Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
དབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ།
  
  
  
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousདབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ།next

དབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ།


LT36_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ་ཡོད་དོ།། །།


LT36_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་སྨིན་བྱེད་ཡེ་ཤེས་ཟེར། །གསང་གསུམ་ཉིན་མོར་བྱེད་ལས་འཕྲོ། །རྒྱུད་དང་དེ་སྦྱོར་ལམ་གྱི་མཆོག །སྣང་མཛད་དཔལ་ལྡན་བླ་མར་འདུད། །རྡོ་རྗེ་སློབ་དཔོན་བསྙེན་པ་སྔོན་སོང་མཚན་ཉིད་དང་ལྡན་པས་རྒྱུད་ནས་བཤད་པའི་དཀྱིལ་འཁོར་དུ་ཆོ་གའི་རིམ་པ་མ་འཁྲུལ་ཞིང་ཚིག་དག་ལ་ཏིང་ངེ་འཛིན་དང་ལྡན་པས་དབང་བསྐུར་བ་ནི། གདུལ་བྱའི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་གསོས་འདེབས། སྒོ་གསུམ་གྱི་དྲི་མ་བཀྲུ། རྡོ་རྗེ་ཐེག་པའི་གསང་བ་ཉན་བཤད་སྒོམ་གསུམ་ལ་དབང་བར་བྱེད་པས་དེང་སང་ཀུན་གྱིས་འབད་པས་བཙལ་བཞིན་པ་ཡིན་པའི་ཕྱིར། བློ་ལྡན་མཁས་པ་རྣམས་དེའི་རྣམ་བཞག་ཟབ་ཅིང་རྒྱ་ཆེ་བ་ལ་རང་དབང་འབྱོར་པ་ཡིན་མོད་ཀྱི། རང་འདྲའི་བློ་དམན་བུམ་གོག་ཐོགས་ནས་བླ་མར་བརྫུ་བ་ཁ་ཅིག་ནི་འདི་ཙམ་ལའང་གོ་བ་མ་ཆགས་པ་མང་བས། རྣམ་པར་དབྱེ་བ་མིང་ཙམ་སྨོས་ན། སྤྱིར་


LT36_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གསར་མའི་ལུགས་ད་ལྟའི་དབང་ཡིག་པོ་ཏི་རྣམས་ཀྱི་དཀྱུས་སུ་བཀོད་ཅིང་མཁས་རྨོངས་ཀུན་གྱིས་དོན་ཏུ་གཉེར་བ་ནི་དབང་དང་། བྱིན་བརླབས། རྗེས་གནང་། རིག་གཏད། ལུང་འབོགས་པ་སྟེ་རྣམ་པ་ལྔ་པོ་དེར་འདུ་བ་ཡིན་ཅིང་དེ་ལས་ཕྱི་མ་བཞི་པོ་དབང་གི་ཡན་ལག་ཏུ་འགྲོ་བས་དོན་ཏུ་དབང་བསྐུར་བ་ལས་འཕྲོས་པའོ། །དེའང་མདོ་ལ་དབང་བསྐུར་བ་མེད་ཅིང་། དབང་ཡིན་ན་སྔགས་དང་རྒྱུད་ལ་བརྟེན་པས་ཁྱབ་པ་ཡིན། སྨན་བླའི་དབང་ལྟ་བུའང་སྨན་བླའི་མདོ་གཟུངས་ཉིད་མདོ་སྡེ་རྟོག་པའི་རྒྱུད་ཅེས་མདོ་སྔགས་མཚམས་སྦྱོར་བ་པོའི་རྣམ་གྲངས་སུ་བོད་ཀྱི་རྡོ་རྗེ་འཛིན་པ་སྔ་མ་དག་བཞེད་ཅིང་། དེ་ལ་བརྟེན་པའི་དབང་ནི་བྱ་སྤྱོད་གང་རུང་གི་ལུགས་ལ་བརྟེན་པ་ལྟ་བུའོ། །དེས་ན་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་བ་ལ། སློབ་དཔོན་དང་སློབ་མའི་མཚན་ཉིད། དཔོན་སློབ་འབྲེལ་བརྟགས་ཤིང་བསྐུར་གཞིའི་


