Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


  
 
  
  
 
  
 
 
  
ཞལ་གདམས་ཚིགས་སུ་བཅད་པའི་རིམ་པ་བདུད་རྩིའི་གཏེར།
  


12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousཞལ་གདམས་ཚིགས་སུ་བཅད་པའི་རིམ་པ་བདུད་རྩིའི་གཏེར།next

ཞལ་གདམས་ཚིགས་སུ་བཅད་པའི་རིམ་པ་བདུད་རྩིའི་གཏེར།

ཞལ་གདམས་ཚིགས་སུ་བཅད་པའི་རིམ་པ་བདུད་རྩིའི་གཏེར་ཞེས་བྱ་བ་བཞུགས་སོ། །ཤྲཱི་ཡ་སེ་སྟུ། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཞེས། །རྒྱལ་བའི་སྤྱན་སྔར་དམ་བཅས་སྲིད་པ་རུ། །ཡང་ཡང་སྐྱེ་རབས་འཕྲེང་བཟུང་སྤྲུལ་པ་ཡིས། །རྟག་ཏུ་གཞན་དོན་བྱེད་པ་པད་དཀར་གྱིས། །འཇིག་རྟེན་བྱ་བ་རྒྱབ་ཏུ་བསྐྱུར་བྱས་ནས། །དབེན་པའི་རི་བོ་རྣམས་སུ་བསམ་གཏན་ལ། །རྩེ་གཅིག་གཞོལ་བར་འདོད་པའི་སྤོང་བ་པའི། །ཚོགས་ལ་ཕན་པའི་གཏམ་ཚིག་ཅུང་ཟད་སྤྲིངས། །དལ་འབྱོར་མི་ལུས་ཤིན་ཏུ་རྙེད་དཀའ་ཡང་། །སྔོན་བསག་མཐུ་ལས་ལན་གཅིག་ཐོབ་དུས་འདིར། །སྟོང་ལོག་མ་བྱེད་གཏན་བདེ་སྒྲུབ་པའི་ཕྱིར། །སྒྲུབ་པ་སྙིང་པོར་ལོང་ཞིག་སྤོང་བ་པ། །རྩྭ་ཁའི་ཟིལ་པ་འདྲ་བའི་ཚེ་སྲོག་འདི། །ནམ་འཇིག་ངེས་པ་མེད་ན་རྣམ་གཡེང་དང་། །སྙོམ་ལས་ལེ་ལོ་དོར་བའི་དུས་ལགས་པས། །སྨྲ་བཅད་འདག་སྦྱར་གྱིས་ཤིག་བསམ་གཏན་པ། །སྦྲང་མའི་སྦྲང་རྩི་འདྲ་བའི་ཟང་ཟིང་རྫས། །ཇི་ཙམ་བསགས་ཀྱང་སྙིང་པོ་མེད་པའི་ཕྱིར། །བདོག་པ་མི་གཙང་ལུད་བཞིན་དོར་བྱས་ཏེ། །རི་ཁྲོད་དབེན་པ་སྟེན་ཅིག་སྒོམ་ཆེན་པ། །ཉེ་འབྲེལ་མཛའ་བཤེས་ཚོང་འདུས་མགྲོན་པོ་བཞིན། །ལན་གཅིག་འདུས་ཀྱང་མྱུར་དུ་འབྲལ་ངེས་ན། །སྡུག་བསྔལ་མ་ལུས་སྐྱེད་པའི་རྟེན་གྱུར་པ། །ཆགས་དང་ཞེན་པ་སྤོངས་ཤིག་རྣལ་འབྱོར་པ། །སྲིད་པའི་རྒྱ་མཚོ་གཏིང་རིང་འདིར་ཚུད་ནས། །ཡུན་རིང་ཐལ་ཀྱང་ད་རེས་ཐར་པ་ཡི། །གོ་སྐབས་ཅུང་ཟད་རྙེད་དུས་དམ་པའི་ཆོས། །བརྩོན་འགྲུས་དྲག་པོས་སྒྲུབས་དང་རི་ཁྲོད་པ། །རྒྱལ་བས་ཡོན་ཏན་མ་ལུས་བླ་མ་ལས། །འབྱུང་བར་འགྱུར་ཞེས་གསུངས་པས་གསོལ་འདེབས་ཤིང་། །དམ་པ་ཀུན་གྱི་རྣམ་ཐར་རྗེས་ཞུགས་ནས། །ཆོས་བཞིན་རྟག་ཏུ་སྤྱོད་དང་བྱ་བཏང་ཚོ། །སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན། །བསམ་དུ་མེད་པ་གཉུག་མའི་རྣལ་འབྱོར་ལ། །རྟག་ཏུ་མཉམ་པར་འཇོག་ཅིང་སྣང་གྲགས་ཀུན། །རང་བཞིན་ཤེས་པས་སྤྱོད་དང་ཆོས་པ་རྣམས། །ཞེས་པ་མཁའ་ལ་སྤྱོད་པའི་གནས་མཆོག་ཅིག་ཅར་དཔལ་གྱི་ནགས་ལྗོངས་སུ་སྒྲུབ་པའི་སྡེར། ཐོག་མར་བརྫངས་པའི་སྒོམ་ཆེན་རྣམས་ལ་གདམས་པའོ།། ༈ གྲོས་འདེབས་ཀྱི་ཚིག་ལེའུར་བྱས་པ་སྙིང་གི་གདུང་བ་འཇོམས་བྱེད་ལེགས་བཤད་བདུད་རྩིའི་གཏེར་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། འཛམ་ཀླུང་གསེར་གྱི་རི་བོ་འདྲ་བའི་སྐུ། །ཉི་མ་བརྒྱ་ལྟར་མཚན་དཔེའི་དཔལ་འབར་བས། །འཇིག་རྟེན་མཆོད་འོས་ཀུན་གྱི་དྲེགས་འཇོམས་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །འགྲོ་བའི་ཉོན་མོངས་ནད་རྣམས་མ་ལུས་པ། །ཀུན་ནས་སེལ་བྱེད་དམ་ཆོས་བདུད་རྩིའི་གཏེར། །བཤད་སྒྲུབ་ནོར་བུའི་ཡོལ་གོར་རབ་བཟུང་ནས། །རིས་མེད་སྦྱིན་མཛད་རྣམས་ལ་ཕྱག་འཚལ་ལོ། །གནོད་བྱེད་རྣམས་ལ་བརྩེ་བ་ལྷག་པར་རྒྱས། །ཁྲོ་བས་རྩུབ་ལ་རས་བལ་འདབ་བཞིན་འཇམ། །སྡང་བས་གདུང་ལ་ག་བུར་ལྟར་བསིལ་བའི། །ཡོངས་འཛིན་ངག་གི་དབང་པོས་རྟག་ཏུ་སྐྱོངས། །རྒྱལ་བའི་སྙིང་རྗེ་ངང་པའི་རྒྱལ་པོ་ནི། །ཡང་ཡང་འགྲོ་བའི་ཡིད་མཚོར་འཇུག་པ་དེ། །ཐོས་པས་ངལ་གསོའི་དཔྱིད་དུ་རབ་འགྱུར་བའི། །ལེགས་པར་བཤད་པའི་གླུ་དབྱངས་འདི་ལེན་ནོ། །བསོད་ནམས་ཡངས་པའི་ཚོང་ཟོང་གིས་ཐོབ་པ། །བདུད་རྩིའི་ཁང་པར་འོས་པའི་རིན་ཆེན་སྣོད། །ཡོན་ཏན་བགྲང་ཡས་ཚོགས་ཀྱི་རྟེན་གཅིག་པུ། །མི་གཙང་སྐྱོན་རྣམས་བླུག་ནས་དོར་མ་བྱེད། །མཚན་མོ་གློག་འགྱུ་ཡུད་ཙམ་སྣང་བྱེད་བཞིན། །སྡུག་བསྔལ་དྲག་པོས་གཟིར་བའི་སྐྱེ་མང་ལས། །ཐེངས་ཅིག་དལ་འབྱོར་ཚང་བའི་ལུས་ཐོབ་པ། །དོན་མེད་ཆུད་ཟོས་བཏང་ན་ག་ལ་རུང་། །འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་བོ་ཆེ། །མི་དགེའི་སྟ་རེས་གཤགས་ན་སླན་ཆད་ནི། །ངལ་བ་ཇི་ཙམ་བྱས་ཀྱང་རྙེད་མི་འགྱུར། །ད་རེས་ཕན་པ་འཚོལ་བའི་སྐབས་ཡིན་ནོ། །སྐད་ཅིག་ཕྱི་མ་ཉིད་དུ་མི་ཤི་བའི། །གདེང་ཐོབ་མེད་པ་རྟག་ཏུ་སྡོད་གྲབས་ཀྱིས། །མལ་གྱི་མཐའ་མར་མི་ཟད་འགྱོད་པས་གདུངས། །འདུས་བྱས་མི་རྟག་སོམས་ལ་ལྷ་ཆོས་གྱིས། །ཁ་དྲག་དཔུང་དང་གཉེན་མང་བློ་གྲོས་ཆེ། །འོད་ཡངས་ཚ་བོར་འགྲན་བཟོད་ནོར་ལྡན་ཀྱང་། །འཆི་དུས་ཕན་པ་ཆོས་ལས་གཞན་མེད་པས། །འཇིག་རྟེན་བྱ་བ་མཆིལ་མའི་ཐལ་བཞིན་སྤོངས། །ལེགས་བྱས་སྨིན་པའི་འབྱོར་པས་ཕྱུག་གྱུར་ཀྱང་། །ད་ལྟ་དབང་ཡོད་དུས་སུ་མ་སྤྱད་ན། །སེར་སྣས་ངན་འགྲོའི་དོང་དུ་རྟག་ཏུ་ལྟུང་། །བསགས་ཚད་སྦྱིན་པར་གཏོང་བ་མི་འཐད་དམ། །ལོངས་སྤྱོད་ཕལ་ཆེར་ལུས་སེམས་ཟུག་རྔུའི་རྒྱུ། །འབད་པས་བསྒྲུབས་ཀྱང་དགོས་པ་ཇེ་མང་འགྲོ། །བསགས་ན་ཟིན་མེད་བརླག་པ་མི་བཟོད་པའི། །སྡུག་བསྔལ་ཕུང་པོའི་གཞི་དེ་བསྐྱུར་ལ་ཐོངས། །སླུ་འདྲིད་ཐབས་ཀྱིས་སྡིག་ལ་སྦྱོར་མཁས་པའི། །གཉེན་དང་མཛའ་འཁོར་སྐྱིད་དུས་ཡིད་ཉེ་ཡང་། །རྒུད་ན་དགྲ་བོའི་ཐོག་མར་ལྡང་ངེས་པས། །ཉེ་དུའི་འབྲེལ་བ་རྦད་ཀྱིས་ཆོད་ལ་ཞོག །གཞོན་ནུ་ལང་ཚོ་དར་ལ་བབ་པའི་སྐབས། །ཚེ་འདིའི་སྒྱུ་ཐབས་ཁོ་ནའི་དབང་སོང་ན། །རྒས་ནས་དཀའ་ཐུབ་སྤྱད་པ་ཇི་ལྟར་ནུས། །ད་ལྟ་སྙོམ་སེམས་སྐྱུང་བའི་དུས་ཚོད་ཡིན། །སྲིད་དང་ཞི་བའི་དགེ་ལེགས་ཇི་སྙེད་པ། །མཚན་ལྡན་བླ་མའི་དྲིན་ལས་གཞན་མིན་ན། །མི་མཉེས་མི་བྱེད་མཉེས་པར་བྱ་བ་ལ། །དུས་རྣམ་ཀུན་ཏུ་འབད་པ་ཆེན་པོས་སྒྲུབས། །ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་ཡིན། །འཆལ་ན་སྐྱེ་བ་འབུམ་མང་ལོག་པར་ལྷུང་། །དེས་ན་ཚུལ་གནས་ཐོས་བསམ་སྒོམ་པ་ཡི། །ཐུབ་པའི་བསྟན་ལ་སྙིང་པོ་བླང་བར་བྱོས། །རྟག་ཏུ་རང་དོན་བྱས་པས་འཁོར་བ་པ། །ལས་ཀྱི་ཉེས་པས་ཡང་ཡང་འཁོར་བར་འཁྱམས། །མགོན་རྣམས་གཞན་བདེ་མཛད་པས་ཞི་བ་བརྙེས། །དེ་བས་བདག་གཞན་དོན་གཉིས་བསྒྲུབ་ལ་འབོད། །སྡུག་བསྔལ་ལས་ངན་འཛད་པས་ཤིན་ཏུ་དགའ། །ཀུན་གྱི་གནོད་པ་བདག་གིས་འཁུར་བར་བྱ། །སྐྱིད་ན་དཀོན་མཆོག་མཐུ་ཡིན་བདེ་བ་དེ། །འགྲོ་བ་ཀུན་ལ་ཉེ་རིང་མེད་པར་དགོས། །སེར་སྣའི་ཞགས་པ་སྦྱིན་པའི་རལ་གྲིས་ཆོད། །འདོད་སྲེད་ཆུ་བོ་ཚུལ་ཁྲིམས་གྲུ་ཡིས་སྒྲོལ། །ཁོང་ཁྲོའི་མེ་ཕུང་བཟོད་པའི་ཆུ་ཡིས་གསོད། །ལེ་ལོའི་འདམ་རྫབ་བརྩོན་འགྲུས་ཤུགས་ཀྱིས་རྒོལ། །རྣམ་རྟོག་དྲི་མ་བསམ་གཏན་ཆུ་ཡིས་ཁྲུས། །གཏི་མུག་མུན་པར་ཤེས་རབ་སྒྲོན་མེ་སྤོར། །ཚུལ་འདིས་སྲིད་རྒྱུན་བཅད་ནས་ཞི་བར་འགྲོ། །དེ་ནི་རྒྱལ་རྣམས་གཤེགས་པའི་ཐེམ་སྐས་ཡིན། །ཐར་པའི་གྲོང་ཁྱེར་ཆེ་ལ་མྱུར་འཇུག་ན། །སྨིན་བྱེད་དབང་ཐོབ་རིམ་གཉིས་ཟུང་འཇུག་གིས། །རྩ་རླུང་ཐིག་ལེ་སྦྱངས་པས་སྐུ་དང་གསུང་། །ཐུགས་ཀྱི་རྡོ་རྗེ་འགྲུབ་པར་བྱེད་པ་ཡིན། །མདོར་ན་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན། །ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ། །མངོན་གསུམ་གཏན་ལ་འབེབས་པའི་གདམས་ངག་ནི། །རྒྱལ་དབང་བཀའ་བརྒྱུད་ཡབ་སྲས་འདི་སྐད་གསུང་། །དོན་མེད་རྩོམ་དང་མུ་ཅོར་སྨྲ་བ་སོགས། །ཕྱག་དར་ཁྲོད་ཀྱི་རྩྭ་བཞིན་དོར་བྱས་ཏེ། །སེམས་ཀྱི་གླང་པོ་དྲན་པའི་ལྕགས་ཀྱུས་གཟུང་། །མི་སྡོད་འགྲོས་པར་རྩོམ་ན་ཅི་བདེར་གློད། །དཔེར་ན་མ་དཀྲུགས་ཆུ་བོ་དྭངས་པ་བཞིན། །དམིགས་གཏད་བཟོས་བཅོས་མེད་པའི་དྲན་པས་རིག །རབ་ཞི་བདེ་བ་རོ་མྱང་མེད་པས་བསྐྱང་། །གློ་བུར་རྣམ་རྟོག་རྒྱ་ཡན་བཞག་པས་གྲོལ། །རྨུགས་བྱིང་འདམ་ལ་དྲན་པའི་སྟོབས་ཀྱིས་བརྒལ། །རྒོད་དེ་བཅིང་བ་མེད་པ་ཉིད་ཀྱིས་ཞི། །དེ་ལྟར་གནས་འགྱུའི་བར་ལག་འགྱེལ་བ་ལ། །རྩེ་གཅིག་རྣལ་འབྱོར་ཡིན་ཞེས་བླ་མ་གསུངས། །ཐག་པ་ནག་པོ་དུག་སྦྲུལ་ཇི་ལྟ་བ། །དེ་ལྟར་འཁོར་བ་རྟོག་པས་བཏགས་པའི་ཆོས། །གང་ལ་ཨ་འཐས་དབང་གིས་བདེན་པར་སྣང་། །དེ་ཉིད་སྤངས་པས་གྲོལ་བ་མ་ཡིན་ཀྱང་། །རང་གི་མཚན་ཉིད་མཐོང་བས་རྫུན་ཕུགས་ཞིག །གང་ཤར་སྟེང་དུ་ལྟ་བ་མན་ངག་ཡིན། །འདི་ཡིན་ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་མིན་མ་ཡིན་སྤྲོས་དང་བྲལ་བར་ཤེས། །དེ་ཚེ་འཛིན་པ་དག་པར་གྱུར་པ་ཡིན། །དེ་དུས་ཆོས་ཀུན་སྒྱུ་མར་མངོན་སུམ་མཐོང་། །དེ་ལ་འཁྲུལ་གྲོལ་བར་ལག་འགྱེལ་བར་སྨྲ། །དེ་ཉིད་སྤྲོས་བྲལ་རྣལ་འབྱོར་ཡིན་ཞེས་བཤད། །སེམས་ལ་གློ་བུར་མ་རིག་ལས་ཉོན་མོངས། །སྡུག་བསྔལ་སྣ་ཚོགས་མེད་བཞིན་སྣང་མོད་ཀྱང་། །སྣང་དུས་ཉིད་ནས་སྟོང་སྟེ་མ་གྲུབ་ཤེས། །ཇི་ལྟར་རྨི་ལམ་སྣ་ཚོགས་མྱོང་ན་ཡང་། །མ་གྲུབ་སད་ཚེ་རྟོགས་པ་ཇི་བཞིན་ནོ། །འཛམ་བུའི་གླིང་གི་ཆུ་བོ་ཇི་སྙེད་པ། །རྒྱ་མཚོར་ཞུགས་ཚེ་དབྱེར་མེད་རོ་གཅིག་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད། །ཆོས་སྐུའི་རོལ་པ་གཅིག་ཏུ་སོང་བ་ལ། །འཁོར་དང་མྱ་ངན་འདས་པ་ཐ་སྙད་ཙམ། །བླང་དང་དོར་བའི་དགག་སྒྲུབ་ག་ལ་ཡོད། །དེ་ལྟར་སྣང་སེམས་བར་ལག་འགྱེལ་བ་ལ། །རོ་གཅིག་རྣལ་འབྱོར་ཞེས་པར་རྗེ་བཙུན་གསུངས། །ཐམས་ཅད་ཁྱབ་བརྡལ་ཡུག་ཅིག་གྱུར་པ་ཡིས། །བསྒོམ་བྱ་སྒོམ་བྱེད་བློ་ཟད་ཆོས་ཟད་ཐལ། །སྒྱུ་མ་མཁས་པས་སྒྱུ་མའི་དངོས་མེད་པར། །སྣ་ཚོགས་སྒྱུ་མ་སྤྲུལ་པ་ཇི་བཞིན་དུ། །སྒྲིབ་པ་ཀུན་དང་བྲལ་བར་གྱུར་པ་ལས། །བདེན་གཉིས་དབྱེར་མེད་རྣམ་འཕྲུལ་མཐའ་ཡས་པ། །སྨོན་ལམ་སྙིང་རྗེའི་དབང་གིས་ཆོས་དབྱིངས་དང་། །གཉིས་མེད་གཅིག་ཏུ་འཆར་བར་འགྱུར་བ་ཡིས། །དེ་ཡིས་འགྲོ་བའི་ཕན་པ་ཐམས་ཅད་མཛད། །མཉམ་རྗེས་བར་ལག་འགྱེར་བ་འདི་ཡིན་ལ། །སྒོམ་དུ་མེད་པ་རྣལ་འབྱོར་འདི་ཀ་རང་། །དེ་ལྟར་ཟབ་མོ་དབྱེ་བའི་དགེ་བ་དེས། །དེ་ཉིད་འགྲོ་བ་རྣམས་ཀྱིས་ལེགས་རྟོགས་ཤིང་། །རྟག་ཏུ་འགྲོ་བའི་དོན་ལ་མི་སྐྱོ་བས། །བྱང་ཆུབ་སྙིང་པོར་མྱུར་དུ་མཆིས་གྱུར་ཅིག །ཐུབ་པའི་བསྟན་པ་མངོན་པར་དགའ་བའི་ཚལ། །གང་དུ་བཤད་དང་སྒྲུབ་པའི་ཟློས་གར་གྱིས། །རྣམ་རོལ་བདེ་བའི་དཔལ་ལ་ཆས་གྱུར་པའི། །སློབ་བུའི་ཚོགས་ལ་བརྩེ་བས་འདི་བསྒྲགས་སོ། །ཞེས་པ་ཤར་ཀོང་པོའི་ཡུལ་ལྗོངས་ཀྱི་ས་ཡི་ཆ། སྒྲུབ་པའི་སྡེ་ཐུབ་བསྟན་མངོན་པར་དགའ་བའི་ཚལ་དུ་བསམ་གཏན་ཁོ་ན་ལྷུར་ལེན་པ་བླ་མ་དགེ་སློང་དཔལ་འབྱོར་ལེགས་པས་མགོ་བྱས་རྣམས་ལམ་ཆས་པ་དང་ཉེ་བའི་དུས་ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། གཙང་མྱང་སྨད་ཀྱི་ཆ་གཡའ་ལུང་གི་རི་བོའི་མགུལ་དུ་ཐུན་མོང་གི་ལོ་ས་ག་ཅན་གྱི་དཀར་པོ་ཆ་ཡི་རྒྱལ་བ་གཉིས་པ་ལ་སྦྱར་བའོ།། ༈ མཁས་གྲུབ་ཆེན་པོའི་བཞེད་དང་མི་འགལ་བའི། །དོན་དང་དོན་མིན་རྣམ་པར་དབྱེ་བ་ནི། །མི་ཕྱེད་ཚིག་ཚོགས་བློ་ལ་ཡོད་པ་རང་། །མཁས་པ་མིན་ནོ་ཚིག་དོན་སྲང་ལ་གཞོལ། །འཁོར་བར་དྲིད་ཅིང་འཆི་བས་འཇིགས་པ་ཡིས། །སྡོམ་གསུམ་ལ་གུས་ཐོས་བསམ་སྒོམ་ལ་འགྲུས། །དེ་འདྲ་མི་སྣང་ཚུགས་ཁྱེར་ལེགས་པ་དེ། །བཙུན་པ་མིན་ནོ་ཆོས་དང་ཞུ་ཏིག་གྱིས། །ཅིར་སྣང་སེམས་དང་སེམས་ཉིད་གཞི་རྩས་སྟོང་། །སྟོང་ཉིད་གདངས་ལ་ཀུན་རྫོབ་རྟེན་འབྱུང་ཤར། །དེ་ལས་ཕྱིར་ཕྱོགས་རྒྱུ་འབྲས་ཁྱད་གསོད་ཚེ། །བཟང་བ་མིན་ནོ་ཁ་དང་ཞེ་ཕུགས་བསྟུན། །ཀུན་ཏུ་དྲན་པས་སེམས་ཁོ་འཁྱམས་མི་འཇུག །ཤར་བའི་མོད་ལ་གྲོལ་ནས་མི་འགྲོ་ན། །རི་ཕུག་འདག་སྒོ་བྱས་པ་རྐྱང་པ་ཡིས། །སྒོམ་ཆེན་མིན་ནོ་ཡེངས་མེད་གློད་ལ་ཞོག །དམན་པའི་ས་བཟུང་སྲུལ་པོའི་གོས་གྱོན་ཅིང་། །ལྟོ་ལ་གྱོང་འཁུར་གཏམ་ལ་མི་རྩིག་ཀྱང་། །སྐྱིད་འདོད་རེ་བའི་མགོ་བོ་མ་ཆོག་ན། །བྱ་བཏང་མིན་ནོ་ཞེ་འདོད་ཐེར་ལ་ཕུད། །ལུས་ལ་ན་ཚ་སེམས་སྟེང་ཁམས་འདུས་དང་། །བརྡེག་འཚོག་འཆི་ལ་ཉེ་བ་གང་ལ་ཡང་། །རོ་སྙོམས་ལམ་ཁྱེར་གདེངས་དང་མི་ལྡན་ན། །རྟོགས་ལྡན་མིན་ནོ་རྐྱེན་ཐོག་བརྫིས་ལ་ཐོང་། །བློས་བྱས་མཚན་མའི་ཆོས་སྤྱོད་ཐམས་ཅད་ཀྱང་། །རང་གི་ངོ་བོས་སྟོང་བཞིན་མི་སྤྱོད་པར། །སྤྱོད་ལོག་ཐོ་ཅོ་ཆེ་བའི་རྩིང་སྲལ་དེ། །རྣལ་འབྱོར་པ་མིན་ཐབས་ཤེས་ཟུང་འཇུག་སྒོམས། །གོ་ན་ཆོས་རྣམས་ཀུན་གྱི་གནད་མཚང་ཡོད། །མ་གོ་རྒྱལ་བའི་གསུང་ཡང་དལ་བར་ལུས། །ཕན་པའི་གཏམ་ལ་ཉན་མཁན་ཤིན་ཏུ་དཀོན། །མི་ཉན་བསླབ་བྱ་བྱེད་པ་ཤིན་ཏུ་མང་། །དཔལ་སྤོས་སྐྱའི་བསམ་གཏན་སྐྱོང་བ་རྣམས་ལ་པདྨ་དཀར་པོས་གདམས་པའོ།། ༈ སྙིང་གཏམ་ཉི་ཤུ་རྩ་བརྒྱད་པ་ཡིད་ཀྱི་ཐུར་མ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། བསྔགས་འོས་ཡོན་ཏན་ཀུན་གྱིས་མཛེས་པའི་མགོན། །འབད་མེད་གཞན་དོན་མཛད་ཅིང་རྟག་བཞུགས་པ། །འཇམ་པའི་དབྱངས་ཀྱི་དབང་པོ་ཐུགས་རྗེའི་གཏེར། །དེ་རིང་བདག་ལ་དགེ་ལེགས་སྩལ་དུ་གསོལ། །རེ་དོགས་ཞགས་པས་དམ་པོར་བཅིངས་པ་དང་། །འཁོར་བའི་བཙོན་ར་ཉམ་ངའི་ཁྲོད་འདི་ནས། །ད་རེས་མ་བྲོས་ཕྱིས་ནས་ཐར་དཀའ་བས། །ཕན་མཛད་གསུང་བཞིན་སྒྲུབས་ཤིག་སྙིང་གཏམ་ཡིན། །སྲིད་པའི་སྡུག་བསྔལ་མྱོང་ནས་ཡུན་ཅི་ཙམ། །ལྷ་མིའི་དབང་ཕྱུག་ཐོབ་ཀྱང་སླད་མར་ནི། །དམྱལ་མེ་བཟོད་དཀས་འཚོད་པར་འགྱུར་བ་ལ། །བསམས་ཀྱིས་སྐྱོ་བས་མི་ཚུགས་སྙིང་གཏམ་ཡིན། །དམྱལ་བ་གཤིན་རྗེའི་འཇིག་རྟེན་དུད་འགྲོ་དང་། །ལྷ་མི་དག་གི་སྐྱེ་བ་གང་ཡིན་དེ། །གནོད་པ་དྲག་པོའི་རྟེན་དུ་གྱུར་པས་ན། །ཡང་སྲིད་མེད་ན་ལེགས་སོ་སྙིང་གཏམ་ཡིན། །དུས་བཞིའི་འགྱུར་བ་མི་རྟག་སྟོན་པའི་བརྡ། །ཐོག་རྒྱག་ཤི་བ་ངེས་མེད་བསྐུལ་མ་སྟེ། །ཕྱི་ཚིགས་བསྒྲུབ་པའི་ངང་རིང་མི་ཁོམ་པས། །རིངས་པར་ལྷ་ཆོས་རན་ནོ་སྙིང་གཏམ་ཡིན། །ཆུ་བུར་རླུང་གིས་བསྐྱོད་འདྲའི་གནོད་མང་ཚེ། །དོན་མེད་ངལ་བ་ཞིག་ལ་མ་སྐྱེལ་བར། །གློ་བུར་མགོ་ལ་མེ་ཤོར་ཟློག་པ་ལྟའི། །འཆི་ཆོས་རེམ་པ་འཐད་དོ་སྙིང་གཏམ་ཡིན། །ལོངས་སྤྱོད་གཡོ་ཞིང་སྙིང་པོ་མེད་པ་འདི། །འཚོལ་བ་སྡུག་ལ་འབྱོར་ན་སེར་སྣའི་ངང་། །མཐའ་མ་སུས་ཟ་མེད་པས་གང་བྱུང་བ། །ཅི་དགར་ཁྱེར་ནས་ཐོངས་དང་སྙིང་གཏམ་ཡིན། །དགེ་བའི་ལས་ལམ་བཅུ་ཡི་ལུས་ངག་ཡིད། །བྲེལ་བར་བཅོས་ནས་འདོད་པའི་སྡེ་རྣམས་ཚོ། །མི་གཙང་གོང་བུར་ལྟོས་ལ་ཡིད་འབྱུང་བས། །ཀུན་ཏུ་ཆོག་ཤེས་བརྟེན་པ་སྙིང་གཏམ་ཡིན། །བྲེ་མོས་ཚིག་དང་དགོས་མེད་འཆལ་པའི་གཏམ། །མཛངས་པས་སྨད་འོས་སྤྱོད་པ་ཀུན་བསྐྱུངས་ཏེ། །གླེང་ངམ་བྱ་བའི་སྔོན་དུ་སེམས་བརྟགས་ལ། །བླང་དང་དོར་བ་མཛེས་སོ་སྙིང་གཏམ་ཡིན། །སེམས་ནི་གཡོ་བ་ཅོལ་ཆུང་པྲ་ལག་མཁན། །བདུད་ཀྱི་རྒྱུ་མའི་རྗེས་སུ་འབྲང་བས་ན། །དྲན་དང་ཤེས་བཞིན་བག་ཡོད་སྒོ་ཆོད་ལ། །གང་དུའང་ཡན་དུ་མ་གཏོང་སྙིང་གཏམ་ཡིན། །སྙིགས་མའི་སྐྱེ་བོ་འཁང་སྐྱེན་མགུ་དཀའ་བས། །ཀུན་གྱི་མི་ཕྱའི་སྤྱོད་པ་མི་ཤེས་ཀྱང་། །འདུལ་བ་བཞིན་དུ་རང་གིས་མ་ཁྲེལ་བ། །དགོས་ཀྱིས་གཞན་ཟེར་མི་ཉན་སྙིང་གཏམ་ཡིན། །འདི་ནས་བྱང་ཆུབ་སྙིང་པོར་མ་སླེབ་བར། །དཀོན་མཆོག་གསུམ་ལས་སྐྱབས་གཞན་མ་མཆིས་པས། །ལེགས་ཉེས་ཀུན་ལ་བློས་གཏད་དེས་ཆོག་གིས། །སྐྱོབ་བྱེད་གཞན་ནས་མི་ཚོལ་སྙིང་གཏམ་ཡིན། །བདག་ལས་གཞན་ཆེས་འཕངས་ཤིང་རང་ལས་གཞན། །ཕན་བྱེད་མཆོག་ཏུ་ཤེས་པས་གཞན་དོན་ཕྱིར། །རྫོགས་པའི་བྱང་ཆུབ་འདོད་པས་སེམས་སྐྱེད་པས། །བསོད་ནམས་མཐའ་ཡས་ཐོབ་པ་སྙིང་གཏམ་ཡིན། །མགོ་ལ་སེམས་ཅན་ཁུར་དེ་ཁྱེར་མ་ཐག །མཐའ་ཡས་ཉེས་ལས་བཟློག་ཅིང་འཆིང་བ་ཅན། །རྣམ་གྲོལ་བྱ་བ་བརྩོན་པ་ཐམས་ཅད་ཀྱིས། །རབ་ཏུ་འབད་པར་གདམས་པ་སྙིང་གཏམ་ཡིན། །དགེ་བའི་བཤེས་ལ་ཆོས་ཉན་ཇི་བཞིན་བསྒྲུབ། །ཐེག་གསུམ་མཁས་ནས་རང་གི་ཐེག་པ་ལ། །སྙིང་པོར་བྱེད་པ་ཤན་ཏི་དེ་བའི་གསུང་། །སྤྱོད་འཇུག་སོགས་ལྟར་བསླབ་པ་སྙིང་གཏམ་ཡིན། །དད་པ་དཀར་པོའི་ཆོས་ཀུན་སྐྱེད་པའི་ཞིང་། །ཁྲིམས་གཙང་འཇིག་རྟེན་ཀུན་གྱིས་མཆོད་འོས་ཏེ། །གཏོང་བས་ཀུན་ཏུ་དབུལ་བ་སེལ་བྱེད་པས། །གསུམ་འདི་མིག་ལྟར་སྐྱོང་བ་སྙིང་གཏམ་ཡིན། །ཐོས་པས་ཐེ་ཚོམ་སྤྱོད་ཅིང་དོན་མིན་སྤོང་། །ཁྲེལ་ཡོད་ཉེས་པ་ཀུན་གྱིས་གོས་མི་སྲིད། །ངོ་ཚས་ལེགས་སྤྱད་ལྷག་པར་འཕེལ་བགྱིད་པས། །སྲོག་བས་གཅེས་པར་བསྲུང་བ་སྙིང་གཏམ་ཡིན། །ཤེས་རབ་ཉོན་མོངས་པ་དང་ཤེས་བྱ་ཡི། །སྒྲིབ་པའི་རི་བོ་འཇོམས་པའི་ཐོ་བ་སྟེ། །དེ་ལྟར་འཕགས་ནོར་ཡོན་ཏན་ཀུན་གྱི་མཛོད། །སྐྱོ་མེད་བསྒྲུབ་པ་ཁོ་བོའི་སྙིང་གཏམ་ཡིན། །བུ་གཅིག་པོ་ལ་མ་ཡིས་བྱ་བ་བཞིན། །སེམས་ཅན་ཀུན་ལ་ཕན་པ་བདག་གིས་བྱ། །དེ་ཆེད་དམྱལ་བར་གནས་པ་རབ་དགའ་ན། །གཞན་ལ་སྤྲོ་བ་ཆེས་འཇུག་སྙིང་གཏམ་ཡིན། །བྱམས་ལ་ཁོང་ཁྲོ་སྙིང་རྗེ་གནོད་སེམས་དང་། །གང་གི་ངོར་བྱེད་རེ་ལ་སླུ་བའི་བློ། །འགལ་བ་ཡིན་པས་གནོད་པ་བཟོད་བྱས་ནས། །ངན་ལེན་བཟང་པོས་འཇལ་བ་སྙིང་གཏམ་ཡིན། །ཁ་ཅིག་ཕ་མ་ལ་ལ་དཔོན་དང་རིགས། །འགའ་ཞིག་འདོད་དང་ནོར་ཡུལ་དབང་སོང་བས། །དམ་ཆོས་མི་ཁོམ་ཀུན་ཀྱང་ཐབས་མཁས་ཀྱིས། །དགེ་ལ་སྤྲོད་པར་འཚལ་ལོ་སྙིང་གཏམ་ཡིན། །ཆོས་བྱེད་ཀུན་ཀྱང་རྐྱེན་ངན་དྲག་པོ་དང་། །རྙེད་སོགས་བརྒྱད་ཀྱི་འཚེ་བས་གཙེས་འགྱུར་བས། །དུས་དེར་གཉེན་པོས་མགོ་སྙོམས་མ་བྱས་ན། །དགོས་ཀར་བསླབ་པ་ཡིན་ནོ་སྙིང་གཏམ་ཡིན། །བདག་ཏུ་འཛིན་པའི་ཆུ་བོ་ཆེན་པོ་འདི། །རྩད་ནས་མ་མཆིས་མ་བྱས་དེ་སྲིད་དུ། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་མི་འགྱུར་བས། །བདག་ལྟའི་དགྲ་བོ་ཐུལ་ཅིག་སྙིང་གཏམ་ཡིན། །སེམས་ཉིད་རྟག་ཏུ་འོད་གསལ་དྲི་མས་བསྒྲིབས། །དྲི་མ་གློ་བུར་བྱུང་བས་ཐེར་ཟུག་མིན། །ཡང་དག་ཉིད་ཀྱིས་ལྟོས་དང་གློ་བུར་བས། །སྟོང་པའི་དེ་ཉིད་རྟོགས་པ་སྙིང་གཏམ་ཡིན། །བརྗོད་པར་ནུས་མིན་བློ་ཡི་ཡུལ་མ་ཡིན། །བླ་མས་བསྟན་དུ་མེད་མོད་འོན་ཀྱང་འདི། །རང་བབས་བཞག་པས་རྗེན་པར་མཐོང་བས་ན། །སོ་སོ་རང་རིག་ཡིན་ནོ་སྙིང་གཏམ་ཡིན། །བལྟ་བྱ་ལྟ་བྱེད་གཉིས་འཛིན་ལྟ་བ་སྟེ། །བཟང་ཡང་སྒྲོ་བཏགས་ཡིན་པས་བློས་མི་ཐུབ། །གནས་ལུགས་རང་གི་རིག་པའི་ལྟ་བ་འདི། །མེད་ན་སྐྱོན་ཞེས་གསུངས་སོ་སྙིང་གཏམ་ཡིན། །དྲི་མ་ཟད་པའི་རྟོགས་ངོའི་སྣང་ཆ་ལ། །ཆོས་ཅན་ཀུན་རྫོབ་བདེན་དང་གཤིས་ཀྱི་ཚུལ། །ཆོས་ཉིད་དོན་དམ་བདེན་པར་བཞག་བྱས་ནས། བདེན་གཉིས་དབྱེར་མེད་བཤད་དོ་སྙིང་གཏམ་ཡིན། །ཚུལ་དེས་སྣང་སྟོང་རིག་སྟོང་གསལ་སྟོང་དང་། །བདེ་སྟོང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྣམས། །མཚོན་པར་ནུས་ཤིང་འཁོར་འདས་དབྱེར་མེད་དང་། །རྣམ་རྟོག་ཆོས་སྐུའང་གོ་བ་སྙིང་གཏམ་ཡིན། །བསྟན་པ་འཛིན་ཕྱིར་ཐོས་པས་མི་ངོམས་མཛོད། །ཐོས་ཙམ་དོན་མཐོང་མི་འགྱུར་སྒོམ་པ་གནད། །མ་ཐོས་སྒོམ་པའང་འབྲས་མེད་ཉིད་ཡིན་པས། །ཚུལ་དེ་རང་བཞིན་སྦྱོར་བ་སྙིང་གཏམ་ཡིན། །དེ་སྐད་གྲུབ་པའི་གཙུག་རྒྱན་འབྲུག་པ་ཞེས། །ས་ལ་གསལ་བར་གྲགས་པའི་རིང་ལུགས་པ། །ཕུན་ཚོགས་བོད་ཡུལ་ཤར་གྱི་བཙུན་པ་ནི། །པདྨ་དཀར་པོ་ཞེས་བྱས་བསྒྲགས་པ་ཡིན། །ཞེས་སྙིང་གཏམ་ཉི་ཤུ་རྩ་བརྒྱད་པ་ཡིད་ཀྱི་ཐུར་མ་ཞེས་བྱ་བ། སློབ་དཔོན་མྱང་སྟོད་རབ་འབྱམས་པ་ཀུན་དགའ་ཆོས་དར་གྲུབ་པའི་འབྱུང་གནས་ར་ལུང་ཐེལ་ནས། ཆོས་སྡེ་དཔལ་འཁོར་བདེ་ཆེན་པའི་མངོན་དགའ་གྲྭ་ཚང་གི་སློབ་དཔོན་དུ་འབྱོན་པར་ཆས་པའི་ཚེ། གདན་ས་ཆེན་པོ་མེ་ཏོག་མདངས་འཕྲོག་དེ་ཉིད་ཀྱི་སྟེ་བ། རི་བོ་གྲུ་འཛིན་གྱི་ངོགས་སྤོས་ངད་ལྡན་པའི་ཞིང་ཁམས་ཀྱི་རྩེ་མོ། དཀའ་ཐུབ་པའི་བསྟི་གནས། བསམ་གཏན་གྱི་ཁང་པ་དབྱངས་ཅན་སྣང་བར། ལྕགས་ཕོ་ཁྱི་ལོ་ཧོར་ཟླ་དགུ་པའི་ཚེས་ལྔའི་ཉིན་གདམས་པའོ།། ༈ རིགས་ཐམས་ཅད་ཀྱི་ཁྱབ་བདག་བླ་མ་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་ཐ་སྙད་ཀུན་ལས་ཆེས་བརྒལ་བས། །ཇི་བཞིན་བརྗོད་ལ་ཐམས་ཅད་མཁྱེན་པའང་དབུལ་གྱུར་པ། །གཞོན་ནུ་མ་ཡི་སྙིང་ལ་ཞེན་པའི་བདེ་བ་ལྟར། །སུས་ཀྱང་བསྟན་དུ་མེད་ཀྱི་རང་གི་རིག་པར་བྱོས། །གྲོགས་དག་དངོས་པོ་ཀུན་གྱི་བྱེད་པོ་ལས། །ལས་དེ་གང་གི་བྱས་ན་རང་གི་སེམས། །སེམས་ནི་ཀུན་ཏུ་བཙལ་བས་འགའ་མི་རྙེད། །རྙེད་མིན་དེ་ལ་དོན་དམ་ཞེས་བྱར་བཏགས། །རབ་རིབ་དབང་གི་སྐྲ་ཤད་རྣམ་བརྟགས་པ། །མིག་དག་སྐྱེས་བུས་འབད་པ་བརྒྱ་ཕྲག་གིས། །མཐོང་མིན་དེ་ཉིད་ཡང་དག་མཐོང་བ་ཞེས། །འཇིག་རྟེན་ཇི་ལྟར་སྨྲ་བ་དེ་བཞིན་ནོ། །གང་ཕྱིར་སྐྱེ་བ་ཅུང་ཟད་ཡོད་མིན་པས། །འགག་དང་གནས་པ་ཡོད་པའང་མ་ཡིན་ནོ། །དེ་བཞིན་སྟོང་མིན་ཡོད་པའང་མ་ཡིན་པས། །སྟོང་ཉིད་ཀྱང་ནི་ཡོད་པར་ག་ལ་འགྱུར། །ཀྱེ་མ་བླ་མའི་བྱིན་རླབས་མ་ཐོབ་པར། །དེ་ཡིས་ལྷན་ཅིག་སྐྱེས་པ་ཇི་ལྟར་མྱོང་། །དེ་ཕྱིར་མོས་གུས་ཆེན་པོས་འོ་དོད་ཀྱིས། །ཐ་མལ་ཤེས་པ་སྙིང་དབུས་སད་པར་ངེས། །ཀྱེ་ཀྱེ་གྲོགས་དག་བྱས་པ་ཐམས་ཅད་ནི། །དོན་མེད་སྡུག་བསྔལ་བསྐྱེད་པའི་རྒྱུར་འགྱུར་བས། །སྒོམ་དང་སྒོམ་པ་ཐམས་ཅད་ཡོངས་དོར་ལ། །བསམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །གང་ཞིག་ཡུལ་ལ་རྣམ་པར་འཕྲོ་བའི་སེམས། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན་དུ་འམ། །གང་ནས་བྱུང་ཞིང་གང་དུ་གནས་པ་དང་། །གང་དུ་ནུབ་པ་ལྟོས་དང་གཞི་རྩ་བྲལ། །དེས་ན་སྣང་ཞིང་གྲགས་པ་འདི་ལས་གཞན། །སྟོང་ཉིད་ཡོད་ཅེས་པད་དཀར་མི་སྨྲ་ཞིང་། །གདོང་དུ་འབབ་པ་སྲིད་ཞིའི་རོལ་པ་རྣམས། །བདེ་བ་ཆེན་པོ་གཅིག་ཏུ་བསྒྱུར་ཞིག་ལོ། །སྐྲ་རྩེ་ཙམ་དུ་ཕྲ་བའི་ཞེན་པས་ཀྱང་། །སྡུག་བསྔལ་ཆེན་པོ་འདི་ཀུན་སྦྱར་བྱས་པས། །གང་ལ་འདོད་ཅིང་སྲེད་པ་དེ་བོར་ལ། །ཆུ་བོ་རྒྱུན་བཞིན་མཉམ་པར་ཞོག་དང་ཀྱེ། །གང་ཡང་འཛིན་པ་བྲལ་བའི་སེམས་ནི་རྟོགས་གྱུར་པ། །ཐམས་ཅད་དེ་ཡིན་དེ་ལས་གཞན་ཞིག་མི་རྙེད་པས། །སྤང་དུ་མེད་ཅིང་བླང་བར་བྱ་བའང་མ་མཆིས་ལ། །རེ་བ་ཟད་པས་དོགས་པའང་རིང་དུ་བྲོས་ནས་སོང་། །ཇི་ལྟར་ནགས་ལ་མཆེད་པའི་མེ་ལྕེ་ལ། །ཤུགས་དྲག་འཐོར་བའི་རླུང་ནི་མཛའ་བོར་འགྱུར། །དེ་ལྟར་འགྲོ་རྣམས་རྟག་ཏུ་འཆིང་བྱེད་པའི། །ཡུལ་འདི་རྣམས་ཀྱི་ནུས་པ་དེས་གྲོལ་ལོ། །མ་བརྟགས་ཤིན་ཏུ་ཉམས་དགའ་ཀུན་རྫོབ་ཆོས། །སྒྱུ་མས་སྤྲུལ་པའི་གླང་པོ་ཇི་ལྟ་བར། །མེད་བཞིན་སྣང་ལ་སྣང་བཞིན་མ་གྲུབ་པའི། །རང་མཚང་རིག་ན་སུ་ཞིག་འཆིང་བར་འགྱུར། །རྨི་ལམ་རྨིས་པ་དེ་ངོར་གྲུབ་པ་དང་། །སད་ན་རྫུན་པ་དེ་ལྟར་དངོས་ཀུན་ཀྱང་། །གཏི་མུག་གཉིད་ལོག་དེ་སྲིད་བདེན་པ་དང་། །གཉིད་སད་ན་ནི་མེད་པ་ཁོ་ནའོ། །ཐབས་དང་ཤེས་རབ་ཡན་གར་བས། །སྲིད་པའི་ཕ་མཐར་བགྲོད་པ་མིན། །གཉིས་པོ་མཉམ་པར་སྦྱོར་བྱེད་ན། །སྲིད་དང་ཞི་ལ་མི་གནས་སོ། །ཆོས་རྣམས་ཐམས་ཅད་གདོད་ནས་སྟོང་པའི་རང་བཞིན་དུ། །མཐོང་བས་མི་དམིགས་བཞིན་དུ་འགྲོ་བ་མགོན་མེད་རྣམས། །སྒྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གིས་སྦྱིན་སོགས་ལ། །ལྷག་པར་བརྩོན་པ་དེ་ནི་དེ་བཞིན་གཤེགས། །ཡིད་བཞིན་ནོར་བུ་བཞིན་དུ་འབད་མེད་པར། །འགྲོ་བའི་རེ་བ་མ་ལུས་རྫོགས་བྱེད་པའི། །ཟབ་དང་རྒྱ་ཆེའི་ཡོན་ཏན་ཀུན་གྱི་གཏེར། །རྡོ་རྗེ་འཆང་དབང་ས་ལ་ཕྱག་བགྱིའོ། །དེ་སྐད་གངས་རི་ཁྲོད་ཀྱི་སྤོང་བ་པ། །པདྨ་དཀར་པོ་ཞེས་པའི་མིང་ཅན་གྱིས། །མང་བར་བཤད་པ་སྤང་བའི་བླང་དོར་དུ། །བདེ་བ་ཙམ་ཞིག་སློབ་བུའི་དོན་དུ་བཀོད། །ཅེས་གྲུབ་པའི་འབྱུང་གནས་ར་ལུང་ཐིལ་གྱི་དཔལ་སྤོས་སྐྱའི་ཡང་དབེན་ནས། ཙ་རི་ཏྲ་ཉམས་རྟོགས་གཅིག་ཏུ་འཆར་བའི་ལྗོངས་སུ་བསྒོམ་པར་ཆས་པའི་སློབ་མ་འགའ་ལ་གདམས་པ་སྙིང་གི་ཁུ་བའོ།། ༈ པདྨ་དཀར་པོའི་གཏམ་རང་གཞན་གྱི་བསྐུལ་འདེབས་གཡའ་བཟང་པ་རིན་ཆེན་ཉི་མ་ལ་གདམས་པ། ཀྱེ་མ དལ་བ་འདི་ནི་ལན་ཅིག་གཡར་པོ་ཙམ། །ཡུན་རིང་བདག་གིས་དབང་བར་མི་འགྱུར་ན། །འབྱོར་པའི་སྐབས་སུ་ཕན་བདེ་མི་བསྒྲུབ་བམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །དེ་ལའང་དགེ་བའི་བློ་ནི་ཡད་ཡུད་དེ། །མུན་རུབ་གློག་འགྱུའི་སྣང་བ་ཇི་ལྟ་བས། །དྲན་པའི་མོད་ལ་བརྩོན་འགྲུས་ཅིས་མི་རྩོམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །འདུས་བྱས་ཐམས་ཅད་སྐད་ཅིག་འགྱུར་བའི་ཆོས། །བརྟགས་ན་སྙིང་པོ་ཡོད་པ་མི་སྣང་བས། །འདོད་པ་དོན་དུ་གཉེར་བ་མ་འཁྲུལ་ལམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཀུན་རྫོབ་འདི་ཀུན་རྨི་ལམ་ཡུལ་བཞིན་དུ། །མ་དཔྱད་འཁྲུལ་ངོ་ཙམ་དུ་ཉམས་དགའ་མོད། །རིག་པས་བཤིག་ན་གྲུབ་པ་འགའ་གདའ་འམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །འཇིག་རྟེན་བྱ་བ་ཀུན་ལ་ཕར་བལྟས་ན། །བློ་ཐུབ་ཡིད་བརྟན་རུང་བ་མ་མཐོང་ལ། །བསམ་གྱིན་ཡི་མུག་མི་ལྡང་དབང་འདུག་གམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །འབྱོར་པའི་དུས་ན་ཆར་སྤྲིན་ལྟ་བུར་འདུ། །གུད་ན་མཐོང་བའི་སར་ཡང་མི་འཁོར་བས། །ཉེ་དུ་འཁོར་ལ་དགའ་བ་ཅི་ལ་སྐྱེ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །བུ་མེད་མི་གཙང་བ་ཡི་གོང་བུ་སྟེ། །ནོར་རྫས་ཟུག་རྔུ་འབྱུང་བའི་གཞི་མ་ཡིན། །བཟང་ངན་གྲགས་པ་འདི་དག་ཚིག་མིན་ནམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཡུལ་མཁར་བཟང་ཡང་སྡུག་བསྔལ་སྤེལ་བའི་གནས། སྲིད་གསུམ་བདེ་བ་ཐམས་ཅད་ཉམ་ཆུང་སྟེ། །དེ་ལ་ཆགས་ནས་ཆེན་པོའི་བདེ་འདོར་རམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །བྱིས་པའི་དུས་ནས་བསམ་མེད་བྱ་བས་འདས། །གཞོན་ནུ་ལང་ཚོའི་སྒང་ལ་ཟླ་དགས་འབྱམས། །དར་ལ་བབས་ནས་ཆགས་སྡང་དབང་སྟོང་ངམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །མ་ཚོར་ངང་ལ་རྒ་བའི་རྐུན་པོས་ཟིན། །བློ་དང་འབྱུང་བཞི་ལྷན་ཅིག་གུད་རྩ་ན། །དམ་པའི་ལྷ་ཆོས་མེད་པའི་སྡུག་བསྔལ་ལྡང་། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །འདི་ནས་འཕོ་ངེས་གར་འགྲོའི་གདེངས་མེད་ལ། །བར་དོའི་འཇིགས་པ་ཐམས་ཅད་ཡིད་ལ་དྲན། །མལ་མཐའ་ངུ་བས་བསྐོར་ཚེ་མི་འགྱོད་དམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཚེ་འདི་ལོང་མེད་དོ་ནུབ་ཁོ་ན་ལ། །གློ་བུར་རྐྱེན་གྱིས་མི་འཆིའི་གདེངས་མེད་པས། །སྡོད་གྲབས་གཤོམ་ར་གཏིང་ནས་ཅི་ཞིག་བགྱི། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ད་ནང་མི་ལ་ཕྱི་དྲོ་རོ་ཞེས་གྲག །སང་ནས་མིང་ཙམ་ལུས་པ་མཐོང་བཞིན་དུ། །རང་ཉིད་རྟག་ཏུ་རེ་བའི་དྲེད་པོ་ཁྱོད། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཕན་རེའི་ཉེ་འཁོར་ཐམས་ཅད་ཤུལ་དུ་བོར། །བསགས་པའི་ནོར་རྫས་ཐམས་ཅད་ཅམ་གྱིས་བཞག །གཅིག་པུར་བསྐྱས་ཆེན་འདེགས་ཚེ་སྨྲེ་སྔགས་འཆོར། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཀྱེ་མ ཚེ་འདི་སྐད་ཅིག་རེ་རེས་འཇིག་པར་ཕྱོགས། །སྲོག་ནི་ཟིལ་པ་འདྲ་སྟེ་ཡལ་དུ་ཉེ། །དབུགས་ནི་བ་ཐག་འདྲ་སྟེ་ཤིན་ཏུ་རྙི། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །སྙིང་པོ་མེད་ལ་སྙིང་པོ་རེ་རེ་ནས། །དལ་བ་ཡིད་བཞིན་ནོར་བུ་སྟོང་པར་སློག །གཏན་གྱི་དགོས་འདོད་རླུང་ལ་བསྐུར་ནུས་སམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །སྔོན་བསགས་དབང་གིས་ཐེངས་གཅིག་འབྱོར་པའི་ལུས། །གཏད་པ་མདོ་མེད་གཅིག་གིས་སྐྱེལ་བར་རིངས། །ད་དུང་ཡིན་དུ་རེ་བའི་བསམ་རླག་པོ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཕན་པའི་གཏམ་ཞིག་ཐོས་ན་སྐྱོ་སུན་ལྡང་། །དགོས་མེད་ལོང་གཏམ་སྒྲོག་ལ་ཉིན་མཚན་བྲེལ། །ལས་འབྲས་སུན་འབྱིན་བག་མེད་བསྒྲུབ་ཕོད་དམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །གཅིག་པུར་སྡོད་ཚེ་སྐྱིད་འདོད་འདུ་འཛི་བསམ། །མང་པོའི་ཁྲོད་ན་ངོ་དགའ་གསར་འགྲོགས་ཆེ། །རེས་འགའ་ཞུམ་དང་རེས་འགའ་ང་རྒྱལ་བས། རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཆེ་ལ་འགྲན་འདོད་མཉམ་ལ་ཕྲག་དོག་ཅིང་། །དམན་ལ་བརྙས་བཅོས་གཞན་དུ་ཟུག་རྔུ་ཅན། །ཞེ་ལ་ཆོས་བརྒྱད་འཚངས་པའི་པདྨ་དཀར། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །བཟང་པོ་འདོད་ནས་ངན་པའི་བྱ་བ་རྩོམ། །སྐྱིད་འདོད་སྡུག་བསྔལ་རྒྱུ་ལ་རྟག་པར་སྤྱོད། །རང་སེམས་མ་ཐུལ་གཞན་མའི་སློབ་དཔོན་བགྱིད། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །གོང་མ་མི་བཀུར་ཅི་མཛད་ཉེས་པར་མཐོང་། །དམན་པ་མི་སྐྱོང་སྒོ་གསུམ་ངལ་སར་གཏོད། །བར་མ་རྣམས་ལ་གཞོགས་སྨོད་འཕྱ་ཡིས་འདེབས། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །བསྟོད་ཅིང་བསྔགས་པའི་ཡུལ་ནི་རང་ལ་བྱེད། །སྨད་ཅིང་མི་སྙན་ཚིག་གིས་གཞན་སྐྱོན་གླེང་། །ཟང་ཟིང་ཕྱོགས་སུ་གདམ་ངག་ཐམས་ཅད་སྤུང་། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །བདག་ལ་གུས་ན་གཞན་གྱི་ཕྱོགས་དང་འབྲེལ། །ངོ་སྲུང་ལུས་ངག་ཡིད་གསུམ་འབུངས་ལ་རྩོམ། །འབྱོར་པ་ཕ་རོལ་སླུ་བའི་ཆེད་དུ་སྤུངས། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཐོས་བསམ་སྒོམ་པ་ཅུང་ཟད་བགྱིས་པ་ཡང་། །འཇིག་རྟེན་གྲགས་པའི་ཆེད་དང་སྒྲུབ་པར་ཐལ། །ཚུལ་ཁྲིམས་བསྲུང་བའང་གཞན་མས་མཆོད་དུ་རེ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །སློབ་པའི་དུས་སུ་ལེ་ལོས་ཕྱི་བཤོལ་བྱས། །སྒོམ་པའི་དུས་སུ་རྣམ་གཡེང་འདུ་འཛིས་གཡེངས། །ཕྱིས་ནས་གཞན་མའི་སློབ་དཔོན་བྱེད་པར་རིངས། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །སྐྱེ་བོ་རྣམས་ཀྱིས་བཟང་པོར་བསམས་ནས་བཀུར། །རང་ཉིད་དཀོར་གྱིས་སྨྱོ་ནས་བག་འཁྱལ་སྤྱོད། །བཙན་ས་རྫུན་ལ་རེ་བའི་པདྨ་དཀར། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །རང་གིས་ཆོས་བཞིན་མ་བྱས་རྣམ་སྨིན་གྱིས། །འཁོར་སློབ་ཕལ་ཆེར་བན་མ་ཧོར་འདྲར་སོང་། །དད་ཟས་མ་འཇུ་ཕྱི་མའང་ངན་འགྲོའི་རྒྱུ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཀྱེ་མ སྙིགས་མའི་དུས་སུ་སྣ་ཐག་མགོར་དཀྲིས་ནས། །མཐོ་དམན་ཅིག་ལ་བློ་རྩེ་མ་གཏད་ན། །རྒྱུ་སྙོམ་ཁོ་ནས་དགོས་པ་མི་འགྲུབ་པས། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །ཚེ་ཡུན་ཤེས་བྱའི་མཐའ་ལ་ཟད་པ་མེད། །བསྟན་ལས་སྙིང་པོ་ཙམ་ཞིག་བླང་བྱས་ནས། །གཅིག་པུར་དབེན་པར་བསྒོམས་ན་མི་འཐད་དམ། །རང་སེམས་ནང་དུ་ཁུག་ལ་བསམ་མནོ་ཐོང་། །རྒྱལ་ཁམས་ཕལ་ཆེར་ཆོས་མིན་ཁོ་ནས་མགུ །ཆོས་མིན་བགྱིད་དུ་རྒྱལ་བའི་གསུང་དང་འགལ། །མི་རྣམས་ཇི་ལྟར་ཟེར་ཡང་ཆོས་བཞིན་གྱིས། །ཤི་འམ་གསོན་ཀྱང་འགྱོད་པར་མི་འགྱུར་རོ། །ཆོས་རྣམས་ཀུན་གྱི་རྩ་བ་སེམས་ཡིན་ལ། །སེམས་ཉིད་རྟག་ཏུ་དྲན་པས་བཏུལ་གྱུར་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་དགྲར་ལངས་ཀྱང་། །བ་སྤུའི་རྩེ་མོ་ཙམ་ཡང་བསྐྱོད་མི་ནུས། །འཁོར་དང་མྱ་ངན་འདས་པའི་ཆོས་ཐམས་ཅད། །ཤེས་རབ་མིག་གིས་བལྟས་ཀྱང་འགའ་ཞིག་ཀྱང་། །རྙེད་མིན་དེ་ལ་རང་གི་རིག་པ་ཟེར། །གཞན་གྱིས་བརྗོད་པའི་མཐུ་ཡིས་ཤེས་མི་འགྱུར། །དེ་སྐད་གྲུབ་པའི་འབྱུང་གནས་ར་ལུང་ཐེལ། །གངས་ཅན་ལྟེ་བ་དེ་ཡི་རི་བོའི་སྤོར། །བོད་ཡུལ་ཤར་གྱི་དགེ་སློང་སྤོང་བ་པ། །མི་ཕམ་པདྨ་དཀར་པོ་ཞེས་བྱ་བས། །རང་ལ་བསྐུལ་མ་གཞན་ལ་བསླབ་བྱར་བཀོད། །དེས་ཀྱང་རྒྱལ་བའི་བསྟན་པ་རིང་གནས་ཤོག །མི་ལུས་ཐོབ་ཚེ་བཤེས་གཉེན་མ་བསྟན་ན། །རྒྱ་ཆེ་ཟབ་མོའི་ཆོས་དང་མི་མཇལ་བས། །ལེགས་ཉེས་བླང་དོར་དབྱེ་བ་ཕྱེད་མི་འགྱུར། །མང་ཐོས་སྦྱངས་པ་གྱིས་ཞེས་སྙིང་གི་གཏམ། །ལེགས་པར་སྦྱངས་ཀྱང་བསྒོམས་ལ་མ་འབད་ན། །བཤད་པ་ཐོག་ཏུ་ཁེལ་བ་ཆེས་བཀའ་ཞིང་། །རྐྱེན་ངན་བྱུང་ཚེ་གཉེན་པོས་ཟིན་མི་ཐུབ། །རྩེ་གཅིག་སྒྲུབ་པ་གྱིས་ཞེས་སྙིང་གི་གཏམ། །དང་པོའི་དུས་སུ་འདུ་འཛི་མ་སྤངས་ན། །སྔར་གོམས་སྲེད་པ་ལངས་པའི་དགའ་གདུངས་ཀྱིས། །རྟོག་པའི་གསེབ་ན་དྲན་ཤེས་བཙལ་རྙེད་ཙམ། །འཇིག་རྟེན་བྱ་བ་ཐོང་ཞེས་སྙིང་གི་གཏམ། །སྒོམ་པའི་དུས་སུ་དྲན་པས་མ་བཞུར་ན། །བྱིངས་རྒོད་རྨོངས་པ་གསུམ་གྱི་རེ་མོས་སམ། །ཡང་ན་མི་རྟོག་ཧད་པོར་འཁྱམ་ཉེན་གདའ། །སྒོ་གསུམ་སྲང་དུ་ཆུག་ཅེས་སྙིང་གི་གཏམ། །དྭངས་སྙིགས་ཕྱེད་ཚེ་ལྷུག་པར་མ་བཞག་ན། །ཧ་ཅང་བཅིངས་པས་སེམས་ཀྱི་འཆར་སྒོ་ལྡང་། །བགག་ཀྱིན་མང་དུ་སོང་ན་སྐྱོ་སུན་སྐྱེ། །མ་ཡེངས་དྲན་པ་བསྟེན་ཞེས་སྙིང་གི་གཏམ། །གནས་པའི་དུས་སུ་ཞེན་མེད་མ་བསྐྱངས་ན། །བདེ་གསལ་མི་རྟོག་ལ་ཞེན་ཁམས་གསུམ་འཕེན། །གཏན་དོན་ཐར་པའི་དགེ་ལེགས་མི་འབྱུང་བས། །མ་བཅོས་ལྷུག་པར་སྐྱོངས་ཞེས་སྙིང་གི་གཏམ། །བསྟན་པ་ཐོབ་ཚེ་སྒོམ་དེ་མ་སྟོར་ན། །ཉམས་ཀྱི་ཏིང་འཛིན་དེ་ལ་ཡུན་རིང་འབྱམ། །འགོག་པ་གཞན་དུ་རྫོགས་པའི་སངས་རྒྱས་དཀའ། །སེམས་རྒྱུ་ཀུན་ལ་དཔྱོད་ཅེས་སྙིང་གི་གཏམ། །རིག་པས་བརྟག་ཚེ་སྣང་ཐོག་མ་བལྟས་ན། །སྟོང་ཉིད་རང་ངོ་རིག་པར་མི་འགྱུར་ཞིང་། །གང་ཤར་སྒོམ་དུ་འགྲོ་བ་མི་སྲིད་པས། །ཚོགས་དྲུག་ཐད་གར་ཁྱེར་ཞེས་སྙིང་གི་གཏམ། །སྒོམ་སྐྱེའི་དུས་སུ་མོས་གུས་མི་ཆེ་ན། །ཡོན་ཏན་གོང་མའི་འབྲས་བུ་འབྱུང་དཀའ་ཞིང་། །བཟང་ངན་སྣང་བ་ལམ་དུ་ཁྱེར་མི་བཏུབ། །དད་གུས་འགྱུར་མེད་ཅེས་ཞེས་སྙིང་གི་གཏམ། །ཀུན་ཏུ་མི་རྟག་འཆི་བ་མ་བསྒོམས་ན། །ཚེ་སྲོག་གཡོ་བ་སྤྲིན་ལྟར་གཏུགས་གྱུར་པས། །ལོང་ཡོད་ཕྱི་བཤོལ་བྱས་ན་རང་ཉིད་བསླུས། །སྐྱོ་ཤས་ངེས་འབྱུང་སྐྱེས་ཞེས་སྙིང་གི་གཏམ། །རྟོགས་ཀྱང་གཞན་དོན་བསྒྲུབ་ལ་མི་བརྩོན་ན། །སྒྲིབ་གཉིས་དགྲ་ཡི་མགོ་བོ་མི་ཆོམས་ཤིང་། །ཐར་པའི་གྲོང་ཁྱེར་ཆེན་པོར་བགྲོད་དཀའ་བས། །ཀུན་རྫོབ་རྟེན་འབྲེལ་སྒྲིགས་ཞེས་སྙིང་གི་གཏམ། །ཞེས་པ་རྩེ་ཆེན་མངོན་དགའ་ཆོས་སྡེའི་སློབ་དཔོན་རབ་འབྱམས་བྱམས་པ་བསྟན་པའི་གསལ་བྱེད་ལ་གདམས་པའོ།། ༈ རྟེན་འབྲེལ་གྱི་སྒོམ་ཐབས་གཉིས་ཀྱི་ཞལ་གདམས་ཚིགས་སུ་བཅད་པ། རྣལ་འབྱོར་རིག་པའི་སེང་གེ་ལ་གནང་བ། ཐམས་ཅད་མཁྱེན་དང་འགྲོ་བའི་མགོན། །རྩ་བའི་བླ་མར་ཕྱག་འཚལ་ལོ། །དབེན་པའི་རི་ལ་བསམ་གཏན་གྱི། །ཁང་བུ་ཤིན་ཏུ་ཡིད་འོང་བར། །བསེ་རུ་ལྟ་བུར་འདུག་པར་བྱ། །གྲོགས་ལྡན་སྨྲ་བ་བཅད་ནས་ཏེ། །རྣམ་སྣང་གི་ནི་ཆོས་བདུན་གྱིས། །རང་ཉིད་ཐུབ་པར་བལྟས་བྱས་ནས། །ལམ་ཟབ་བླ་མའི་རྣལ་འབྱོར་བྱ། །མདུན་དུ་ཟླ་བའི་དཀྱིལ་འཁོར་ལ། །བརྟེན་ཏེ་རང་སེམས་འདུལ་བར་བྱ། །འདས་ལ་མི་མནོ་མ་འོངས་པ། །མི་སེམས་ད་ལྟར་དཔྱད་མི་བྱ། །མ་ཡེངས་མ་བཅོས་ལྷུག་པར་བཞག །མར་མེའི་རྩེ་མོ་བཅིངས་པ་དང་། །ཆུ་བོའི་རྒྱུན་བཞིན་ཀུན་ཏུ་བསྐྱངས། །གང་མཐོང་གང་སྣང་དེ་ཉིད་ལས། །སྟོང་ཉིད་གཞན་དུ་མི་རྙེད་པས། །ཚོགས་དྲུག་མི་སྤོང་ཐོག་ཏུ་བཞག །མི་མཐུན་ཐམས་ཅད་གྲོགས་སུ་འཁྱེར། །ཇི་ལྟར་ཤར་ཡང་བཟོ་མི་བྱ། །བྱམས་དང་སྙིང་རྗེའི་ཆུ་ཡིས་བརླན། །བྱང་ཆུབ་སེམས་ཀྱིས་ཡུན་དུ་བསྐྱངས། །རྗེས་ལ་དགེ་བ་རྒྱ་ཆེར་སྤེལ། །སེམས་ཅན་ཀུན་ལ་བགོ་བར་བྱ། །སྡིག་པ་མཐའ་དག་སྦྱང་བར་བགྱི། །ཀུན་གྱི་དུཿཁ་གང་ཡིན་འཁུར། །མོས་གུས་ཀྱི་ནི་གྲོགས་མཆོག་བཙལ། །དེ་ལྟར་བཤད་འདི་མདོ་ཙམ་སྟེ། །བླ་མའི་གསུང་གིས་བརྒྱན་པར་བྱོས། །ཞེས་པའོ།། ༈ མདོ་ཁམས་བྱ་བཏང་བསྟན་པ་རྒྱལ་མཚན་ལ་གནང་བ། གསང་སྤྱོད་དང་འབྲེལ་བའི་ཞལ་གདམས། དཔལ་ལྡན་རྗེ་བཙུན་ནཱ་རོ་པ། །བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ལྷ་འདྲེར་འཛིན་པ་རང་སར་དག །འཁོར་འདས་ཐམས་ཅད་གཅིག་ཏུ་འདྲེས། །མི་མཐུན་རྐྱེན་རྣམས་གྲོགས་སུ་སོང་། །སྤང་དང་བླང་བ་བྱ་རྒྱུ་ཟད། །ལྟ་བའི་གོ་ཆ་དེ་ལྡན་ཡང་། །དགོས་འདོད་ཀུན་གྱི་འབྱུང་ས་དེ། །བླ་མ་ཡིན་པས་གསོལ་བ་ཐོབ། །ཅི་མཛད་ལེགས་པར་མཐོང་གྱུར་པས། །མོས་གུས་ལྟེམ་རྐྱང་མི་གདའ་ན། །ཚེ་འདི་འཚང་རྒྱ་ཐེ་ཚོམ་མེད། །རེས་འགའ་སྤྲོས་བཅས་དྲག་པོ་ཡིས། །སྣང་བའི་ཐོག་ཏུ་རྩལ་སྦྱང་ཞིང་། །རེས་འགའ་ཤིན་ཏུ་སྤྲོས་མེད་ཀྱིས། །སྟོང་ཉིད་སྟེང་དུ་བརྡར་ཤ་དཔྱད། །སྐབས་སུ་དམིགས་པའི་མཚོན་ཆ་ཡིས། །ཀུན་རྫོབ་འཁྲུལ་པའི་རྫུན་འཚང་འདོན། །ཀུན་ཏུ་བྱར་མེད་ངང་ལ་བཞག །མ་ཡེངས་མི་སྒོམ་འདི་ལྟར་ཞོག །བདག་ཏུ་འཛིན་པ་མ་བཅོམ་ན། །དབེན་པ་འགྲིམ་ཀྱང་དོན་གོ་ཆུང་། །དེ་ཕྱིར་ཐོག་བརྫིས་སྤྱོད་པ་ཡིས། །རེ་དང་དོགས་པའི་མགོ་བོ་ཆོག །ཆོས་བརྒྱད་བློ་ངན་ཡུལ་ནས་ཐོན། །གཉིས་སུ་མེད་པའི་མདུད་པ་ཕྲོལ། །དེ་སྐད་བརྗོད་པ་ཆ་ཤས་ཙམ། །བླ་མའི་གདམས་པས་གནད་གྲོལ་གཅེས། །ཤུ་བྷཾ།། ༈ ལྟ་སྒོམ་སྤྱོད་པ་མདོ་ཙམ་བསྟན་པ་སྙིང་པོར་འཇུག་པ། རྡོ་རྗེ་འཆང་དབང་བླ་མ་ལ། །ཀུན་ནས་དད་པས་ཕྱག་བགྱིས་ཏེ། །སྙིང་པོའི་དོན་ལ་འཇུག་པའི་གཏམ། །ཆུ་ཐིག་ཙམ་ཞིག་འདི་ནའོ། །རྟོགས་དང་མི་རྟོག་འཁོར་བ་དང་། །མྱ་ངན་འདས་པས་མ་གུས་པའི། །ཐོག་མ་དང་ནི་ཐ་མ་མེད། །ལྷན་གཅིག་ཅེས་པ་གཉུག་མའི་སེམས། །ཡོད་མིན་མེད་པ་མ་ཡིན་ཞིང་། །གཉིས་མིན་གཉིས་ཡིན་མིན་དེས་ན། །རྟག་དང་ཆད་དང་དངོས་པོ་དང་། །དངོས་པོ་མེད་ལས་རྣམ་པར་འདས། །དེ་ཉིད་བསམ་གྱིས་མི་ཁྱབ་ཅིང་། །གཞལ་དུ་མེད་པ་དཔག་མེད་ཕྱིར། །གཞན་གྱི་བརྗོད་པས་མི་རྟོག་པས། །རང་གིས་རིག་པར་བྱ་བ་ཡིན། །གཞོན་ནུ་མ་ཡི་མྱོང་བའི་བདེ། །འདི་ལྟ་འོ་ཞེས་སྨྲ་མི་ནུས། །དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང་། །ཇི་བཞིན་བརྗོད་ལ་ཚིག་གིས་འཕོངས། །འོན་ཀྱང་རྒྱལ་བའི་ཡོན་ཏན་ཀུན། །སྐྱེད་པའི་མ་མ་བླ་མ་ཡི། །དྲིན་གྱི་སྐད་ཅིག་གཅིག་ཉིད་ལ། །འཆར་རོ་ཐབས་གཞན་མང་པོས་མིན། །སྟོང་པ་མིན་ལ་མི་དམིགས་ཤིང་། །སྟོང་པ་ཉིད་དུའང་མི་བསམ་ལ། །ཡིད་ལ་བྱེད་པས་མི་དཔྱད་པར། །ལྷུག་པ་ཉིད་དུ་གནས་པར་བྱ། །གང་ཚེ་སེམས་གླང་མ་ཐུལ་ན། །དྲན་པའི་ལྕགས་ཀྱུས་ཡན་མི་བཏང་། །བཅིངས་པར་གྱུར་པས་དེ་ངལ་ན། །རྒྱ་ཡན་གློད་དང་རང་སར་གནས། །གང་དག་ཀུན་ལ་བལྟ་འདོད་ན། །དེས་ནི་གང་ལའང་བལྟ་མི་བྱ། །ཇི་ལྟར་ལྟ་བ་ཡོངས་བྲལ་ན། །དེ་དེས་ཤེས་བྱ་ཀུན་ལ་ལྟོས། །འགྲོ་བ་དང་ནི་འཆག་དང་ཉལ། །འདུག་པ་གནས་སྐབས་ཐམས་ཅད་དུ། །མཚན་མར་འཛིན་པས་མི་གཡེང་བར། །མ་བཅོས་གཉུག་མའི་ངང་དུ་ཞོག །དེ་ལྟ་མོད་ཀྱང་སྒྱུ་མ་མཁན། །མཁས་པས་སྒྱུ་མ་འགྱེད་པ་བཞིན། །སྟོང་པ་ཉིད་ལས་སྙིང་རྗེའི་བློས། །འགྲོ་རྣམས་འཆིང་བྱེད་མི་ཟད་པ། །དེ་དེས་རྣལ་འབྱོར་གྲོལ་བྱེད་པ། །དཔེར་ན་ནགས་ལ་མཆེད་པའི་མེ། །རླུང་གིས་བསྐྱོད་པ་ལྟ་བུའོ། །ཀྱཻ་དང་པོའི་ལས་ཅན་དག །བྱིང་ན་མི་རྟག་བློ་ཤས་བསྐྱེད། །རྒོད་ན་སྲིད་པའི་ཉེས་མཚང་འདྲུ། །རྨུགས་ན་རིག་པ་ངར་བསྐྱེད་དོ། །ཅེས་པ་འདི་པདྨ་དཀར་པོས་ཉུང་ངུ་ལ་མོས་པའི་ངོར་བགྱིས་པའོ།། ༈ ཕྱོགས་སུ་ཡོན་ཏན་སྣང་བ་སྤྲོ་མཛད་པས། །ཉེས་པའི་མུན་སེལ་འགྲོ་བ་བསིལ་བྱེད་པ། །འཇམ་དཀར་ཀུ་མུཏ་གཉེན་དེ་བདག་གི་ནི། །ཡིད་མཚོར་རིང་དུ་རོལ་བར་མཛད་དུ་གསོལ། །འཁོར་བའི་འཁོར་ལོ་འདི་ལ་ཕར་ལྟོས་དང་། །སྐྱེ་དགའ་ན་འཆི་བཞི་པོ་རེ་མོས་ཏེ། །ཅི་ལ་བསམས་ཀྱང་ཐར་བར་མི་འདུག་པས། །ད་ནི་ཐར་པའི་ལམ་ཆེན་བཙལ་ན་ལེགས། །འཇིག་རྟེན་བྱ་བ་ཀུན་ལ་ཕར་ལྟོས་དང་། །བྱས་པ་ཐམས་ཅད་སྡུག་བསྔལ་ཁོ་ནའི་རྒྱུ། །ཅི་ལ་བསམ་ཀྱང་ཕན་པ་མི་འདུག་པས། །ད་ནི་གཏན་འདུན་དགེ་བ་བསྒྲུབས་ན་ལེགས། །ཚེ་འདི་སྣང་བ་དག་ལ་ཕར་ལྟོས་དང་། །སྡུག་བསྔལ་བདེ་བར་བཟུང་བས་ཆགས་པ་ཉིད། །ཅི་ལ་བསམ་ཀྱང་བློ་ཐུབ་མི་འདུག་པས། །ད་ནི་དམ་པའི་ཆོས་ལ་འབད་ན་ལེགས། །ཉེ་དུ་དགྲ་བོ་རྣམས་ལ་ཕར་ལྟོས་དང་། །དགྲ་གཉེན་མ་ངེས་འཕྲལ་མར་འགྱུར་བ་སྟེ། །ཅི་ལ་བསམ་ཀྱང་འབྲེལ་བ་མི་འདུག་པས། །ད་ནི་མཚན་ལྡན་བླ་མ་བསྟེན་ན་ལེགས། །ནོར་རྫས་མངའ་རིས་ཡོངས་ལ་ཕར་ལྟོས་དང་། །བསགས་བསྲུང་བརླག་པས་ཟུག་རྔུ་སྐྱེ་བའི་རྟེན། །ཅི་ལ་བསམ་ཀྱང་སྙིང་པོ་མི་འདུག་པས། ད་ནི་འཕགས་པའི་ནོར་བདུན་བསགས་ན་ལེགས། མི་རྟག་ངེས་པའི་ཚེ་ལ་ཕར་ལྟོས་དང་། ཡུད་ཙམ་མི་སྡོད་ལོང་མེད་གཡོ་བ་སྟེ། ཅི་ལ་བསམས་ཀྱང་རྟག་པ་མི་འདུག་པས། །ད་ནི་བརྩོན་འགྲུས་དྲག་པོས་ཉམས་ལེན་ལེགས། །ཐ་སྙད་གཞུང་ལུགས་ཀུན་ལ་ཕར་ལྟོས་དང་། །ཐམས་ཅད་རང་སེམས་འཁྲུལ་པར་བྱེད་པའི་རྐྱེན། །ཅི་ལ་བསམ་ཀྱང་ཟད་པ་མི་འདུག་པས། །ད་ནི་བླ་མའི་གདམས་ངག་བསྟེན་ན་ལེགས། མ་དུལ་སེམས་ཀྱི་གླང་པོར་ཕར་ལྟོས་དང་། ཡུལ་ལ་མངོན་དགའི་ཞེན་པས་འཕྱོ་བ་ཉིད། །ཅི་ལ་བསམས་ཀྱང་བཟློག་པ་མི་འདུག་པས། ད་ནི་དྲན་པའི་ར་བར་བཅུག་ན་ལེགས། །བཅོས་མའི་སྒོམ་པ་ཀུན་ལ་ཕར་ལྟོས་དང་། བྱིང་རྨུགས་རྣམ་པར་རྟོག་པའི་བརྗེ་ལེན་ཏེ། །ཅི་ལ་བསམས་ཀྱང་གྲོལ་བ་མི་འདུག་པས། །ད་ནི་མ་བཅོས་ལྷུག་པར་བཞག་ན་ལེགས། །བློས་བྱས་ལྟ་བ་ཀུན་ལ་ཕར་ལྟོས་དང་། །ཉོན་མོངས་རྐྱེན་གྱིས་སླེབ་དུས་རྒྱ་ཡན་ཤོར། །ཅི་ལ་བསམས་ཀྱང་དགོས་པ་མི་འདུག་པས། ད་ནི་རང་སེམས་གཏན་ལ་ཕབ་ན་ལེགས། །ཚོགས་དྲུག་སྣང་བ་ཀུན་ལ་ཕར་ལྟོས་དང་། །མེད་བཞིན་སྣང་བའི་སྐྱུ་མར་ཞེན་པ་ཉིད། ཅི་ལ་བསམས་ཀྱང་སྤོང་བ་མི་འདུག་པས། །ད་ནི་གང་ཤར་སྟེང་དུ་བཞག་ན་ལེགས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཕར་ལྟོས་དང་། །ཐོག་མེད་དུས་ནས་བསྐྱངས་པའི་དྲིན་ཅན་མ། །ཅི་ལ་བསམ་ཀྱང་ཕྱོགས་རིས་མི་འཐད་པས། །ད་ནི་བརྩེ་བའི་ཐབས་ཀྱིས་བསྐྱངས་ན་འཐད། །རང་གཞན་དགེ་ལེགས་ཀུན་ལ་ཕར་ལྟོས་དང་། །དཀོན་མཆོག་དམ་པའི་དྲིན་ལས་བྱུང་བས་ན། །ཅི་ལ་བསམས་ཀྱང་རང་སྒོར་མི་བརྩི་བར། །ད་ནི་གདུངས་ཤུགས་ཆེན་པོས་མོས་གུས་ལེགས། །ལུས་དང་ངག་གིས་བྱེད་པར་ཕར་ལྟོས་དང་། །དགའ་དང་མི་དགའ་ཐམས་ཅད་འདི་ཡིས་བྱས། །ཅི་ལ་བསམ་ཀྱང་བབ་ཅོལ་མི་བྱ་བར། །ད་ནི་ཡིད་ཀྱིས་བརྟགས་ནས་དཔྱད་ན་ལེགས། །མདོར་ན་དམ་པའི་མཛད་པར་ཕར་ལྟོས་དང་། །སྒྲུབ་དང་སྤོང་བར་འོས་པ་ལེགས་བྱེད་ཀྱིས། །ཅི་ལ་བསམས་ཀྱང་སྙོམས་སེམས་མི་བསྐྱེད་པར། །ད་ནི་སྤང་བླང་བསྟུན་ཏེ་བྱས་ན་ལེགས། །དེ་སྐད་སྙིང་རྗེའི་ཚོར་ནས་པདྨ་དཀར། །དད་པའི་བསེར་བུས་དལ་གྱིས་བསྐུལ་བ་ན། །སྙན་ཚིག་དྲི་བསུང་དམ་པ་འདི་སྤྲོ་བས། །བློ་གསལ་བུང་བའི་ཚོགས་རྣམས་དགའ་གྱུར་ཅིག །ཅེས་པའི་ཚིགས་བཅད་པད་དཀར་དྲི་བསུང་ཞེས་པ་འདི་ཡང་། ལྷ་ཁང་ནས་ཆོས་མཛད་གོས་དཀར་སྒྲོལ་མས་བརྒྱ་འབུལ་བཅོ་ལྔ་ཙམ་བགྱིས་དུས་བསྐུལ་བ་བཞིན། མཁར་ཆུ་དུང་གི་བྲག་རི། བྱང་ཆུབ་སྙིང་པོས་ངོགས། རིན་པོ་ཆེའི་གླིང་། ནོར་བུ་སྤུང་པའི་གཞལ་མེད་ཀྱི་ཁང་པར་སྦྱར་བའོ།། ༈ སྙིགས་དུས་ཚེ་ཐུང་ལྷག་པར་རྐྱེན་ངན་མང་། །འཆི་བདག་བདུད་ཀྱི་དལ་བྲེལ་མི་བལྟ་གཞོམ། །མཛའ་བཤེས་ནོར་རྫས་འཛོམ་ཡང་དེར་མི་ཕན། །ལྷ་ཆོས་སྙིང་ནས་མཛོད་དང་རིགས་ཀྱི་བུ། །ཅོལ་ཆུང་བྱིས་པའི་གཏམ་ལ་དགོས་པ་ཅི། །ཐ་སྙད་ཚིག་གི་ཕ་མཐའ་སུ་ཡིས་ཆོད། །ཁ་བཤད་ཁྲམ་དུ་ཟད་པས་རྐྱེན་མི་ཐེག །བླ་མའི་མན་ངག་འཚོལ་དང་རིགས་ཀྱི་བུ། །མཐོང་ཐོས་ཤེས་པ་བཀག་པས་ག་ལ་ཁེགས། །སེམས་འཛིན་རྟོག་པའི་རི་མོ་འཁོར་བའི་རྒྱུ། །མ་བཅོས་ལྷུག་པར་འཇོག་པ་སངས་རྒྱས་ལམ། །དེ་ལ་རྩེ་གཅིག་བསྟེན་དང་རིགས་ཀྱི་བུ། །སྣ་ཚོགས་ཡུལ་ལ་ཤེས་པ་ཙམ་འཕྲོ་ཡང་། །གང་ཤར་སྟེང་དུ་གློད་པའི་གནད་ཟིན་ན། །ཆུ་ལ་ཆུ་གཞག་ལྟ་བུར་གཉིས་མེད་པའི། །རང་མཚང་རིག་པ་འདི་སྒོམས་རིགས་ཀྱི་བུ། །གསལ་ཡང་སྟོང་པ་གཞན་དུ་མི་སྟོང་ཞིང་། །སྟོང་ཡང་སྣང་བ་འགག་པར་མ་གྱུར་ན། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལམ་ཡིན་པས། །ཆུ་བོའི་རྒྱུན་བཞིན་སྐྱོངས་དང་རིགས་ཀྱི་བུ། །ཞེས་པ་སྡེ་པ་ཆོས་རྒྱལ་རིན་ཆེན་ལ་གཡུལ་རྒྱལ་རྫོང་དུ་གདམས་པའོ།། ༈ ཆགས་སྡང་བྱས་པའི་རྣམ་སྨིན་རང་ལ་འབྱུང་། །དགྲ་གཉེན་མི་བརྟན་འཕྲལ་མར་འགྱུར་ནས་འགྲོ། །དེ་ལ་ཨ་འཐས་བྱེད་རྣམས་རང་འཁྲུལ་བས། །ཀུན་ལ་སྙོམས་པའི་ཕན་སེམས་བརྟེན་མཛོད་དང་། །གཤིས་ངན་སེར་སྣ་སྒོས་སུ་གལ་རྣམས་ཀྱིས། །ནོར་དང་མངའ་ཐང་ཐ་མ་སུས་ཁྱེར་མེད། །གཏན་བདེ་བཞེད་ན་བདོག་པ་ཅི་ཡོད་པ། །ལྷག་བསམ་དག་པས་སྦྱིན་པར་ཐོང་དང་དགེ །བྱ་བཞག་ཕལ་ཆེར་དོན་མེད་སྡུག་བསྔལ་རྒྱུ། །ཕན་ངེས་སྡིག་སྤོང་དགེ་བ་བསྒྲུབ་པ་ཉིད། །དེ་ལ་དབང་ཡོད་དུས་སུ་མ་གདམས་ན། །ཕྱིས་ནས་བསམ་བློ་ཐོག་ཏུ་འཁྱོལ་བར་དཀའ། །འཁོར་བའི་ཉེ་དུ་མཛའ་ཡང་འཆིང་བའི་སྒྲོག །གཏན་གྱི་བློ་གཏད་ཐུབ་པ་བླ་མ་ཡིན། །དེ་ལ་མོས་གུས་ལྟེམ་བརྐྱང་མ་ཤོར་ན། །གང་བསམས་འགྲུབ་པར་ངེས་སོ་དད་ཅན་མ། །འདི་ཡང་ལྷ་ཁང་ནས་ཨ་ཆེ་དཀོན་མཆོག་བུ་ཁྲིད་ལ་སྲིབ་མོ་མཁར་དུ་གདམས་པའོ།། ༈ ལམ་ཟབ་གདམ་པའི་སྙིང་པོ་བཞུགས་སོ། །རྗེ་བཙུན་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །གང་གང་ཐར་པའི་གྲོང་ཁྱེར་དུ། །འཇུག་པ་དེ་དེར་ཐོག་མ་དང་། །བར་དང་མཐའ་མར་དགེ་བ་གང་། །ལམ་ཟབ་བླ་མའི་རྣལ་འབྱོར་རོ། །ལུས་དང་ངག་ཡིད་ཡེ་ཤེས་ཀྱི། །དྲི་མ་དག་བྱ་དག་བྱེད་ཀྱི། །མཆོག་དེས་བཟང་པོ་སྨིན་མཛད་པའི། །རྡོ་རྗེ་སློབ་དཔོན་དེ་ལ་འདུད། །ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་དྲིལ་ནས་གསོལ་གདབ་ན། །གང་འདོད་རེ་བ་སྐོང་བའི་རྗེ། །ཡིད་བཞིན་ནོར་བུ་དེ་ལ་འདུད། །ཁམས་གསུམ་དང་ནི་གཡོ་བ་གང་། །གདོད་ནས་གྲུབ་པའི་དཀྱིལ་འཁོར་ཞེས། །རྣམ་པ་གང་གིས་ཁྱབ་བྱེད་ནི། །དཔལ་ལྡན་བླ་མའོ་དེ་ལ་འདུད། །དེ་ཡང་གང་ཞིག་དྲན་པ་ཡིས། །འཁོར་བའི་ཉེས་པ་དྲུངས་ཕྱུང་ནས། །སངས་རྒྱས་ཀུན་གྱི་བདག་ཉིད་དུ། །བྱེད་པ་དེ་ལའང་ཕྱག་འཚལ་ལོ། །ཇི་ལྟར་ཇི་ལྟར་བཙལ་གྱུར་པ། །དེ་ལྟར་དེ་ལྟར་རྙེད་དཀའ་བའི། །གསང་བ་ཀུན་གྱི་གསང་བ་ཆེ། །རང་གིས་རིག་བྱ་དེ་ལ་འདུད། །བརྟན་དང་གཡོ་བ་དེའི་རང་བཞིན། །དེ་ཉིད་རྣམ་པ་ཐམས་ཅད་པས། །ཆུ་དང་རླབས་ལྟར་རོ་མཉམ་པའི། །གསང་བ་དེར་ནི་ཕྱག་བགྱིའོ། །སྒྲིབ་པ་ཀུན་ལས་ངེས་གྲོལ་བས། །སྐྱེ་བ་མེད་ཅིང་འགག་མེད་ཀྱང་། །རྣམ་པ་ཐམས་ཅད་གཞན་ཕན་ལ། །གཡེལ་བ་མེད་ལ་ཕྱག་འཚལ་ལོ། །དེ་ནི་རྡོ་རྗེ་འཆང་གིས་བཤད། །དཔའ་བོ་ཆེན་པོའི་རིམ་པས་འོངས། །དཔལ་ལྡན་ངག་གི་དབང་ལས་ཐོས། །པདྨ་དཀར་པོའི་སྦྱིན་བྱའོ། །འདི་ཡང་ཆོས་རྒྱལ་བྱའི་རིགས་ས་སྐྱོང་མཚོ་སྐྱེས་རྡོ་རྗེའི་བཀའི་ངོར་བགྱིས་པའོ།། ༈ དཔལ་འབྲུག་པ་ཡབ་སྲས་ལ་ཕྱག་འཚལ་ལོ། །དྲན་པའི་ཐིགས་པ་ཡིད་ལ་ལྷུང་བས་ཀྱང་། །སྲིད་པའི་གདུང་བས་གླགས་རྙེད་མི་འགྱུར་བའི། །དམ་ཆོས་བདུད་རྩིའི་ཆར་པ་སྤྲོ་མཛད་པ། །བཀའ་རྒྱུད་སྤྲིན་གྱི་ཕྲེང་བ་དེ་དག་རྒྱལ། །ཉམ་ང་འཁོར་བའི་བཙོན་ར་འཇིགས་རུང་འདིར། །སྐྱིད་དུ་རེས་ཀྱང་མི་བཟད་སྡུག་བསྔལ་གྱིས། །ཁོར་མོ་གཙེས་པའི་ཟུག་རྔུ་འཚལ་བའི་ཡིད། །དམ་པའི་ཆོས་ལ་གདུང་བ་སུ་ཡིས་ལྷོགས། །འཇིག་རྟེན་མི་རྟག་གཡོ་བ་སྤྲིན་བཞིན་དང་། །ཚེ་སྲོག་མི་བརྟན་རྩྭ་ཁའི་ཟིལ་འདྲ་དང་། །དབུགས་ནི་ཡལ་སྐྱེན་ན་བུན་ལྟར་ཤེས་ལ། །སྙོམ་སེམས་ལེ་ལོ་སྐྱེ་བའི་གོ་སྐབས་ཅི། །རྒྱལ་བ་རྣམས་དང་ནམ་ཡང་མི་ཕྱེད་པའི། །རྡོ་རྗེ་སློབ་དཔོན་ཞབས་ཀྱི་པདྨོ་ལ། །འདི་ཕྱི་ཀུན་གྱི་རེ་བལྟོས་བྱས་གྱུར་ན། །ཚེ་གཅིག་སངས་རྒྱས་འགྲུབ་ལ་དཀའ་རྒྱུ་ཅི། །ནམ་མཁའི་ཁམས་ཀྱི་རྗེས་སོང་ཆོས་ཕུང་གིས། །ཕ་མཐའ་བསླབས་ཤེས་ཙམ་གྱིས་ག་ནས་རྙེད། །བླ་མའི་མན་ངག་སྙིང་ལ་ཞེན་གྱུར་ན། །ཆོས་རྣམས་ཀུན་གྱི་རང་མཚང་ཁྱོད་ལ་སྟོན། །སྲིད་འདིར་ཐེག་པའི་རྣམ་གྲངས་མང་ཡོད་ཀྱང་། །བདེ་བར་གཤེགས་རྣམས་བགྲོད་པ་གཅིག་པའི་ལམ། །མ་བཅོས་ལྷུག་པའི་ངང་དུ་འཇོག་ནུས་ན། །རྒྱལ་བའི་ཡོན་ཏན་མ་ལུས་ཞར་ལ་འབྱུང་། །མི་བསྲུན་འཁོར་བའི་གནོད་པ་རྣམས་སྦྱོར་བའི། །ཉོན་མོངས་དུག་ལྔའི་དགྲ་ཐབས་ཇི་སྙེད་པ། །རང་སེམས་དྲན་པའི་གཡུལ་དུ་འདུལ་བ་ལས། །སྒྲིབ་གཉིས་སྦྱང་བའི་མཆོག་གཞན་ག་ནས་རྙེད། །འགྲོ་དྲུག་ཕ་མར་ཤེས་ནས་དྲིན་ལན་དུ། །རང་དོན་ཡལ་བར་བོར་བའི་སྙིང་རྗེ་ཡིས། །རྟག་ཏུ་གཞན་དོན་འབའ་ཞིག་ལྷུར་ལེན་ལས། །ཚོགས་གཉིས་གསོག་པའི་ཐབས་མཁས་སུ་ལ་ཡོད། །ཁམས་དྲུག་ལྡན་པའི་རྡོ་ཇེའི་ལུས་གཅུན་ནས། །གཡས་གཡོན་འཕོ་བ་ཉི་ཟླའི་རླུང་བཀག་སྟེ། །འཛག་མེད་བདེ་བའི་འགྲོས་བཞིར་སློབ་རྣམས་ལ། །དྲོད་རྟགས་ཡོན་ཏན་ཐོབ་ལ་འགྱངས་ཆ་ཅི། །དངོས་འཛིན་གདོན་གྱིས་སྦྱར་བའི་སྒྱུ་མ་རྣམས། །རང་རིག་ཡེ་ཤེས་ངང་དུ་རོ་སྙོམ་པའི། །བརཏལ་ཞུགས་སྤྱོད་པའི་ཡ་ལད་སུས་གྱོན་པར། །བདུད་བཞི་དགྲ་བོས་བར་གཅོད་ཅི་ལ་ཚུགས། །སྲིད་གསུམ་སྦྱོར་བ་སྨྱོན་པའི་གར་བཞིན་དང་། །ཚེ་འདིའི་སྣང་བ་རྨི་ལམ་ཇི་ལྟ་བར། །ཁ་ཙམ་མིན་པ་སྙིང་ནས་མཐོང་བ་ལས། །གཞན་པའི་ཆོས་ཀྱི་དགོས་པ་བཙལ་ནས་ཅི། །རྨོངས་རྣམས་གོ་ཕྱིར་མང་པོའི་ཚིག་སྤྲོས་མོད། །དེ་དག་དུས་ཀྱི་དེ་ལ་བལྟ་མི་ཁོམ། །ཤེས་ལྡན་ཁྱོད་ཉིད་དྲན་གསོར་ཉུང་ངུའི་གཏམ། །མེ་ཏོག་ཕྲེང་བ་ཆབ་ཀྱིས་དྲན་པ་བཞིན། །མི་དབང་ཐུགས་ཀྱི་པདྨ་ཅན་དགའ་བའི། །ལེགས་བཤད་ཀུ་མུ་ཏ་རྣམས་འབྱེད་ནུས་པ། །རྣམ་དཔྱོད་འོད་དཀར་ཅི་ཡང་འཛིན་པ་ནི། །སྨྲ་བའི་ཟླ་བ་པུཎྜྻ་རཱི་ཀ་ཡིན། །ཞེས་ཟ་ཧོར་གྱི་རྒྱལ་བརྒྱུད་རྣམ་དཔྱོད་མཚུངས་པ་མེད་པ་བསོད་ནམས་དར་ཞིང་རྒྱས་པའི་ལྷ་ལ། པདྨ་དཀར་པོས་ལྷོ་བྲག་མཁར་ཆུ་ནས་གདམས་པའོ།། ༈ མི་ཁྱོད་རང་གི་ལུས་དབུས་རྩ་དབུ་མ། །འོད་ཕུང་གི་རྣམ་པའི་སྟོང་རའི་ནང་། །སེམས་སྐྱེ་མེད་ཧཱུྃ་གི་རྣམ་པར་ལྟོས། སྤྱི་བོར་རྗེ་བཙུན་བླ་མ་བསྒོམ། །ཚེ་འདི་ལ་ཆགས་ཤིང་ཞེན་པ་བསྐྱུར། །མངོན་དགའི་ཞིང་དུ་སྨོན་ལམ་ཐོབ། །ཕ་བཀའ་རྒྱུད་ཀུན་གྱི་ངོ་བོ་ཉིད། །སྐྱབས་སངས་རྒྱས་ཆོས་དང་དགེ་འདུན་དངོས། །ལྷ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན། །དོན་གཅིག་འདུས་བླ་མ་རིན་པོ་ཆེ། །བློ་རྩེ་གཅིག་གུས་པས་གསོལ་བ་འདེབས། །རྗེ་ཐུགས་རྗེའི་ལྕགས་ཀྱུས་གཟུང་མཛོད་ལ། །ང་ཁམས་གསུམ་འཁོར་བར་མི་འཁྱམས་པ། །དཔལ་མངོན་པར་དགའ་བར་མི་འཁྲུགས་པའི། །འཁོར་དག་པའི་ཁྲོད་དུ་སྐྱེ་བར་མཛོད། །ངག་དེ་སྐད་བརྗོད་ཅིང་ཡིད་ལ་བསྒོམ། །མཆོག་དགེ་བའི་བཤེས་ཀྱིས་ཧཱུྃ་བརྗོད་པས། །སེམས་ཧཱུྃ་གི་སྣང་བ་ཡར་ཡར་སོང་། །ཕ་བླ་མའི་ཐུགས་ཀར་ཐིམ་པའི་མཐར། །དེ་མངོན་དགའི་ཞིང་དུ་སོང་བར་གྱུར།། ༈ ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ཕྱིར། །དཔལ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དོན་དེ་ཕྱིར་རང་ལུས་སྤྱན་རས་གཟིགས། །སྐུ་མདོག་དཀར་ཞི་ཞིང་མཛེས་པ་ཅན། །ཕྱག་དང་པོས་ཐུགས་ཀར་ཐལ་མོ་སྦྱར། །འོག་མ་གཉིས་ཤེས་ཕྲེང་པད་དཀར་བཟུང་། །དྲང་སྲོང་གི་ཆ་ལུགས་སྐྱིལ་ཀྲུང་བཅས། །སྤྱིར་སེམས་ཅན་གྱི་ཁ་རྗེར་ཡི་དམ་ཁྱོད། །དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་བསྐྲུན། །བོད་འབངས་ཀྱི་ལྷ་སྐལ་ཉིད་དུ་གཏད། །སྒོས་རྒན་པོ་ང་ཡི་བློ་བལྟོས་བཅས། །ཚེ་འདི་ཕྱི་བར་དོའི་སྐྱབས་གནས་ཞུ། །སྙིང་ཐག་པའི་འོ་དོད་འབོད་ལགས་ཀྱིས། །མི་སྡིག་ཅན་བདག་ལ་ཐུགས་རྗེས་གཟིགས། །སྙིང་གར་ཟླ་དབུས་སྲཱིཿཡིག་མཐར། །ཨོཾ་མ་ཎི་པདྨེ་ཧཱུྃ་གིས་བསྐོར། །སྔགས་ཉུང་ལ་འཐུས་པ་ཡི་གེ་དྲུག །འདི་བགྲངས་པའི་ཕན་ཡོན་བསམ་མི་ཁྱབ། །དུས་གཏན་གྱི་དོན་ཀུན་བསྒྲུབ་པ་ལ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། །རྐྱེན་བར་ཆད་བཟློག་པའི་རྒྱལ་པོ་ཡིན། །སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ། །བྱིན་རླབས་ཀྱི་ཚན་ཀ་བསམ་མི་ཁྱབ། །ཨོཾ་མ་ཎི་པདྨེ་ཧཱུྃ། སྔགས་འཕྲེང་ལས་ཐུགས་ཀའི་འོད་ཟེར་འཕྲོས། །གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུས། །སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། །མགོན་སངས་རྒྱས་སྲས་བཅས་ཐམས་ཅད་མཆོད། །སླར་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །ཡུལ་སྣང་ཚད་སྐུ་ལ་གྲགས་ཚད་གསུང་། །ཡིད་དྲན་ཚད་ཐུགས་ཀྱི་རོལ་པ་ལ། །བློ་རྩེ་གཅིག་མོས་པས་གསོལ་བ་འདེབས། །ལྷ་ཁྱེད་དང་མཉམ་པའི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བྱ་རིགས་ཀྱི་ནང་སོ་བཀྲས་ཡེས་ཀྱི། །ཆོས་སྐལ་དུ་པདྨ་དཀར་པོས་གཏད།། ༈ ཐོས་བསམ་པདྨོའི་ཚལ་དུ་བག་ཕེབས་ཤིང་། །བསྒོམ་བྱུང་དྲི་གསུང་གིས་མྱོས་ལེགས་བཤད་ཀྱིས། །མགྲིན་རྔ་བརྡུང་དེ་སྙན་པར་གྲགས་པའི་མོད། །ཆར་སྤྲིན་འབྲུག་སྒྲ་ཅན་ལ་མགྲིན་སྔོན་བཞིན། །དགའ་བ་རྒྱས་པའི་ཚིག་གི་ཅ་ཅོ་ཡིས། །རྗེས་སུ་ཡི་རང་ཅི་ཡང་འདིར་བྱས་པའི། །གཏམ་ཆ་ཕན་ཚུན་སྦྲེལ་བའི་ཕོ་ཉར་སོང་། །གང་གིས་བསྙད་པ་དེ་ནི་བདག་ཅག་ཀྱང་། །སྣ་ཚོགས་སྣང་བའི་ཆ་ནས་ཆོས་དང་ནི། །རང་བཞིན་མེད་པ་ཀུན་རྫོབ་ཆོས་ཉིད་དེ། །ཅིར་ཡང་མ་གྲུབ་པ་ཉིད་ཐམས་ཅད་དུ། །སྣང་བས་འདི་ག་བར་སྣང་སྟོང་པ་བཞིན། །དོན་དེ་ཆོས་དབྱིངས་ཀུན་འགྲོ་ཞེས་པར་བསྙད། །རྣམ་པ་ཀུན་ལྡན་སྟོང་པའང་ཞེས་བྱ་སྟེ། །རྣམ་པ་ཀུན་ཡང་ཟད་པའི་དབྱིངས་དེ་ལ། །འགྱུར་བ་མེད་པའི་བདེ་བར་བཞག་པས་ན། །རྣམ་མེད་འོད་གསལ་གདོད་མའི་སེམས་ཀྱི་གཤིས། །རྣམ་ཀུན་རྣམ་པ་མེད་པར་མི་ཕྱེད་པ། །འདི་ནི་ངེད་ཀྱང་ཕྱག་རྒྱ་ཆེན་པོར་འདོད། །ཟུང་འཇུག་ཡེ་ཤེས་ཚད་ལྡན་དེ་ལ་ཟེར། །རྒྱ་བོད་ཤིང་རྟའི་མཆོག་རྣམས་ཀུན་དང་མཐུན། །དམ་པ་ཁྱོད་དང་གནས་ཀྱི་བསྐལ་གྱུར་ཀྱང་། །ངེས་དོན་འདུ་འབྲལ་མེད་པ་དེ་རུ་འགྲོགས། །ཆ་ཙམ་བརྗོད་པའི་ལེགས་བཤད་འདི་གསོན་ལ། །ཡང་ཡང་སྤྲིངས་ཡིག་གླེང་མོ་བྱས་པར་འདོད། །ཅེས་གཞུང་བརྒྱ་སྨྲ་བའི་དབང་པོ་ཤེས་རབ་གྲགས་པའམ་མཆོག་གྲོང་པ་ཆེན་པོ་ཞེས་པས་མདོ་ཁམས་སྨན་གྱི་དགོན་ནས་འབུལ་སྐྱེལ་དང་བཅས་བྱུང་བའི་ལན་དུ་བརྫོངས་པའོ།། ༈ ཟླ་བ་མཁའ་ལ་རྒྱུ་བའི་ཟེར་མ་ལ། །བདུད་རྩི་ཞེས་བརྗོད་སྐྱེ་བོས་བསྟོད་བཀུར་ན། །དབྱངས་ཅན་སྙིང་གར་རོལ་པའི་སྙན་དངགས་ཚིག །ཡིད་ཀྱི་གདུང་སེལ་གཙོ་བོར་སུ་མི་ལེན། །ཕ་མའི་བརྒྱུད་དག་འབངས་ཀྱིས་འཁུར་མཁན་མང་། །སྤྱོད་པ་ཡ་རབས་མནའ་མཐོ་ཆད་ལ་འཛེམ། །མངའ་ཐང་སྐྱོང་ཤེས་དགྲ་འཇོམས་དཔུང་པ་ཅན། །མི་ཆེན་རྒྱལ་པོ་མཆོག་ལ་དགོས་པ་ཡིན། །ཆབ་འོག་ལ་བྱམས་བྲན་ལ་ཉེ་རིང་ཆུང་། །སྐྱེ་བོས་སྨད་དོགས་འཕྱོན་མའི་བྱ་བ་བགག །རང་སྤྱོད་རྒྱལ་པོའི་ཐུགས་རྗེ་འབྲང་ཤེས་པ། །བཙུན་མོ་བསྔགས་འོས་བྱེད་ན་དགོས་པ་ཡིན། །ཡས་ཀྱི་རྗེར་གུས་མས་ཀྱི་འབངས་ལ་བྱམས། །སྤྱོད་པ་མཛངས་ཐོན་ཁ་འཇམ་ཞེ་མི་གནག །འཁྲུག་ན་དཔལ་ལ་གཞན་ཞི་ཆོག་ཤེས་ལྡན། །རྒྱལ་པོའི་གནངས་ཆེན་བྱེད་ན་དགོས་པ་ཡིན། །ནོར་ཕྱིར་གཏང་དོན་མི་འཆོར་ངོ་ཚ་བསྟེན། །ཕན་ལན་དུས་སུ་འཇལ་བའི་ཁྲེལ་གཞུང་སྲོང་། །སུ་ཉེར་མི་འཛུགས་ཐུག་ན་སྲོག་ལ་བསྡོ། །དྲུང་འཁོར་དྲ་མ་བྱེད་ན་དགོས་པ་ཡིན། །རྒན་རབས་ཚིག་ཉན་གཞོན་པ་སྐྱོང་ལ་མཁས། །སྤྱི་པའི་ཚིག་འཛིན་རྔན་པའི་དབང་མི་གཏོང་། །མཉམ་ལ་འགྲོགས་ཤེས་ཀུན་ཏུ་རྒྱུ་དྲང་བ། །སྐྱེ་བོ་གཙོ་རྒན་བྱེད་ན་དགོས་པ་ཡིན། །བདག་པོས་ངོ་ལྟ་གཞན་ལ་སྙིང་མི་སེམས། །ཁྱིམ་གྱི་སོ་ཚིགས་མཁས་ལ་དམ་ལྷོད་རན། །ནང་ནུབ་ལས་རིམ་ཁྱིམ་མཛེས་ཆགས་སྡང་ཆུང་། །བུ་མོ་མི་གོ་འགྲིམ་ན་དགོས་པ་ཡིན། །མ་བཅོལ་ལས་ལ་སྨྱོན་པ་བཞིན་མི་འཇུག །བསྐོས་པའི་བྱ་བར་རེ་དཀར་མི་བྱེད་ཅིང་། །རྗེ་གཡོག་བར་དུ་ཕྲ་མའི་ཚིག་མི་འབྱིན། །མི་ཁ་བྱམས་པོ་བྱེད་ན་དགོས་པ་ཡིན། །ནད་དང་རྒྱུ་རྐྱེན་ཤེས་བྱ་སད་མདས་བརྟག །ནད་པའི་ལང་ཚོ་ཤེས་ནས་སྐབས་རན་པའི། །སྨན་དང་སྤྱད་བྱ་ང་ལོ་ཡངས་ལ་གྲིམས། །སྨན་པ་གཞན་ཕན་བྱེད་ན་དགོས་པ་ཡིན། །ལྟ་བའི་གྱད་ལྡན་སྒོམ་པའི་རྩལ་གསུམ་རྒྱས། །སྤྱོད་པས་ལས་ཆེན་གང་ལའང་འཐུལ་ཆུད་པའི། །སངས་རྒྱས་བསྟན་དང་དམ་ཚིག་གཅེས་པར་འཛིན། །སྔགས་པ་བདུད་དགྲར་ཆས་ན་དགོས་པ་ཡིན། །དབྱིབས་ལ་སྲིན་བུའི་ཤུལ་རྗེས་མི་སྟོན་ཅིང་། །སྡེབས་ལེགས་ཡིད་གཞུངས་དབང་གིས་ཚིག་དག་ལ། །སྣག་ཤོག་སྨྱུག་གུའི་བར་དུ་གཙང་སྦྲ་ལྡན། །ཡིག་མཁན་མཁས་པར་འཇུག་ན་དགོས་པ་ཡིན། །ཀུན་ལ་སྙིང་སྙོམས་བྱས་ན་དགའ་བ་བརྡལ། །བྱམས་པའི་ཆུས་བཅུས་སྙིང་རྗེའི་ས་བོན་ལས། །སེམས་ཀྱི་མྱུ་གུ་བསྐྱེད་པའི་སོ་ནམ་འདི། །བླ་མེད་བྱང་ཆུབ་བསྒྲུབ་ན་དགོས་པ་ཡིན། །ཕྱི་ཡི་ཚུགས་ཁྱེར་ཡོད་ལ་འགྱིང་བག་ཆུང་། །ནང་དུ་བླང་འདས་ཉེ་ཚེ་གཉེན་པོས་སླེབ། །བར་དུ་བརཏལ་ཞུགས་མཆོག་འཛིན་རློམ་སེམས་མེད། །བཙུན་པ་བཙུན་པོར་འཇོག་ན་དགོས་པ་ཡིན། །དང་པོར་བླ་མ་བསྟེན་ནས་ཐོས་པ་བཙལ། །དེ་ལ་བསམ་པས་ནན་ཏན་བསྐྱེད་ནས་སྐྱོང་། །ངེས་ཤེས་སྐྱེས་ནས་སྒོམ་ལ་བསྒྲིལ་ཤེས་པ། །ཆོས་ལ་མདོ་ཡོད་བྱེད་ན་དགོས་པ་ཡིན། །བཟང་ངན་སུ་ཞིག་གོང་དུ་ཤོར་ཡང་བཟོད། །ལྟོ་གོས་རྙེད་པར་རྩེག་གསུམ་ཅང་མི་བྱེད། །ཁ་ཞེ་མེད་པར་སྤྱོད་པ་བག་མི་ཡངས། །བཟང་པོའི་ཁྲོད་དུ་འཚང་ན་དགོས་པ་ཡིན། །སྦྱིན་པས་བོས་ནས་སྙན་པའི་གཏམ་གྱིས་འདྲིད། །དོན་སྤྱོད་བག་ཕབ་ཕེབས་ནས་དོན་མཐུན་སྦྱར། །རང་དོན་དགྲ་བོར་འཛིན་པའི་རྣམ་ཐར་འདི། །སེམས་དཔའ་གཞན་དོན་བྱེད་ན་དགོས་པ་ཡིན། །འཆི་བ་དྲན་པས་སྙོམ་ལས་འདུག་མི་ཕོད། །རྒྱུ་འབྲས་ཤེས་པས་ཚེ་འདིའི་ཞེན་པ་བོར། །དྲན་ཤེས་བསྟེན་ནས་རང་སེམས་ཡན་མི་གཏོང་། །སྒོམ་ཆེན་རབ་གཅིག་བྱེད་ན་དགོས་པ་ཡིན། །རྨོངས་པར་ཡང་ཡང་བཤད་པས་གོ་བ་བསྐྱེད། །བློ་གསལ་ཟུར་སྨོས་གོ་ལ་སྙིང་པོ་བསྒྲིལ། །ཚིག་དོན་སྲང་ལ་གཞལ་བའི་དོགས་གཅོད་བྱ། །མཁས་པ་འཆད་ཉན་བྱེད་ན་དགོས་པ་ཡིན། །ཕས་རྒོལ་བླུན་པོར་འདུག་ན་ཡ་མི་བསྲང་། །མཁས་པ་ཡིན་ན་རིགས་པའི་ལམ་དྲང་པོར། །དགག་དང་རང་ལུགས་བཞག་དེར་རྩོད་པ་སྤང་། །སྨྲ་བའི་འདུན་ས་འགྲིམ་ན་དགོས་པ་ཡིན། །དཀྱུས་ས་བསྟན་ནས་རྟ་ཡི་རྩེ་བ་བཞིན། །དགོས་པ་ཐོབ་ཕྱིར་བསྡུས་དོན་སྲོལ་ཕྱེ་ནས། །ཚིག་རྒྱན་མཚམས་སྦྱར་བརྒལ་ལན་རན་པར་བྲི། །བསྟན་པའི་དགོངས་འགྲེལ་རྩོམ་ན་དགོས་པ་ཡིན། །ཞེས་འདི་ལྷ་ཡི་མཚན་འཛིན་པའི། །ཁྲི་ལྕམ་གང་ལ་རྩོམ་པའི་དཔེར། །པདྨ་དཀར་པོས་ཚིག་འདི་དག །རྒྱལ་པོའི་ཁབ་ཏུ་བྱས་པ་ཡིན།། ༈ ཀྱེ་འོ་སྲིད་པར་གདུང་བྱེད་ཚ་བའི་ཟིལ། །མ་ལུས་གཞིལ་བའི་ག་པུར་རྟག་འཐུལ་བ། །དྭགས་པོའི་བཀའ་རྒྱུད་ཙན་དན་ནགས་ཀླུང་འདྲའི། །བླ་མ་གཉིས་པ་གར་ཡོད་དེ་བསྟེན་འཚལ། །སྐྱེ་བོ་སེར་སྣའི་འཆིང་བས་བཅིངས་གྱུར་པ། །མི་བཟད་འཁོར་བའི་བཙོན་རར་ཡང་ཡང་ལྷུང་། །དེ་ཟློག་སྦྱིན་ལས་ལྷག་པའི་ཚུལ་མེད་པས། །བསགས་ཚད་ཆོས་བཞིན་སྦྱིན་ལ་སྤྱོད་པར་མཛོད། །ངན་འགྲོར་འཕེན་བྱེད་སྡིག་གོ་མི་དགེའི་ལས། །དེ་དག་རྣམ་སྨིན་གཟིགས་ནས་ཅུང་ཟད་ཀྱང་། །མི་དགེ་བཅུ་ཡི་ལས་ལམ་མ་མཛད་དང་། །ཡོན་ཏན་ཀུན་གཞི་ཚུལ་ཁྲིམས་དེ་གར་འདུག །གཞན་གྱི་བསྟོད་པའི་ཡུལ་ཡང་དེ་ལྟ་ན། །དེ་དག་གིས་སྨད་བདག་ལ་གནོད་མིན་པས། །ཚིག་མཚོན་གཞན་ཡང་ཟུང་རྔུའི་གཞི་ཐམས་ཅད། །བདེན་པ་མ་ལགས་བཏང་སྙོམས་བཞག་པས་མཐུས། །དགེ་ལ་དྲོད་གཟུང་མི་དགོས་ཐུབ་ཚད་བྱས། །བརྩོན་ལ་བར་ཆད་འབྱུང་བ་ཆོས་ཉིད་པས། །འཇིགས་པར་མི་བྱ་དངོས་གྲུབ་སྣ་འདྲེན་ཡིན། །དེ་ཕྱིར་རྟག་སྦྱོར་གུས་སྦྱོར་ཁྱེད་ཀྱིས་བསྟེན། །འཇིག་རྟེན་རྒན་རབས་རྣམས་ཀྱི་ཚིག་ལ་ཉན། །མཛངས་དང་ཡིད་གཞུངས་རྣམས་བཞིན་བག་ལྡན་བྱས། །ཆེན་པོའི་རྗེས་སུ་ཕེབས་དང་ཤེས་རབ་ཀྱི། །ཅི་འདོད་མོད་ལ་འབྱུང་བར་ཐེ་མི་ཚོམ། །མང་པོར་བརྗོད་ཀྱང་ཚིག་ཡིན་དོན་བསྡུ་ན། །མཚན་ལྡན་བླ་མ་ཉིད་ལ་བློ་གཏད་ནས། །ལྷག་པར་གསོལ་བ་འདེབས་པ་འདི་ཁོ་ནས། །རྫོགས་པའི་སངས་རྒྱས་འགྲུབ་ཀྱི་གཞན་ཅི་སྨོས། །དེ་སྐད་ས་སྐྱོང་སྲས་མོ་དད་ཤུགས་ཅན། །སྒྲོལ་མ་ཟླ་མཛེས་སྙན་དུ་ཅུང་ཟད་ཙམ། །པདྨ་དཀར་པོས་བསྲིངས་འདི་བཞིན་དཔྱད་ན། །ཐུབ་དབང་དགྱེས་པའི་སྤྱོད་ལྡན་འགྱུར་བ་ཡིན། །ཅེས་རྗེ་བཙུན་བསམ་འཕེལ་ནས་སྒྲོལ་མ་ཟླ་མཛེས་ལ་པདྨ་དཀར་པོས་གདམས་པའོ།། ༈ རྗོད་བྱེད་ཚིག་གི་སྟེང་དུ་གླེགས་བམ་མང་། །བརྗོད་བྱ་དོན་གཅིག་སྟོན་ལ་ཐམས་ཅད་འཁྲིལ། །དེ་ཕྱིར་གཅིག་ཤེས་ཀུན་གྲོལ་བཀའ་བརྒྱུད་ཀྱི། །བླ་མའི་ཞབས་ལ་རྣམ་ཀུན་ཕྱག་བགྱིའོ། །འཇིག་རྟེན་ཕལ་ཆེར་ལྷ་ཞེས་མཆོག་ཏུ་ལྟ། །དེ་ཀུན་དབང་པོར་བཅས་པའང་འཇིགས་མཐོང་ཚེ། །སངས་རྒྱས་ཉིད་ལ་སྐྱབས་ཞུར་འོང་འདིས་སུ། །དཀོན་མཆོག་གསུམ་ལས་ལྷག་པའི་དཔོན་ཅི་དགོས། །དེ་ལ་སྐྱབས་ཞུས་དེ་ཡི་འབངས་ཞུགས་ཡིན། །དེས་ན་མི་མཉེས་སྤོང་དང་མཉེས་བྱེད་དགོས། །དེ་ཡང་སྡིག་སྤང་དགེ་བ་སྒྲུབ་པ་སྟེ། །དགེ་སྡིག་སེམས་ལ་རག་པས་དེ་འདུལ་བྱ། །ལུས་ངག་ཡིད་ཀྱི་ལས་ལ་དྲན་པ་ཡིས། །སྡིག་གམ་དགེ་བ་ཡིན་བརྟགས་སྡིག་གྱུར་ན། །དབང་པོའི་སྒོ་སྡོམས་སྤྱོད་ལས་ཟློག་པ་དང་། །དགེ་ན་དེ་རྗེས་དྲོད་རིག་སྤྱོད་པ་ཡིན། །འདི་ཀ་རྒྱལ་བ་ཀུན་གྱིས་བཅས་པའི་ཁྲིམས། །དམ་ཆོས་འདུལ་བ་རྒྱ་མཚོའི་ཉིང་ཁུ་ཡིན། །ཡོན་ཏན་ཀུན་གྱི་གཞི་རྟེན་ཉིད་དུ་འགྱུར། །ངོ་ལྐོག་བྱ་རྒྱུ་འདི་ལ་ཅང་མ་མཆིས། །དགེ་བ་སྒྲུབ་པའི་དགེ་བའང་གཞན་ཕན་ཉིད། །རང་ཉིད་དོན་གཉེར་ཕམ་པ་ལྟ་བུར་ལྕི། །དེ་ཕྱིར་རྫོགས་སངས་རྒྱས་སུ་སེམས་བསྐྱེད་ནས། །ཕྱིན་ཆད་སྤྱོད་པ་ཐམས་ཅད་དེ་རྒྱུར་གཏང་། །གཞན་ཕན་མངོན་ཤེས་ཐོབ་ན་ཆེས་ལྷག་ལ། །དེ་ཡང་ཞི་གནས་མེད་ན་མི་འགྲུབ་པས། །རྣལ་འབྱོར་སྒོམ་པའི་མན་ངག་ཙམ་ཐོས་ནས། །དབེན་པར་སྒོམ་པ་མཁས་པའི་བཞེད་པ་ཡིན། །འདི་ཀ་ཤིན་ཏུ་རྒྱས་པ་མདོ་སྡེའི་དོན། །ལྷག་པ་སེམས་ཀྱི་བསླབ་པ་ངོས་མ་ཡིན། །ཉོན་མོངས་འཇིག་པའི་ཤེས་རབ་འདི་ལས་སྐྱེ། །བདག་འཛིན་འདུལ་ལ་མེད་མི་རུང་དུ་འདུག །སེམས་འདུལ་དགོས་པའང་རྐང་ལྷམ་གཡོགས་པའི་དཔེ། །མཐོང་ཐོས་ཐམས་ཅད་དགག་ཏུ་མཐའ་མི་ཆོད། །བྱེད་པོ་སེམས་ཙམ་གཟུང་འཛིན་སྣང་འདི་ཁ། །སོ་སོར་རྟོག་པའི་ངོས་ན་སྤྲིན་བཞིན་ཞི། །འོན་ཀྱང་འདི་ནི་ཕྲ་བ་དོན་དང་ཟབ། །དེ་ཕྱིར་དད་པ་ལས་གཞན་གྱིས་མི་རྟོགས། །བླ་མའི་བྱིན་རླབས་ཞུགས་ལ་རྙེད་སླ་བས། །དུས་གསུམ་སངས་རྒྱས་པར་ནས་བཏོན་པ་འདྲ། །འདི་ནི་ཆོས་མངོན་འབུམ་ཕྲག་མང་པོའི་དོན། །གཏན་ལ་ཕབ་ཀྱིན་ངེས་ཤེས་སྐྱེ་བའི་གནད། །ལུང་རིགས་སྦུན་པའི་སྦུབས་ན་གནས་པས་ན། །སྙིང་པོའི་དོན་གྱི་མིང་ཡང་དེ་ལ་བཏགས། །ནོར་འཛིན་དབང་མོ་བསྟན་ལ་མངོན་ཞུགས་དེའི། །ཚིག་བསྐུལ་ཐོས་པའི་པདྨ་དཀར་པོ་ཡང་། །སྙན་པའི་གཏམ་ཕྲད་སྐྱེ་དགུའི་ཡིད་མགུ་བའི། །ཅ་ཅོའི་སྒྲ་བཞིན་འདི་ཡིས་དགེར་གྱུར་ཅིག །སྐྱིད་ཤོད་ནས་རྗེ་བཙུན་སྟག་ལུང་མ་བསྟན་པ་རིན་པོ་ཆེ་ལ་སྲིད་ཞུར་མཛད་པ་དེ་ལ་གདམས་པའོ།། ༈ དེ་བཞིན་ཉིད་ཀྱི་ངང་བཞག་ཚེ། འཁོར་འདས་ཆོས་རྣམས་ཐམས་ཅད་ཞི། །དེས་ན་རྒྱལ་བས་ཆོས་ཅི་ཡང་། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །མ་རིག་གཉིད་ཀྱིས་བསླད་པ་ལ། །རྨི་ལམ་བཞིན་དུ་ཅི་ཡང་སྣང་། །དེ་ལ་བདེན་མཐོང་རྫུན་ལྟ་བས། །འཁོར་བ་མྱ་ངན་འདས་པ་བྱུང་། །དེས་ན་འཁྲུལ་དང་མ་འཁྲུལ་དང་། །སྣང་དང་མི་སྣང་གཅིག་དུ་མ། །ཡོད་མེད་སྟོང་དང་མི་སྟོང་སོགས། །ཐམས་ཅད་འཐད་ཅེས་བླ་མས་གསུངས། །དེ་བས་རྣམ་པར་གཞག་འཇོག་དེ། །འཁྲུལ་པ་ཅན་ལ་དགོས་པ་ཡིན། །དེ་ཕྱིར་བདེན་གཉིས་གསུང་བ་ཡང་། །ཐ་སྙད་ལ་བརྟེན་དོན་རྟོགས་ཕྱིར། །ཐ་སྙད་མཛུབ་མོའི་དགྱེ་དགུ་ལ། །ཚུར་ཤོག་ལ་སོགས་བརྡ་འཕྲོད་བཞིན། །དོན་མཚོན་ཙམ་གྱི་ཚིག་སོགས་ཏེ། །ཤེས་བྱ་ཀུན་ལ་དཔྱད་མི་ལང་། །ལྐུག་པས་རྨི་ལམ་རྨིས་པ་དང་། །གཞོན་ནུ་ཕྲད་པའི་བདེ་མྱོང་བཞིན། །གཞན་ལ་སྟོན་པར་མི་ནུས་པའི། །མཚོན་དོན་དཔེ་བྲལ་དམ་པའི་དབྱིངས། །དེས་ན་དོན་དམ་ཅང་མེད་མིན། །ཡོད་པའི་ཕྱོགས་ལ་ཤིན་ཏུ་འགོངས། །ཡོད་མེད་གཉིས་དང་གཉིས་མིན་མིན། །དེ་ཕྱིར་དབུ་མ་ཆེན་པོར་བཤད། །རྣམ་གཅོད་རབ་ཏུ་མི་གནས་ཏེ། །ཡོངས་གཅོད་འགྱུར་མེད་བདེ་བ་དང་། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་མིང་། །ལྡོག་པས་འབྱེད་ལ་དོན་གཅིག་པ། །ངེད་རང་ལུགས་ཀྱི་ཕྱག་ཆེན་ཡིན། །རྙིང་མ་བ་རྣམས་རྫོགས་ཆེན་ཟེར། །གཞི་ཡང་དེ་འོ་ལམ་ཡང་དེ། །འབྲས་བུ་ཉིད་ཀྱང་དེ་ཁ་བས། །མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ། །ཆོས་ཀུན་དེ་ལས་གཞན་མིན་པས། །རྣམ་རྟོག་ཐམས་ཅད་ཆོས་ཀྱི་སྐུ། །ཉོན་མོངས་ཐམས་ཅད་ཡེ་ཤེས་ཕྱིར། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཐོབ་པར་བྱ་དང་ཐོབ་བྱ་མེད། །དེ་བས་སྒོམ་དང་བསྒོམ་བྱ་མེད། །དེས་ན་སྤྱད་བྱ་སྤྱོད་རྒྱུ་ཅི། །ཐམས་ཅད་མཉམ་ཉིད་ཁྱབ་བརྡལ་ལོ། །ཁྲི་དཔོན་འཇིགས་བྱེད་རྒྱལ་པོ་ལ། །པདྨ་དཀར་པོས་གདམས་པའོ།། ༈ མཁར་རྩེ་ནས་གདམས་པའོ། །འཁོར་འདས་ཀྱི་ཆོས་ཀུན་ལས་ཀྱིས་བྱས། །ལས་དགེ་སྡིག་རང་གི་སེམས་ལ་ཐུག །སེམས་དགེ་བའི་མི་ལ་ཕུན་ཚོགས་ཀུན། །ངང་གིས་འབྱུང་བས་རང་སེམས་ཐུལ། །ཅེས་གདམས་པའོ།། ༈ མཚན་ལྡན་གྱི་བླ་མ་གཅིག་ལ་ཐུག །མོས་གུས་ཀྱི་གདུང་བ་ཤུགས་ཆེ་ན། །སངས་རྒྱས་སུ་འགྲོ་བའང་དཀའ་བ་མིན། །བློ་རྩེ་གཅིག་གཏོད་དང་བདེན་པ་ཤེས། །ཅེས་དད་པ་ཅན་དགེ་བསྙེན་ཚེ་དབང་སྐྱབས་ལ་གདམས་པའོ།། ༈ དགྲ་ཡིན་ངེས་བདག་ཏུ་འཛིན་པ་ཐུལ། །གཉེན་ཡིན་ངེས་འགྲོ་དྲུག་སེམས་ཅན་སྐྱོངས། །དོན་བདག་གཞན་མ་གྲུབ་ནམ་རྟོག་པ། །ཐབས་བྱང་སེམས་ཟེར་ཏེ་སངས་རྒྱས་རྒྱུ། །ཞེས་ཀྱང་གདམས་པའོ།། ༈ སེམས་མལ་དུ་བཞག་པ་མ་ཤེས་ན། །གནས་རི་ཁྲོད་མཐོ་ཡང་དབེན་པ་མིན། །འདྲེ་ངར་འཛིན་ཐུལ་བར་མ་ནུས་ན། །གནས་དུར་ཁྲོད་འགྲིམས་ཀྱང་གསང་སྤྱོད་མིན། །རང་ལམ་ལས་མི་འཁྱོག་མ་ཤེས་པར། །ལས་འཆད་ཉན་སྨྲར་ཀྱང་འགྲོ་དོན་མིན། །ཆོས་ཉན་ནས་རྒྱུད་ཞིར་མི་འགྲོ་ན། །མི་ལྡམ་ལྡེམ་བསགས་པ་གདུལ་བྱ་མིན། །ལས་དྲན་བཞིན་ཤེས་བཞིན་མི་སྤྱོད་ན། །ལུས་དྲ་བས་གཏུམས་ཀྱང་དགེ་སློང་མིན། །མི་བསྐྱངས་པས་གནོད་བྱེད་མི་བཟོད་ན། །འཕྲལ་སྨྲ་བ་བཟོད་ཀྱང་བཟོད་པ་མིན། །བློ་རེ་དོགས་ཁོང་ནས་མ་ཞི་ན། །མིང་འཁྲུལ་ཞིག་བྱས་ཀྱང་ཞིག་པོ་མིན། །རང་རང་གི་འདུལ་བར་མི་ནུས་པའི། །མི་ཅི་ཟེར་ཉན་པ་ཆོས་པ་མིན། །ཅེས་གནམ་མཚོ་དོ་པ་ཆེན་པོ་ཆོས་གྲུབ་དཔལ་བཟང་པོ་ལ་གདམས་པའོ།། ༈ ཁྱོད་མིག་ལྟོས་གོང་མའི་མཛད་པར་གྱིས། །ཚེ་འདི་ལ་ཞེན་པ་འཁོར་བའི་རྒྱུ། །རང་གཏན་དུ་འཆིང་བར་བྱེད་པའི་སྒྲོག །དེ་རིང་དུ་དོར་ལ་བྱ་བཏང་ཞེས། །སེམས་ཆགས་ཞེན་མེད་པའི་སྤྱོད་པ་བསྟེན། །བློ་མི་དགོས་དགུ་དགོས་འཁྱམས་པའི་རྒྱུ། །ཆོས་ཤེས་བྱ་མང་བས་མཐའ་མི་ཆོད། །ཉམས་ལེན་ཐབས་ཤེས་ནས་དེ་སྐྱོང་བ། །རྗེ་བླ་མའི་ཚོགས་ཀྱིས་མཐུན་པར་གསུངས། །ཉམས་སྣ་ཚོགས་འཆར་བའི་ལྟད་མོ་ལ། །ཁ་ཕྱི་ལྟས་བྱས་ན་གོང་དུ་སྤེལ། །དེས་གནས་ལུགས་མཐོང་བའི་གོ་མི་ཆོད། །སེམས་མ་ཡེངས་དེ་བཞིན་ཉིད་ལ་ཞོག །ཅེས་རྒྱལ་བ་བཟང་པོ་ལ་གདམས་པའོ།། ༈ ཏིང་ངེ་འཛིན་ལ་མཉམ་བཞག་རབ་བརྟན་ནས། །ཤེས་རབ་མིག་གིས་ཆོས་ཀུན་གཞལ་ནུས་ན། །འཕགས་མཆོག་གོ་འཕང་དེ་ཀའི་མདུན་ན་འདུག །དེ་བས་བྱ་བ་བསྐྱུངས་ཏེ་རྩེ་གཅིག་སྒོམས། །འགྲོ་བ་དྲུག་གི་སྔོན་རབས་མང་བསྟན་ཏེ། །ཕན་བདེས་སྐྱོབ་པ་དྲིན་ལན་འཇོལ་བ་ཡིན། །དེ་བས་རང་དོན་ཡིད་བྱེད་དོར་ནས་སུ། །གཞན་ཕན་ཆེད་དུ་སྒྲུབ་ལ་འབད་པར་གྱིས། །བྱ་བ་གང་ཡང་ལྷག་བསམ་གྱིས་ཟིན་པའི། །དགེ་བར་འགྱུར་ཤེས་སྤྱོད་པར་དེ་ཟབ་པས། །ཡེངས་པ་མེད་པར་བྱ་སྤྱོད་ཚོགས་སུ་བསྒྱུར། །ཆོས་ཀྱི་སྙིང་པོ་བྱས་ཀྱང་དེ་ཟབ་བོ། །ཁམས་རྔོད་ནས་བླ་མ་དགེར་རྒན་གྱིས་འབུལ་ཆེན་བྱས་དུས་གདམས་པའོ།། ༈ བསོད་ནམས་ཆེན་པོའི་གཟི་བརྗིད་མི་ཟད་པས། །ཕས་རྒོལ་གྲང་བའི་རེག་བྱ་ཀུན་མནན་ཏེ། །དྲོ་འཇམ་བདེ་བའི་དཔལ་གྱིས་ཡོངས་སྐྱོང་བའི། །པདྨོའི་གཉེན་དུ་འཁྲུངས་པ་དེའི་སྤྱན་སྔར། །འཕྲིན་ཡིག་འོད་ཟེར་སྟོང་གི་ཁུ་བ་ཡིས། །པད་དཀར་སྙིང་ག་བཀྲུས་པའི་ཀེ་ས་རཱས། །ངག་གདམ་ཀུན་དགའི་སྦྲང་རྩི་གསར་འབུས་པ། །དགེ་བའི་ལང་ཚོ་རྒྱས་བྱེད་ལེགས་པར་འཁུམས།། ༈ སྭ་སྟི། མངོན་པར་མཐོ་དང་ངེས་པར་ལེགས་པའི་རྒྱུ། །ཤིང་རྟ་ཆེན་པོས་སྲོལ་གཏོད་དེ་ནང་དུ། །དད་དང་ཤེས་རབ་ལྷུན་བཟང་འདི་ཡིན་པར། །བསྒྲགས་པ་བསླུ་བ་མེད་ཕྱིར་བརྟེན་བྱར་འོས། །འཚེ་དང་འཁྲིག་པའི་ཆོས་སྨྲ་མུ་སྟེགས་གཏན། །བཅར་ན་འཛུག་པས་ཚེར་མའི་ཕུང་པོ་སྟེ། །བཅོལ་ཆུང་བྱིའུ་ཆུང་གནས་སུ་འོས་མོད་ཀྱི། །བློ་ཆེན་རྨ་བྱའི་རོལ་གར་རྩེ་ས་མིན། །མི་བཟད་འཁོར་བའི་འཇིགས་དང་དུཿཁའི་ནད། །མ་ལུས་དྲུངས་འབྱིན་སྨན་པའི་རྒྱལ་པོ་ནི། །ཐུབ་དབང་རིང་ལུགས་གཞན་ལས་མི་རྙེད་པས། །གང་ལ་དད་པའི་སྐྱབས་ས་འདི་ལགས་སོ། །ས་སྤྱོད་དགེ་ལ་དགྱེས་པ་དེའི་མདུན་སར། །འཆད་ཉན་སྒོམ་པར་དགའ་བ་རྣམས་འདུ་བ། །པདྨའི་མཚོ་ལ་ངང་པའི་སྡེ་འདྲ་བས། །ལེགས་བྱས་ཀུན་གྱི་ལེགས་བྱས་དེ་རུ་འཕེལ། །རིན་ཐང་ཆེར་བཅད་ནོར་རྣམས་བསགས་པ་ལ། །སྙིང་པོར་སེམས་པ་བླུན་པོའི་བླུན་པོ་སྟེ། །ལས་འབྲས་བསླུ་མེད་མཐོང་རྣམས་སྦྱིན་དགའ་ཕྱིར། །ཡོན་གནས་ཆེ་ལ་བསྙེན་བཀུར་མཛད་པར་འོས། །ཚུལ་ཁྲིམས་དུ་ཀུ་ལ་ཡི་གོས་བགོས་པས། །ངོ་ཚ་ཁྲེལ་དང་བག་ཡོད་ལྡན་པའི་ཕྱིར། །མཁས་མཛངས་དཔའ་བའི་ནང་ན་ཆེར་གྲགས་ཤིང་། །ཕྱི་མར་ཡོན་ཏན་བདུན་ལྡན་མཐོ་རིས་འབྱོར། །སྙིང་རྗེར་གོམས་པ་གཞན་དོན་སྒྲུབ་པ་ལ། །སྤྲོ་བ་ཇི་བཞིན་ཏིང་འཛིན་ལ་སྦྱང་ན། །དེ་ལ་སྐྱོ་ངལ་མེད་པ་འབྱུང་བའི་ཕྱིར། །ཏིང་ངེ་འཛིན་ལ་འཇོག་པའང་རིག་པ་ཉིད། །ངེས་པར་ལེགས་བསྒྱུར་ཤེས་རབ་བསྟེན་འོས་ལ། །མང་དུ་ཐོས་པ་མེད་ལ་ཤེས་རབ་ཀྱང་། །རྙེད་དཀས་ལུགས་ཤེས་དགེ་བའི་བཤེས་གཉེན་ལ། །གསན་པ་ཅི་ཡང་ཁྱོད་ཀྱིས་མཛད་པར་འོས། །རྟེན་ཅིང་འབྲེལ་འབྱུང་རིག་པའི་ལམ་བཟང་ནས། །མཐའ་བྲལ་དབུ་མ་གཟིགས་པའི་གང་ཟག་ངོར། །སྒྲིབ་བྱེད་ཆོས་ཀྱི་རྫུན་ཕུགས་སྡིབ་ངེས་པས། །ཐར་པ་བཞེད་ན་དེ་ལ་འབད་པར་རིགས། །ཞེས་པའང་། །སྡེ་པ་དགའ་ལྡན་པ་སྐུ་གཞོན་པས་སྙན་ངག་ལ་བརྟེན་པའི་ཞལ་གདམས་ཞིག་ཅི་ནས་དགོས་ཞེས་ནན་གྱིས་བསྐུལ་བའི་ངོར་པདྨ་དཀར་པོས་སྦྱར་བའོ།། ༈ ཕལ་ཆེར་མཐོན་པོས་རྗེས་སུ་སྙེག་པའི་ཁྲོད། །ཁྱོད་ནི་དྲང་པོའི་ལུགས་འཛིན་འདི་ཁོ་ནས། །བླ་མའི་དམ་ཚིག་ཐོད་དུ་འཛིན་ནུས་ཞེས། །རྗེས་སུ་ཡི་རང་བགྱིས་སོ་སྔགས་འཆང་བ། །འདི་ན་ལུང་རིགས་སློབ་ཅེས་ངལ་རྣམས་ཕལ། །ཅལ་རྒྱུགས་དབྱངས་སུ་ལེན་ལ་བརྩོན་དབང་གིས། །བསླབས་ཀྱིན་རྒྱུད་རེང་འགྱུར་བ་མཐོང་བས་སུ། །སྙིགས་དུས་ཐོས་བསམ་འདི་ཡང་ཤེས་པ་སྐྱོ། །རྒྱལ་བའི་གཞུང་ལུགས་བདག་ཉིད་ཆེས་བཀྲལ་བ། །དཔང་བཙུགས་དེ་དོན་དཔྱད་ནས་ཉམས་བླངས་ན། །ཉོན་མོངས་ཁ་རྒྱལ་འགྱུར་བའི་སྐབས་མི་སྲིད། །འདི་འདྲའི་སྤྱོད་དར་བསྟན་ལ་གཅེས་པ་ཡིན། །དབང་ཐོབ་སྔགས་ཀྱི་སྒོ་རུ་ཞུགས་རློམ་རྣམས། །ཚེ་འདིའི་སྣང་ཤས་དབང་གིས་ལག་ལེན་བྱེད། །ཕལ་ཆེར་ནོར་ཕྱིར་སྒོ་གསུམ་ནུས་པ་སྤུངས། །འདི་འདྲའི་སྔགས་པ་ཀུན་ཡང་བསྟན་དང་འགལ། རྒྱུད་བཞིན་གཏན་ཕབ་རང་གིས་ཉམས་བླངས་ནས། །དངོས་གྲུབ་རྣམ་གཉིས་ཀུན་ཕྱིར་སྒྲུབ་བྱེད་པ། །བསྟན་པའི་དོན་མིན་དྲག་པོའི་ལས་མི་བྱེད། །འདི་འདྲའི་སྔགས་འཆང་བསྟན་པའི་ཉི་མར་མཐོང་། །སྙིང་པོའི་དོན་སྒོམ་འདོད་ཟེར་རི་ཕུག་ན། །ཉམས་ཀྱི་སྣང་བ་བན་བུན་རེར་ཆགས་པས། །ཐ་མར་གཞན་ལས་ཆགས་ཞེན་ཆེ་འདི་རྣམས། །དམ་ཆོས་གནད་དུ་སོང་སྙམ་ང་མི་བགྱིད། །ཕྱི་དབེན་ནང་དབེན་མལ་དབེན་དེ་ཁོ་ནར། །སྐད་ཅིག་མ་ཡེངས་སྒོམ་པའི་བསམ་གཏན་པར། །ཆོས་བརྒྱད་མགོ་སྙོམས་འགྱུར་ཕྱིར་ཞེ་འདོད་མེད། །དེ་འདྲ་བཀའ་བརྒྱུད་བསྟན་འཛིན་གཞུང་མ་ཡིན། །ཅེས་པདྨ་དཀར་པོས་འུག་པ་ལུང་ནས་མ་ཆེན་ལ་གདམས་པའོ།། ༈ མཚན་གྲགས་པ་ཆེ་འོ་ར་ལུང་པ། །དཔལ་ངག་དབང་ཆོས་ཀྱི་རྒྱལ་པོ་ལ། །བདག་གུས་པའི་གསོལ་འདེབས་བགྱིད་ལགས་ཀྱི། །ཕ་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་འཚལ། །ལས་མི་དགེ་བཅུ་པོ་རྒྱང་བསྲིངས་སྟེ། །དུས་གཏན་དུ་དགེ་བ་སྒྲུབ་ནུས་ན། །ཚེ་འདི་ན་བདེ་ལ་ཕྱི་མར་སྐྱིད། །གནས་ལྷ་མིར་སྐྱེ་བ་ཐར་པའི་སྣོད། །ཁོང་འཁོར་བར་འཁྱམས་པའི་ཉེས་པ་མཐོང་། །རང་ཞི་བ་མྱ་ངན་འདས་འདོད་ནས། །ཐབས་བསླབ་པ་གསུམ་ལ་སློབ་པ་ཡང་། །ཆོས་སྤྱོད་པ་ཡིན་ཀྱང་དམན་པའི་ལམ། །མ་ཁམས་གསུམ་འགྲོ་ལ་བྱམས་སྙིང་རྗེས། །མཆོག་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དུས་སྐད་ཅིག་རང་དོན་མ་འཁྲིས་པར། །ལམ་ཕར་ཕྱིན་དྲུག་ལ་སྤྱོད་པ་འདི། །ཁོང་དུས་གསུམ་རྒྱལ་བའི་གཞུང་ལམ་ཡིན། །སེམས་བཅོས་བསླད་མེད་པར་རང་རིག་ན། །གདངས་ལྷ་སྔགས་ཏིང་འཛིན་རོལ་མོ་ཡིན། །མཆོག་ཐུན་མོང་དངོས་གྲུབ་སྒྲུབ་པ་འདི། །དཔལ་རྡོ་རྗེ་འཆང་གི་གསང་ལམ་ཡིན། །ལུས་དངོས་པོར་གནས་པའི་རྩ་རླུང་གཅུན། སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས། །དོན་གནས་ལུགས་མངོན་གྱུར་སངས་རྒྱས་པ། །རང་སེམས་ལས་རྙེད་པ་ངོ་མཚར་ཆེ། །ཞེས་པདྨ་དཀར་པོས་སྔགས་གྲྭ་སློབ་དཔོན་ཀུན་དགའ་སྙིང་པོ་ལ་གདམས་པའོ།། ༈ ཁྱོད་སྙིང་ནས་དམ་པའི་ཆོས་བགྱིད་ན། །རྒྱལ་ཁམས་ཀྱི་ཁ་ཕྱིར་མ་འབྲང་བར། །བློ་རྩེ་གཅིག་སངས་རྒྱས་བསྟན་པ་སོམས། །བཀུར་འོས་ཀྱི་རྗེ་ལ་གསོལ་བ་ཐོབ། །བྱ་བྱེད་ལ་རང་དོན་མ་འཁྲིས་ན། །འཕྲལ་སྡིག་ཀྱང་ཕུགས་ན་དགེ་བ་ཆེ། །ཚེ་འདི་སྐྱིད་དང་ལེན་མི་བྱ་ཞིང་། །རྐྱེན་སྡུག་པ་སྤོང་བློ་མ་བྱུང་ན། །ལས་དགེ་བ་མི་འཛད་སྡིག་པ་བྱང་། །མ་ཚོར་བའི་ངང་ནས་བསམ་པ་འགྲུབ། །ཁོང་འཕགས་པའི་ས་ལ་ཡུད་ཀྱིས་སླེབ། །ཕ་བཀའ་བརྒྱུད་བླ་མའི་བྱིན་རླབས་འཇུག །ཚེ་གཅིག་ལ་སངས་རྒྱས་ཐེ་མི་ཚོམ། །ཞེས་པདྨ་དཀར་པོས་རྒྱལ་བྱེད་ཚལ་སྔགས་གྲྭའི་འཆད་ཉན་པ་དཀོན་མཆོག་བཀྲ་ཤིས་ལ་གདམས་པའོ།། ༈ སྔོན་རབས་ཀྱི་གྲུབ་ཐོབ་པདྨ་འབྱུང་། །མི་ཁོང་གི་བྱིན་རླབས་ཞུགས་པས་ཀྱང་། །ཆོས་ཐེག་དགུའི་རྩེ་མོ་ཨ་ཏི་ལ། །དོན་སྙིང་པོར་སྒྲིལ་པའི་ཤེས་རབ་ཐོབ། །དེ་བྲག་དམར་སྨྱོན་པའི་ཉམས་ལེན་འོས། །ཀ་དག་གི་དབྱིངས་སུ་སེམས་བསྟིམ་པས། །བལྟར་མེད་ཞིག་མཐོང་བ་མེད་པར་མཐོང་། །མིང་དབྱིངས་སུ་རིག་པ་ཐིམ་པ་ཟེར། །ཁོང་དབུ་ཕྱག་པའི་སྐད་ན་གཉིས་མེད་ལོ། །དོན་དེ་ཙམ་ལྟ་བའི་སྐལ་མེད་ན། །ལྷུན་གྲུབ་ཀྱི་སྣང་བ་བཀྲག་པོ་ཆེ། །སྒྲོན་མ་བཞི་འགྲོས་ཀྱི་རིམ་པས་མཐོང་། །ལམ་གོང་ནས་གོང་དུ་བགྲོད་པས་དགའ། །ཚེ་འདི་ལ་དེ་ཙམ་ལོང་མེད་ན། །གཞི་བར་དོ་བཞི་ཡི་གནས་སྐབས་སུ། །མཚོན་བྱེད་བསུན་མས་དབུགས་ཕྱིན་ནས། །རྫོགས་པའི་སངས་རྒྱས་ཞིང་དུ་བགྲོད། །ཆོས་ཅི་འདོད་ཡོན་ཏན་དེ་ནས་འབྱུང་། །ཞེས་པ་འདི་བྲག་དམར་མྱོན་པར་པདྨ་དཀར་པོས་འབྲོག་ལྟས་ལ་ཕྱིན་དུས་རྒྱལ་ཁང་དུ་སྨྲས་པའོ།། ༈ ཞུ་དག་གི་མ་དཔེ་འབྲུག་གི་སྤར་མ་རྙིང་པ་དེ་ཡིན་ལ་གསར་པ་ནང་མེད་པ་མཚན་གྲགས་པ་ཆེའོ་ར་ལུང་པ་སོགས་ཞལ་གདམས་ཁ་ཤས་མ་དཔེ་རྙིང་པ་ལ་ཡོད་པ་དེ་འདིར་བཀོད་པ་ཡིན་ནོ། །།


previousཞལ་གདམས་ཚིགས་སུ་བཅད་པའི་རིམ་པ་བདུད་རྩིའི་གཏེར།next