Nitartha Digital Library
Tibetan
 
previousབརྒྱད་པ། ཡིད་བཞིན་དྲྭ་བ་རྡོ་རྗེ་སྙིང་པོའི་ལེའུ།next

བརྒྱད་པ། ཡིད་བཞིན་དྲྭ་བ་རྡོ་རྗེ་སྙིང་པོའི་ལེའུ།

དེ་ནས་འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འོག་མ་ལས་འཕགས་ཚུལ་བརྗོད་པ་དང་། བླ་ན་མེད་པའི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། བླ་མེད་རྒྱུད་འདི་མི་ཤེས་པར། །ཉམས་སུ་ལེན་པར་འདོད་པ་དེ། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །ཞེས་གསུངས་ཏེ། ཐེག་པ་འོག་མ་པ་རྣམས་ཡིད་དཔྱོད་ཚིག་གི་ལྟ་བ་ལ་གདེང་བཅས་ནས། བསྐལ་པའམ་ཚེ་རབས་སམ་ཚེ་གཅིག་གམ་བར་དོ་ལ་སོགས་པར་གྲོལ་ལོ་སྙམ་དུ་བྱང་ཆུབ་དུས་ཅན་དུ་སེམས་པས། རང་བྱུང་གི་ཡེ་ཤེས་དངོས་ད་ལྟ་བལྟ་བར་མི་ནུས་པའི་ཕྱིར་ཡང་དག་པ་མ་ཡིན་ལ། ཐིག་ལེ་སྐོར་གསུམ་གྱིས་ཀྱང་མངོན་སུམ་ཡེ་ཤེས་ཀྱི་དོན་ལ་སྐད་ཅིག་གིས་བལྟ་བར་མི་ནུས་ཏེ། གཡུ་ཡིག་ཅན་ལས། ཨེ་མ་ཧོ། རིགས་ཀྱི་བུ་ཡང་གབ་སྦས་པའི་སྙིང་ཏིག་འདིའི་ཚད་མ་ཟིན་པར། ཕྱི་ནང་གསང་གསུམ་གྱི་ངོ་སྤྲོད་ལ་ཡིད་ཆེས་པར་བྱེད་པའི་གང་ཟག་ནི། རྒྱུ་ཁ་བའི་ས་བོན་ལ་འབྲས་བུ་མངར་བ་འདོད་པ་དང་འདྲའོ་ཞེས་པ་དང་། ཨེ་མ་ཧོ་རིགས་ཀྱི་བུ་གསང་བ་ཡང་གསང་སྙིང་ཏིག་གི་དོན་མ་མཐོང་བར་ཕྱི་ནང་གསང་བའི་བར་དོ་བཞི་ལ་ཕུག་གཏོད་པ་ནི་ནམ་མཁའི་སྤྲིན་ལ་འཛོལ་འཛུགས་པ་དང་འདྲ་བའོ་ཞེས་སོ། །འདི་ཉིད་རང་བྱུང་གི་ཡེ་ཤེས་སྐད་ཅིག་གིས་ནང་དུ་འཆར་བའི་རྟགས་རང་བཞིན་གྱི་སྣང་བ་ཡེ་ཤེས་ལྔ་ལ་དབང་པོས་བལྟར་ཡོད་པས། ཚིག་དང་ཡི་གེ་དང་རྟོག་བསམ་མི་རྟོག་པའི་ཏིང་ངེ་འཛིན་བློས་བྱས་ཀྱི་སྒོམ་པ་ཀུན་ལས་ཁྱད་པར་དུ་འཕགས་ཏེ་ནོར་ས་དང་འཛོལ་བའི་ས་མེད་ཅིང་། བརྩོན་འགྲུས་བསྐྱེད་ན་དབང་པོ་རྣོ་རྟུལ་མེད་པས་རྩོལ་མེད་ཡེ་ཤེས་ཀྱི་རང་སྣང་མངོན་དུ་བྱས་ཏེ། སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ཞིང་ལ་ཚེ་འདིར་དངོས་སུ་སྤྱོད་དེ་གསང་བ་སྒྲའི་རྒྱུད་ལས། དངོས་གྲུབ་མཆོག་རྣམས་མཐར་ཐུག་པ། །འབད་ཅིང་རྩོལ་བས་མ་ཡིན་པར། །གང་སུ་ཕྲད་པས་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་བ་བྲལ། །གཞན་འབད་པ་ལས་བྱུང་བ་མིན། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་སོ། །ཐ་ན་དབང་བསྐུར་བ་དང་ངོ་སྤྲད་པ་ཙམ་ཡང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་(༡༨༢)པར་དབུགས་འབྱིན་ལ། ཅུང་ཟད་ཉམས་སུ་བླངས་ནས་འདས་ཀྱང་བར་དོར་གྲོལ་བའི་རྟགས་སུ་ས་གཡོ་ཞིང་འཇའ་འོད་འཁྱིལ་པ་དང་། རུས་པ་ལས་སྐུ་དང་། གདུང་དང་། རིང་བསྲེལ་འབྱུང་བར་དེང་སང་གི་བར་དུ་ཀུན་ལ་སྣང་བ་མངོན་སུམ་གྱིས་ཡིད་ཆེས་ཤིང་། ཚིག་གི་རྒྱུད་ཀྱི་གླེགས་བམ་བྲིས་ཏེ་བཅངས་པ་ལའང་གཞན་ལས་འཕགས་པའི་ཕན་ཡོན་གསུངས་ཏེ། རིན་པོ་ཆེ་སྤུངས་པ་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྩལ་གྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པ་ཡིས། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པ་དེས། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །དེ་ཡི་ཕྱིར་ན་དམ་པར་གཟུང་། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲས་བུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་ཤེས་པ་དང་། །མ་བསྟན་གདམས་ངག་ཉིད་གོམས་དང་། །མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་དག །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །འདི་ཉིད་བཅངས་པས་དངོས་གྲུབ་འཐོབ། །སངས་རྒྱས་མཛད་སྤྱོད་དང་དུ་ལོང་། །ངན་སོང་གནས་གསུམ་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་ལམ་དུ་འཛུད། །རང་སྣང་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕྱོ་བའི་འཇིགས་མེད་རྙེད། །ཅེས་པ་ལ་སོགས་པ་གསུངས་སོ། །

གཉིས་པ་བླ་ན་མེད་པའི་ཐེག་པ་ཉིད་བཤད་པ་ལ་གཉིས་ཏེ། ཐེག་པའི་རང་བཞིན་སྤྱིར་བསྟན་པ་དང་། དེའི་ངེས་བྱེད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་སྟེ། རང་བཞིན་གཞིའི་གནས་ལུགས། དེ་ལས་སེམས་ཅན་གྱི་འཁྲུལ་ལུགས། འཁྲུལ་དུས་འོད་གསལ་གྱི་གནས་ལུགས། གནས་ལུགས་ཉམས་སུ་བླང་ལུགས། མཐར་ཕྱིན་འབྲས་བུའི་གྲུབ་ལུགས་སོ། །

དང་པོ་གདོད་མའི་གཞི་རང་བྱུང་གི་ཡེ་ཤེས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་དེ་ཉིད་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་ཟླ་ལྟ་བུ། ཐུགས་རྗེ་ཁྱབ་པ་འོད་ཟེར་ལྟ་བུའོ། །དེ་གསུམ་ངོ་བོ་དབྱེར་མེད་པ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་རྟག་པར་འཕོ་བ་དང་འགྱུར་བ་མེད་པའི་དབྱིངས་སུ་གནས་ཏེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཁྱབ་པ་སྤྲུལ་པའི་སྐུའི་སྙིང་པོ་ཅན་འཁོར་འདས་གང་ཡང་མ་ཡིན་ལ། གོ་འབྱེད་པའི་ཆ་ནས་དབྱིངས་རང་བཞིན་གྱིས་རྣམ་དག་ཆེན་པོ་ཞེས་བཏགས་པའོ། །ཚུལ་འདི་ཉིད་མདོ་སྡེ་ལས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་(༡༨༣)ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་གསུངས་སོ། །དེའང་འཁོར་འདས་གཉིས་ཀྱི་འཕྲོ་གཞིར་བྱུང་སྟེ། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །

གཉིས་པ་ནི་གཞི་དེ་ལྟ་བུའི་གནས་ལུགས་མ་ཤེས་པས་འགྲོ་བ་སོ་སོའི་ཁམས་གསུམ་ལས་ཀྱི་དབང་གིས་འཁྲུལ་ཏེ་བདེ་སྡུག་སྣ་ཚོགས་ལ་སྤྱོད་པ་ཉིད་ཡི་གེ་མེད་པའི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་གཞི་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ་ཞེས་པ་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཅེས་སོ། །

གསུམ་པ་ནི་དེ་ལྟར་འགྲོ་དྲུག་ཏུ་འཁྲུལ་དུས་ལུས་ངག་ཡིད་གསུམ་གྱི་རྣམ་པར་འཁྲུལ་ཏེ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་མི་སྣང་ཡང་། མེད་པ་མ་ཡིན་ཏེ། ལུས་ལ་རྩ་བརྟེན། རྩ་ལ་རླུང་དང་ཁམས་བརྟེན། དེའི་དྭངས་མ་འཁོར་ལོ་བཞིའི་དབུས་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་། སྙིང་ག་ཆོས་ཀྱི་ཕོ་བྲང་ན་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་ངོ་བོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་བརྟན་པར་ཡོད་དེ་ནོར་བུ་འཕྲ་བཀོད་ལས། རང་བྱུང་ཡེ་ཤེས་ཆེན་པོ་ནི། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་སོ། །དེའང་ལུས་ཆགས་པའི་དང་པོར་ཕ་མའི་རྒྱུ་ཀུན་རྫོབ་ཀྱི་ཐིག་ལེ་དཀར་དམར་འདྲེས་པ་ལ། རླུང་སེམས་དབྱེར་མེད་དུ་གྱུར་པས་ཐིག་ལེ་ཤིན་ཏུ་ཕྲ་བ་ཉུངས་འབྲུའི་བཅུ་ཆ་ཙམ་གྱི་མིག་ཆུང་ཤིན་ཏུ་གསལ་བ་གཉིས་ལྟེ་བའི་རྩ་མདུད་ལ་ཆགས་པ་ནས་བཟུང་སྟེ་ལུས་གྲུབ་ནས་བཙས་ཏེ་གནས་པའི་བར་དུ་རྡོ་རྗེ་ལུས་ལ་རྩ་གསུམ་འཁོར་ལོ་བཞི་ལ་སོགས་པ་གཞན་དང་འདྲ་བ་ལས། རང་བྱུང་ཡེ་ཤེས་ཀྱི་རྩ་དང་ཐིག་ལེའི་ཁྱད་པར་ཡོད་དེ་སྒྲོན་མ་འབར་བའི་རྒྱུད་ལས། ཐོག་མར་རང་གི་ལུས་བསྐྱེད་པའི། །མ་ཡི་མངལ་དུ་ཞུགས་པའི་ཚེ། །ལུས་ཀུན་གྱི་ནི་དྭངས་མ་རུ། །ལྟེ་བའི་རྩ་མདུད་ཆེན་པོ་ལས། །དབུས་ཀྱི་འབྲུ་གསུམ་ཉིད་དུ་ཡང་། །ཕ་མའི་རྒྱུ་རྐྱེན་དྭངས་མ་ལས། །མིག་གི་འབྲས་བུ་ཉིད་དུ་ཆགས། །དེ་ཡང་ཕ་མའི་ཆ་ཉིད་ལས། །དཀར་ནག་འདྲེས་པ་ཉིད་དུའོ། །ཞེས་པ་དང་། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། །ཁྱད་པར་ཆེན་པོའི་རྩ་བཞི་ལས། །ཀ་ཏི་ཤེལ་གྱི་རྩ་ཆེན་དང་། །དར་དཀར་སྣལ་མ་ལྟ་བུ་དང་། །ཕྲ་ལ་འདྲིལ་དང་ཤེལ་སྦུག་ཅན། །འདི་བཞིའི་ནང་དུ་ཁྱད་པར་དུ། །གནས་ཤིང་རླུང་གི་རྟ་ལ་ཞོན། །འབྱུང་དང་འཇུག་དང་རང་(༡༨༤)ཤར་དང་། །སྣང་བ་ཡི་ནི་བདག་ཉིད་དུ། །ཡེ་ནས་སྤྲོས་པ་མེད་པར་ཡང་། །གཞི་ཡི་ཐིག་ལེ་བཟང་པོ་དང་། །ལམ་གྱི་ཐིག་ལེ་དེ་བཞིན་བཟང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། །བཟང་པོའི་རྒྱན་དང་ལྡན་པར་ཡང་། །རྩ་རྣམས་ཀྱི་ནི་ནང་ན་གནས། །ཞེས་སོ། །འདི་དག་གི་དོན་ཅུང་ཟད་དབྱེ་ན། ལུས་ཀྱི་དབུས་ན་རྩ་གསུམ་གནས་པར་འདོད་པ་དེ་ཡང་སྒལ་ཚིགས་ཀྱི་འདབ་འབྱོར་ན་ཡོད་དེ། གཡས་ན་རོ་མ་དཀར་བ། གཡོན་ན་རྐྱང་མ་དམར་བ། དབུས་ན་དབུ་མ་སྔོ་སྐྱ། དེའི་དབུས་ན་འོད་གསལ་མཆོག་ཏུ་མི་འགྱུར་བའི་རྩ་ཆེན་ཀ་ཏི་གསེར་གྱི་རྩ་ཞེས་བྱ་བ་གནས་སོ། །དེ་དག་གི་ནང་ན་གཡས་ན་དྭངས་མ་དཀར་པོ་དང་། གཡོན་ན་དམར་པོ། དབུས་ན་རླུང་རྒྱུ་བས་རྟོག་མེད་ཀྱི་ཆར་གྱུར། དེའང་རང་བཞིན་དུ་རྩ་གསུམ་ནས་ཕོ་མོ་མ་ནིང་གི་རླུང་གསུམ་རྒྱུ་ཡང་། རོ་རྐྱང་གཉིས་རྟོག་མེད་མ་ནིང་གི་རླུང་དུ་ཆ་ཤས་རྒྱུ་བས་དབུས་ནས་རླུང་རྒྱུ་ཞེས་བརྗོད་ཅིང་། དེར་ཁམས་དང་རླུང་ཚུད་དུས་བདེ་གསལ་མི་རྟོག་པའི་ཉམས་གསུམ་དང་འོད་གསལ་གསུམ་འཆར་ལ། དེ་ཡང་དྭངས་མའི་འོད་རྩར་འདུས་པས་བསམ་མི་ཁྱབ་ཀྱི་འོད་གསལ་ཤར་ཞེས་བྱའོ། །

གནད་འདི་གསང་དོན་ཆེན་པོ་རྟོགས་དཀའ་བའི་གནས་སོ། །དབུ་མ་དེའི་དབུས་ན་འོད་གསལ་གྱི་རྩ་ནང་ན་གཞི་ལྷུན་གྲུབ་འོད་ཀྱི་ཐིག་ལེ་གནས་པའོ། །འཁོར་ལོ་བཞི་ལ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞིའོ། །དེ་དག་གིའང་རོ་མ་ལས་གྱེས་པ་ཀུན་ཏུ་དྭངས་མ་དཀར་པོར་འབབ་ལ། རྐྱང་མ་ནས་གྱེས་པ་ཐམས་ཅད་ནས་དམར་པོ་དང་ཁྲག་འབབ་ཅིང་། དབུ་མ་ལས་གྱེས་པ་ཀུན་ནས་རླུང་རྒྱུ་ཞིང་། འོད་གསལ་ལས་གྱེས་པ་འཁོར་ལོ་བཞིའི་དབུས་ན་འོད་རྩ་ཕྲ་མོ་ལ་འོད་ཀྱི་ཐིག་ལེ་དང་ཟེར་གནས་པའོ། །ཡལ་ག་ཕྲ་མོ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ཧེ་བཛྲ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་སོ། །དེའང་འོད་གསལ་གནས་པས་ཁྱད་པར་ཆེན་པོའི་རྩ་བཞི་ལ། ཀ་ཏི་གསེར་གྱི་རྩ་ཆེན་དབུ་མའི་དབུས་དང་། དེ་ལས་སྙིང་གི་དབུས་ན་འབྲེལ་བས་ཀུན་ཏུ་བཟང་པོ་གཞིའི་ཐིག་ལེས་གང་བར་གནས་སོ། །དར་དཀར་སྣལ་མ་ལྟ་བུ་ནི་འོད་རྩ་ལས་ཚངས་བུག་ལ་ཡར་བསྟན་པའི་ཆ་ནས་བཏགས་ཏེ། ཆོས་ཉིད་སྐྱེ་མེད་ཀྱི་ལམ་དུ་འཇུག་པའི་ཐིག་ལེ། རིག་པ་རྟོག་མེད་ཀྱི་སྐུ་འཆར་ཞིང་རྟེན་ལ་རྣམ་ཤེས་འཕོ་བ་སྦྱོང་བའི་ལམ་སྟེ་བུ་ག་དགུའི་སྟེང་རོལ་ཡིན་པའི་ཕྱིར་རོ། །ཕྲ་ལ་འདྲིལ་བ་ནི་འཁོར་ལོ་བཞིའི་དབུས་ནས་འོད་གསལ་གྱི་རྟེན་བྱེད་དེ་བཟང་པོ་རྩེ་མོའི་ཐིག་ལེ་འོད་ལྔ་ཟེར་དང་ཐིག་ཕྲན་དུ་གནས་པའོ། །ཤེལ་སྦུག་ཅན་ནི་སྙིང་ནས་མིག་ཏུ་འབྲེལ་ཏེ་བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་རྡོ་རྗེ་ལུ་(༡༨༥)གུ་རྒྱུད་ཀྱི་སྣང་བ་གྲངས་མེད་པ་འཆར་བའི་རྟེན་བྱེད་པའོ། །དེའང་སྙིང་གའི་དབུས་དྭངས་མའི་དྭངས་མ་ལ་རྟེན་པ་འོད་རྩ་འོད་གསལ་དང་བཅས་པ་བརྟེན་པ་ལས། རྩ་ཕྲན་ཀུན་ཏུ་ཟེར་འཕྲོ་བ་ལྟར་སྣང་བས། བདེར་གཤེགས་སྙིང་པོས་ཁྱབ་པ་ཞེས་བྱའོ། །

