC013_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །མ་རྟོགས་པ་དང་ལོག་པར་རྟོག་པ་དང་། །ཐེ་ཚོམ་དབང་གིས་བདག་གིས་འདིར་མ་བཤད། །འོན་ཀྱང་གསང་ཆོས་གསལ་པོར་བསྒྲགས་པ་རྣམས། །ཉེས་པར་གྱུར་ན་བཟོད་པར་མཛད་དུ་གསོལ། །ལམ་བཟང་རྨད་དུ་བྱུང་བ་འདི་ཉིད་ཀྱང་། །སྣོད་མིན་རྣམས་ལ་ལེགས་པར་སྦ་བ་དང་། །སྐལ་ལྡན་རྣམས་ལ་འཕེལ་ཞིང་རྒྱས་འགྱུར་བའི། །ཕྲིན་ལས་དམ་པ་མཁའ་འགྲོ་རྣམས་ཀྱིས་མཛོད། །རྡོ་རྗེའི་ཡེ་ཤེས་མཆོག་གི་དངོས་པོ་ཡིས། །སྲིད་དང་ཞི་བར་བཅས་པའི་དངོས་རྣམས་ཀུན། །ཅིག་ཆར་བདེ་ཆེན་མཆོག་གི་ཕྱག་རྒྱ་རུ། །འཆིང་བ་རྡོ་རྗེའི་བདེ་ལེགས་འགྲུབ་གྱུར་ཅིག །དཔལ་ལྷན་ཅིག་སྐྱེས་མའི་གསང་བའི་སྒྲུབ་ཐབས་ཞལ་གདམས་དང་མན་ངག་གིས་བརྒྱན་ཏེ་གསལ་བར་ཕྱེ་བ་འདི་ནི་རྡོ་རྗེའི་སློབ་མའི་དོན་དུ་རྣལ་འབྱོར་གྱི་དབང་ཕྱུག་གཙུག་ལག་ཕྲེང་བས་གྲུབ་པའི་ཕོ་བྲང་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བ་བདེ་ལེགས་སུ་གྲུབ་བོ། །ཡི་གེར་བྱེད་པོ་གཡེ་ཡི་ཡུལ་གྲུ་ནས། །བསོད་ནམས་ཡེ་ཤེས་རྒྱ་མཚོ་གཉིས་ཡིན་ཏེ། །བྱམས་པ་དོན་གྲུབ་སོགས་ཀྱིས་དག་པར་བྱས། །ཆོས་ལ་མཁས་པ་


KMC013_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དཔལ་དག་གཙོས། །མཁས་བསྡུས་བཅུ་ཕྲག་གཉིས་ཀྱི་ལེགས་པར་བསྒྲུབས། །དགེ་སློང་ཀརྨ་དཀོན་མཆོག་ཞེས་བགྱིས་པས། །ཡི་གེར་བྲི་བའི་ལག་གི་བླ་བགྱིས་ཅིང་། །ཡར་སྟོད་ཤར་གྱི་ས་ཡི་བདག་མོ་ནི། །རྡོ་རྗེ་སྒྲོལ་མས་བར་དུ་སྒྲུབ་པར་མཛད། །མགོ་ལུང་ཀུན་དགའ་རྒྱལ་མཚན་དང་ཇ་མ་རྟ་མགྲིན་ཚེ་བརྟན་གཉིས། ཤིང་བཟོ་བ་ཚེ་དབང་ལྷུན་གྲུབ་རྣམས་ཀྱིས་པར་གྱིས་ཞབས་ཏོག་ལེགས་པར་བསྒྲུབས། འདི་ཡིས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousཤོག་ལྷེབ་ ༧༠༡ ནས་ ༧༨༨ བར།no next