Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
ཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ།
 
  
  
  
 
  
 
  
 
11   
  
  
  
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ།next

ཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ།

ཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ་བཞུགས་སོ། །བསྙེན་པས་གནས་སྐབས་ཉི་ཟླའི་ཚེ། །མཐར་ཐུག་རྒྱལ་བ་ཉིད་སྟེར་བའི། །ཚེ་དཔག་མེད་པའི་ཞབས་བཏུད་ནས། །དེ་མཐུ་བལྟ་བའི་མེ་ལོང་འགོད། །འདིར་ཚེ་དཔག་ཏུ་མེད་པའི་གསང་སྒྲུབ་ཁྲོ་བོའི་དཀྱིལ་འཁོར་སྒོམ་པར་འདོད་པས་རང་དོན་གཙོ་བོ་བསྙེན་པ། གཞན་དོན་གཙོ་བོ་སྒྲུབ་པ། དུས་རྒྱུན་གྱི་ཉམས་ལེན་གསུམ་ལས། དང་པོ་ནི། བཀྲ་ཤིས་པའི་གནས་དབང་གི་ལས་ལ་མཆོག་ཏུ་ཤིས་པར། ཡོ་བྱད་ཚང་བར་བསགས་ཏེ། བདེ་བའི་སྟན་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་མེད་པའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ལན་གསུམ་གྱིས་སྐྱབས་སེམས་བྱ། དེ་ནས། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། ཞེས་དཀྱིལ་འཁོར་འཆད་པར་འགྱུར་བ་ལྟ་བུ་མདུན་གྱི་ནམ་མཁར་སྤྱན་དྲངས། འཁོར་ལོའི་དབང་ཕྱུག་འཁོར་བཅས་ཀྱི། །ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །དགེ་བ་ཀུན་ལ་ཡིད་དགའ་བས། །དད་པས་བདག་གི་ལུས་འདི་འབུལ། །ཐུགས་རྗེ་མངའ་བས་རིང་གཟིགས་པས། །བསམ་པ་ཐམས་ཅད་རྫོགས་གྱུར་ཏེ། །བདག་གིས་བྱང་ཆུབ་མཆོག་ཐོབ་ཤོག །བཛྭ་མུཿ རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། བཤོས་ཆང་ཏིང་ལོ་གཏོར་མ་ཆབ་ཀྱིས་སྦྲན། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བགེགས་ལ་བསྔོས་ལ་བྱིན། དཀྱིལ་འཁོར་ས་གཞི་ལ་གནས་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བསྐྲད། སྙིང་གར་སྲཱིཿལས་མེ་འབར་བས། །རྣམ་སྨིན་ལུས་བསྲེགས་སྟོང་པ་ཉིད། །ཨོཾ་སྭ་བྷཱ་ཝ་ཤུད་དྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུད་དྷཱོཧཾ། དོན་དམ་པའི་བསྲུང་བའོ།། ཟླ་གམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །སྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེགས། །སྲཱིཿལས་སྐྱེས་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི། །དྲག་པོའི་རྟ་སྐད་རབ་ཏུ་བཞད། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། །དེ་ཡི་ལྟོ་བ་ཡངས་པའི་ནང་། །ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲུཾ། །ཞུ་བ་ཆོས་འབྱུང་རླུང་མེ་ཆུ། །ས་དང་ལྷུན་པོ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །སྔོ་སེར་དཀར་ལྗང་དམར་བའི་རྩིག །འདོད་སྣམ་ཕ་གུ་དྲ་བ་དང་། །ཤར་བུ་མདའ་ཡབ་རྒྱན་གྱིས་སྤྲས། ཁང་བརྩེགས་དབུས་འཕྱུར་རིན་ཆེན་ཏོག །པདྨ་རྡོ་རྗེ་མེ་རིས་བསྐོར། །ནང་ཁྱམས་ཤར་སྔོ་ལྷོ་སེར་ནུབ། །དཀར་དང་བྱང་ལྗང་གྲྭ་ནང་དམར། །ལྟེ་བར་པདྨ་འདབ་མ་བརྒྱད། །དབུས་སུ་པདྨ་ཚེ་དཔག་མེད། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཚེ་དཔག་མེད། །ནུབ་ཏུ་རྣམ་སྣང་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །གཙོ་བོ་ལྔ་ཀ་ལི་ཁྲིའི་མདོག །ཅུང་ཟད་ཁྲོ་ལ་འཛུམ་བའི་ཉམས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པར་བཅས་པའི་ཐོད་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །དེ་དག་པང་དུ་ཡུམ་ཆེན་ལྔ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །པདྨ་རྡོ་རྗེ་རིན་ཆེན་དང་། །འཁོར་ལོ་སྣ་ཚོགས་རྡོ་རྗེ་སྟེ། །གཡས་པ་རང་གི་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩི་བཀང་། །ཡབ་ལ་སྟོབ་ཅིང་སྐུ་ལ་འཁྲིལ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །མཚམས་བཞིར་བདུད་རྩིའི་བུམ་པ་བཞི། །ནང་གི་ལྷ་ཡི་སྣམ་བུ་ལ། །ཤར་མེ་རྡོ་རྗེ་ཁྲོ་བོ་དང་། །ལྷོ་སྲིན་རིན་ཆེན་ཁྲོ་བོ་དང་། །ནུབ་རླུང་པདྨའི་ཁྲོ་བོ་དང་། །བྱང་དབང་འཕྲིན་ལས་ཁྲོ་བོ་དང་། །སྟེང་འོག་རྣམ་སྣང་ཁྲོ་བོ་གཉིས། །རང་འདྲའི་ཡུམ་དང་བཅས་པ་ནི། །གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །མདོག་དམར་གཡས་པར་རང་རྟགས་འཛིན། །གཡོན་པ་ཚེ་ཡི་བུམ་པ་སྟེ། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་ན་བཞུགས། །ཕྱི་གྲྭར་བདུག་སྤོས་མར་མེ་མ། །མེ་ཏོག་མ་དང་དྲི་ཆབ་མ། །སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་དག །ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །བཞེངས་པ་ཁྲོ་བོའི་ཚུལ་དུ་གནས། །གཡས་པ་རང་མིང་གཡོན་ཚེ་བུམ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ནས་སྤྱན་འདྲེན་པ་ནི། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་འོད་ཟེར་གྱིས། །དབང་ལྷ་བདེ་གཤེགས་རིགས་ལྔ་ནི། །ཡུམ་བཅས་སྤྱན་དྲངས་སྦྱོར་བ་མཛད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། །རང་རིགས་རྣམས་ཀྱི་བདག་པོར་ཞུགས། དེ་ནས་མཆོད་པ་ནི། ཙན་དན་དམར་པོའི་ཆུའི་མཆོད་ཡོན། རྒྱ་སྐྱེགས་ཀྱི་ཆུའི་ཞབས་བསིལ། མེ་ཏོག་དམར་པོའི་རིགས། སི་ཧཱ་ལ་སོགས་སྤོས། མདངས་དམར་པོར་བསྒྱུར་བའི་མར་མེ། པད་རག་གི་ཡོན་ཆབ། འབྱུང་བ་རྩི་ཁྲག་བྱུགས་པའི་ཞལ་ཟས། སྙན་པའི་རོལ་མོ་རྣམས། དབང་དུ་བྱེད་པའི་ལ་དུ། འདོད་པ་ལྔ། བདུད་རྩི། ཤ་ལྔ། རྗེས་ཆགས་དེ་བཞིན་ཉིད་དེ། །དབང་གི་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་རྟོགས་སྦར་ནས། འདོད་དགུའི་ཚོགས་ཐམས་ཅད་དུ་སྣང་བའི་མཆོད་པའི་སྤྲིན་ཆེན་པོར་གྱུར་པར་བསམས་ཏེ། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེ་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ཏུ་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མ་དྲོད་ཀྱིས་རྔུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་མྱོས་པར་གྱུར་པའི་མ་རུངས་པ། །སྙིང་རྗེས་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི། ཞེས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། འཆི་མེད་དབང་པོའི་རྒྱན་གོས་ཀྱིས་སྤྲས་པ། །འགྲོ་ལ་རྗེས་ཆགས་འདོད་ཆགས་ཆེན་པོའི་གཟུགས། །ཉི་མ་འཆར་ཀའི་མདངས་སུ་ལྷམ་མེ་བའི། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ན་རྒ་འཆི་བའི་གདུང་བ་རྣམས་འཇོམས་ཤིང་། །ཡིད་འོང་འདོད་པའི་ལང་ཚོ་གང་བྱེད་པ། །ཡེ་ཤེས་བདུད་རྩིའི་སྣོད་འཛིན་མཉམ་གཞག་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །པད་ཉིའི་དབུས་ན་ཀླུ་དབང་གཉིད་པ་ལྟར། །རྡོ་རྗེ་སྐྱིལ་ཀྲུང་མཛད་པའི་པང་ན་ཡུམ། །བདེ་བའི་མཆོད་སྦྱིན་ཅི་ཡང་བགྱིད་པ་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །གདུལ་བྱ་རྣམ་མང་འདུལ་ཚུལ་ཐ་དད་དགོངས། །སྣ་ཚོགས་རིགས་ཀྱི་རོལ་གར་ལ་ཞུགས་པའི། །ཁྲོ་ཆགས་ལྷ་ཡི་སྣང་བ་མི་ཟད་པའི། །དཀྱིལ་འཁོར་བ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པའི་བྱིན། །བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པས། །རྒྱལ་བ་ཉིད་ཀྱི་སྐུ་གསུང་ཐུགས་གྲུབ་པའི། །དངོས་གྲུབ་དམ་པ་ཚེ་འདིར་སྩལ་དུ་གསོལ། །དེ་ནས་ལྷ་ཚོགས་རྣམས་ཀྱི་སྙིང་གར་ཚེའི་བུམ་པ་དེའི་ནང་དུ་ས་བོན་སྔགས་ཀྱིས་བསྐོར་བར་བསམས་ཏེ། ཨོཾ་སྲཱིཿཧཱུྃ་སྭཱ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿ ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་མཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་སྤྱི་དྲིལ་གྱི་སྔགས་བཟླས། དེའི་དུས་སྔགས་ཕྲེང་ལས་ཚེ་བསྲིང་དཔལ་བསྐྱེད་པའི་དམ་ཚིག་གི་བདུད་རྩི་བབས། བུམ་པ་གང་བར་གྱུར། ཞེས་བརྗོད། བདག་བསྐྱེད་རྐྱང་པའི་སྐབས་ཚེ་འགུགས་བྱ་ཞིང་བསྟིམ། གཏོར་མ་འབུལ། བདག་ཉིད་ལྷའི་ང་རྒྱལ་བསྡུས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །གཉིས་པ་གཞན་དོན་གཙོ་བོ་སྒྲུབ་པ་ནི། ས་ཕྱོགས་བཀྲ་ཤིས་པར་བགེགས་ལ་གཏོར་མ་བཏང་། བཀའ་བསྒོ་བསྐྲད། བསྲུང་འཁོར་གཉིས་བསྒོམ་ཏེ། དཀྱིལ་འཁོར་ཐིག་ཚོན་རིགས་ལྔའི་ས་བོན་བཟླས་པས་བྱིན་གྱིས་བརླབས། ཐིག་གདབ་ཚོན་བཀྱེ། ཡང་ན་འབྲུའི་ཚོམ་བུ་བཀོད། སྟེང་དུ་མཉྫྱིའི་ཁར་ལས་བུམ། གཙོ་བོའི་བུམ་པ་བཟང་པོ་བུམ་རྫས་དང་ལྡན་པའི་ཆུས་སུམ་གཉིས་གང་བ་མགུལ་དཀྲིས་རིགས་ཀྱི་ཕྱག་མཚན་གྱིས་མཛེས་པ། དེའི་སྟེང་དུ་ཀ་པཱ་ལ་མཚན་ལྡན། ཚེ་རྫས་ཀྱི་ཆང་བཟང་པོས་བཀང་བ། དེའི་ཁ་གཅོད་ཀྱི་ཚུལ་དུ་ཚེའི་འབྲང་རྒྱས་དཀར་གསུམ་མངར་གསུམ། འབྲུ་དཀར་པོའི་ཕྱེ་ལ་སྦྲུས་པ་ལ་དབྱིབས་ཟར་མའི་བུམ་པ་ལྟ་བུ་ལ། རྩེ་ལ་རྡོ་རྗེ་རྩེ་ལྔ་ཉི་ཟླ་ནོར་བུས་སྤྲས་པ། འོག་ཏུ་པདྨ་འདབ་བཞི་རིགས་བཞིའི་ཕྱག་མཚན། རྨང་དུ་ཞི་རྒྱས་དབང་དྲག་གི་མཚན་མ་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ། མཚམས་སུ་རྡོ་རྗེ་རྒྱ་གྲམ། བར་དུ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་མཛེས་པ་དང་། མདའ་རྒོད་སྒྲོ་མ། བར་དུ་ཨོཾ་ཨཱ་ཧཱུྃ་བྷྲཱུཾ་སྲཱི་ཧཱུྃ་སྭཱ་ཨོཾ་ཨ། ཨོཾ་བྷྲཱུཾ་ཨ་ས་ནི་རི་ཏི་ཆེ་གེ་མོ་ལ་ཚེ་དང་ལོངས་སྤྱོད་དབང་ཐང་སྤེལ་དུ་གསོལ་བྲིས་པ་དར་དམར་མེ་ལོང་བཏགས་པ་དང་། ཚེ་ནས་ལ་བཀྲ་ཤིས་རྟགས་བརྒྱད་བཀོད་པ་མདུན། ཚེ་རིལ་གཡས། བསྲུང་བའམ་བསྲུང་མདུད་གཡོན། ཚེ་ཟས་ཀྱི་སྣོད་རྒྱབ། གཞན་མདའ་དར་རྣམ་ལྔ། མཐའ་མཆོད་གཏོར་གྱིས་བསྐོར། དེ་ནས་བདག་བསྐྱེད་ཀྱི་བཟླས་པ་གྲུབ་མཚམས། ལས་ཐམས་ཅད་པར་དམིགས་ཏེ། ཨོཾ་སྭ་བྷཱ་ཝས་སྦྱངས། ལས་བུམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཟླ་གམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །སྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེགས། །སྲཱིཿལས་སྐྱེས་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི། །དྲག་པོའི་རྟ་སྐད་རབ་ཏུ་བཞད། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། ཞེས་པའི་བར་དམ་ཡེ་དབྱེར་མེད་དུ་བསྐྱེད། ཐུགས་ཀར་ཉི་མ་ལ་སྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཏེ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྙིང་གར་སྔགས་འཕྲེང་རྟ་སྔགས་བཟླ། སྐུ་ལས་བདུད་རྩི་བབ་པ་བུམ་པའི་བདུད་རྩིར་གྱུར། ཡང་ན་འོད་ཞུ་བྱ། དེ་ནས་མདུན་གྱི་དཀྱིལ་འཁོར་བུམ་པ་མདུན་གྱི་དཀྱིལ་འཁོར། བུམ་པ། ཐོད་པ། ཚེ་གཏོར། ཚེ་མདའ་ཚེ་རིལ་རྣམས་ལས་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས་ལ། མདུན་བསྐྱེད་རས་བྲིས་ཀྱི་དཀྱིལ་འཁོར་དང་། ཚེ་རྟེན་དམ་ཚིག་གི་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཟླ་གམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །སྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེགས། །སྲཱིཿལས་སྐྱེས་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི། །དྲག་པོའི་རྟ་སྐད་རབ་ཏུ་བཞད། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། །དེ་ཡི་ལྟོ་བ་ཡངས་པའི་ནང་། །ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲུཾ། །ཞུ་བ་ཆོས་འབྱུང་རླུང་མེ་ཆུ། །ས་དང་ལྷུན་པོ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །སྔོ་སེར་དཀར་ལྗང་དམར་བའི་རྩིག །འདོད་སྣམ་ཕ་གུ་དྲ་བ་དང་། །ཤར་བུ་མདའ་ཡབ་རྒྱན་གྱིས་སྤྲས། ཁང་བརྩེགས་དབུས་འཕྱུར་རིན་ཆེན་ཏོག །པདྨ་རྡོ་རྗེ་མེ་རིས་བསྐོར། །ནང་ཁྱམས་ཤར་སྔོ་ལྷོ་སེར་ནུབ། །དཀར་དང་བྱང་ལྗང་གྲྭ་ནང་དམར། །ལྟེ་བར་པདྨ་འདབ་མ་བརྒྱད། །དབུས་སུ་པདྨ་ཚེ་དཔག་མེད། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཚེ་དཔག་མེད། །ནུབ་ཏུ་རྣམ་སྣང་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །གཙོ་བོ་ལྔ་ཀ་ལི་ཁྲིའི་མདོག །ཅུང་ཟད་ཁྲོ་ལ་འཛུམ་བའི་ཉམས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པར་བཅས་པའི་ཐོད་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །དེ་དག་པང་དུ་ཡུམ་ཆེན་ལྔ། །བཅུ་དྲག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །པདྨ་རྡོ་རྗེ་རིན་ཆེན་དང་། །འཁོར་ལོ་སྣ་ཚོགས་རྡོ་རྗེ་སྟེ། །གཡས་པ་རང་གི་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩིས་བཀང་། །ཡབ་ལ་སྟོབ་ཅིང་སྐུ་ལ་འཁྲིལ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །མཚམས་བཞིར་བདུད་རྩིའི་བུམ་པ་བཞི། །ནང་གི་ལྷ་ཡི་སྣམ་བུ་ལ། །ཤར་མེ་རྡོ་རྗེ་ཁྲོ་བོ་དང་། །ལྷོ་སྲིན་རིན་ཆེན་ཁྲོ་བོ་དང་། །ནུབ་རླུང་པདྨའི་ཁྲོ་བོ་དང་། །བྱང་དབང་འཕྲིན་ལས་ཁྲོ་བོ་དང་། །སྟེང་འོག་རྣམ་སྣང་ཁྲོ་བོ་གཉིས། །རང་འདྲའི་ཡུམ་དང་བཅས་པ་ནི། །གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །མདོག་དམར་གཡས་པར་རང་རྟགས་འཛིན། །གཡོན་པ་ཚེ་ཡི་བུམ་པ་སྟེ། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་ན་བཞུགས། །ཕྱི་གྲྭར་བདུག་སྤོས་མར་མེ་མ། །མེ་ཏོག་མ་དང་དྲི་ཆབ་མ། །སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་དག །ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །བཞེངས་པ་ཁྲོ་བོའི་ཚུལ་དུ་གནས། །གཡས་པ་རང་མིང་གཡོན་ཚེ་བུམ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། དེ་ནས་སྤྱན་འདྲེན་པ་ནི། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་འོད་ཟེར་གྱིས། །དབང་ལྷ་བདེ་གཤེགས་རིགས་ལྔ་ནི། །ཡུམ་བཅས་སྤྱན་དྲངས་སྦྱོར་བ་མཛད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། །རང་རིགས་རྣམས་ཀྱི་བདག་པོར་ཞུགས། དེ་ནས་མཆོད་པ་ནི། དབང་གི་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་རྟོགས་སྦར་ནས། འདོད་དགུའི་ཚོགས་ཐམས་ཅད་དུ་སྣང་བའི་མཆོད་པའི་སྤྲིན་ཆེན་པོར་གྱུར་པར་བསམས་ཏེ། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེ་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ཏུ་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མེ་དྲོད་ཀྱིས་རྔུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་མྱོས་པར་གྱུར་པའི་མ་རུངས་པ། །སྙིང་རྗེས་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི། །ཞེས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། འཆི་མེད་དབང་པོའི་རྒྱན་གོས་ཀྱིས་སྤྲས་པ། །འགྲོ་ལ་རྗེས་ཆགས་འདོད་ཆགས་ཆེན་པོའི་གཟུགས། །ཉི་མ་འཆར་ཀའི་མདངས་སུ་ལྷམ་མེ་བའི། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ན་རྒ་འཆི་བའི་གདུང་བ་རྣམས་འཇོམས་ཤིང་། །ཡིད་འོང་འདོད་པའི་ལང་ཚོ་གང་བྱེད་པ། །ཡེ་ཤེས་བདུད་རྩིའི་སྣོད་འཛིན་མཉམ་གཞག་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །པད་ཉིའི་དབུས་ན་ཀླུ་དབང་གཉིད་པ་ལྟར། །རྡོ་རྗེ་སྐྱིལ་ཀྲུང་མཛད་པའི་པང་ན་ཡུམ། །བདེ་བའི་མཆོད་སྦྱིན་ཅི་ཡང་བགྱིད་པ་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །གདུལ་བྱ་རྣམ་མང་འདུལ་ཚུལ་ཐ་དད་དགོངས། །སྣ་ཚོགས་རིགས་ཀྱི་རོལ་གར་ལ་ཞུགས་པའི། །ཁྲོ་ཆགས་ལྷ་ཡི་སྣང་བ་མི་ཟད་པའི། །དཀྱིལ་འཁོར་བ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པའི་བྱིན། །བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པས། །རྒྱལ་བ་ཉིད་ཀྱི་སྐུ་གསུང་ཐུགས་གྲུབ་པའི། །དངོས་གྲུབ་དམ་པ་ཚེ་འདིར་སྩལ་དུ་གསོལ། ཅེས་བསྟོད། དེ་ནས་མདུན་བསྐྱེད་བསྐུལ་བའི་སྔགས་བཟླ་བ་ནི། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས། སྒྲུབ་བྱའི་ཚེ་ཉམས་པ་བཀུག །འབྱུང་བ་བཞིའི་བཅུད། སེམས་ཅན་གྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཐུགས་ཀའི་ཚེ་བུམ་གྱི་ནང་དུ་ཐིམ་པས་འཆི་མེད་ཚེའི་བདུད་རྩིས་གང་བར་དམིགས་ཏེ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་ཅི་ནུས་བཟླ་བར་བྱའོ། །དེ་ནས་ཚེ་འགུགས་པ་ནི། དགུང་གཉིས་ནང་ནུབ་ཐུན་བཞིར་ཚེ་འགུགས་རྒྱས་པར་བུ་མོ་གཙང་མ་ལྔའམ་གཅིག་མདའ་དར་གཡོབ། སྤོས་བཏང་རོལ་མོ་བྱ། དབྱངས་སྙན་པ་གྱེར་བཞིན་པས། སྲཱིཿ ཕྱོགས་བཞིའི་སྒོ་མ་དྲག་ཤུལ་ཆེན་མོའི་འཕྲུལ། །ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་འཕྲོག་བརྐུ་བའི་ཕྱོགས་སྐྱོང་གདོན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགྲིན་པ་ཆིངས། །ལྕགས་སྒྲོག་གིས་སྡོམ་དྲིལ་བུས་མཉེད་མཛོད་ལ། །ལག་གི་ཚེ་སྲོག་ཕྲོགས་ལ་འདིར་ཁུག་ཅིག །ཞེས་བསྐུལ་བས་རང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བཀྱེ་ནས་ཕྱོགས་སྐྱོང་བཅུའི་གདོན་ཚེ་དཔལ་འབྱོར་པ་ལ་བར་དུ་གཅོད་པའི་བགེགས་རྣམས་ཀྱི་སྙིང་ལྕགས་ཀྱུས་ཕུག །མགྲིན་པ་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་མཉེས་ཏེ་ལག་གིས་བདག་གཞན་གྱི་ཚེ་ཕྲོགས་པ་དེ་སླར་བསྡུས་པར་བསམ། ཡང་། སྲཱིཿ ཕྱོགས་བཅུའི་ཁྲོ་རྒྱལ་དྲག་ཤུལ་ཆེན་པོའི་འཕྲུལ། ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་སྲོག་བརྐུ་བའི་གདོན་བགེགས་དང་། །འཆི་བདག་བདུད་སྡེ་རྣམས་ཀྱི་མགོ་འཁོས་ལ། །དེ་དག་སྙིང་ནང་གནས་པའི་ཚེ་སྲོག་དང་། །འཇིག་རྟེན་ཁམས་ཀྱི་འབྱུང་བཞིའི་བཅུད་བསྡུས་ཤིག །ཞེས་བསྐུལ་བས་ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པས་གདོན་བགེགས་བར་དུ་གཅོད་བྱེད་ཐམས་ཅད་བསྒྲལ། །དེ་དག་གི་སྙིང་གའི་ཚེ། འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞིའི་བཅུད་ཐམས་ཅད་དྲངས་ནས་བུམ་པའི་བདུད་རྩི་ལ་བསྟིམ། ཡང་། སྲཱིཿདབང་དྲག་པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །ཁྲག་འཐུང་བདེ་གཤེགས་རིགས་ལྔ་ཡབ་ཡུམ་རྣམས། །ཐུགས་རྗེ་དགོངས་ལ་དབྱིངས་ནས་སྐུ་བཞེངས་ཏེ། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས། །སྲིད་གསུམ་ཟིལ་མནན་ཁམས་གསུམ་དབང་བསྡུས་ཏེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་དང་། །རིག་འཛིན་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། །འཇིག་རྟེན་བསོད་ནམས་ལས་ཐོབ་སྲོག་ཁུག་ཅིག །ཅེས་བསྐུལ་བས། གཙོ་བོ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཚེའི་གཟུངས། རིག་འཛིན་གྲུབ་པ་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། འཇིག་རྟེན་ལས་ཀྱི་ཚེ་སྲོག་དྭངས་མ་འཆི་མེད་ཀྱི་བདུད་རྩིར་བགྲང་བ་ཐམས་ཅད་བུམ་ནང་དུ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་དམ་ཚིག་ཏུ་གནས་པ་དང་རོ་གཅིག་ཏུ་གྱུར་བ་འཕེལ་ཞིང་ལུད་པས་ལུས་ཐམས་ཅད་མེར་གྱིས་གང་བར་བསམས་ཏེ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཨོཾ་སྲཱིཿབྷྲཱུཾ་རཏྣ་སིདྡྷི་ཨཱ་ཡུ་པུ་ཎྭ་བྷྲཱུཾ་བྷྲཱུཾ། ཞེས་པ་ཉེར་གཅིག་སོགས་ཀྱིས་གཏོར་མ་བྱིན་བརླབ་བྱ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། རཏྣ་སིདྡྷི་ཨཱ་ཡུ་པུ་ཎྭ་ཀ་པཱ་ལ་སིདྡྷི་བྷྲཱུྃ་ཧཱུྃ་ཧཱུྃ། ཞེས་ཉེར་གཅིག་སོགས་ཀྱིས་ཐོད་རྫས་བྱིན་བརླབ་བྱ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤུ་ཏི་བྷ་ལི་བྷེ་ཏེ་པ་ར་མ་སིདྡྷི་སྭཱ་ཧཱ། ཞེས་པ་ཉེར་གཅིག་སོགས་ཀྱིས་ཚེ་རིལ་བྱིན་བརླབ་བྱ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་པ་ཉེར་གཅིག་སོགས་ཀྱིས་ཚེ་མདའ་བྱིན་བརླབ་བྱ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པ་ཉེར་གཅིག་སོགས་ཀྱིས་སྲུང་སྐུད་བྱིན་བརླབ་བྱའོ། །བུམ་ཆུ་དང་བདུད་རྩི་ཁོལ་ཞིང་ལུད་པ་དང་གཏོར་མ་བཀྲག་མདངས་རྒྱས་པའི་བདུད་རྩིར་ཞུ་བའམ་འཛག་པ་ལ་སོགས་པའི་རྟགས་ཐོན་ནས་ཚེ་དབང་བསྐུར། བདག་ཉིད་ཀྱི་དོན་དུ་ཡིན་ན་དབང་ལེན་པའི་ཚུལ་དང་མཐར་དངོས་གྲུབ་ལེན། ཚོགས་ཀྱི་སྒོ་ནས་ལོངས་སྤྱོད་པ་རྣམས་བྱ་སྟེ། དེ་ལ་སློབ་མ་ལ་དབང་བསྐུར་བའི་རིམ་པ་ཇི་ལྟ་བས་བདག་ཉིད་འཇུག་པར་བྱ་བ་སྟེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས། བཤོས་ཆང་ཏིང་ལོ་དང་བཅས་པའི་བགེགས་གཏོར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། དཀྱིལ་འཁོར་ས་གཞི་ལ་གནས་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་ཟླུམ་པོ་ལ་རྡོ་རྗེའི་མདའི་དྲྭ་བས་བརྒྱན་པ། བར་མཚམས་མེད་པ། ཅིས་ཀྱང་མི་ཚུགས་པ། ཅིས་ཀྱང་མི་ཤིགས་པ། ཅིས་ཀྱང་མི་འཇིགས་པའི་རྡོ་རྗེའི་མཁར་མེའི་ཕུང་པོ་འབར་བ་ནམ་མཁའི་ཁམས་ཁྱབ་པ་ཞིག་ཏུ་གྱུར། ཅེས་སྲུང་འཁོར་བསྒོམ་མོ། དེ་ནས། ཨོཾ་བཛྭ་བྷཱུ་མི་ཨཱ་ཧཱུྃ་སོགས་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་མི་ཐ་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་སོགས་ཀྱིས་མཎྜྻལ་ཕུལ། བླ་མ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྤྱན་སྔར། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཅེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། དེ་ནས། བཅོམ་ལྡན་མགོན་པོ་བྱམས་ལྡན་ཚེ་དཔག་མེད། །ཐུགས་ཀྱི་དཀྱིལ་འཁོར་རིན་ཆེན་བུམ་ནང་གི །བྱང་ཆུབ་སེམས་ཀྱི་ཨཱ་ཡུ་ཥེ་དམར་པོ། །རྩེ་གཅིག་བདག་གིས་བསྒྲུབས་པའི་ཚེ་ལགས་ན། །བྱིན་གྱིས་རློབས་ལ་མྱུར་དུ་སྩལ་དུ་གསོལ། ཞེས་ཁྱད་པར་གྱིས་གསོལ་བ་བཏབ། དེ་ནས་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། རང་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པདྨའི་སྡོང་པོ་འདབ་མ་འབུམ་ལྡན་པར། །ཚེ་དཔག་མེད་པ་ལི་ཁྲིའི་མདོག །ཅུང་ཟད་ཁྲོ་ལ་འཛུམ་པའི་ཉམས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པར་བཅས་པའི་ཐོད་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །དེ་ཡི་པང་དུ་རྒྱལ་བའི་ཡུམ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །ཕྱག་གཡས་རང་རྟགས་པདྨོ་འཛིན། །གཡོན་པས་ཐོད་པ་བདུད་རྩིས་བཀང་། །ཡབ་ལ་སྟོབ་ཅིང་སྐུ་ལ་འཁྲིལ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །བདེ་བ་ཅན་ནས་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར། །བྱོན་ནས་རང་ལ་ཐིམ་པར་བསྒོམ། བྱས་ལ་སྤོས་ཀྱིས་བདུག །བླ་མས་རོལ་མོ་དབྱངས་དང་བཅས་པས། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཚེ་དང་ལོངས་སྤྱོད་གཏེར་གྱི་བདག །མཐུ་ཆེན་ཇི་སྙེད་བཞུགས་པ་རྣམས། །གནས་འདིར་སྤྱན་འདྲེན་བྱིན་གྱིས་རློབས། །མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཞིག །དབང་ཆེན་རྣམས་ཀྱིས་དབང་བསྐུར་ཞིག །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །འཆི་མེད་བདུད་རྩིའི་ཆར་ཕབ་ཅིག །ཚེ་དཔལ་ལོངས་སྤྱོད་ཀུན་སྩོལ་ཞིག །བཛྭ་ཨཱ་ཡུ་ཥེ་ཨཱ་བེ་ཤ་ཡ་ཨཿཨཿ ཞེས་པ་བྱིན་ཕབ་འཇུག་པའོ། །དེ་ནས་ཚེ་རྫས་རྣམས་ལ་ཚེ་འགུགས་བྱ་བ་སྟེ། སྲཱིཿ ཕྱོགས་བཞིའི་སྒོ་མ་དྲག་ཤུལ་ཆེན་མོའི་འཕྲུལ། །ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་འཕྲོག་བརྐུ་བའི་ཕྱོགས་སྐྱོང་གདོན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགྲིན་པ་ཆིངས། །ལྕགས་སྒྲོག་གིས་སྡོམ་དྲིལ་བུས་མཉེད་མཛོད་ལ། །ལག་གི་ཚེ་སྲོག་ཕྲོགས་ལ་འདིར་ཁུག་ཅིག །ཞེས་བསྐུལ་བས་རང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བཀྱེ་ནས་ཕྱོགས་སྐྱོང་བཅུའི་གདོན་ཚེ་དཔལ་འབྱོར་པ་ལ་བར་དུ་གཅོད་པའི་བགེགས་རྣམས་ཀྱི་སྙིང་ལྕགས་ཀྱུས་ཕུག །མགྲིན་པ་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་མཉེས་ཏེ་ལག་གི་བདག་གཞན་གྱི་ཚེ་ཕྲོགས་པ་དེ་སླར་བསྡུས་པར་བསམ། ཡང་། སྲཱིཿ ཕྱོགས་བཅུའི་ཁྲོ་རྒྱལ་དྲག་ཤུལ་ཆེན་པོའི་འཕྲུལ། ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་སྲོག་བརྐུ་བའི་གདོན་བགེགས་དང་། །འཆི་བདག་བདུད་སྡེ་རྣམས་ཀྱི་མགོ་འཁོས་ལ། །དེ་དག་སྙིང་ནང་གནས་པའི་ཚེ་སྲོག་དང་། །འཇིག་རྟེན་ཁམས་ཀྱི་འབྱུང་བཞིའི་བཅུད་བསྡུས་ཤིག །ཞེས་བསྐུལ་བས་ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པས་གདོན་བགེགས་བར་དུ་གཅོད་བྱེད་ཐམས་ཅད་བསྒྲལ། །དེ་དག་གི་སྙིང་གའི་ཚེ། འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞིའི་བཅུད་ཐམས་ཅད་དྲངས་ནས་བུམ་པའི་བདུད་རྩི་ལ་བསྟིམ། ཡང་། སྲཱིཿདབང་དྲག་པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །ཁྲག་འཐུང་བདེ་གཤེགས་རིགས་ལྔ་ཡབ་ཡུམ་རྣམས། །ཐུགས་རྗེ་དགོངས་ལ་དབྱིངས་ནས་སྐུ་བཞེངས་ཏེ། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས། །སྲིད་གསུམ་ཟིལ་མནན་ཁམས་གསུམ་དབང་བསྡུས་ཏེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་དང་། །རིག་འཛིན་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། །འཇིག་རྟེན་བསོད་ནམས་ལས་ཐོབ་སྲོག་ཁུག་ཅིག །ཞེས་བསྐུལ་བས། གཙོ་བོ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཚེའི་གཟུངས། རིག་འཛིན་གྲུབ་པ་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། འཇིག་རྟེན་ལས་ཀྱི་ཚེ་སྲོག་དྭངས་མ་འཆི་མེད་ཀྱི་བདུད་རྩིར་བགྲང་བ་ཐམས་ཅད་བུམ་ནང་དུ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་དམ་ཚིག་ཏུ་གནས་པ་དང་རོ་གཅིག་ཏུ་གྱུར་བ་འཕེལ་ཞིང་ལུད་པས་ལུས་ཐམས་ཅད་མེར་གྱིས་གང་བར་བསམས། དེ་ནས་ཚེའི་འབྲང་རྒྱས་སྤྱི་བོར་བཀོད་ནས་དཀྱིལ་འཁོར་གྱི་ལྷའི་ནང་ནས་སྐུའི་ལྷ་ཚོགས་རྣམས་བཞེངས་ནས་སྤྱི་བོར་བྱོན་ཏེ་དབང་བསྐུར་བར་བསམ། ཨོཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཚེ་འདུས་པས། །སྐུ་ཡི་དབང་བསྐུར་ཐོབ་པར་ཤོག །ཅེས་དབང་བསྐུར་བས་གཏོར་མའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་སྤྱི་བོའི་གཙུག་ནས་རིམ་གྱིས་ཐིམ། སྙིང་ཀར་བདུད་རྩིར་ཞུ་བ་ལུས་ཐམས་ཅད་ཁྱབ་པས་ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དྭངས་མ་འཇའ་ཚོན་གྱི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་ཏུ་མེད་པའི་སྐུ་རྡོ་རྗེར་གྱུར། དེ་ནས་ཐོད་པ་སྤྱི་བོར་བཞག་ལ་དཀྱིལ་འཁོར་གྱི་ལྷའི་ནང་ནས་གསུང་གི་ལྷ་ཚོགས་རྣམས་བཞེངས་ནས་བདུད་རྩིའི་དབང་བསྐུར་བར་བསམ། བདུད་རྩི་ལྕེ་ཐོག་སྦྱིན། ཨཱཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཚེ་འདུས་པས། །གསུང་གི་དབང་བསྐུར་ཐོབ་པར་ཤོག །དེ་ལྟར་དབང་བསྐུར་བས་ཐོད་པའི་ལྷ་ཚོགས་རྣམས་སློབ་མའི་ངག་ལ་ཐིམ་པས་ངག་སྔགས་ཀྱི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་མེད་པའི་གསུང་རྡོ་རྗེར་གྱུར། བུམ་པ་ཐོགས་ནས། དཀྱིལ་འཁོར་གྱི་ལྷ་ཡི་ནང་ནས་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་བཞེངས་ནས་བུམ་པའི་དབང་བསྐུར་བར་བསམ། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ནས། ཧཱུྃ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཚེ་འདུས་པ། །ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །དེ་ལྟར་དབང་བསྐུར་བས་བུམ་པའི་ལྷ་རྣམས་ཆུར་ཞུ་བས་སྤྱི་བོ་ནས་ཞུགས། མ་རིག་པའི་དྲི་མ་ཐམས་ཅད་བཀྲུས་པས་རིག་པ་ཡེ་ཤེས་ཀྱི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་མེད་པའི་ཐུགས་རྡོ་རྗེར་གྱུར། དེ་ནས་ཚེ་མདའ་གཡས་ཚེ་ཟས་གཡོན་དུ་གཏད་དེ། དཀྱིལ་འཁོར་གྱི་ལྷའི་ནང་ནས་ཡོན་ཏན་གྱི་ལྷ་ཚོགས་རྣམས་བཞེངས་ཏེ་དབང་བསྐུར་བར་བསམ། སྭཱ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྲལ་དང་རྣམ་སྨིན་ལས་བྱུང་བ། །ཁམས་གསུམ་ཀུན་གྱི་ཚེ་འདུས་པའི། །ཡོན་ཏན་དབང་མཆོག་ཐོབ་པར་ཤོག །དེ་ལྟར་དབང་བསྐུར་བས་ཚེ་མདའི་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་འོད་ཀྱི་རྣམ་པར་ལུས་ངག་ཡིད་ལ་ཐིམ་པས་མ་རིག་པའི་གཉིད་སད། ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པའི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་ཏུ་མེད་པའི་ཡོན་ཏན་ཐོབ་པར་བསམ། དེ་ནས་ཚེ་རིལ་ཁར་སྦྱིན་ཚེ་ནས་ལག་ཏུ་གཏད་དེ། དཀྱིལ་འཁོར་གྱི་ལྷའི་ནང་ནས་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་བཞེངས་ཏེ་དབང་བསྐུར་བར་མོས། ཧཱ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གཞན་དོན་མཛད་པ་ལས་བྱུང་བ། །ཁམས་གསུམ་ཀུན་གྱི་ཚེ་འདུས་པ། །འཕྲིན་ལས་དབང་མཆོག་ཐོབ་གྱུར་ཅིག །དེ་ལྟར་དབང་བསྐུར་བས་ཚེ་རིལ་གྱི་ལྷ་ཚོགས་བདུད་རྩིར་ཞུ་བ་མྱང་བས་འཆི་མེད་ཐོབ་པ་ཚེ་ནས་ཀྱི་ལྷ་བཀྲ་ཤིས་པའི་གཡང་དུ་གྱུར་པ་གཞན་གྱི་དོན་ལ་གཅིག་ཏུ་བརྩོན་པ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་ཏུ་མེད་པའི་འཕྲིན་ལས་པར་གྱུར་པའོ། །དེ་ནས་སློབ་མའམ་རང་གི་ལུས་དེ་ཡོངས་སུ་གྱུར་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཤིན་ཏུ་ཆེ་ཞིང་སྲ་བ་ཅིས་ཀྱང་མི་ཤིགས་པ། ཅིས་ཀྱང་མི་ཆོད་པ། ཅིས་ཀྱང་འཇོམས་པར་མི་ནུས་པ། བརྟན་པ། སྲ་བ། མཁྲེགས་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་མཉམ་པ་ཞིག་ཏུ་གྱུར། ཧཱུྃ། བསྐྱེད་པས་མི་ནུབ་ཚེ་ཡི་རང་བཞིན་ནི། །སྤྲོས་པས་ཁམས་གསུམ་ཐམས་ཅད་བཀྲག་དང་ལྡན། །བསྡུས་པས་སྲིད་པ་གསུམ་པོའི་གཟི་མདངས་འཕྲོག །བཅིངས་པས་འདུ་འབྲལ་མེད་དེ་ལུ་གུ་བརྒྱུད། །བརྟན་པས་མི་གཡོ་རི་རབ་ལྷུན་པོ་ལྟར། །རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག ཅེས་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་རྡོ་རྗེས་རྒྱས་གདབ། ཚིག་རེ་ལན་གསུམ་དུ་བརྗོད་པར་བྱའོ། །སྲུང་བའམ་སྲུང་མདུད་སྐེའམ་དཔུང་པར་བཏགས་ཤིང་། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུཧཱུྃ་ཕཊ། ཅེས་བཟླས་ནས་དེ་ལ་རྒྱས་གདབ། དེ་ནས་མེ་ཏོག་ཐོགས། ཨོཾ། ཡོན་ཏན་རྒྱས་པས་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་ཆེན་པོའི་རྟགས་སུ་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་བཀྲ་ཤིས་གང་ཡིན་པའི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག སྤྱི་བོར་འཐོར། ཐུགས་རྗེས་བསིལ་མཛད་སྐུ་མདོག་ཟླ་ཉ་འདྲ། །སྐྱོན་གྱིས་མ་གོས་ཕྱག་ན་པདྨ་བསྣམས། །སྤྱན་རས་གཟིགས་ཀྱིྎ བཀྲ་ཤིསྎ མགྲིན་པར་འཐོར། འགྱུར་བ་མེད་པ་སྐུ་མདོག་མཐིང་ནག་སྟེ། །མཐུ་སྟོབས་ཆེར་སྟོན་ཕྱག་ན་རྡོ་རྗེ་བསྣམས། །གསང་བའི་བདག་པོའིྎ བཀྲ་ཤིསྎ ཞེས་སྙིང་གར་མེ་ཏོག་དོར་རོ། དེ་ནས་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་དྲུང་དུ་དབང་བཞི་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ། ཞིང་ཁམས་རྒྱ་མཚོ་རྡུལ་རེར་རྡུལ་སྙེད་ཀྱི། སོགས་ནས། ཆོས་ཀྱི་རྒྱལ་པོ་མཆོད་པས་མཉེས་གྱུར་ཅིག །གུ་རུ་ཨི་དཾ་མཎྜྻལ་ལ་སོགས་གཏང་རག་གི་མཎྜྻལ་འབུལ་བར་བྱའོ། དེ་ནས་ཚོགས་ཀྱི་རིམ་པ་ནི། ཚོགས་རྫས་ལ་ལས་ཆུ་འཐོར་ཞིང་། བདུད་རྩིས་བྲན་ཏེ་ལག་པ་གཡས་པ་བཀབ། ཨོཾ་མ་དག་པ་སྦྱངས། ལག་པ་གཡོན་པ་བཀབ། ཨཱཿམང་པོར་སྤེལ། གཉིས་ཀ་བཀབ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ནམ་མཁའ་ལྡིང་གི་ཕྱག་རྒྱ་བསྟན། ཧོཿ ཡེ་ཤེས་ཀྱི་བདུད་རྩིར་བཞུ་བར་བསམ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་གསུམ་དུ་བརྗོད། སྤྱན་འདྲེན་ཞིང་བྱིན་དབབ་པ་ནི། གཏན་གྱི་སྐྱབས་མགོན་བླ་མ་རིན་པོ་ཆེ། །དག་པའི་ཞིང་མཆོག་གང་ན་བཞུགས་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ནོ། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་བསྒྱུར། །བདག་ཅག་རྣམས་ལ་བྱིན་བརླབ་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་གཟུང་མཛད་པས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །བདག་གིས་རྩེ་གཅིག་བསྒྲུབས་པའི་ཡི་དམ་ལྷ། །དག་པའི་ཞིང་མཆོགྎ དད་པས་ཤུགས་ཀྱིསྎ ཐུགས་རྗེའི་གཏེར་ཆེནྎ དམ་རྫས་འདི་རྣམསྎ བདག་ཅག་རྣམས་ལྎ འབྲལ་བ་མེད་པརྎ འཆི་མེད་ཚེ་ཡིྎ དམ་ཚིག་ཅན་གྱི་སྟངས་འཛིན་མཁའ་འགྲོ་མ། །དག་པའི་ཞིང་མཆོགྎ དད་པས་ཤུགས་ཀྱིསྎ ཐུགས་རྗེའི་གཏེར་ཆེནྎ དམ་རྫས་འདི་རྣམསྎ བདག་ཅག་རྣམས་ལྎ འབྲལ་བ་མེད་པརྎ འཆི་མེད་ཚེ་ཡིྎ ཀུན་ཏུ་བསྲུང་སྐྱོབ་བྱེད་པའི་ཆོས་སྐྱོང་ཚོགས། །དག་པའི་ཞིང་མཆོགྎ དད་པས་ཤུགས་ཀྱིསྎ ཐུགས་རྗེའི་གཏེར་ཆེནྎ དམ་རྫས་འདི་རྣམསྎ བདག་ཅག་རྣམས་ལྎ འབྲལ་བ་མེད་པརྎ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། ཅེས་བྱིན་དབབ་བྱས། ཚོགས་ཕུད་དང་པོ། དང་པོར་ཕུད་ཀྱིས་མཆོད་པ་ནི། །བྱིན་གྱིས་རློབ་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །ཕྲིན་ལས་བསྒྲུབ་པའི་ཆོས་སྐྱོང་ལ། །དགྱེས་པའི་མཆོད་རྫས་མ་ལུས་པ། །ནམ་མཁའ་གང་བར་དམིགས་ཏེ་འབུལ། བར་པ་ནི། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཐམས་ཅད་རང་སེམས་སུ། །གཅིག་པ་སྔོན་ཆད་མ་འཚལ་བ། །བདག་གིས་ཉེས་པ་ཆེན་པོ་བྱས། །ད་ནི་སོ་སོ་རང་རིག་པའི། །ཡེ་ཤེས་ཀློང་དུ་མཐོལ་ལགས་ན། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །མཐའ་མ་ནི། བདག་གི་ཚེ་འཕྲོག་གདོན་གྱི་ཚོགས། །འཆི་བདག་བདུད་ཀྱི་སྡེར་བཅས་རྣམས། །ཚོགས་འདིར་བསྟིམ་ནས་ཁྱེད་ཞལ་བསྟབས། །རྟག་ཏུ་བགེགས་དང་བྲལ་བར་ཤོག ཅེས་གཏོར་མ་ཕུལ། གཏོར་མ་ཨོཾ་ཨཱཿཧཱུྃ་ཧོཿསྦྱངས་རྟོགས་སྦར་བདུད་རྩིར་བཞུ་བར་གྱུར། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། འཇིག་རྟེན་ལས་འདས་པ་ལ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱི་བསྐོར་ཏེ་ནམ་མཁར་བྱོན་པར་བསམ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འཇིག་རྟེན་ལས་འདས་པ་ལ་ཕུལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་བསྔོ། ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་འགྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། ཞེས་འདོད་དོན་གསོལ་ཏེ་གཙྪཱ་མི་ཞེས་པས་གཏོར་མགྲོན་ཡེ་ཤེས་པ་རྣམས་རང་ལ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སོ་སོར་གཤེགས་པར་གྱུར། ཅེས་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་སོགས་ལ་ལས་ཀྱི་རྡོ་རྗེས་མེ་ཏོག་ལ་སོགས་པས་མཆོད་ནས། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་གྱུར་ཅིག ཅེས་པས་བཏུང་བ་ནས་རིམ་བཞིན་འབུལ། ལྷ་དང་རང་གི་སྦྱིན་སྲེག་གིས་ཚིམ་པར་རོལ། རྡོ་རྗེའི་གླུ་སོགས་ལེན། ལྷག་མ་ཁ་ཕྲུ་བཏབ་སྟེ། ལྷག་ལ་དགྱེས་པའི་མ་དང་སྲིང་། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཅན། །དཀར་སེར་དམར་ལྗང་སྔོ་དང་ཁྲ། །དགྱེས་པར་འདི་ལ་རོལ་ནས་ཀྱང་། །ཞི་རྒྱས་དབང་དང་དྲག་པོའི་ལས། །གང་ལ་གང་འོས་མཛད་པ་ན། །བསམ་པ་ལྷུན་གྱིས་གྲུབ་པ་ཡིས། །དངོས་གྲུབ་མྱུར་དུ་ཐོབ་པར་གསོལ། །ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་བྷྱཿསྭཱ་ཧཱ། ལྷག་མ་ཕྱིར་དོར་རོ། ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། སོགས་སྨོན་ལམ་བཏབ། རྗེས་ཀྱི་མཆོད་པ་གཏང་རག་མཆོད་པ་ནི། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེའི་གསང་བ་ལས་ཐོན་པའི། །འདོད་རྒུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། ཞེས་པས་མཆོད། སྲཱིཿ འཆི་མེད་དབང་པོའི་རྒྱན་གོས་གྱིས་སྤྲས་པ། །འགྲོ་ལ་རྗེས་ཆགས་འདོད་ཆགས་ཆེན་པོའི་གཟུགས། །ཉི་མ་འཆར་ཁའི་མདངས་སུ་ལྷམ་མེ་བས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །གདུལ་བྱ་རྣམ་མང་འདུལ་ཚུལ་ཐ་དད་དགོངས། །སྣ་ཚོགས་རིགས་ཀྱི་རོལ་གར་ལ་ཞུགས་པའི། །ཁྲོ་ཆགས་སྣང་བ་མི་ཟད་པའི། །དཀྱིལ་འཁོར་པ་ལ་རྟག་ཏུ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཚེ་རྫས་ཐོགས་ཏེ་དཀྱིལ་འཁོར་ལ་སྐོར་བ་བྱེད་ཅིང་། ཚེ་དཔག་མེད་པས་བྱིན་རླབས་དངོས་གྲུབ་རྫས། །ཚེ་ཡི་འབྲང་རྒྱས་རི་རབ་ལྷུན་པོ་འདྲ། །ཚེ་ཆང་ཐོད་པ་ཟག་མེད་བདུད་རྩིའི་མཚོར། །ཚེ་བུམ་བཀྲ་ཤིས་གསེར་འགྱུར་རྩི་ལྟ་བུ། །སྲོག་མདའ་མི་གཡོ་རིལ་བུ་བསམ་འཕེལ་རྫས། །དང་པོ་ཕུད་ཀྱིས་བརྒྱུད་པའི་བླ་མ་མཆོད། །དགྱེས་པར་རོལ་ལ་ཐུགས་རྗེས་བྱིན་གྱིས་རློབས། །གཉིས་པ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །གཉིས་མེད་རོལ་ལ་རིགས་ལྔའི་དངོས་གྲུབ་སྩོལ། །གསུམ་པ་མ་མགོན་དམ་ཅན་རྒྱ་མཚོ་མཆོད། །གཡར་དམ་སྐོངས་ལ་ཐོགས་མེད་འཕྲིན་ལས་སྒྲུབས། །དེ་རྣམས་མཉེས་པའི་ལྷག་མས་མཆེད་ལྕམ་མཆོད། །དངོས་གྲུབ་ཀུན་འདུས་འདོད་པའི་རེ་བ་གང་། །གནས་སྐབས་མཐར་ཐུག་གཉིས་ཀའི་ཚེ་སྩོལ་ཞིག །གཏེར་བདག་ཆེན་པོ་ནོར་གྱི་དངོས་གྲུབ་སྩོལ། །བུ་སློབ་དར་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཅི་བསམ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། ཞེས་ཚེའི་འབྲང་རྒྱས་ལས་རྡོ་རྗེ་ཉི་ཟླ་ནོར་བུ་བླངས་ཏེ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་སྙིང་པོའི་སྔགས་ཀྱིས་མགོར་བྱུག །ཨོཾ་བླ་མ་སྐུའི་རྒྱ། ཨཱཿཡི་དམ་གསུང་གི་རྒྱ། ཧཱུྃ་མཁའ་འགྲོ་ཐུགས་ཀྱི་རྒྱ། ཧོ་དམ་ཅན་ཡོན་ཏན་འཕྲིན་ལས་ཀྱི་རྒྱ་རིམ་པ་བཞིན་བཏབ་པས་ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཚེ་མི་འགྱུར་བ་གཡུ་དྲུང་ལྟ་བུར་གྱུར་ཅིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཏེ། ཉི་ཟླ་དང་ཚེ་མཉམ་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག ཅེས་ཚེ་རྫས་ལ་ལོངས་སྤྱོད། ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། སོགས་ཀྱིས་ནོངས་བཤགས་དང་བཟོད་གསོལ་བྱ། མདུན་བསྐྱེད་ཀྱི་ལྷ་རྣམས་བདུད་རྩི་བདེ་བའི་ངོ་བོར་ཞུ་ནས་རྟེན་དང་བདག་ལ་ཐིམ་པར་བསམ་ལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། སོགས་ཀྱིས་བརྟན་བཞུགས་བྱ་བའམ། ཡང་ན་བདག་བསྐྱེད་ལ་བསྟིམ་པས་ཀྱང་འཐུས། དེ་ནས་རྟེན་དང་བརྟེན་པར་བཅས་པའི་བདག་བསྐྱེད་ཀྱི་ལྷ་ཚོགས་རྣམས་བདག་ཉིད་ལ་ཐིམ་ཞིང་། དེ་ཡང་མི་དམིགས་པ་འོད་གསལ་གྱི་ངང་ལ་བཞག་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ནས། སོགས་ཀྱིས་དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་གདབ། རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་བསྡུས་ཏེ་བུམ་པར་སྤྱན་དྲངས་ཏེ་ཆུ་ལ་གཤེགས་དགེ་བ་བསྔོ་ཤིས་བརྗོད་སོགས་བྱའོ། །གསུམ་པ་ནི། རྒྱུན་ཏུ་ཉམས་སུ་ལེན་པ་ལ། ཐོ་རངས་ཁྭ་ཏའི་སྐད་མི་སྒྲག་གོང་དུ། བདེ་བའི་སྟན་ལ་ཁ་བདེ་བ་ཅན་ཕྱོགས་ལ་གཏད། སྐྱབས་སེམས་བྱས། སེམས་ཅན་གྱི་དོན་དུ་འཆི་མེད་སྒྲུབ་པར་འདོད་པའི་བློས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད། དེའི་ངང་ལས། པདྨའི་སྡོང་པོ་འདབ་མ་འབུམ་ལྡན་པར། ཚེ་དཔག་མེད་པ་ལི་ཁྲིའི་མདོག་ནས། དེ་ཡི་པང་དུ་རྒྱལ་བའི་ཡུམ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །ཕྱག་གཡས་རང་རྟགས་པདྨོ་འཛིན། །གཡོན་པ་མན་ནས། བདེ་བ་རྒྱས་ཞེས་པའི་བར་སྔར་བཞིན། དེ་ནས་ཨོཾ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་ཎེ་ཤ་ར་རེ་སྭཱ་ཧཱ། ཅེས་གསོལ་བ་བཏབ། སྔར་བཞིན་གྱི་མཆོད་བསྟོད་བྱ། དེའི་བུམ་ནང་དུ་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱན་ཏཱི་ཡེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས། དེ་ལས་བདུད་རྩི་བབས་བུམ་པ་ཁེངས་ས་བོན་ལས་འོད་ཟེར་འཕྲོས། ཚེ་གདོན་བགེགས་ཀྱི་ཕྲོགས་པ། འབྱུང་བཞིའི་བཅུད་སེམས་ཅན་དང་རིག་འཛིན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚེ་བསྡུས། དེ་ལ་ཐིམ་པས་འཕེལ་ཞིང་ཁོལ་ལུད་དེ་བུམ་པའི་ཁ་ནས་ཞམ་ཞམ་བྱུང་། རང་གི་སྤྱི་བོའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་དམར་ལྟེམ་ལྟེམ་མས་རིམ་གྱིས་གང་བས། རང་སྐད་ཅིག་གིས་ཚེ་དཔག་མེད་ཀྱི་སྐུར་གྱུར། མདུན་བསྐྱེད་བདག་ལ་ཡེ་ཤེས་པའི་ཚུལ་དུ་ཐིམ་པར་བསམ་སྟེ། ཨོཾ་ཡེ་དྷརྨ་སོགས་བརྟན་པར་བྱ་བའི་སྔགས་བརྒྱ་རྩ་ལས་མི་ཉུང་བར་བཟླ། ཐུན་བཤོལ་བ་ནི། མཐར་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གང་གིས་ཀྱང་མི་ཆོད་པ་ཞིག་ཏུ་གྱུར་པར་བསམ་སྟེ། དགེ་བ་བསྔོ། །རིགས་གསུམ་གྱི་ཤིས་པ་བརྗོད་པར་བྱའོ། །ཚེ་དཔག་མེད་ཞི་བ་ལ་མོས་ན་དེའི་མངོན་རྟོགས་དང་མཆོད་བསྟོད་ཙམ་བྱ། གཞན་གཅིག་གོ །དེ་ལྟར་ཚེ་དཔག་ཏུ་མེད་པ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་ཞེས་བྱ་བ། གྲུབ་པའི་རྒྱལ་མོའི་གཞུང་དེ་ཉིད་ཀྱི་ཟུར་སྐོལ་གྱི་མན་ངག་ནས་ཅུང་ཟད་ཁ་བསྐང་བ་སྔགས་གྲྭ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོའི་ངོར་པདྨ་དཀར་པོས་སྦྱར་བའི་ཡི་གེ་པ་ནི་གྲོ་མོ་བ་བློ་གྲོས་རྣམ་རྒྱལ་གྱིས་བགྱིས་པའོ། །སླད་ནས་སྒྲུབ་མཆོད་དང་དབང་བསྐུར་སོགས་ལ་འཇུག་པ་བདེ་བའི་ཆེད་འདོན་འགྲིགས་རྒྱུན་ཆག་ནར་འགྲོས་སུ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་བཀོད་པའི་དགེ་བས་འགྲོ་རྣམས་འཆི་མེད་རྟག་པ་དམ་པའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།བཀྲ་ཤིས།།


previousཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ།next