རིག་པ་དེ་ཡང་ངོ་བོ་སྟོང་། རང་བཞིན་འོད་ལྔར་གནས་ལ། ཐུགས་རྗེ་ཟེར་དུ་ཁྱབ་པ་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོར་བཞུགས་ཀྱང་། ངོ་བོ་ཆོས་སྐུ་སྟོང་པ་ཡེ་ཤེས་གཟིགས་པ་དག་པའི་ཆ་ལ་ཀུན་གཞི་དང་ཚོགས་བརྒྱད་ཀྱིས་བསྒྲིབས། རང་བཞིན་འོད་ལྔར་གསལ་བ་ལ། རྡོས་བཅས་ཤ་ཁྲག་གི་ཕུང་པོས་བསྒྲིབས། ཐུགས་རྗེ་ཟེར་དང་རིག་པ་འཆར་བྱེད་དུ་གནས་པ་ལ་ལས་དང་བག་ཆགས་ཀྱིས་བསྒྲིབས་ཏེ། ཤིན་ཏུ་བལྟ་བར་དཀའ་བའི་བདག་ཉིད་དུ་བཞུགས་ན་ཡང་། མེད་པ་མ་ཡིན་ཏེ་སེམས་ཅན་ཀུན་ལ་ཁྱབ་པར་རང་རང་གི་ལུས་ལ་རྟེན་བཅས་ནས་ཡོད་དེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དང་། དོ་ཧ་ལས། ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་ནི་དབྱེར་མེད་ཕྱིར། །རིག་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་སོ། །དེའང་རིག་པ་བདེ་གཤེགས་སྙིང་པོ་དེ་ཉིད་ཐ་མལ་ལུས་ཀྱི་དྲྭ་བར་གཏུམས་པས་ལུས་ཅན། ཚོགས་བརྒྱད་སེམས་ཀྱི་དྲྭ་བས་གཏུམས་པས་སེམས་ཅན། ལས་དང་བག་ཆགས་ཀྱིས་གཏུམས་པས་སྒྲིབ་པ་ཅན། མ་རིག་པའི་རང་བཞིན་གྱིས་བསྒྲིབས་པས་མུན་པ་ཅན་ཞེས་པ་ལ་སོགས་པའི་མིང་གིས་སྲིད་པ་ན་གནས་དུས་བརྗོད་པ་ཡིན་ནོ། །གསང་སྔགས་འོག་མར་གབ་པ་རྣམས་འདིར་མངོན་དུ་ཕྱུང་སྟེ་བསྟན་པའོ། །དེའི་ཕྱིར་གདོད་མའི་དབྱིངས་རང་ཕྱུང་གི་ཡེ་ཤེས་བདེར་གཤེགས་སྙིང་པོ་དེ་ད་ལྟ་ལུས་ལ་ཀུན་ཁྱབ་ཏུ་གནས་པའོ། །

བཞི་པ་གནས་ལུགས་ཉམས་སུ་བླང་ལུགས་ནི། དང་པོར་གཞི་རིག་པ་དེ་ཉིད་རང་ལ་ཡོད་ཀྱང་རྐྱེན་བླ་མ་དམ་པའི་གདམས་པས་མ་ཟིན་ན་གྲོལ་བར་མི་འགྱུར་བས་ཟིན་དགོས་ལ། དེའང་དང་པོ་སྨིན་བྱེད་དབང་བཞི་བསྐུར་བ་ནི་ལམ་གྱི་གཞི་བྱེད་པ་སྟེ་སྒྲ་ཐལ་འགྱུར་གྱི་རྒྱུད་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་པས་དང་པོ་ཕྱི་སྤྲོས་བཅས་བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་པ་སྦྱོང་། སྐུའི་ནུས་པ་འཇུག །བསྐྱེད་རིམ་སྒོམ་པ་ལ་དབང་། དེ་ནས་ནང་སྤྲོས་མེད་གསང་བའི་དབང་གིས་ངག་གི་སྒྲིབ་པ་སྦྱོང་། གསུང་གི་ནུས་པ་འཇོག །རྫོགས་རིམ་གཏུམ་མོ་ཙནྜ་ལཱི་དང་ཡི་གེ་འཁོར་ལོ་སྔགས་བཟླས་པ་ལ་དབང་། དེ་ནས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཀྱི་སྒྲིབ་པ་སྦྱོང་། ཐུགས་ཀྱི་ནུས་པ་(༡༨༦)འཇུག །བདེ་ཆེན་ཟུང་འཇུག་བསྒོམ་པ་དང་ཀ་དག་ཆོས་ཉིད་ཀྱི་ཡེ་ཤེས་རྟོགས་པ་ལ་དབང་། དེ་ནས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེས་སྒྲིབ་པ་ཐམས་ཅད་པ་ཤེས་བྱ་ལ་རྨོངས་པའི་རང་བཞིན་སྦྱོང་། རང་བྱུང་འོད་གསལ་གྱི་ནུས་པ་འཇུག །མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་ལ་དབང་བའོ། །དེ་ལྟར་དབང་རྣམས་རྫོགས་པར་ཐོབ་དགོས་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གསང་སྔགས་དབང་དང་མི་ལྡན་བསྒྲུབས་ཀྱང་འགྲུབ་མི་འགྱུར། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཞེས་པ་དང་། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་རྫོགས་པར་མ་བསྐུར་ན། །ཉན་པ་ལ་སོགས་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཞེས་སོ། །དེ་ཡང་དམ་པ་དང་པོའི་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོ་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱིས་གྲོལ་བ་མེད། །ཅེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བར། དབང་བསྐུར་མེད་པས་རྒྱུད་འཆད་པ། །སྒྲུབ་པས་སྔགས་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པ་ནི། །ཤིན་ཏུ་ངུ་འབོད་ཆེན་པོར་ལྟུང་། །ཞེས་སོ། །དབང་རྫོགས་པར་ཐོབ་ན། གནས་སྐབས་ཀྱི་འདོད་པ་ཐམས་ཅད་འགྲུབ་ཅིང་། ལམ་ཉམས་སུ་ལེན་པའི་དུས་འོད་རྩ་དག་པ་དང་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ལ། སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་གྱུར་པས་རྒྱལ་བའི་རིགས་འཛིན་པ་དང་། ཚེ་རིང་ཞིང་ལོངས་སྤྱོད་དབང་ཕྱུག་དང་ལྡན་ཞིང་། ངན་སོང་ཐམས་ཅད་མེད་པ་དང་། མཐོ་རིས་ཀྱི་བདེ་དཔལ་ཆེན་པོ་མྱོང་ལ། མཐར་ཐུག་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་དེ། དེ་ཉིད་ལས། སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདིར་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །དེ་ལྟར་དབང་རྣམས་རྫོགས་ནས། གྲོལ་བྱེད་ལམ་བསྒོམ་པ་ལ་འཇུག་སྟེ། དེའང་ཐུན་མོང་གི་ལམ་དུ་བསྐྱེད་རྫོགས་བསྒོམ་པ་གཙོ་བོར་གསུངས་ཀྱང་ཡིད་དཔྱོད་བསྒོམ་པ་ལས་མི་འདའ་བའི་ཕྱིར་དོར་ཏེ། ཐུན་མོང་མ་ཡིན་པའི་ལམ་འདིར་བློས་བྱས་ཡིད་ལ་བྱེད་པ་ཀུན་ལས་འདས་པ་མངོན་སུམ་འོད་གསལ་གྱི་ཡེ་ཤེས་ལྟ་བར་བྱེད་དེ། དེའང་ཐུན་མོང་གི་སྔོན་འགྲོས་ཐེག་པ་འོག་མ་ཡིད་ཆེས་པར་བྱས་ཏེ་གོང་དུ་འཇུག་པའི་རྐང་སྟེགས་བྱས་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣལ་དབབ་དང་བཅས་པ་རྫོགས་ནས་དངོས་གཞི་ངོ་སྤྲད། རྗེས་དེ་དག་ཉམས་སུ་ལེན་ཚུལ་དང་བཅས་པ་རྫོགས་པར་བཤད་ནས། སྐལ་ལྡན་དེ་དག་ཀྱང་དུར་ཁྲོད་དམ་ལུང་སྟོང་ངམ་མཚོ་གླིང་ལ་སོགས་པ་རབ་ཏུ་དབེན་པའི་སར་བསྒོམ་པ་ལས། སྣང་བ་བཞི་རིམ་(༡༨༧)གྱིས་ཤར་ནས་རབ་ལོ་གསུམ། འབྲིང་ལྔ། ཐ་མ་བདུན་ན་རྡོས་བཅས་སུ་སྣང་བ་འོད་གསལ་དུ་གྲོལ་ནས་རང་སྣང་འོག་མིན་དུ་སངས་རྒྱས་མངོན་དུ་བྱེད་པའོ། །དེའང་སྐབས་འདིར་མངོན་སུམ་འོད་གསལ་ལ་ལྟ་བའི་རིག་པ་སྐད་ཅིག་དེ་ཉིད་ལ་འཁོར་བའི་སེམས་གསུམ་ཀུན་གཞིའི་ལྡོག་ཚུལ། ཡེ་ཤེས་ཀྱི་ངོ་བོ་དགོངས་པའི་ཚང་ཚུལ། འོག་མའི་སྙིང་པོ་གོང་མར་འདུས་ཚུལ་དང་གསུམ་བརྩི་བར་བྱ་སྟེ། དང་པོ་ནི་ཡང་དག་པའི་ཏིང་ངེ་འཛིན་འཇིག་རྟེན་ལས་འདས་པ་ཐར་པའི་ལམ་སྣ་ཟིན་ངེས་གཅིག་ལ། ཁམས་གསུམ་པའི་སེམས་དང་སེམས་བྱུང་ཀུན་གཞིར་བཅས་པ་ལྡོག་པ་ཞིག་འབྱུང་སྟེ། དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་ལ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་ཏེ། རྟེན་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་། ཉོན་ཡིད་ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་རྣམས་མེད་པའི་ཏིང་ངེ་འཛིན་ལ། མངོན་སུམ་ལ་ལྟ་བས་ན་ནང་ཀུན་རྟོག་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག །གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་སེམས་ལོག །རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་སེམས་ལོག་པས་ཁམས་གསུམ་པའི་སེམས་ཉེ་བར་ཞི་བའོ། །དེའང་ཀུན་གཞི་ནི་རྟོག་མེད་དྭངས་མ་ཕྱེད་པ་ལུང་མ་བསྟན་ཡིན་ལ། འདིར་ངང་ལ་རིག་པའི་ཕྱིར་ཀུན་གཞི་ལོག །ཀུན་གཞི་རྣམ་ཤེས་གསལ་བ་ཙམ་རིས་སུ་མ་ཆད་པར་གནས་པའི་ཆ་དེ་རང་རིག་པའི་ངོ་བོར་མ་ཤེས་པ་ལས། འདིར་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་དྭངས་གསལ་སྤྲོས་པ་དང་བྲལ་བས་དེ་དང་མི་འདྲ་བས་ལོག །སྒོ་ལྔའི་རྣམ་ཤེས་ཡུལ་སོ་སོར་གསལ་བ་ལས། འདིར་སྣང་བ་འོད་གསལ་གྱི་ཡུལ་སྣང་བས་ཐ་མལ་གཟུགས་འཛིན་མིག་གི་རྣམ་ཤེས་ལས་ལོག །དེ་བཞིན་དུ་སྒྲ་ལ་སོགས་པའི་རྗེས་སུ་མི་འཕྲོ་ཞིང་མི་འཛིན་པས་རྣ་བའི་རྣམ་ཤེས་ལས་ལོག །དེ་ལ་སོགས་པ་གཞན་ནས་ཀྱང་ལོག །དེའི་ཚེ་རྟོག་པ་དང་དཔྱོད་པ་ཆགས་སྡང་གང་ཡང་མེད་པས་ཡིད་ཤེས་དང་ཉོན་ཡིད་ལས་ལོག་སྟེ། ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཁམས་གསུམ་པའི་སེམས་ལས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པས་མཐར་ཐུག་པའོ། །གསང་སྔགས་འོག་མ་དག་རོ་རྐྱང་གི་རླུང་སེམས་དབུ་མར་ཚུད་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན་ལྷན་ཅིག་སྐྱེས་པར་འདོད་པ་དེ་ཉིད་ཀུན་གཞི་ཚོགས་བརྒྱད་ལས་མ་ལོག་སྟེ། ཚོར་བ་བདེ་བ་ནི་ཡིད་དང་ཉོན་ཡིད་དྭངས་མ་ཕྱེད་པའི་རྟོག་མེད་ཀུན་གཞི། ཅུང་ཟད་གསལ་དྭངས་(༡༨༨)ཙམ་ཀུན་གཞིའི་རྣམ་ཤེས། གཟུགས་སྒྲ་ལ་སོགས་ཡུལ་ལྔ་རགས་པ་དང་དབང་ཤེས་སོ་སོ་ལ་སྣང་བ་སྒོ་ལྔའི་རྣམ་ཤེས་སོ། །དེ་དག་མ་ལོག་ན་འཁོར་བ་ལས་མི་གྲོལ་ཏེ་འཁོར་བའི་སེམས་ལས་མ་གྲོལ་བའི་ཕྱིར་རོ། །འདི་ལྟར་གྲངས་ཅན་གྱི་གཞུང་ལས། འཁོར་ལོ་གསུམ་དབུས་གཅིག་ཏུ་འདྲེས། །རྡུལ་དང་མུན་པ་སྙིང་སྟོབས་དག །ཆ་མཉམ་མི་རྟོག་གསལ་བ་ཅན། །གཙོ་བདག་རང་བཞིན་གཅིག་ཉིད་དུ། །གྱུར་པ་དེ་འདིར་དོན་དམ་ཉིད། །རྩ་ཡི་གཟུགས་ཀྱིས་ཡང་དག་བརྗོད། །རླུང་རྣམས་རྒྱུ་བ་དབུས་སུ་ནུབ། །གསལ་ལ་ཡུལ་མེད་མི་གཡོ་བ། །བདག་ཅེས་གྲོལ་བ་དེ་ཁོ་ན། །གཞིག་ཅིང་གཞོམ་མེད་རྟག་པ་ཉིད། །ཅེས་པ་དེ་དང་ཉམས་སུ་ལེན་ལུགས་ཐ་དད་མེད་པའི་ཕྱིར་ཏེ། བསམ་གཏན་གཟུགས་མེད་ཀྱི་སེམས་ཙམ་ལས་གྲོལ་བ་མི་འགྲུབ་པ་ཡིན་ནོ། །དེ་དག་རྩ་རླུང་ཐིག་ལེ་རོ་གཅིག་ཏུ་འདྲེས་པའི་དགའ་བ་རྣལ་མའི་དོན་དུ་འདོད་པས། རླུང་དང་ཁམས་རྣམས་རོ་རྐྱང་ནས་དབུ་མར་འཇུག་ཅིང་རྩ་མདུད་རེ་གྲོལ་སྟོབས་ཀྱིས་ཡོན་ཏན་རེ་འཆར་བར་འདོད་པས། གེགས་མང་ལ་འགྲོ་དྲུག་གི་རྩ་འདབ་ཏུ་རང་རླུང་ཞུགས་པས་འཁྲུལ་སྣང་མང་པོ་འཆར་ཞིང་། གོལ་མ་གོལ་དུ་མ་འབྱུང་བའི་གནད་ཀྱང་དེ་ཡིན་ནོ། །འདིར་ནི་རླུང་རྣམས་རང་ཞིར་འཇོག་པས་དབུ་མར་འཇུག་ཏུ་མེད་ལ། རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས། འོད་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ། སྐུ་དང་འོད་དང་ཞིང་ཁམས་ལ་སོགས་པ་སྣང་ཞིང་འཁྲུལ་སྣང་མི་འཆར་ལ། དབུ་མའི་འོད་རྩ་འཕེལ་བས་རྩ་མདུད་རྣམས་རིམ་གྱིས་འོད་དུ་སོང་བ་ལ་གྲོལ་བ་ཞེས་འདོད་དེ། སའི་ཡོན་ཏན་རྣམས་རང་སྣང་དུ་འཆར་རོ། །དེའང་རྩ་མདུད་དང་པོ་གཉིས་འོད་དུ་གྲོལ་བས་ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་བཅུ་གཉིས་འཆར་བ་དང་། དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་ན་འགུལ་བས་ཞིང་བརྒྱ་གཡོ་བ་དང་། གསལ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་འོག་མའི་ས་ལས་ཆེས་ཁྱད་དུ་འཕགས་སོ། །དེའང་ཉམས་སུ་ལེན་དུས་འཁོར་བའི་སེམས་ཡིན་ན། འབྲས་བུ་འཁོར་བ་ཉིད་དེ་རྒྱུ་འབྲས་མི་སླུ་བར་བྱེད་པ་གཅིག་པའི་ཕྱིར་འགལ་བ་སྡུད་པ་ཉིད་དུ་སྣང་ལ། འདིར་ནི་ལམ་ནས་འཁོར་བའི་སེམས་ལས་གྲོལ་བས་མྱུར་དུ་འབྲས་བུ་རང་ཐོག་ཏུ་ཕེབས་པའི་གནད་དེ་ཡིན་ནོ། །