LT36_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ངེས་པར་སྔོན་ཏུ་འགྲོ་བས་དབྱེ་བ་ནི་རྒྱུད་སྡེ་བཞིའི་རིམ་པས་རྣམ་པ་བཞི་སྟེ་བྱ་སྤྱོད་རྣམ་འབྱོར་བླ་མེད་ཀྱི་དབང་ངོ། །དེ་དག་གི་མཚན་ཉིད་མདོར་བསྡུས་པ་ནི་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས་གསུངས་པ་ལྟར་ཏེ། དང་པོ་བྱ་རྒྱུད་ལ་ཆུ་དང་ཅོད་པན་གྱི་དབང་གཉིས་སུ་གྲགས་ཤིང་བྱ་རྒྱུད་རྣམས་ལས་ཆུའི་དབང་བསྐུར་རྒྱས་བསྡུས་སྣ་ཚོགས་གསལ་བར་གསུངས་ཤིང་ཅོད་པན་མིང་འདོགས་དམིགས་ཀྱིས་བསལ་བ་མི་འབྱུང་ཡང་ཆུའི་རྗེས་འབྲེལ་དུ་ཕྱག་རྒྱའི་དབང་བསྐུར་གསལ་བར་བཤད་པ་ཉིད་དོན་གྱི་ཅོད་པན་དུ་འགྲོ་བས་དེར་བཏགས་པར་སྣང་ངོ། །དབང་དེ་གཉིས་ལུགས་འདིའི་དབང་མཆོག་ཡིན་པ་ལ་དགོངས་ནས་གཙོ་བོར་གསུངས་ཀྱི། སྤྱིར་རྣམ་གྲངས་ཙམ་གྱི་དབང་དུ་བྱས་ན། སྤྱི་རྒྱུད་ལས། དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་རྣམ་པར་བཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་པའི་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་བྱའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོལ་བྱའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་བ་རྒྱས་པའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཞེས་འབྱུང་སྟེ་འདི་ལ་གཉིས་སྤྱི་དབང་རྒྱས་པའི་དོན་ཏུ་


LT36_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དང་། བྱེ་བྲག་སོ་སོར་བསྒྲུབ་པའི་དོན་ཏུ་བཤད་པའོ། །དང་པོ་ལྟར་ན། དམ་ཚིག་གསུམ་བཀོད་ལྟ་བུའི་བྱ་རྒྱུད་ཀྱི་དབང་བསྐུར་ཡོངས་སུ་རྫོགས་པ་ཞིག་ལ་ཐོག་མར་ཆུ་དང་ཅོད་པན་གྱི་དབང་བསྐུར་བ་ནི་བྱ་རྒྱུད་རང་གི་རྡོ་རྗེ་སློབ་དཔོན་ཏུ་སྒྲུབ་བྱེད་ཀྱི་དབང་དང་པོ། །རྗེས་འབྲེལ་བཟླས་ལུང་སྦྱིན་པ་སོགས་གཉིས་པ་བཀྲུ་བྱབས་སྲུང་གསུམ་བྱེད་པ་གསུམ་པ། རྫས་རྟགས་སྦྱིན་པ་བཞི་པའི་དབང་ངོ། །དེ་བཞི་པོའང་སློབ་དཔོན་དང་སློབ་མའི་དབང་གཉིས་སུ་འདུ་སྟེ་སྔ་མ་སློབ་དཔོན་གྱི་གོ་འཕང་འཐོབ་པར་བྱེད་པ་མཆོག་གི་དངོས་གྲུབ་ཀྱི་དབང་དང་། ཕྱི་མ་གསུམ་སློབ་མའི་བྱ་བ་ལ་དབང་བ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དབང་ངོ། །དེས་ན་དབང་བསྐུར་དང་པོ་ཐོབ་པ་ནི། སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར། །ཅེས་འབྱུང་ངོ། །གཉིས་པ་ལྟར་ན། ཆོ་ག་བསྡུས་པ་ཁ་ཅིག་ལས་ཆུ་ཅོད་ཙམ་གྱི་དབང་འབྱུང་བ་དེ་ཉིད་ལུགས་འདིའི་དབང་བསྐུར་དང་པོའི་དོན་ཡིན་ལ། རིག་གཏད་དང་། ལུང་འབོགས་པ་ནི་གཉིས་པའི་དོན་དང་། བགེགས་ཞི་བའི་ཕྱིར་བཀྲུ་བྱབས་སྲུང་གསུམ་དང་འབྲེལ་པ་རིགས་ཀྱི་ཁྲོ་བོ་གཙོར་གྱུར་པའི་དབང་ནི་གསུམ་པའི་དོན་དང་། ནོར་ཅན་གྱི་རིགས་རྣམས་ཀྱི་