དེང་སང་སེམས་ལས་སངས་རྒྱས་འདོད་པ་དག་གནད་མ་གོ་བས། ཡེ་ཤེས་དང་སེམས་གཉིས་ཕན་ཚུན་རྫས་འགལ་བས་ལམ་མ་ཡིན་ཏེ། ངེས་དོན་བསྡུས་པའི་རྒྱུད་ལས། དེ་ཡང་འདུས་པའི་སྙིང་པོ་ཉོན། །རང་བྱུང་སྙིང་པོ་ཆོས་སྐུ་ལ། །ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ། །སྣ་ཚོགས་སེམས་ལ་ཞེན་གྱི་བར། །རང་(༡༨༩)གི་སེམས་ཞེས་དེ་ལ་བྱ། །སྐྱོན་གྱི་རྩ་བ་སེམས་ཡིན་པས། །དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ། །ཞེས་པ་དང་། སེམས་ནི་འཁོར་བའི་རྩ་བ་སྟེ། །ཡུལ་ནི་སྣ་ཚོགས་སྣང་བ་ལ། །སེམས་ཀྱིས་རྟོག་པ་སྣ་ཚོགས་ཞེན། །དེ་ཕྱིར་སེམས་ནི་འཁོར་བའི་རྒྱུ། །ཞེས་པ་དང་། ངེས་དོན་མ་མཐོང་གླེན་པ་ཀུན། །སེམས་ལས་མ་གཏོགས་ཆོས་མེད་ཟེར། །དེ་ཕྱིར་རྨོངས་པའི་བློ་རེ་ནོར། །གླེན་བསྒོམ་མུན་པ་བསྒོམས་པས་ཕུང་། །གང་དྲན་སེམས་ཀྱི་ཆོས་འདི་ལོག །ཅེས་པ་དང་། མ་རིག་རྨོངས་པའི་གང་ཟག་ཀུན། །ཆོས་སྐུ་རང་ཡང་སེམས་ཡིན་ཟེར། །དེ་ཕྱིར་ཚིག་ལས་དོན་མ་གོ། །མིང་ལས་ངེས་དོན་ཤེས་པ་དཀོན། །དེ་ཕྱིར་སེམས་ཀྱིས་བྱང་མི་ཆུབ། །སེམས་ལས་སངས་རྒྱས་འདོད་པ་ནི། །མོ་གཤམ་བུ་དང་གཉེན་བྱེད་འདྲ། །སྣང་བ་སེམས་ཡིན་ཟེར་བ་དེ། །ར་གན་གསེར་དུ་བྱེད་པ་འདྲ། །མ་རིག་སངས་ནས་རང་སེམས་རླག །དེ་ཕྱིར་ཆོས་སྐུ་འགྱུར་བ་མེད། །འཛིན་བྲལ་སེམས་མེད་ཡེ་ཤེས་སྐུ། །དེ་དོན་འབྲལ་མེད་བྱང་ཆུབ་ཀློང་། །སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས། །ཞེས་སོ། །དེས་ན་སེམས་དང་ཡེ་ཤེས་ཕྱེད་ནས་ཡེ་ཤེས་རང་གསལ་གྱི་དགོངས་པ་ལ་དེ་ལྟར་གནས་པ་ནི་འདི་ཡི་ཁྱད་པར་གྱི་ཆོས་གསང་བ་ཡིན་ནོ། །དེའང་སེམས་ནི་ཡུལ་འཛིན་པའི་རྟོག་དཔྱོད་གཟུང་འཛིན་དུ་སྐྱེས་པ། ཁམས་གསུམ་པའི་སེམས་སེམས་བྱུང་གི་གཞི་རུ་གནས་ཏེ། མ་དགུའི་དྲི་མ་སྐྱེས་པ་ཅན། རྟོག་དཔྱོད་དང་བསམ་གཏན་གཟུགས་མེད་ཀྱི་རྣམ་པ་དགུའོ། །ཡེ་ཤེས་ནི་དེ་ལས་འདས་པའི་ངོ་བོ་སྤྲོས་བྲལ་གྱི་རིག་པའོ། །རིག་པ་ནི་ཐམས་ཅད་པའི་ཚེ་རིག་ཆར་གནས་པས་རང་བྱུང་འཕོ་འགྱུར་མེད་པའི་ཕྱིར། དེ་བཞིན་ཉིད་དོན་དུ་གནས་པར་ཤེས་པར་བྱའོ། །

གཉིས་པ་ཡེ་ཤེས་ཀྱི་ངོ་བོ་ལ་དགོངས་པའི་ཚང་ཚུལ་ནི། དེ་ལྟར་གནད་ལས་མཐོང་བའི་མངོན་སུམ་ལ་ལྟ་བའི་སྐད་ཅིག་ལ། དྭངས་ལ་མི་གཡོ་བ་སྤྲོ་བསྡུ་དང་བྲལ་བའི་ཡེ་ཤེས་ནང་དུ་ཤར་བ་ནི་ཁྲེགས་ཆོད་ཆོས་སྐུ་རང་ཐོག་ཏུ་ཕེབས་པ་ཡིན་ལ། ཕྱིར་སྣང་འོད་གསལ་དུ་སྣང་བའི་ཐབས་ནི་ཐོད་རྒལ་ལྷུན་གྲུབ་ཏུ་ཤར་བའི་རང་བཞིན་གཟུགས་སྐུ་ལམ་དུ་བྱེད་པས། ཕྱིར་སྣང་བསྐྱེད་རིམ་ཐབས་སུ་ཤར་བའི་གནད་ལས། ནང་གསལ་སྐྱེ་མེད་སྤྲོས་ཀུན་ཞི་བའི་རྫོགས་རིམ་མུ་མཐའ་དང་བྲལ་བའི་ཤེས་རབ་མངོན་དུ་གྱུར་པས། ཐབས་དང་ཤེས་རབ། བསྐྱེད་པ་དང་རྫོགས་པ། ཆོས་སྐུ་དང་གཟུགས་སྐུ། སྣང་བ་དང་སྟོང་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཁྲེགས་ཆོད་དང་ཐོད་རྒལ་སྒོམ་པའི་སྐད་ཅིག་ལ་རྫོགས་པའོ། །དེའི་ཚེ་སྐུ་ལྔ་ཡེ་ཤེས་དང་བཅས་པའང་ཚང་སྟེ། རྩེ་གཅིག་སྤྲོས་པ་དང་བྲལ་བས་ཆོས་སྐུ། རང་གསལ་འཛིན་པ་མེད་པས་ལོངས་སྐུ། སྣ་ཚོགས་ཡུལ་ལ་ཤར་བས་སྤྲུལ་སྐུ། ཚོགས་བརྒྱད་རྣམ་ཤེས་ལོག་པས་བྱང་ཆུབ་ཀྱི་སྐུ། དབྱིངས་ལ་འཕོ་(༡༩༠)འགྱུར་མེད་པས་རྡོ་རྗེའི་སྐུའོ། །ཡེ་ཤེས་ལྔ་ལས། དམིགས་བསམ་སྤྲོས་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས། གསལ་ལ་འགྲིབ་པ་མེད་པ་མེ་ལོང་ཡེ་ཤེས། རོ་མཉམ་ངང་ལ་གནས་པ་མཉམ་ཉིད་ཡེ་ཤེས། སྣང་བ་འོད་ལྔ་མ་འདྲེས་ཀུན་རྟོག་ཡེ་ཤེས། གཟུང་འཛིན་གཉིས་སྣང་གྲོལ་བས་བྱ་གྲུབ་ཡེ་ཤེས་སོ། །ཡེ་ཤེས་དེ་དག་མཁའ་འགྲོ་ལྔའི་རང་བཞིན་དུའང་གནས་ཏེ། སངས་རྒྱས་ཀྱི་དགོངས་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་སྐད་ཅིག་ལ་ཚང་བའོ། །

གསུམ་པ་འོག་མའི་སྙིང་པོ་གོང་མར་འདུས་ཚུལ་ནི། འོད་གསལ་གྱི་སྐད་ཅིག་ལ་གནས་པ་དེའི་ཚེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་མེད་པས་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ལྟ་བའི་དགོངས་པ་འདུས་སོ། །ལུས་ངག་ཡིད་གསུམ་ཉོན་མོངས་པའི་དྲི་མ་མེད་པས་གཙང་སྦྲར་སྤྱོད་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་གྱི་ཡེ་ཤེས་དྲི་མེད་གསུམ་དུ་འདུས་སོ། །སྣང་བ་རིག་པ་གཉིས་མེད་གསུམ་ཟུང་དུ་ཆུད་དེ་རྟོགས་པ་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་གྱུར་པས་མཧཱ་ཨ་ནུ་ཨ་ཏི་གསུམ་གྱི་དགོངས་པ་འདུས་སོ། །དེ་བཞིན་དུ་གཟུངས་དང་། ཏིང་ངེ་འཛིན་དང་ས་ལམ་རྣམས་ཀྱང་རིག་པའི་ཡེ་ཤེས་དྲི་མ་མེད་པ་ལ་གནས་པའི་ཆས་བཞག་པས་དེ་དག་ཀྱང་འདུས་ཏེ། ཐེག་པ་འོག་མར་ཉམས་སུ་ལེན་པའི་ཏིང་ངེ་འཛིན་དང་རྟོགས་པའི་ཡོན་ཏན་གྱི་ཆ་རྣམས་འདིར་འདུས་ལ། སྐྱོན་གྱི་ཆ་རྣམས་མེད་པས་མ་འདྲེས་ཡོངས་རྫོགས་ཀྱི་ཐེག་པ་ཞེས་བྱའོ། །དེ་ལྟར་ལམ་ཉམས་སུ་ལོན་པའི་ཚེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུས་ནས་ཇི་སྐད་གསུངས་པ་བཞིན་བསྲུང་དགོས་ཏེ། མ་བསྲུངས་ན་ཉེས་པ་མང་ཞིང་རྣམ་སྨིན་ལྕི་བས་ཡུན་རིང་དུ་ངན་སོང་དུ་འཚེད་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་ཉམས་པའི་འཆལ་པ་དག །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་རྣམས་ནི་འདུ་བ་དང་། །བསྒྲུབ་པ་ཐམས་ཅད་ལོག་ནས་ནི། །བསྲེག་དང་སྤྲིབས་ལ་ཡུན་རིང་གནས། །ཞེས་སོ། །ལེགས་པར་བསྲུང་ན་ཕན་ཡོན་དཔག་ཏུ་མེད་དེ་གསང་སྙིང་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱི་སྐུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་འཇུག །འཇིག་མེད་ཀུན་ཏུ་བཟང་པོར་སྦྱོར། །ཅེས་སོ། །

ལྔ་པ་མཐར་ཕྱིན་འབྲས་བུའི་གྲུབ་ལུགས་ནི། དེ་ལྟར་སྣང་བ་བཞིའི་ལམ་རྫོགས་པ་ན། ལུས་དེས་གཞན་དོན་འགྲུབ་པར་གཟིགས་ནས་སྲིད་པ་ཇི་སྲིད་བཞུགས་པར་དགོངས་པ་དེ་སྲིད་དུ་སྐུ་དེ་ཉིད་ཆུའི་ཟླ་བ་ལྟར། སྣང་གཟུགས་ཡོད་ཀྱང་རག་གཟུགས་མེད་པར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ནི། སློབ་དཔོན་ཆེན་པོ་བི་མ་ལ་དང་པདྨ་ལྟ་བུ་རྫུ་འཕྲུལ་དང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་(༡༩༡)པ་སྐད་ཅིག་གཅིག་ལ་སྟོན་པའོ། །ལུས་དེས་གཞན་དོན་རྒྱ་ཆེར་མི་འགྲུབ་པར་གཟིགས་ན་འོད་གསལ་དུ་གྲོལ་བའི་ངང་དེ་ཉིད་དབྱིངས་གདོད་མའི་སར་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པས། ཆོས་སྐུའི་ཞིང་ན་ཀུན་ཏུ་བཟང་པོར་བཞུགས་བཞིན་དུ་དེའི་ངང་ལས་ལོངས་སྐུའི་ཞིང་ལྷུན་གྲུབ་སྟུག་པོ་བཀོད་པར་རང་སྣང་ལོངས་སྤྱོད་རྫོགས་པར་བཞེངས་པའི་བྱིན་རླབས་ལས། དག་པའི་ཞིང་དུ་རིགས་ལྔར་སྣང་བས་ས་ལ་གནས་པའི་སེམས་དཔའ་རྣམས་ཀྱིས་དོན་མཛད་ཅིང་། འགྲོ་བ་དྲུག་གི་གནས་སུ་རང་རང་གི་སྟོན་པར་སྣང་ནས་དོན་མཛད་པ་མཆོག་གི་སྤྲུལ་པ་དང་། བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་པ་སྲིད་པ་ཇི་སྲིད་པར་འཕྲིན་ལས་རྒྱུན་མི་འཆད་པར་སོ་སོའི་སྣང་བ་བཞིན་འབྱུང་བའོ། །སངས་རྒྱས་དེ་དག་གི་ཡེ་ཤེས་ཀྱང་སྔར་བཤད་པ་བཞིན་མངའ་བས་རྟག་པ་རྒྱུན་མི་འཆད་པར་བཞུགས་པའོ། །

དེ་ལྟར་གདོད་མའི་སྤྱི་གཞི་ནས་འབྲས་བུའི་བར་རྣམ་པ་ལྔར་བཤད་པ་དེ་དག་གི་ངེས་པའང་མུ་ཏིག་ཕྲེང་བའི་རྒྱུད་ལས། གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་། །ལྷུན་གྲུབ་དང་ནི་ཐུགས་རྗེའོ། །རང་གནས་སྐུ་རིག་ཡེ་ཤེས་སོ། །གནས་པ་ཐུགས་དེ་ཙིཏྟའི་དཀྱིལ། །ལམ་ནི་རྩ་བཞི་འཇུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་སོགས་སོ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཉམས་བླང་ཁྲེགས་ཆོད་ཐོད་རྒལ་ལོ། །ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །བར་དོ་མ་བུ་གཉིས་སྦྱོར་བ། །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་སོ། །དེའང་རང་བྱུང་ཡེ་ཤེས་སྒྲིབ་པ་དང་བྲལ་བའི་མཐར་ཐུག་པའི་ཚེ་ཐོག་མའི་གྲོལ་ས་ཞེས་བརྗོད་པར་ཟད་ཀྱིས་ཐོག་མའི་གྲོལ་ས་སྒྲིབ་པ་དང་བཅས་པ་ཁམས་ཞེས་བྱ་བ་དྲི་མ་དང་བཅས་པས་དེ་བཞིན་ཉིད་ཡིན་ལ། ལམ་གྱིས་སྦྱངས་པས་དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཏུ་གྱུར་པའི་གནས་སྐབས་ཡིན་པར་རིག་པར་བྱའོ། །དེས་ན་འབྲས་བུ་གཞི་ཐོག་ཏུ་གྲོལ་ཞེས་བརྗོད་པས། དབྱིངས་འཕོ་འགྱུར་མེད་པ་མཐར་ཐུག་པའི་རང་བཞིན་གོ་བར་བྱེད་པ་ལ་དགོངས་ཀྱིས་གཞི་ཐོག་ཏུ་གྲོལ་བ་དངོས་མི་སྲིད་དེ། གཞི་དྲི་བཅས་སུ་ཡང་ལྡོག་པ་མི་སྲིད་པའི་ཕྱིར་རོ། །སྲིད་ན་ཡང་འཁྲུལ་པར་འགྱུར་ཏེ་གཞི་ཐོག་ནས་ཡང་འཁྲུལ་གཞི་བྱེད་པའི་ཕྱིར་རོ། །དེས་ན་དབྱིངས་རང་བྱུང་གི་ཡེ་ཤེས་ལ། དྲི་མ་དང་བཅས་དུས་གཞི། དྲི་མ་སྦྱོང་དུས་ལམ། དྲི་མ་མཐའ་དག་དང་བྲལ་དུས་འབྲས་བུ་ཞེས་བྱ་བ་ཡིན་པས། གཞི་དང་གྲོལ་ས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེང་སང་ནི་རྣམ་དབྱེ་ཕྱེད་པ་ཤིན་ཏུ་ཉུང་ངོ་། །དོན་གཉིས་པའི་ངེས་བྱེད་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྒྱ་ཆེན་རྒྱུད་ཀྱི་ངེས་བྱེད་དང་། ཡང་ཟབ་མན་ངག་གི་ངེས་བྱེད་དོ། །དང་པོ་ལ་གཉིས་ཏེ། རྒྱུད་ཀྱི་ངོ་བོ་དང་། རབ་ཏུ་དབྱེ་བའོ། །དང་པོ་ནི་གཞི་ལམ་འབྲས་བུའི་བརྗོད་བྱ་དང་རྗོད་བྱེད་དུ་གནས་པ་འཁོར་དང་བཅས་པའོ། །དེ་ལ་གཞིའི་(༡༩༢)རྒྱུད་རང་བྱུང་གི་ཡེ་ཤེས། ལྷུན་གྲུབ་འཕོ་འགྱུར་མེད་པའོ། །ལམ་གྱི་རྒྱུད་དབང་དང་གདམས་པས་རྟོགས་པ་དང་ཏིང་ངེ་འཛིན་གོང་ནས་གོང་དུ་ཐོབ་པ། རྟོགས་པའི་རྒྱུད་ལས་དང་པོ་ཆོས་ཉིད་མངོན་སུམ་ལ་གནས་པ་ནས་འོད་གསལ་དབྱིངས་སུ་མ་གྲོལ་བའི་བར་གྱི་རིག་པའི་ཡོན་ཏན་ལྟ་བ་དང་ཏིང་ངེ་འཛིན་ལ་སོགས་པའོ། །ལུང་ནི་རྒྱུད་སྡེ་ལྟར་ཉམས་སུ་ལེན་པའི་ཐབས་སུ་བྱུང་བའི་མིང་ཚིག་ཡི་གེར་སྣང་བ་གླེགས་བམ་དུ་བཅས་པ་རྣམས་སོ། །

གཉིས་པ་དབྱེ་ན་གཉིས་ཏེ། མུ་ཏིག་ཕྲེང་བ་ལས། ཨེ་མ་རྡོ་རྗེ་འཛིན་པ་ཉོན། །དེ་ཉིད་རྣམ་པར་བཤད་བྱ་བ། །དོན་གྱི་རྒྱུད་དང་ཚིག་གི་རྒྱུད། །ཅེས་པས། གཞི་རིག་པའི་གནས་ལུགས་ཀུན་ལ་ཁྱབ་པར་ཡོད་པ་ནི་དོན་གྱི་རྒྱུད་ཡིན་ལ། དེ་མཚོན་ཅིང་ཉམས་སུ་ལེན་པའི་ཐབས་ཡན་ལག་དང་བཅས་པ་སྟེ་སྡེ་ཚན་སོ་སོར་བསྟན་པ་ནི་ཚིག་གི་རྒྱུད་དོ། །དང་པོ་དོན་གྱི་རྒྱུད། དེའི་རྣམ་གྲངས་དབྱེ་ན་ཐབས་ཀྱི་རྒྱུད་དང་། རང་བཞིན་གྱི་རྒྱུད་གཉིས་ཏེ། དེ་ཉིད་ལས། གསང་བའི་རྒྱུད་ཀྱི་ཐབས་དང་ནི། །རང་བཞིན་ཇི་ལྟ་བུ་གཅིག་ལ། །ཞེས་སོ། །

དང་པོ་ནི་དབྱིངས་ཀྱི་དོན་མཚོན་བྱེད་སྟོན་པར་བྱེད་པའོ། །དབྱེ་ན་མཚོན་བྱ་ཐབས་ཀྱི་རྒྱུད་དང་། མཚོན་བྱེད་ཐབས་ཀྱི་རྒྱུད་གཉིས་ཏེ། དེ་ཉིད་ལས། གཞི་གཅིག་ངོ་བོའི་ཁྱད་པར་ལས། །མཚོན་བྱ་དང་ནི་མཚོན་བྱེད་དོ། །ཞེས་སོ། །དེའང་བརྗོད་བྱ་དོན་གྱི་རྣམ་སྤྱི་དེ་མཚོན་བྱའོ། །དེའི་ཡིན་ཚུལ་འབྱེད་པ་མཚོན་བྱེད་དེ་དོན་དང་ཐ་སྙད་ལ་ཟེར་རོ། །དེའང་རང་རིག་འོད་གསལ་ཀུན་ཁྱབ་ཆེན་པོ་ནི་མཚོན་བྱའི་རྒྱུད་དེ། དེ་ཉིད་ལས། མཚོན་བྱ་རྒྱུད་གཅིག་ཀུན་ཁྱབ་པས། །ཐམས་ཅད་དེ་ཡི་རྗེས་སུ་འབྲང་། །ཞེས་སོ། །ཇི་ལྟར་ཁྱབ་ན། དབྱིངས་སྟོང་པ་ཀ་དག་ཆོས་ཉིད་དང་། ཡེ་ཤེས་སྣང་པ་ལྷུན་གྲུབ་ཆེན་པོ་དབྱེར་མེད་པའི་ཚུལ་གྱིས་ཁྱབ་སྟེ། དེ་ཉིད་ལས། ཁྱབ་པ་རྣམ་པ་གཉིས་ཡིན་ཏེ། །སྟོང་པས་ཁྱབ་དང་གསལ་བས་ཁྱབ། །ཅེས་སོ། །མཚོན་བྱེད་ནི་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པ། ཁྲེགས་ཆོད་ཡེ་གྲོལ་ཆེན་པོ་དང་། ཐོད་རྒལ་འོད་ལྔ་རང་སྣང་སྒྲོན་མ་དང་བཅས་པ་རང་ཆས་སུ་ཡེ་ནས་ཡོད་པའི་ཆ་ལ་བཏགས་ཏེ། མུ་ཏིག་ཕྲེང་བ་ལས། ཐབས་ཞེས་ཁྱད་པར་ཉིད་ཀྱང་ངོ་། །གང་ཟག་བློ་ཡི་བྱེ་བྲག་གིས། །རིམ་པ་ཇི་ལྟར་བཤད་བྱ་བ། །འབད་རྩོལ་མེད་པར་རང་གྲོལ་དང་། །འབད་བཅས་ཉམས་སུ་བླང་བའོ། །ཞེས་པ་ནས། དེ་ལྟར་མཚོན་བྱེད་ཐབས་ཀྱི་རྒྱུད། །རང་གི་རྒྱུད་ལ་མ་སྐྱེས་རྫོགས། །མཚོན་པར་བྱེད་པས་ཐབས་ཡིན་ཏེ། །རྒྱུན་དུ་གནས་པས་རྒྱུད་ཅེས་བྱ། །ཞེས་པའི་བར་དུ་གསུངས་སོ། །དེའང་ཐབས་དེ་དག་དོན་དང་འདུ་འབྲལ་མེད་པར་ཡེ་ནས་རང་ཆས་སུ་ཡོད་པ་ལས། རྡོ་རྗེ་འཆང་གིས་ཡོད་པ་ལ་ཡོད་པར་གཟིགས་ཤིང་གསལ་བར་གསུངས་པ་ཙམ་ལས། གཤིས་རིག་པ་ལ་མེད་པ་གསུངས་པ་ནི་མེད་དེ། རིག་པ་འབད་མེད་ཅོག་གཞག་ཐབས་ཡེ་གྲོལ་ཁྲེགས་ཆོད་དང་། འོད་གསལ་རང་སྣང་(༡༩༣)ཐོད་རྒལ་དུ་གནས་པ་གོམས་པས་གྲོལ་ངེས་སུ་གནས་པ་ཡེ་ཡོད་ཕྱིས་གསལ་བར་བྱས་པ་ཙམ་མོ། །དེ་ལྟར་བསྟན་པའི་མཚོན་བྱའི་ངོ་བོ་དབྱིངས་རིག་འདུ་འབྲལ་མེད་པས་ཁྱབ་པ་ཡིན་ལ། ངེས་ཚིག་དེ་ལས་ཁྱབ་པའི་ཕྱིར་ན་རྒྱུད་ཅེས་བྱའོ་ཞེས་སོ། །དབྱེ་ན་སྟོང་པ་དང་གསལ་བ་གཉིས་སོ། །མཚོན་བྱེད་ཐབས་ཀྱི་ངོ་བོ་རྟོགས་པར་བྱེད་པའི་ཐབས་སུ་གནས་པ་དེ། དེ་ཉིད་ལས། དེ་དག་མངོན་པར་རྟོགས་པ་ནི། །ཐབས་ཞེས་ཁྱབ་པ་ཉིད་ཀྱང་ངོ་། །ཞེས་སོ། །ངེས་ཚིག་ནི་དེ་ལས། མཚོན་པར་བྱེད་པས་ཐབས་ཡིན་ནོ། །ཞེས་སོ། །དབྱེ་ན་འབད་བཅས་ཐོད་རྒལ་དང་། འབད་མེད་ཁྲེགས་ཆོད་གཉིས་ཏེ་དེ་ཉིད་ལས། འབད་རྩོལ་མེད་པར་རང་གྲོལ་དང་། །འབད་བཅས་ཉམས་སུ་བླང་བའོ། །ཞེས་སོ། །