LT36_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏད་དང་རྗེས་གནང་ལྟ་བུ་ནི་བཞི་པའི་དོན་ཏེ། སྤྱི་རྒྱུད་ལུགས་ཚིག་རྐང་གཉིས་པ་དང་གསུམ་པའི་དོན། བྱ་རྒྱུད་ཀྱི་བླ་མ་སྟེ་སློབ་དཔོན་ཏུ་རྣམ་པར་བཞག་པའི་དབང་གིས་རྒྱུད་སྨིན་པ་ཞིག་གིས། དབང་དེ་བཞིའི་བྱེ་བྲག་དབྱེ་བ་ཤེས་ནས་གནས་སྐབས་ཀྱི་དགོངས་པ་དང་མཐུན་པར་ཅི་རིགས་པར་འཇུག་ཏུ་རུང་བར་བསྟན་པའི་ཕྱིར་རོ། །གཉིས་པ་སྤྱོད་པའི་རྒྱུད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་རྡོ་རྗེ་ས་འོག་གི་རྒྱུད་རྣམས་ལས། ཆུ་ཅོད་རྡོར་དྲིལ་མིང་དབང་སྟེ་དབང་ལྔ་གསལ་བར་བསྟན་ལ། ད་ལྟ་རྒྱུན་ཡོད་པའི་རྣམ་སྣང་མངོན་བྱང་ལས། ཆུ་དབང་། ཐུར་མ། མེ་ལོང་། ཆོས་འཆད་པའི་རྗེས་གནང་ཙམ་ལས་མི་འབྱུང་མོད། དེ་ཙམ་གྱི་ས་སྤྱོད་རྒྱུད་ཀྱི་སློབ་དཔོན་དང་སློབ་མའི་ལས་རབ་འབྱམས་ལ་དབང་ཞིང་ནུས་པ་རྫོགས་པས་དོན་ཏུ་དབང་ལྔ་ཚང་བ་ཡིན་ལ། དེ་དག་ཀྱང་གཙོ་བོར་བསྡུས་པ་ཡིན་གྱིས། ནང་གསེས་ཀྱིས་ཕྱེ་ན་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་གསུམ། སྤྲོས་བཅས་ལའང་ཕྱི་རྡུལ་མཚོན་དང་ནང་ལུས་དཀྱིལ་དུ་དབང་བསྐུར་བའི་རྣམ་བཞག་རྣམ་སྣང་མངོན་བྱང་ལས་བཤད་ཅིང་། དེ་ཐམས་ཅད་བསྡུ་ན་སློབ་དཔོན་དང་སློབ་མའི་དབང་གཉིས་སམ། ཕྱི་ནང་གི་དབང་