གཉིས་པ་རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ནི་རིག་པའི་རང་བཞིན་རང་འོད་སྒྲོན་མ་དང་བཅས་པ་སྟེ། དེ་ཉིད་ལས། དེ་བཞིན་གཤེགས་པའི་རང་བཞིན་ཅན། །རྒྱུད་ཀྱི་སྙིང་པོ་རབ་ཏུ་དབྱེ། །འཁོར་དང་འདས་པ་གང་གིས་ཀྱང་། །འདི་ཉིད་ཤེས་པ་མ་ཡིན་ཏེ། །མི་འབྱེད་རྡོ་རྗེའི་རང་བཞིན་ཅན། །རང་རྒྱུད་མཚོན་པའི་གཞི་གཅིག་པའི། །རང་བཞིན་སྟོང་པ་ཉིད་དུ་གཅིག །རྫོགས་པའི་སངས་རྒྱས་བསྐྱེད་པའི་ཡུམ། །ཞེས་སོ། །དབྱེ་ན་གསུམ་སྟེ། གཞིའི་རྒྱུད། སྙིང་པོའི་རྒྱུད། བཅུད་ཀྱི་རྒྱུད་དོ། །དེ་ཉིད་ལས། རང་བཞིན་རྒྱུད་ནི་འདི་ལྟ་སྟེ། །གཞི་དང་སྙིང་པོ་བཅུད་ཉིད་དོ། །ཞེས་སོ། །དང་པོ་གཞིའི་རྒྱུད་ཀྱི་ངོ་བོར་རང་བྱུང་གི་ཡེ་ཤེས། ཐོག་མའི་འོད་གསལ་སྙིང་པོ་ནི། གདོད་མའི་མགོན་པོ། འོད་མི་འཁྲུགས་པ། དབྱིངས་རྣམ་དག །མར་མེ་མཛད། འོད་མི་འགྱུར་བ་ཞེས་བཏགས་པ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཡིན་ནོ། །དབྱེ་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ། དེ་ཉིད་ལས། གཞི་ནི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར། །ཅེས་སོ། །སྙིང་པོའི་རྒྱུད་ཀྱི་ངོ་བོ་ནི་སྙིང་གའི་འོད་གསལ་གདངས་ཕྱིར་སྣང་དང་བཅས་པ་སྟེ། དེ་ཉིད་ལས། སྙིང་པོ་རྫོགས་པའི་རང་བཞིན་རྒྱུད། །སྣང་བ་ཐམས་ཅད་རྒྱུད་ཡིན་ཏེ། །ཐམས་ཅད་ཐམས་ཅད་འབྲེལ་ཞིང་ཆགས། །རང་བཞིན་ཙིཏྟའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་སྙིང་པོ་ཆེ། །དེ་ཕྱིར་དྲིལ་བའི་སྙིང་པོ་སྟེ། །ཀུན་གྱི་སྲོག་ཏུ་གྱུར་པའི་ཕྱིར། །སྙིང་པོའི་རྒྱུད་ཅེས་རྣམ་པར་བཤད། །ཅེས་སོ། །དབྱེ་ན་ནང་གི་སྙིང་པོ་ཡེ་ཤེས་དང་ཕྱིའི་སྙིང་པོ་འོད་གདངས་སོ། །བཅུད་ཀྱི་རྒྱུད་ཀྱི་ངོ་བོ་སྙིང་པོའི་དོན་སྦྱོར་བས་མཐོང་བ་སྟེ། ཕྲེང་བ་ལས། སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །ངོ་བོ་ཐམས་ཅད་བཅུད་ཕྱུང་བའི། །སྙིང་པོ་བསྡུས་པས་བཅུད་ཅེས་ཏེ། །སྟོང་གསལ་རིག་པ་བཅུད་དུ་དྲིལ། །ཅེས་སོ། །དབྱེ་ན་གཞིའི་བཅུད་སྐུར་སྣང་བ། སྙིང་པོའི་བཅུད་ཡེ་ཤེས་སུ་གསལ་བ། མེ་ཏོག་གི་བཅུད་སྒྲོན་མ་བཞིར་ཤར་བ་སྟེ། དེ་ཉིད་ལས། སངས་རྒྱས་ཀུན་གྱི་བདེ་(༡༩༤)གསང་ཆེ། །གཞི་དང་སྙིང་པོ་མེ་ཏོག་ཅན། །རང་རིག་རྣམས་ཀྱི་ངོ་བོ་ཉིད། །ཅེས་སོ། །ལེགས་པར་བསྡུས་ན། བཅུད་ཀྱི་རང་བཞིན་གསུམ་པོ་འདིས་གྲོལ་བའི་ཆ་ཚང་ལ་མ་ནོར་བར་སྟོན་པའི་ཕྱིར་ཀུན་ལས་འཕགས་ཏེ། གསེར་གྱི་མེ་ཏོག་སྙིང་པོ་ལས། སངས་རྒྱས་རྣམས་ཀྱི་བཅུད་བསྡུས་ནས། །འགྲོ་བ་ཀུན་གྱི་སྙིང་ལ་བཅུག།དེ་ཡི་སྙིང་པོ་ལུ་གུ་རྒྱུད། །དྭངས་མ་འདུས་པས་བཅུད་ཅེས་བྱ། །ཞེས་པ་དང་། བརྩོན་པ་དོན་ལྡན་གྱི་རྒྱུད་ལས། བསྟན་པ་ཀུན་གྱི་ཡང་བཅུད་ནི། །ཆོས་ཉིད་མངོན་སུམ་ལམ་ཞེས་བྱ། །ཞེས་པ་དང་། རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་དང་སྙིང་པོ་མེ་ཏོག་ནི། །སངས་རྒྱས་རྣམས་ཀྱི་རང་བཞིན་རྒྱུད། །ཁྱད་པར་གསང་མཆོག་བཅུད་དུ་དྲིལ། །འདི་ནི་འཁོར་བའི་ཕ་རོལ་དུ། །སྐྱེས་བུས་མདའ་འཕངས་ཇི་བཞིན་ནོ། །ཞེས་སོ། །དེ་ལྟར་རང་བཞིན་གྱི་རྒྱུད་རྣམས་གཞི་ལམ་འབྲས་བུ་གསུམ་གྱི་རང་བཞིན་དུ་གནས་ཏེ་མུ་ཏིག་འཕྲེང་བ་ལས། གཞི་དང་ལམ་དང་འབྲས་བུ་ཡིས། །གཟུང་བར་ངེས་པས་རང་བཞིན་རྒྱུད། །ཅེས་སོ། །གཞིའི་རྒྱུད་རིག་པ། ལམ་གྱི་རྒྱུད་སྣང་བ་བཞི། འབྲས་བུའི་རྒྱུད་བཅུད་དང་རྣམ་པ་གསུམ་མོ། །དེའང་སྙིང་པོ་རིག་པའི་ཡེ་ཤེས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ་ནི་དྭངས་མ་གསུམ་ཡིན་ལ། རིག་པ་སྐུར་གསལ་བ། དབྱིངས་ཁ་དོག་ཏུ་གསལ་བ་ནམ་མཁའ་ལ་དབྱིངས་རིག་གསལ་བ་གསུམ་ནི་གསལ་བ་གསུམ་ཞེས་བྱའོ། །གདེང་གསུམ་ནི་ལྟ་བ་རང་བྱུང་གི་ཡེ་ཤེས་ཡེ་ནས་གྲོལ་བས་འབད་རྩོལ་བྱ་མི་དགོས་པའི་གདེང་། རང་སྣང་ཡེ་ཤེས་ཀྱི་ཡུལ་སྐུ་དང་ཡེ་ཤེས་སུ་གསལ་བས་ཞིང་ཁམས་ལོགས་ནས་བསྒྲུབ་མི་དགོས་པའི་གདེང་། འཁོར་འདས་ལ་རེ་དོགས་དང་སྤང་ཐོབ་བྲལ་བས་སངས་རྒྱས་ལོགས་ནས་བསྒྲུབ་ཏུ་མེད་པར་ཐག་ཆོད་པའི་གདེང་ངོ་། །དེའི་ཚེ་མི་ལྡོག་པ་གསུམ་འབྱུང་བ་ནི། རིག་པ་མི་ལྡོག་པས་སྐུར་སྨིན། སྣང་བ་མི་ལྡོག་པས་འོད་གསལ་དུ་གྲོལ། རྟོག་པ་མི་ལྡོག་པས་ཡེ་ཤེས་སུ་སངས་རྒྱས་པའོ། །དེ་དག་གི་དག་བྱ་དང་དག་བྱེད་ཀྱི་གཞི་སྣང་བ་གསུམ་དང་སྟོང་པ་གསུམ་དུ་འདུས་ཏེ། འཁྲུལ་སྣང་། དག་སྣང་། བར་དོ་སྒྱུ་མའི་སྣང་བ་དང་གསུམ་ནི། ད་ལྟ་སེམས་ཅན་སྤྱི་བཙན་ལ་སྣང་བ། སྣང་བ་བཞི་སྦྱངས་ན་དག་སྣང་དུ་འགྱུར་ལ། མ་སྦྱངས་ཀྱང་བར་དོར་འོད་གསལ་གཞིའི་སྣང་བ་འཆར་བ་ཡིན་ནོ། །སྟོང་པ་གསུམ་ནི་དྲི་མ་སྦྱོང་བ་སྣང་བ་བཞིའི་གནས་སྐབས་ཏེ། དང་པོར་ཆོས་མིན་ལས་ལྡོག་པས་སྒོ་གསུམ་འཁྲུལ་པ་ལས་གྲོལ་བས་འཁྲུལ་པ་སྟོངས། དེ་ནས་ཆོས་སུ་འཛིན་པའི་དྲི་མ་སྟོངས་ཏེ་རླུང་ལྔ་དབྱིངས་སུ་དག །དེ་ནས་ཕྱི་ནང་འོད་གསལ་དུ་གྲོལ་བས་ཕྲ་རགས་ཀྱི་འབྱུང་རྐྱེན་སྟོངས་པའོ། །དེ་སྐད་དུ་མུ་ཏིག་ཕྲེང་བ་ལས། དེ་ཡང་བཅུད་ཀྱི་རང་བཞིན་ནི། །སྙིང་པོ་(༡༩༥)བསྡུས་པས་དྭངས་མ་གསུམ། །གསལ་བ་གསུམ་དང་ཤེས་པས་ཁྱབ། །གདེང་གསུམ་མི་ལྡོག་གསུམ་གྱིས་ནི། །བཅུད་མི་འགྱུར་བའི་ངེས་པ་ཐོབ། །སྣང་བ་གསུམ་དང་སྟོང་པ་གསུམ། །བཅུད་ནི་རང་བཞིན་དག་པ་ཡིས། །རྒྱུད་དུ་གཏན་ལ་ཕབ་པའོ། །ཞེས་སོ། །དེ་ལྟར་ཐབས་ཀྱི་རྒྱུད། རང་བཞིན་གྱི་རྒྱུད། སོ་སོའི་རྣམ་དབྱེ་མང་པོ་བཤད་ཀྱང་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ལ་བརྟགས་ནས་སོ་སོར་ལྡོག་པས་ཕྱེ་བ་ཡིན་གྱིས། དོན་ཐ་དད་དུ་འགྱུར་བ་མེད་དེ། གཤིས་ཀྱི་ཡིན་ལུགས་ཀྱི་སྟེང་ནས་རང་བཞིན་གྱི་རྒྱུད། མཚོན་བྱ་དོན་གྱི་རྒྱུད། གཞིའི་རྒྱུད་ཅེས་བརྗོད་ལ། དེ་དག་གི་ཡིན་ཚུལ་ཉམས་ལེན་གྱི་དོན་ཡེ་ནས་རང་བྱུང་གི་ཡེ་ཤེས་ཉིད་ལ་གནས་པའི་ཆ་ནས། ཐབས་ཀྱི་རྒྱུད། མཚོན་བྱེད་ཀྱི་རྒྱུད། བཅུད་ཀྱི་རྒྱུད་ཅེས་པ་ལ་སོགས་པ་བཏགས་ཀྱང་། མི་གཅིག་ལ་མིང་མང་པོ་བཏགས་པ་ན་མིང་མང་པོར་བྱུང་ཡང་དོན་གཅིག་ལས་མ་འདས་པ་ལྟ་བུ་སྟེ། དེ་ཉིད་ལས། གཞི་དང་ལམ་དང་འབྲས་བུ་ཡིས། །གཟུང་བར་ངེས་པ་རང་བཞིན་རྒྱུད། །དེ་ཕྱིར་རྒྱུད་ཅེས་འབྲེལ་བས་གྲུབ། །རང་བཞིན་བབས་ཀྱིས་གྲུབ་པས་ན། །རང་བཞིན་ཉིད་ཀྱི་རྒྱུད་ཅེས་བྱ། །གཞི་གཅིག་ངོ་བོའི་ཁྱད་པར་ལས། །ཐབས་དང་རང་བཞིན་རྒྱུད་ཅེས་ནི། །བཏགས་པ་ཙམ་དུ་དེར་སྣང་ཀྱང་། །ངོ་བོ་གཞི་གཅིག་རང་བཞིན་སྟོང་། །ཐ་དད་མ་ཡིན་འགྱུར་བ་མེད། །དཔེར་ན་སྐྱེས་བུ་གང་ཞིག་ལ། །མིང་ནི་མང་པོ་ཡོད་གྱུར་པ། །གང་ནས་བོས་ཀྱང་དེར་སྣང་ལྟར། །འགྱུར་མེད་དོན་ཀྱང་དེ་བཞིན་ནོ། །ཞེས་སོ། །

དོན་གཉིས་པ་ཚིག་གི་རྒྱུད་ཀྱི་རིམ་པ་བཤད་པ་ལ་བརྒྱད་དེ། ངོ་བོ་དབྱེ་བ། སྡུད་ཚུལ། གོ་རིམས་སམ་སོ་སོའི་དོན། དགོས་ཆེད། བཤད་ཐབས། མ་བུ་ངེས་པའི་ཁ་བྱང་བསྟན་པའོ། །དང་པོ་རྒྱུད་ཀྱི་ངོ་བོ་ཚིག་དོན་འབྲེལ་བར་སྣང་བ་བཀོད་པས་གང་ཟག་གི་ཤེས་རྒྱུད་གྲོལ་བའོ། །ངེས་ཚིག་ནི་མིང་ཚིག་ཡི་གེར་བརྗོད་ཅིང་གསལ་བའོ། །

དབྱེ་བ་ལ་རྣམ་པ་བཅོ་བརྒྱད་དེ། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་འཕྲ་བཀོད། མ་བུ་འབྲེལ་པ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ། རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། རྒྱ་མཚོ་དང་ནི་ཉི་མ་དང་། །(༡༩༦)སེང་གེ་དང་ནི་རི་རྒྱལ་དང་། །འཁོར་ལོ་དང་ནི་ལྡེ་མིག་དང་། །རལ་གྲི་དང་ནི་གསལ་ཤིང་དང་། །གསེར་ཞུན་དང་ནི་མ་བུ་འབྲེལ། །མེ་ལོང་དང་ནི་མུ་ཏིག་བརྒྱུས། །སྦྲུལ་མདུད་དང་ནི་ཁྱུང་ཆེན་དང་། །ཆུ་རྒྱུན་དང་ནི་སྤུ་གྲི་དང་། །རྒྱལ་པོ་དང་ནི་བང་མཛོད་དང་། །དེ་དག་རྣམ་པར་ཕྱེ་བས་ནི། །ཚིག་རྒྱུད་གསལ་བར་བྱེད་པའོ། །དེ་ཡི་དོན་རྣམས་རྣམ་དབྱེ་བས། །ངོ་བོ་ཉིད་ཀྱང་མཐོང་བར་འགྱུར། །ཅེས་སོ། །རྒྱུད་དེ་དག་སོ་སོའི་དོན་གྱི་ཆིངས་སྡུད་ཚུལ་གྱི་སྒོ་ནས་བཤད་པ་ནི་རང་ཤར་རང་གྲོལ། ཡི་གེ་མེད་པ་གསུམ་ནི་རྒྱུད་ཀྱི་སྙིང་པོ་གསུམ་སྟེ། རྗེ་འབངས་འཛོམས་པ་ལྟ་བུའོ། །ནོར་བུ་འཕྲ་བཀོད་མེ་ལོང་གཉིས་ཏེ་གསུམ་ནི་རྒྱུད་ཀྱི་དྭངས་མ་གསུམ་སྟེ་རྒྱུད་ཐམས་ཅད་ཀྱི་དོན་མཐོང་བ་རི་རྒྱལ་གྱི་རྩེར་ཕྱིན་པ་ལྟ་བུའོ། །མུ་ཏིག་ཕྲེང་བ་སེང་གེ་རྩལ་རྫོགས་བཀྲ་ཤིས་མཛེས་ལྡན་གསུམ་ནི་རྒྱུད་ཀུན་གྱི་དགོངས་དོན་ཟབ་མོ་གསལ་བས་མེ་ཏོག་གསུམ་སྟེ་ཉི་མ་གསུམ་ཤར་བ་ལྟ་བུའོ། །རྫོགས་པ་རང་བྱུང་གི་རྒྱུད་ནི་རྒྱུད་ཀུན་གྱི་སྡོམ་འདུས་པ་གཅིག་སྟེ་མཁར་གྱི་རྨིང་རྡོ་ལྟ་བུའོ། །ངོ་སྤྲོད་སྤྲས་པ་ནི་དཔེ་དོན་གསལ་བས་སྣང་བ་གཏིང་ནས་རྫོགས་པ་སྟེ། མཁར་རྩེ་སྒྲོན་མེ་ལྟ་བུའོ། །ཉི་ཟླ་ཁ་སྦྱོར་ནི་བར་དོར་གྲོལ་བས་ཡེ་ཤེས་གཡུལ་བཟློག་སྟེ་སྐར་ཁུང་བཏོད་པ་ལྟ་བུའོ། །རིན་ཆེན་སྤུངས་པ་དང་། སྐུ་གདུང་འབར་བ་ནི་རྒྱུད་ཀྱི་མ་ཚང་བ་ཁ་སྐོང་བའི་ཡན་ལག་སྟེ་བ་གམ་ལྟ་བུའོ། །སྒྲོན་མ་འབར་བ་ནི་ཉམས་ལེན་གསལ་བས་རྣལ་འབྱོར་གྲོལ་བའི་རྒྱུད་དེ་རྒྱལ་པོ་ཕོ་བྲང་གི་རྩེར་བཞུགས་པ་ལྟ་བུའོ། །ཀློང་དྲུག་པ་ནི་དགོངས་པ་དྲང་ཐད་དུ་སྟོན་པས་སྙིང་དང་འདྲ་ཞིང་མཚན་འཛིན་གྱི་དམག་མི་འཇུག་པས་སྒོ་བཅད་པ་ལྟ་བུའོ། །ཐལ་འགྱུར་ནི་རང་གི་གྲུབ་པའི་མཐའ་གསལ་ཞིང་ཕ་རོལ་གྱི་རྒོལ་བས་མི་ཚུགས་པས་གསང་བ་རང་གཞུང་སྟེ་ལྕགས་རི་ལྟ་བུའོ། །ནག་མོ་ཁྲོས་མ་ནི་འགལ་བྱེད་ཚར་གཅོད་པས་མཚོན་ཆ་ལྟ་བུ་སྟེ་སྒོ་སྲུངས་གོ་ཞུབས་ཅན་ལྟ་བུའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན། །རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ། །རྒྱུད་ཀྱི་དྭངས་མ་གསུམ་ཤེས་ན། །རི་གསུམ་རྩེ་མོར་ཕྱིན་པ་འདྲ། །རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན། །མཁའ་ལ་ཉི་མ་གསུམ་ཤར་འདྲ། །རྒྱུད་ཀུན་སྡོམ་གཅིག་ཤེས་པ་ན། །མཁར་གྱི་འགྲམ་རྡོ་ལེགས་ཚུགས་འདྲ། །སྣང་བ་གཏིང་རྫོགས་རྒྱུད་ཤེས་ན། །རྩེ་མོར་འབྱོངས་པའི་མཁར་དང་འདྲ། །ཡེ་ཤེས་གཡུལ་བཟློག་རྒྱུད་ཤེས་ན། །ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཡན་ལག་རྒྱུད་ཆེན་གཉིས་ཤེས་ན། །ངོས་བཞིར་བ་གམ་བཏགས་པ་འདྲ། །རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན། །རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ། །སྙིང་དང་འདྲ་བའི་རྒྱུད་ཤེས་ན། །དེ་ལ་སྒོ་མོ་དམ་བསྒྲིགས་འདྲ། །གསང་བ་རང་གཞུང་རྒྱུད་ཤེས་ན། །མཐའ་མ་ལྕགས་རིས་བསྐོར་བ་འདྲ། །མཚོན་ཆ་ལྟ་བུའི་རྒྱུད་(༡༩༧)ཤེས་ན། །གོ་ཞུབས་ལྡན་པའི་སྒོ་སྲུངས་འདྲ། །ཞེས་སོ། །རྒྱུད་དེ་དག་གི་གོ་རིམས་དོན་གྱི་ཆིངས་ངེས་པའང་དེ་ཉིད་ལས། དེ་ལ་རྒྱུད་ཀྱི་རིམས་པ་ནི། །རྩ་བའི་རྒྱུད་ཆེན་རྣམ་གཉིས་ཀྱི། །ཆོས་ཀུན་ངོ་བོ་གཅིག་པར་བཤད། །བཤད་རྒྱུད་མ་བུ་གཉིས་ཀྱིས་ནི། །ལོ་འདབ་རྒྱས་པའི་ཚུལ་དུ་བཤད། །ཡན་ལག་རྒྱུད་ནི་གཉིས་དག་གིས། །རྒྱ་མཚོར་གཟའ་སྐར་ཤར་བཞིན་བཤད། །ལུང་རིགས་གསལ་བའི་རྒྱུད་གཉིས་ཀྱིས། །མེ་ཏོག་ཁ་ཕྱེའི་ཚུལ་དུ་བཤད། །མན་ངག་རྒྱུད་སྡེ་བཞི་ཡིས་ནི། །འབྲས་བུ་སྨིན་པའི་ཚུལ་དུ་བཤད། །དགོངས་པ་རང་གནས་རྒྱུད་གསུམ་གྱིས། །མཐོང་བྱེད་མིག་གི་ཚུལ་དུ་བཤད། །འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས། །དྲན་གཞི་སྙིང་གི་ཚུལ་དུ་བཤད། །མཁས་པ་ཆོ་གའི་རྒྱུད་ཀྱིས་ནི། །མེལ་ཚེ་བྱེད་པའི་ཁྱི་ལྟར་བཤད། །ཅེས་སོ། །དེའང་རྫོགས་པ་རང་བྱུང་རྩ་བའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་ལ་བརྟེན་ནས་ཕྱི་སྤྲོས་བཅས་ཀྱི་དབང་གིས་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་ཟིན་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པས་རྩ་བའི་རྒྱུད་ཆེན་གཉིས་པོས་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་དུ་བཤད་པའོ། །རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་ལ་བརྟེན་ནས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་གསལ་བར་བྱེད་ལ། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་དམིགས་བསལ་བར་བྱེད་དེ། དེ་ལྟར་བཤད་རྒྱུད་མ་བུ་གཉིས་ཀྱིས་ཤིང་ལོ་འདབ་རྒྱས་པ་ལྟར་བཤད་དོ། །རིན་ཆེན་སྤུངས་པ་ལེའུ་ལྔ་པས་ཡོན་ཏན་རང་རྫོགས་སུ་བསྟན་པ་དང་། སྐུ་གདུང་འབར་བས་རྟགས་རྣམས་བསྟན་པ་སྟེ། ཡན་ལག་གི་རྒྱུད་གཉིས་ཀྱིས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཤད་དོ། །སྒྲ་ཐལ་འགྱུར་ལེའུ་དྲུག་པས་སྡེ་སྣོད་ཀུན་གྱི་རྩ་བར་བསྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་གྱིས་འཁྲུལ་པ་བཟློག་ཚུལ་ངོས་བཟུང་སྟེ། ལུང་རིགས་གསལ་བའི་རྒྱུད་གཉིས་པོ་དེས་མེ་ཏོག་ཁ་ཕྱེ་བའི་ཚུལ་དུ་བཤད་དོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལེའུ་བརྒྱད་པས་ངོ་སྤྲད་པ་དང་དབང་དང་དམ་ཚིག་གི་མན་ངག་བསྟན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པས་གོལ་སྒྲིབ་ཤན་འབྱེད་དུ་བསྟན། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པས་དཔེ་དོན་གྱི་ཡིད་ཆེས་བསྐྱེད་པ་བསྟན། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པས་མན་ངག་ཐ་དད་པའི་ཐབས་ཀྱིས་གྲོལ་བར་བསྟན་ཏེ། དེ་ལྟར་མན་ངག་གི་རྒྱུད་ཆེན་བཞིས་འབྲས་བུ་སྨིན་པའི་ཚུལ་དུ་བཤད་དོ། །ཀློང་དྲུག་པ་ཀློང་དྲུག་གིས་རིགས་དྲུག་གནས་སུ་དག་པར་བསྟན། སྒྲོན་མ་འབར་བ་ལ་ལེའུ་བཞི་པས་སྒྲོན་བཞི་བསྟན། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པས་བར་དོ་བསྟན་ཏེ། དེ་ལྟར་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་གྱིས་མཐོང་བྱེད་མིག་གི་ཚུལ་དུ་བཤད་དོ། །སེང་གེ་རྩལ་རྫོགས་ལེའུ་བཅུ་གསུམ་པས་ལྟ་བ་ཕྱོགས་རིས་མེད་པར་བསྟན། ནོར་བུ་འཕྲ་བཀོད་ལེའུ་(༡༩༨)བཅུ་བཞི་པས་ལམ་སྲོལ་དུ་འཇུག་པར་བསྟན་ཏེ། དེ་ལྟར་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་པོས་དྲན་གཞི་སྙིང་གི་ཚུལ་དུ་བཤད་དོ། །མཁས་པ་ཆོ་གའི་རྒྱུད་དཔལ་ནག་མོ་ཁྲོས་མས་བསྟན་པ་སྲུང་བའི་ལས་རྒྱས་པར་བསྟན་ཏེ་ཁྱི་བཟང་པོས་མེལ་ཚེ་བྱེད་པ་ལྟར་བཤད་དོ། །དེ་ལྟར་སྡེ་ཚན་བརྒྱད་དུ་རྒྱུད་བཅོ་བརྒྱད་བསྡུས་ཏེ་བཤད་པ་ནི་དགོངས་པའི་དབང་གིས་བཞག་གོ། །དེའང་རྩ་བའི་རྒྱུད་གཉིས་མེད་ན་སྡོང་པོ་རྩ་བ་རུལ་བས་ཡལ་ག་ལོ་འབྲས་མི་འབྱུང་བ་དང་འདྲའོ། །བཤད་རྒྱུད་གཉིས་མེད་ན། ལོ་མ་མེད་པས་མེ་ཏོག་འོང་མི་སྲིད་པ་དང་འདྲའོ། །ཡན་ལག་གི་རྒྱུད་གཉིས་མེད་ན་ལག་རྡུམ་གྱིས་བྱ་བ་མི་འགྲུབ་པ་དང་འདྲའོ། །འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན་སྙིང་མེད་པའི་རོ་དང་འདྲའོ། །ལུང་རིགས་གསལ་བའི་རྒྱུད་གཉིས་མེད་ན་མེ་ཏོག་མེད་པས་འབྲས་བུ་མི་འབྱུང་བ་དང་འདྲའོ། །མན་ངག་གི་རྒྱུད་བཞི་མེད་ན་འབྲས་བུ་མི་འབྱུང་བ་ལ་སོ་ནམ་བྱས་ཀྱང་དོན་མེད་པ་དང་འདྲའོ། །དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན་མིག་མེད་ཀྱིས་སྣང་བ་མི་མཐོང་བ་དང་འདྲའོ། །མཁས་པ་ཆོ་གའི་རྒྱུད་མེད་ན་མེལ་ཚེ་མེད་པས་དགྲ་རྐུན་འོང་བ་དང་འདྲའོ། །དེ་ལྟར་དོན་ཚན་བརྒྱད་མེད་ན་བསྟན་པ་གཅིག་གི་ཆ་རྐྱེན་མ་རྫོགས་ལ། དེ་བས་མང་ཡང་དགོས་པ་མེད་པས་བརྒྱད་དུ་གྲངས་ངེས་ཤིང་དོན་གྱི་གོ་རིམས་ངེས་པའི་འཐད་པའང་དེ་ཡིན་ནོ། །དེ་དག་སོ་སོའི་དོན་ལ་ཟུག་པ་རྩ་བ་ལྟར་བཤད་པས་རྩ་བ་རང་བྱུང་གི་ཡེ་ཤེས་སུ་འདུས་པ་ལ་དགོངས། རྒྱས་པ་ལོ་འདབ་ལྟར་བཤད་པས་ཚིག་དོན་འདྲེས་པ་ལ་དགོངས། ཡན་ལག་ནི་འདྲིལ་བ་སྡོང་པོ་ལྟར་བཤད་པས་དབྱིངས་རིག་གཉིས་མེད་ལ་དགོངས། ལུང་རིག་ནི་གསལ་བ་མེ་ཏོག་ལྟར་བཤད་པས་སྒྲོན་མའི་རང་ངོ་མངོན་སུམ་དུ་འཛིན་པ་ལ་དགོངས། མན་ངག་ནི་སྨིན་པ་འབྲས་བུ་ལྟར་བཤད་པས་སྐུ་གསུམ་ལམ་དུ་བྱེད་པ་ལ་དགོངས། དགོངས་པ་རང་གནས་གྲོལ་ལམ་མཐོང་བྱེད་ལྟར་བཤད་པས་མངོན་སུམ་གནད་ལ་དགོངས། འཇུག་པ་རང་གྲོལ་ནི་དྲན་རིག་ལམ་དུ་སློང་བས་སྒྲོན་མ་རང་ངོ་སྤྲོད་པ་ལ་དགོངས། མཁས་པ་ཆོ་གས་ནི་བསྟན་པ་བསྲུང་བ་ལ་དགོངས་ཏེ། དེ་ལྟར་དགོངས་ཚུལ་བརྒྱད་ཀྱིས་རྫོགས་པར་བཤད་པའོ། །

དེ་དག་གི་འབྲས་བུ་ནི་རྩ་བ་རིག་པ་ལ་འདུས་ལ། རིག་པ་སྟོང་པ་ངོས་གཟུང་དང་བྲལ་བའོ། །རྒྱུད་དེ་ཉིད་རང་རིག་ཏུ་བཟུང་བས་ཡེ་ཤེས་དང་ངོ་འཕྲད། བཅངས་པས་ཏིང་འཛིན་རང་ལ་གནས། བཀླགས་པས་བརྗོད་བྱ་སེམས་ལ་འཆར། བཤད་པས་རང་གཞན་གྱི་དགོས་འདོད་སྐོང་། བསྒོམས་པས་འཁོར་བ་དོང་ནས་སྤྲུགས། མཉན་པས་སྙིང་པོའི་དོན་ལ་རེག་པའོ། །བཤད་རྒྱུད་ལོ་འདབ་རྒྱས་པ་ལྟ་བུ་ནི་ཚིག་གི་སྤྲོས་པ་ལ་བརྟེན་ནས་སྤྲོས་མེད་ཀྱི་ཡེ་ཤེས་སྐྱེ་བའོ། །ཡན་ལག་གི་རྒྱུད་ཀྱི་ཚོགས་དྲུག་ཡུལ་སྣང་ལ་སྒོ་ལྔ་ཅེར་གྲོལ་དུ་སྟོན་པ་རྒྱ་མཚོར་གཟའ་སྐར་ཤར་བ་ལྟ་བུའོ། །ལུང་རིག་གསལ་བས་རྒྱལ་བའི་ལུང་དང་ཡང་དག་པའི་རིག་པ་རྣལ་འབྱོར་པའི་(༡༩༩)ཤེས་རྒྱུད་ལ་སྦྱོར་བ་མེ་ཏོག་ཁ་ཕྱེ་བ་ལྟ་བུའོ། །མན་ངག་གི་རྒྱུད་ཀྱིས་ཚིག་དོན་གྱི་སྤྲོས་པ་གནད་ཐོག་ཏུ་ཆོད་པས་སངས་རྒྱས་པ་འབྲས་བུ་སྨིན་པ་ལྟར་རོ། །དགོངས་པ་རང་གནས་ཀྱིས་ཐུན་མཚམས་ལས་འདས་པའི་དགོངས་པ་ཉིན་མཚན་ཆུ་བོའི་རྒྱུན་དུ་བྱེད་པ་མིག་དང་འདྲའོ། །འཇུག་པ་རང་གྲོལ་ནི་སྣང་བ་ལ་རིག་པ་ཞུགས་དུས། སྣང་བ་རང་ཐོག་ཏུ་གྲོལ་བས་འཇུག་པ་རང་སངས། རིག་པ་སྣང་ཐོག་ཏུ་གྲོལ་བས་རང་ཤར་རང་གྲོལ། སྣང་སེམས་གཉིས་མེད་དུ་གྲོལ་བས་གཉིས་མེད་ཕྱོགས་ཡན་དེ་སྙིང་དང་འདྲའོ། །

མཁས་པ་ཆོ་གའི་རྒྱུད་ཀྱིས་མ་མོའི་གནད་ངེས་པས་འགལ་བྱེད་ཆམ་ལ་ཕེབས་ཏེ་རང་ཕྱོགས་བསྲུང་བ་མེལ་ཚེ་བྱེད་པའི་ཁྱི་ལྟར་བྱུང་བའོ། །དེ་ལྟར་སྡེ་ཚན་བརྒྱད་པོའི་དོན་ཡིད་ལ་བཟུང་བས་ཡེ་ཤེས་དང་ངོ་ཕྲད། བཅངས་པས་ཏིང་ངེ་འཛིན་ལ་གནས། བཀླགས་པས་མཐར་ཐུག་གི་དོན་གོ། བཤད་པས་རང་གཞན་གྱི་མུན་པ་སེལ། བསྒོམས་པས་འཁོར་བའི་རྒྱ་མཚོ་སྐམ། ཉན་པས་ངེས་པའི་དོན་ལ་རེག་པའོ། །དེ་དག་ཀྱང་བློ་དམན་པ་སྤྲོས་པ་ལ་དགའ་བའི་ངོར་རྣམ་པ་བཅོ་བརྒྱད་དུ་བསྟན་ལ། འབྲིང་པོ་རྣམས་ལ་དོན་ཚན་བརྒྱད་པོ་དེར་བསྟན་ཞིང་། དབང་པོ་རབ་ལ་མཚོན་བྱ་ཐབས་ཀྱི་རྒྱུད་དང་མཚོན་བྱེད་གཉིས། གཞི་རང་བཞིན་གྱི་རྒྱུད་དང་། སྙིང་པོ་རང་བཞིན་གྱི་རྒྱུད་གཉིས། བཅུད་རང་བཞིན་གྱི་རྒྱུད་དང་ལྔས་རྟོགས་པར་བསྟན་ཏོ། །ཤིན་ཏུ་ཡང་རབ་རྣམས་ལ་ཚིག་གི་རྒྱུད་དང་། དོན་གྱི་རྒྱུད་གཉིས་ཀྱིས་རྟོགས་པར་བསྟན་ཏོ། །