LT36_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འདུའོ། །གསུམ་པ་རྣལ་འབྱོར་རྒྱུད་ལ་སྔར་གྱི་དབང་ལྔ་རྡོ་རྗེ་སློབ་མའི་དབང་དུ་བྱས་ནས། རྡོ་རྗེ་སློབ་དཔོན་གྱི་དབང་བསྣན་པས་དྲུག་ཏུ་བཞེད་པ་ཡོད་ཀྱང་། སློབ་དཔོན་དབང་ཁོ་ན་ལ། ཕྱིར་མི་ལྡོག །གསང་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་བཅས་དྲུག་ཚང་བརྒྱུད་ཀྱི་དགོངས་པ་ཡིན་ཅིང་། ཕྱག་ཆེན་ཐིག་ལེར་སློབ་དཔོན་དབང་ལྔ་བཅུ་གཅིག་དབྱེ། ཞེས་གསུངས་པ་ལྟར་ན་སློབ་མའི་དབང་ལ་མེ་ཏོག་ཕོག་པའི་རིགས་ཀྱི་ལྷའི་བུམ་པ། རང་རིགས་ཀྱི་ཅོད་པན་རྡོར་དྲིལ་མིང་དབང་རྣམས་བསྐུར་བ་སྔོན་ཏུ་སོང་ནས། སློབ་དཔོན་དབང་ལ་ཕྱིར་མི་ལྡོག་པའི་དབང་མེ་ཏོག་གང་དུ་ཕོག་ཀྱང་རིགས་ཀྱི་འཁོར་ལོས་སྒྱུར་བར་བསྐྱེད་ནས་ལུས་ལ་ལྷ་སྒྲུབ་པ་དབྱེ་གཞིར་བྱས། དབྱེ་བ་རྣམ་རྒྱལ་གྱི་ཆུ་དབང་། རིགས་ཀྱི་འཁོར་ལོས་སྒྱུར་བ་དེའི་ཅོད་པན་དབང་སོགས་ལྔ་པོ་ཚང་བར་བསྐུར་བས་དྲུག །དཀྱིལ་འཁོར་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་དེ་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བསྟན་པའི་གསང་དབང་ལས་སྒྲུབ་པ་རྗེས་གནང་སོགས་བཞི་པོ་བསྡམས་པས་བཅུ་གཅིག་ཏུ་དབྱེ་བ་དང་། ཡེ་ཤེས་ཐིག་ལེར་དབང་ལྔའི་སྟེང་དུ་བརྟུལ་ཞུགས་ལུང་བསྟན་གཟེངས་བསྟོད་བརྒྱད།