རབ་ཏུ་སྤྲོས་པ་མེད་པ་རྣམས་ལ་རྒྱུད་བཅུ་བདུན་པོ་རང་གི་རིག་པ་ལ་ཚང་བར་བསྟན་ཏོ། །སྒྲ་ཐལ་འགྱུར་ལས། རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་པས་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པས་རྫོགས་རང་བྱུང་། །ལུ་གུ་རྒྱུད་འབྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་འཕྲ་བཀོད། །རང་སྣང་སྟོན་པས་སྙིང་མེ་ལོང་། །གོལ་ས་རང་ཆོད་ཐུགས་མེ་ལོང་། །གཞན་ལས་མ་བྱུང་རང་ཤར་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལ། །དབྱིངས་སུ་གཅིག་པས་ཀློང་ཡང་དྲུག །ཡོན་ཏན་རྫོགས་པས་རིན་ཆེན་སྤུངས། །རང་རིག་བསྟན་པས་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །འདི་ལྟར་ཆོས་ཉིད་བརྗོད་མེད་ལས། །ཐ་དད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །ད་ལྟ་བརྗོད་མེད་ངང་ལ་རྫོགས། །ཞེས་སོ། །དེ་ལྟར་རྒྱུད་སྡེ་དེ་དག་གི་དགོས་ཆེད་ནི་རིག་པ་རང་གྲོལ་གྱི་རྒྱུད་ལས། དགོས་པའི་དོན་ནི་འདི་ལྟ་སྟེ། །རིག་པ་ཡེ་ཤེས་གཏན་ལ་ཕེབས། །དེ་ཡི་དགོས་པ་བསྟན་པ་ལ། །རྒྱུད་ལུང་མན་ངག་ཐམས་ཅད་མཐུན། །འདི་ཡིས་ཡང་དག་གྲོལ་བའི་ཕྱིར། །དགོས་ཆེད་གཉིས་སུ་བསྟན་པའོ། །ཞེས་སོ། །དེ་ལྟ་བུའི་ཚིག་རྒྱུད་དག་འཆད་པ་ན་བཤད་ཐབས་ཀྱི་མན་ངག་ལ་ཆིངས་ཆེན་པོ་ལྔ། (༢༠༠)ཡན་ལག་བཞི་བཤད་པར་བྱའོ། །ཆིངས་ལྔ་ནི་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བ་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་པར་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པའི་རུ་ཤན་མི་ཕྱེད་པས། །ཆེ་ཆུང་རིམ་པ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག །འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་ཆེན་བྱ་རྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཅེས་སོ། །ཡན་ལག་བཞི་ནི་རིག་པ་རང་གྲོལ་ལས། ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད། །སྟག་མོའི་མཆོངས་སྟངས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །མུ་ཏིག་བསྟར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ཏེ་བཤད། །ཅེས་པས། དོན་གྱིས་ཁོག་འབུབས། དཀྱུས་ཀྱིས་ས་བཅད། ཚིག་གིས་དོན་བཤད། མན་ངག་གི་དོན་བསྡུས་པ་དང་བཞིའོ། །ཕུན་སུམ་ཚོགས་པ་ལྔའི་ཆིངས་ཀྱིས་བཤད་དེ། ཐུན་མོང་མ་ཡིན་པ། ཐུན་མོང་གི་གླེང་གཞི་ནི་ཕུན་སུམ་ཚོགས་པ་ལྔས་མདོར་བསྟན་པ་དང་། ལུང་དངོས་རྒྱས་པར་བཤད་པ་སྟེ། སྟོན་པ་དང་། ཆོས་དང་། དུས་དང་། འཁོར་དང་། གནས་ཕུན་སུམ་ཚོགས་པའོ། །དེའང་ཐུན་མོང་པ་རྣམས་ལས། གླེང་གཞི་གང་རུང་གཅིག་ལས་མི་འབྱུང་ལ། འདིར་གཞི་རང་བཞིན་གྱིས་འོད་གསལ་བ་ཆོས་དབྱིངས་དོན་གྱི་འོག་མིན་དུ་རང་བྱུང་གི་རིག་པ་འཕོ་འགྱུར་མེད་པས་བླང་བ་དང་དོར་བ་མེད་པའི་རང་བཞིན་སྟོན་པ་འདི་སྐད་བདག་གིས་བསྟན་ཅིང་བཤད་པའི་དུས་ན་ཞེས་འབྱུང་ལ། ཚིག་གི་རྒྱུད་དེ་ཉིད་གནས་གང་དུ་བྱུང་བས་ཉམས་སུ་ལེན་པ་ད་ལྟར་བའི་དུས་མཚོན་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གླེང་གཞི་གཉིས་སུ་བཀའ་སྩལ་བ་ཡིན་ནོ། །དེ་དག་གིས་མ་བུ་ངེས་པའི་ཁ་བྱང་ལ་རིག་པ་རང་ཤར་ལ། བཤད་པའི་ཡང་ཏིག །དེའི་བསྡུས་དོན་སྒྲ་དོན་བསྡུས་ཡིག །སྒྲ་གནས་འཁོར་ལོ། དེའི་རྒྱབ་ཡིག །དེ་བསྡུས་དཔེའུ་ཆུང་སྟེ། མ་བུ་བདུན་བཞུགས་སོ། །སྙིང་གི་མེ་ལོང་ལ། གཞུང་དོན་འགྲེལ་པ། གསང་བའི་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ། །སེང་གེ་རྩལ་རྫོགས་ལ། བཤད་ཏིག་ཆེན་པོ། མཚམས་སྦྱར་ལྡེ་མིག །ལེའུའི་མཚན་བཤད། དོན་སྐོར་བསྡུས་པ། དགོངས་པའི་ཏི་ཀ །དམིགས་སེལ་བདུན་པ། ལྟ་བའི་གཟེར་བཀོད། དེའི་རྟགས་ཡིག །གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུའོ། །ཡི་གེ་མེད་པ་ལ། པདྨ་ཁ་འབྱེད། དོན་བསྡུས་སྒྲོན་མ། གསང་བའི་ཞལ་ཆེམས། གསང་བའི་རྒྱབ་ཡིག་སྟེ་མ་བུ་ལྔའོ། །བཀྲ་ཤིས་མཛེས་ལྡན་ལ། འཁྲུལ་གཞི་གསལ་བའི་མེ་ལོང་། འཁྲུལ་(༢༠༡)པའི་སྡེབས་ཡིག་ཆེན་པོ། སྒྲོན་མ་འདུས་པ། དེ་ཉིད་དོན་བསྡུས། ལྷུན་གྲུབ་ཡི་གེ། ཀ་དག་ཡི་གེ། འཁོར་ལོ་དྲུག་རིམ། གསང་བའི་རྒྱབ་ཡིག་སྟེ་མ་བུ་དགུའོ། །ཐལ་འགྱུར་ལ། འབྱུང་བཞིའི་གནད་ཡིག །སྒྲ་བཞི་མཚམས་སྦྱོར། རིན་ཆེན་སྒྲོན་མ། དོན་བསྡུས་ཡང་སྙིང་། གསང་བའི་རྒྱབ་ཡིག་སྟེ་མ་བུ་དྲུག་གོ། །ཐུགས་ཀྱི་མེ་ལོང་ལ། ཐེག་པའི་རུ་ཤན། སྨྲ་བའི་མཚོན་ཆ། འཕྲ་རྒྱུད་དྲིལ་བ། སྒྲོན་མ་འོད་འབར། དེ་ཉིད་བསྡུས་དོན་ཏེ་མ་བུ་དྲུག་གོ། །སྒྲོན་མ་འབར་བ་ལ། སྒྲོན་མའི་ཁུངས་གཅད། མུ་ཏིག་ཕྲེང་བརྒྱུས། དོན་བསྡུས་ཡང་ཏིག །གསང་བའི་རྒྱབ་ཡིག་སྟེ་མ་བུ་ལྔའོ། །ནོར་བུ་འཕྲ་བཀོད་ལ། འཕྲ་བཀོད་བཅུ་པ། ཕྱག་རྒྱ་འདུས་པ། ལྷའི་ཕྱག་སོར། སྣང་བ་བསྡུས་པ། རིན་ཆེན་བཀོད་པ། དོན་བསྡུས་ཆེན་པོ་སྟེ་མ་བུ་བདུན་ནོ། །ཉི་ཟླ་ཁ་སྦྱོར་ལ། འོད་ཀྱི་ཚུལ་བཤད། རིན་ཆེན་གསེར་འཕྲེང་། དོན་བསྡུས་ལྡེ་མིག །སྙིང་གཟེར་ཆེན་པོ། རིན་ཆེན་གསེར་ཡིག་སྟེ་མ་བུ་དྲུག་གོ། །ངོ་སྤྲད་སྤྲས་པ་ལ། ངོ་སྤྲོད་གསུམ་པ། ཡེ་ཤེས་ལག་སྤྲད། སྐུ་གསུམ་ལག་ཁྲིད། འོད་གསལ་ལྡེ་མིག །ཡེ་ཤེས་ལྔ་སྐོར། རིག་པའི་མེ་ཏོག །གསལ་བའི་སྒྲོན་མ། བདུད་རྩི་ཡང་ཞུན། རིམ་པ་དྲུག་པ། སྣང་བ་བསྡུས་པ། ལྟ་བའི་དམིགས་སེལ། ཁྲེགས་ཆོད་བདུན་པ་སྟེ་མ་བུ་བཅོ་ལྔའོ། །མུ་ཏིག་ཕྲེང་བ་ལ། མུ་ཏིག་གསལ་བྱེད། དེ་ཉིད་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ། །རིག་པ་རང་གྲོལ་ལ། ཡི་གེའི་སྦྱོར་བཤད། རིན་ཆེན་འཁོར་ལོ། དེ་ཉིད་བསྡུས་དོན་ཏེ་མ་བུ་བཞིའོ། །རྫོགས་པ་རང་བྱུང་ལ། དབང་གི་རྩ་བ། དབང་གི་དག་བྱེད། འཁོར་ལོ་དྲུག་པ། དབང་གི་ལས་བྱང་། དབང་གི་ཕྲ་ཏིག །དབང་བཀོད་ཆེན་པོ། སྤྲོས་མེད་གོ་ཆ། དབང་གི་ལྡེ་མིག །དབང་གི་པྲ་ཁྲིད། དོན་བསྡུས་གསལ་བྱེད། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུ་གཉིས་སོ། །ཀློང་དྲུག་པ་ལ། ཀློང་ཆེན་དྲུག་པ། རིན་ཆེན་གསལ་འཕྲེང་། དེའི་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བཞིའོ། །སྐུ་གདུང་འབར་བ་ལ། པདྨ་ཀློང་ཡངས། བཀོད་པ་ལྔ་པ། བབས་ལུགས་བཅུ་གཅིག །སྒྲོན་མ་འཕྲེང་བཀོད། དེ་ཉིད་དོན་བསྡུས། གསང་བའི་རྒྱབ་ཡིག་སྟེ་མ་བུ་བདུན་ནོ། །རིན་ཆེན་སྤུངས་པ་ལ། ཤེས་རབ་འཁོར་ལོ། དགོས་འདོད་བཞི་པ། གཅོད་བྱེད་མེ་ལྕེ། དེའི་བསྡུས་དོན། གསང་བའི་རྒྱབ་ཡིག་སྟེ་མ་བུ་དྲུག་གོ། །ནག་མོ་ཁྲོས་མ་ལ། ཐུན་དྲུག་དྲིལ་བ། ཐུན་གྱི་བརྒྱུད་དྲིལ། སྔགས་ཀྱི་ནང་ཐེམ། བསྙེན་སྒྲུབ། སྤྱི་འདུས། དེའི་རྟགས་ཡིག །དེའི་ཚད་ཡིག །བསམ་གྲུབ་ལེའུ། རྫས་སྒྲུབ་དྲུག་པ། སྐུ་རྐྱང་སྒྲུབ་པ། སྣ་ཚོགས་ལས་སྒྲུབ། གསང་བའི་ཏི་ཀ །གསང་བའི་རྒྱབ་ཡིག་སྟེ་མ་བུ་བཅུ་གསུམ་མོ། །

དེ་ལྟར་གསང་ཆེན་ངེས་པའི་རྒྱུད་(༢༠༢)བཅུ་བདུན་ཁྲོས་མ་དང་བཅས་པ་ལ། རྩ་བ་མ་རྣམས་ནི་རྒྱུད་དངོས་ཡིན་ལ། བུ་རྣམས་ནི་རིག་འཛིན་སོ་སོས་མཛད་པའི་བཤད་ཏིག་ཡིན་ཏེ། བསྡོམས་པས་རྒྱུད་མ་བུ་ངེས་པའི་ཁ་བྱང་ཞེས་བྱ་བ་ཡིན་ནོ། །

དོན་གཉིས་པོ་ཡང་ཟབ་མན་ངག་གི་ངེས་འབྱེད་ལ་གཉིས་ཏེ། ཟབ་པ་དང་རྒྱ་ཆེ་བའོ། །དང་པོ་ནི་ཤིན་ཏུ་ཟབ་པའི་པོ་ཏི་བཞིར་རིན་པོ་ཆེའི་ཡི་གེ་ལྔ་བསྡུས་ཏེ་ཁ་བྱང་ཉི་མས་བརྒྱན་པར་བསྟན་པའི་རིམ་པ་ལ། གསེར་ཡིག་ཅན་ལ་བསྟན་པའི་བུ་གཅིག །མཆོད་པའི་དུས་གནད་ངེས་པ། འདས་རྗེས་འདྲེན་དང་མ་བུ་དགུའོ། །ཟངས་ཡིག་ཅན་ལ། སྤྲོས་བཅས་དུམ་བུ་བཅུ་དྲུག །དེའི་རྒྱབ་ཡིག་གསང་བ། གནད་ཡིག་དང་མ་བུ་བཅོ་བརྒྱད་དོ། །དུང་ཡིག་ཅན་ལ། སྒྲོན་མ་སྣང་བྱེད། དེའི་རྒྱབ་ཡིག །གནད་ཡིག་དང་མ་བུ་གསུམ་མོ། །འཕྲ་ཡིག་ཅན་ནི་ཟངས་ཡིག་ཅན་གྱི་ཁོངས་སུ་གཏོགས་པའི་བུ་རྣམས་ཏེ། རླུང་གི་པྲ་ཁྲིད། ཆགས་པའི་པྲ་ཁྲིད། ཡང་གབ་སྦས་པའི་དུམ་བུ་ཚད་ཀྱི་ཡི་གེ། རྟགས་ཀྱི་ཡི་གེ་དང་ལྔའོ། །གཡུ་ཡིག་ཅན་ལ། སྐབས་དོན་བཅུ་གཉིས་མ། གཅེས་པའི་སྙིང་པོ། དཔེའི་སྒྲོན་མེ། འཆི་བ་བརྟག་པ། ༼ཀ །འཇམ་དཔལ་བཤེས་གཉེན་གྱིས་འདི་གསུམ་མཛད།༽ འཆི་བ་བསླུ་བ། ༼ཀ །ཤྲཱ྇་སེང་ཧས་མཛད།༽ ལྟ་བའི་སྙིང་པོ། ༼ཀ །ཡེ་ཤེས་མདོ། ཀ །བི་མ་ལས།༽ ༼གོང་གི་གུག་རྟགས་ནས་འདིའི་བར་སྡེ་དགེའི་པར་མར་འདུག་ཀྱང་ཨཿའཛོམ་པར་མར་མི་གསལ།༽ རིན་ཆེན་པྲ་ཁྲིད་དང་མ་བུ་བཅོ་བརྒྱད་དོ། །དེའང་པོ་ཏི་བཞི་ལ། རིན་པོ་ཆེའི་ཡི་གེ་ལྔ་ཞེས་བྱའོ། །དེའང་གསེར་ཡིག་ཅན། གཡུ་ཡིག་ཅན། དུང་ཡིག་ཅན་གསུམ་ལ་རེ་རེ། ཟངས་ཡིག་ཅན་དང་འཕྲ་ཡིག་ཅན་བསྡོམས་པས་གཅིག་སྟེ་བཞི་གཏེར་ནས་བྱོན་པའོ། །འདི་དག་རྒྱལ་བློན་རྗེ་འབངས་སུ་ལའང་མ་གནང་བར་མཆིམས་ཕུར་གཏེར་དུ་གདམས་སོ། །རྒྱུད་དང་མན་ངག་གཞན་རྣམས། རྗེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། སྲས་མུ་ནེ་བཙན་པོ་གཉིས། འབངས་ཉང་ཏིང་ངེ་འཛིན་བཟང་པོ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་གསུམ་སྟེ་ལྔའོ། །

འདི་དག་གིས་བསྒྱུར་ཏེ་ཞྭ་ལྷ་ཁང་དུ་གཏེར་དུ་གདམས་ནས། ཉམས་སུ་བླངས་པས་ཉང་གིས་ལྷག་མེད་གྲུབ། གཞན་གཉིས་པོ་རང་བཞིན་སྤྲུལ་པ་གྲུབ་པ་ཡིན་ནོ། །རྒྱུས་ལ་མི་མཁས་པ་དག་རྗེ་བློན་གཉིས་ལས་སུ་ལའང་མ་གནང་ཞེས་པའི་ཚིག་གིས་རྒྱལ་པོ་དང་ཉང་གཉིས་ལས་མེད་པར་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། རྒྱུད་ལུང་ཕལ་ཆེར་སྐ་ཅོག་གིས་བསྒྱུར་ཞིང་། བཅུད་དུ་མ་འཕྲུལ་དུ་མ། མུ་ནེ་བཙན་པོས་ཟངས་ཡག་བྲག་ལ་སྦས་པའི་ཕྱིར། སྙིང་ཏིག་མ་ཐོབ་ན་དེ་དག་ག་ལ་འོང་། ཡི་གེ་རྣམས་ཕལ་གྱི་མཇུག་ན་འདི་ལྟར་བཀོད་པ་ལ་ཅེ་རེ་ལོང་དུ་སོང་བ་ཡིན་ནོ། །

གཉིས་པ་རྒྱ་ཆེ་བ་ལ་མན་ངག་བརྒྱ་དང་བཅུ་དགུ་སྟེ། དེའང་མན་ངག་དུམ་དུམ་ཁྲིག་དང་། པོ་ཏི་སྨུག་ཆུང་དང་། འཁྲུལ་གཞི་གསལ་བའི་མེ་ལོང་དང་། འབྱུང་བཞི་གནད་ཀྱི་ཡི་གེ་དང་། སྣང་བྱེད་སྒྲོན་མ་དང་། འོད་གསལ་ལྡེ་མིག་དང་། ཤེས་བྱ་བུམ་སྐོར་(༢༠༣)དང་། གསར་བའི་སྒོམ་བྱང་དང་། སྒྲ་བརྟགས་འཁོར་ལོ་དང་། སྐུ་གསུམ་ལག་ཁྲིད་དང་། བབས་ལུགས་གསུམ་སྐོར་དང་། འཁྲུལ་པའི་སྡེབས་ཡིག་དང་། གསང་ཐིག་ཆེན་པོ་དང་། གསེར་བྱང་བཀོལ་པ་དང་། ལམ་ཁྲིད་ཆེན་པོ་དང་། ཡེ་ཤེས་ལག་འཕྲད་དང་། དཀའ་འགྲེལ་ཆེན་མོ། གསང་བའི་མེ་ལོང་། བསམ་གཏན་རང་གནས། གསང་བ་ཉི་ཁོལ། སྣང་བ་བསྡུས་པ། གནས་པ་བྱུང་ཁུངས། ཁྲེགས་ཆོད་བདུན་པ། ཐོད་རྒལ་དགུ་པ། ཀློང་ཆེན་དྲུག་པ། སྤྱོད་ལམ་བསྡུས་པ། ལྟ་བའི་གསེར་བཀོད། པདྨ་ཀློང་ཡངས། ལྷའི་ཕྱག་སོར། གསེར་གྱི་ཨུཏྤལ། དྲན་པ་རྒྱུན་གཅོད། རགས་པ་ལམ་སློང་། གསལ་བའི་སྒྲོན་མ། སེང་གེ་རྩལ་སྤྲུགས། ཨ་ཏི་རྣལ་འབྱོར། དགོངས་དོན་བཞི་པ། རྡོ་རྗེ་ལམ་བསྟན། ལྷག་པའི་འཁོར་ལོ། ཁྱུང་ཆེན་མཁའ་ལྡིང་། ལྟ་བའི་དམིགས་བསལ། བླ་མའི་རིམ་པ། དྲང་བའི་ཚིག་རྒྱུན། འཁྲུལ་གཞི་རྩད་གཅོད། སེམས་ཀྱི་དམིགས་དྲུག །སྒོམ་པའི་འཁོར་ལོ། དབང་གི་ལྡེ་མིག །དབང་གི་ལས་བྱང་། སྤྲོས་མེད་དབང་ཆོག །དབང་གི་རྩ་བ། དབང་གི་རིགས་འབྱེད། དབང་གི་འཕྲ་ཏིག །འཁོར་ལོ་དྲུག་པ། དམ་ཚིག་རབ་འབྱེད། དབང་དགོད་ཆེན་མོ། དབང་སྦྱོར་པྲ་ཁྲིད། རིག་པའི་མེ་ཏོག །སེམས་ལུང་ཆེན་པོ། མན་ངག་རྩ་བ། ལུང་ཏིག་བཅོ་བརྒྱད། རིམ་པ་དྲུག་པ། སེམས་ལུང་སྒོམ་ཁྲིད། ཡང་གསང་དྲིལ་བ། སྦས་པ་ཉི་མ། འཕྲ་བཀོད་བཅུ་པ། ལུང་ཏིག་བསྡུས་པ། བདུད་རྩི་ཡང་ཞུན། ལུང་གསུམ་འདུས་པ། མན་ངག་རྒྱལ་པོ་གཡུ་ཡིག་ཅན། དུང་ཡིག་ཅན། ཟངས་ཡིག་ཅན། འཕྲ་ཡིག་ཅན། གསེར་ཡིག་ཅན། སྙིང་གཟེར་ཆེན་པོ། སྙིང་གཟེར་ཆུང་བ། བསམ་གཏན་ཉལ་བའི་འཁོར་ལོ། འཕྲུལ་ཡིག་ཆེན་པོ། འཕྲུལ་ཡིག་ཆུང་བ། མཁའ་འགྲོ་མཛོད། འཕོ་བ་ཆེན་པོ། རྩ་གནས་འཁོར་ལོ། རིག་པའི་ས་འབྱེད། ཡེ་ཤེས་སྦུག་འཇུག །ལོ་རྒྱུས་ཆེན་པོ། གསང་བའི་ཞལ་ཆེམས། ཐེག་པའི་རུ་ཤན། གསང་བའི་སྒྲ་ཡིག །སྒྲ་བཞི་མཚམས་སྦྱོར། བསྟན་པའི་གོ་ཆ། འགྱུར་མེད་ཐིག་ལེ། དངོས་པོ་ཁ་བསྒྱུར། འབྲས་བུ་མངོན་བྱེད། ཐི་བྱ་ཚང་འཇུག །གསལ་བ་རིན་ཆེན། ལྷུན་གྲུབ་ཡེ་ཤེས། ཤེས་རབ་འཁོར་ལོ། སྨྲ་བའི་མཚོན་ཆ། ཡེ་ཤེས་ལྔ་སྐོར། འོད་ཀྱི་ཚུལ་བཤད། འབྱུང་བའི་གནད་འབྱེད། སྒྲོན་མ་ཁུངས་གཅོད། ཕྱག་རྒྱ་འདུས་པ། བཀོད་པ་ལྔ་པ། རྒྱ་མཚོ་ཨར་གཏོད་རླུང་གི་སྡོམ་སྦྱང་། ངོ་སྤྲོད་གསུམ་པ། བབས་ལུགས་བཅུ་གཅིག །རྩ་ཐིག་ཆེན་པོ། རིག་པའི་གནས་ས། མིག་གི་བསམ་གཏན་ཏེ་བརྒྱ་དང་དྲུག་(༢༠༤)དང་། པདྨ་ཁ་འབྱེད་ལ་སོགས་པ། རྒྱུད་ཀྱི་དོན་གསལ་བའི་གནས་མན་ངག་ཏུ་མི་ཐེ་བ་བཅུ་གསུམ་དང་། བསྡོམས་པས་བརྒྱ་དང་བཅུ་དགུར་བཞུགས་སོ། །དེའང་རྒྱུད་ཀྱི་བུར་བགྲངས་ཀྱང་རྒྱུད་བཅུ་བདུན་བཀའ་སྲུངས་དང་བཅོ་བརྒྱད་ལས་མེད་དོ། །བུར་བགྲངས་པ་དེ་དག་མན་ངག་གི་རྣམ་གྲངས་ཏེ་རྒྱུད་ཀྱི་མན་ངག་གསང་བ་ཡིན་ནོ། །ཁ་ཅིག་ཕྱིས་བི་མ་ལས་ཁ་སྐོང་བར་འདོད་པ་ནི། རྟོག་དཔྱོད་རྩིངས་པ་ཡིན་ནོ། །འདི་དག་གིས་ནི་བསམ་གྱིས་མི་ཁྱབ་སྟེ་མཚན་ཙམ་བཀོད་པ་ལས། སོ་སོའི་དུམ་བུའི་གྲངས་ནི་མན་ངག་མ་བུ་ངེས་པའི་ཁ་བྱང་ཉིད་དུ་བལྟ་བར་བྱའོ། །དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེའི་མན་ངག་གིས་ཡི་གེ་རྣམས་ཀྱི་དོན་ཚིག་ཉུང་ལ་གནད་འདུས་པར་བསྟན་པ་ནི་(ཐེག་མཆོག་རིན་པོ་ཆེའི་མཛོད་རིམ་ཁང་ཉི་ཤུ་རྩ་ལྔ་པ་དང་། ཚིག་དོན་རིན་པོའི་ཆེའི་མཛོད་རྡོ་རྗེའི་གནས་བཅུ་གཅིག་པ་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལེའུ་བཅུ་གསུམ་པ་དང་། གནས་ལུགས་རིན་པོ་ཆེའི་མཛོད་རྡོ་རྗེའི་གནས་བཞི་པ་དང་། མཁའ་འགྲོ་ཡང་ཏིག་དངོས་གྲུབ་ལྗོན་ཤིང་ཆོས་སྡེ་ལྔ་བཅུ་རྩ་བཞི་པ་དང་། ཟབ་མོ་ཡང་ཏིག་ཆོས་སྡེ་བཞི་བཅུ་ཞེ་བརྒྱད་པ་དང་།)༼གོང་གི་གུག་རྟགས་ནས་འདིའི་བར་སྡེ་དགེའི་པར་མར་འདུག་ཀྱང་། ཨཿའཛོམ་པར་མར་མི་གསལ།༽ ཁོ་བོས་བསྡེབས་པའི་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ལྔ་བཅུ་རྩ་གཅིག་པར་ཤིན་ཏུ་གསལ་བར་བྱས་ཏེ་ཕྱི་རབས་སྐལ་བ་དང་ལྡན་པའི་དོན་དུ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་པ་ཡིད་བཞིན་བསམ་འཕེལ་དུ་བྱས་པའོ། །གཞན་ཡང་གནད་འཐོར་བུ་བའི་ཡི་གེ་གསེར་གྱི་སྒྲོམ་བུ་དང་། སངས་རྒྱས་མཉམ་སྦྱོར་དང་། ཁྱུང་ཆེན་གཤོག་རྫོགས་དང་། ཡིད་བཞིན་ནོར་བུ་དང་། བདུད་རྩི་བུམ་པ་དང་། ཡང་གསང་སྙིང་ཏིག་ལ་སོགས་པ་གྲངས་མང་བར་བཀོད་པའི་ཁ་བྱང་གི་རྗེས་སུ། མིང་གི་རྣམ་གྲངས་དུ་མ་སྦྱར་བ་ཡོད་དེ། ཀློང་ཆེན་རབ་འབྱམས་དང་། ཀློང་གསལ་དྲི་མེད་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་སེམས་དཔའ་དང་། དྲི་མེད་འོད་ཟེར་དང་། བློ་གྲོས་མཆོག་ལྡན་དང་། ཚུལ་ཁྲིམས་བློ་གྲོས་དང་། ངག་གི་དབང་པོ་དང་། པདྨ་ལས་གྲོལ་དང་། སྣ་ཚོགས་རང་གྲོལ་དང་། བསམ་ཡས་པ་ཞེས་བྱ་བས་རྫོགས་ཚིག་གི་གནས་སུ་བསྟན་པའོ། །འདི་དག་སྨོས་པས་ཁོ་བོའི་མན་ངག་ཡིན་པ་བཙལ་སླ་བ་སྟེ། སྐལ་ལྡན་གྱི་སློབ་མ་སྤྲོ་བ་བསྐྱེད་ཅིང་ཆོས་ཀྱི་ཚུལ་དར་ཞིང་རྒྱས་པ་ཡུན་རིང་དུ་གནས་པའི་མི་ནུབ་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པའི་ཆེ་བ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས་ཡིད་བཞིན་དྲྭ་བ་རྡོ་རྗེ་སྙིང་པོའི་ལེའུ་སྟེ་བརྒྱད་པའོ།། །།

དེ་ལྟར་ཆོས་ཚུལ་ཤིན་ཏུ་རྒྱ་ཆེ་ས་གསུམ་འབྱོར་པ་དམ་པའི་གཞི། །མདོ་རྒྱུད་ཡིད་བཞིན་སྙིང་པོས་ལེགས་འབྱོར་བདག་བློའི་ཁང་བཟང་རིན་ཆེན་ནས། །སྣ་ཚོགས་ཐེག་པའི་དགའ་སྟོན་འགྱེད་པས་ཆོས་བཀྲའི་དགེ་ལེགས་གསལ་བ་ཅན། །དེ་ཡིས་འགྲོ་ཀུན་ཐར་པའི་གླིང་བགྲོད་ཆོས་ཀྱི་དགའ་སྟོན་འཕེལ་བར་ཤོག །ཟབ་ཡངས་ཐོས་སྤྲིན་སྙིང་པོ་ལས་འཐོན་པ། །ཆོས་དཀར་དགེ་བ་བདུད་རྩིའི་རང་བཞིན་གྱིས། །ས་གསུམ་སྐྱེ་དགུའི་ཉོན་མོངས་གདུང་སེལ་ཞིང་། །དམ་ཆོས་རིན་ཆེན་ཕྱོགས་བཅུར་རྒྱས་པར་ཤོག །བློ་གྲོས་ཆུ་འཛིན་ཐོས་པའི་གློག་གི་འཕྲེང་བ་ཅན། །དོན་ཟབ་འབྲུག་སྒྲ་ཕྱོགས་ཀྱི་མཐར་ཁྱབ་སྒྲོགས་པ་(༢༠༥)ལས། །བྱུང་བའི་དགེ་བ་ཞི་བདེ་བསིལ་བའི་ཚོགས་མང་པོས། །མཐའ་ཡས་འགྲོ་ཀུན་ཚོགས་གཉིས་ལོ་ཐོག་རྣམས་འཕེལ་ཤོག །བདག་བློའི་པད་ཚལ་སྐལ་བཟང་ཉི་ཟེར་གྱིས་བསྐུལ་བས། །ཆེས་བཀྲའི་ཆོས་ཚུལ་རང་གཞན་གྲུབ་མཐའི་སྐྱེད་མོས་ཚལ། །ཤིན་ཏུ་བཀོད་ལེགས་བློ་གསལ་ཉེར་འཚོའི་བསྟི་གནས་འདིར། །དོན་གཉེར་འགྲོ་བ་ཀུན་འགའི་དུས་སྟོན་འཕེལ་བར་མཛོད། །རིན་ཆེན་ཆུ་མཚོ་མེ་ཏོག་གིས་བཀྲམ་མ་ལུས་འདོད་གཏེར་རོལ་པ་ཅན། །རྒྱ་ཆེ་གཏིང་ཟབ་ནམ་མཁའི་ཀློང་ཁྱབ་བློ་མཚོའི་ཕ་རོལ་ཕྱིན་རྣམས་ཀྱིས། །ལམ་ལྡན་དེར་ཞུགས་ཆ་ཤས་གསལ་བའི་རང་བཞིན་འདིར་ནི་སྣང་བྱས་པ། །གང་དེ་དཔལ་ལྡན་པདྨའི་ཕྲིན་ལས་ལེགས་པར་འོངས་གྱུར་ནོར་བ་མེད། །རང་གཞན་ཀུན་གྱི་གྲུབ་མཐའ་རིན་ཆེན་མཛོད། །རྒྱ་ཆེན་ཐོས་པའི་དགའ་སྟོན་དང་ལྡན་པ། །གསུང་རབ་རིན་ཆེན་མཛོད་ཀྱི་ལྡེ་མིག་སྟེ། །མཐོང་བ་ཙམ་གྱིས་དོན་ཀུན་གསལ་བར་བྱེད། །ཚུལ་འདི་ཆོས་མོས་ལྷག་པའི་ཤེས་རབ་ཅན། །སྐལ་བཟང་སློབ་མ་གཞོན་ནུ་སངས་རྒྱས་ཀྱིས། །བསྐུལ་བའི་དོན་དུ་ལེགས་པར་བཀོད་པ་ཡིན། །འདི་ནི་མདོ་རྒྱུད་ལྟ་བའི་མེ་ལོང་སྟེ། །ཟབ་ཅིང་རྒྱ་ཆེའི་དོན་ཀུན་གསལ་བར་བྱེད། །ཆོས་ཚུལ་རིན་ཆེན་སྣང་བ་རྒྱ་ཆེ་ཞིང་། །ཐར་གླིང་མ་ལུས་ཀུན་ནས་སྣང་བྱེད་ཡིན། །འདི་ནི་སྣ་ཚོགས་ཐེག་པའི་མཛོད་ཁང་སྟེ། །རང་གཞན་གྲུབ་མཐའི་དོན་ཀུན་གསལ་བར་བྱེད། །མ་རིག་ལྡོངས་པའི་མུན་པ་རབ་སེལ་ཞིང་། །ཤེས་བྱའི་བློ་མིག་རབ་ཏུ་རྒྱས་བྱེད་ཡིན། །འདི་ནི་བླ་མེད་ཐེག་པའི་སྙིང་པོ་སྟེ། །མཆོག་དང་དམན་པའི་བྱེ་བྲག་ལེགས་ཤེས་ནས། །བློ་ཆེན་ལྡན་རྣམས་ཆོས་ཅན་མཆོག་ཞུགས་ཏེ། །མྱུར་དུ་ཐར་པའི་གྲོང་ཁྱེར་བགྲོད་བྱེད་ཡིན། །དེ་ཕྱིར་དཔག་མེད་ལེགས་པའི་ལམ་འདི་སྔོན་གྱི་དྲང་སྲོང་ཆེན་པོའི་ལུགས། །མཁས་གྲུབ་ཀླུ་དབང་ཉེར་བསྟེན་ལས་འོངས་མང་ཐོས་རྒྱ་མཚོའི་གླིང་གནས་པ། །དྲི་མེད་འོད་ཟེར་ཀུན་ནས་སྣང་ལྡན་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པས། །ལེགས་སྦྱར་རིན་ཆེན་བསམ་འཕེལ་མཛོད་འདི་འགྲོ་བློའི་གཙུག་གི་རྒྱན་གྱུར་མཛོད། །གླིང་བཞི་བརྒྱན་གྱུར་འཇིག་རྟེན་ཉི་ཟླའི་འོད། །རབ་གསལ་དཀྱིལ་འཁོར་གང་བས་མཛེས་བྱས་པ། །དེ་ཡི་དཔལ་དང་རིན་ཆེན་མཛོད་(༢༠༦)འདི་གཉིས། །ཡུན་རིང་འཇིག་རྟེན་བརྒྱན་ཕྱིར་གནས་པ་ཡིན། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་མདོ་དང་། རྒྱུད་དང་། ལུང་དང་། རིགས་པ་དང་མན་ངག་གི་དོན་ལ་མང་དུ་ཐོས་ཤིང་ཐེག་པ་སྣ་ཚོགས་ཀྱི་རང་བཞིན་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཚུལ་ཁོང་དུ་ཆུད་པའི་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་རང་བྱུང་པདྨའི་གནས་སུ་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།


previousབརྒྱད་པ། ཡིད་བཞིན་དྲྭ་བ་རྡོ་རྗེ་སྙིང་པོའི་ལེའུ།next