LT36_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྱག་རྒྱ་ཡེ་ཤེས་ཞར་བྱུང་དུ་བསྣན་པའི་རྣམ་བཞག་ཀྱང་འབྱུང་ལ། རྒྱུད་སྡེ་འོག་མ་འདི་རྣམས་སུ་ཆུ་དང་དབུ་རྒྱན་སོགས་དབང་ལྔ་བླ་མེད་དང་མིང་འདྲ་བ་འབྱུང་ཡང་དོན་ཐ་དད་པ་ཡིན་ཏེ། འདིར་ནི་མཚན་མའི་རྫས་དེ་དག་ལ་བརྟེན་པ་ཙམ་ཡིན་ལ། བླ་མེད་དུ་དག་བྱ་དག་བྱེད་ཁྱད་པར་ཅན་སྦྱོར་དུ་ཡོད་པས་ཕྱི་མ་དེ་ལ་ཐ་སྙད་ཀྱང་རིག་པའི་དབང་ལྔ་ཞེས་བྱ་བ་ཡིན་པ་དང་། དེ་བཞིན་རྣལ་འབྱོར་རྒྱུད་ཀྱི་གསང་བའི་དབང་ཡང་དོན་ཐ་དད་པ་གོང་བཤད་ལས་ཤེས་སོ། །དེ་བཞིན་ཏུ་བྱ་རྒྱུད་ལའང་འཇམ་དཔལ་རྩ་རྒྱུད་ལས་དབང་བསྐུར་བ་ལྔ་སྦྱིན་པར་གསུངས་པའང་དོན་ཏུ་འཇུག་སྒོའི་བུམ་པ་ནས་སངས་རྒྱས་ཀྱི་བུམ་པའི་བར་ཆུ་དབང་ཉིད་ལན་ལྔ་བསྐུར་བ་ཡིན་པས་བླ་མེད་ཀྱི་དབང་དང་མི་མཚུངས་སོ། །བཞི་པ་བླ་མེད་ཀྱི་ལུགས་ལ་སྤྱི་དབང་བཞིར་གྲངས་ངེས་པ་ཡིན་ཏེ། ཡེ་ཤེས་ཐིག་ལེར་བཤད་པའི་རྣལ་འབྱོར་རྒྱུད་ཀྱི་དབང་བརྒྱད་ཀྱི་སྟེང་དུ་དམ་ཚིག་གསུམ་བསྣན་པའི་དབང་བཅུ་གཅིག་ནི་ལུགས་འདིའི་བུམ་དབང་། སློབ་དཔོན་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐིག་ལེ་དཀར་དམར་སྦྱིན་པ་གསང་དབང་། ཤེས་རབ་མ་སྦྱིན་ཅིང་དེ་དང་སྙོམས་པར་ཞུགས་པའི་དཔེའི་ཡེ་ཤེས་ངོས་བཟུང་བ་ཤེར་དབང་། དེའི་དོན་ཚིག་གིས་ངོ་སྤྲད་པའམ། ཡང་ན་


LT36_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལས་སྐྱེས་པའི་མི་འགྱུར་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་འཇུག་ཏུ་མཚོན་པ་དབང་བཞི་པ་རྣམས་སོ། །བྱེ་བྲག་ཏུ་དབྱེ་ན། རྡོ་རྗེ་ཕྲེང་བ་སོགས་རྒྱུད་སྡེ་ཕལ་མོ་ཆེ་ལས་བཤད་མ་ཐག་པ་ལྟར་བུམ་དབང་བཅུ་གཅིག །དབང་གོང་མ་གསུམ་བསྣན་པའི་བཅུ་བཞིར་གསུངས་ཤིང་ནང་གསེས་ངོས་བཟུང་ཚུལ་ལ་མི་འདྲ་བ་མང་བ་དང་། རྡོ་རྗེ་གུར་ལས། བུམ་དབང་བརྒྱད་དུ་ཕྱེ་ནས་གོང་མ་གསུམ་དང་བཅུ་གཅིག་ཏུ་བཤད་པ་དང་། སེམས་འགྲེལ་ལས་འཇུག་པའི་དེ་བདུན་གོང་མ་བཞི་དང་བཅུ་གཅིག་ཏུ་མཛད་པ་རྣམས་འབྱུང་ཞིང་། དེ་རྣམས་བསྡུ་ན་ཕྱི་ནང་གསང་བ་གསང་ཆེན་བཞིའམ། གོང་སྨོས་བུམ་གསང་ཤེར་ཡེ་ཚིག་དབང་བཞིར་འདུ་ཞིང་། དེ་དག་ཀྱང་སྔ་མ་གསུམ་ནི་ཀུན་རྫོབ། འཇིག་རྟེན་པ། རྒྱུའི་དབང་དང་། ཕྱི་མ་གཅིག་པུ་དོན་དམ་འཇིག་རྟེན་ལས་འདས་པ། འབྲས་བུའི་དབང་ཞེས་རྣམ་པར་བཞག་པས་གཉིས་སུའང་འདུའོ། །འདི་དག་གི་མཚན་གཞི་ནི་བྱ་རྒྱུད་དཀྱིལ་འཁོར་ཆོ་གའི་བྱ་བ་རྒྱས་པ་དམ་ཚིག་གསུམ་བཀོད་དང་དོན་ཞགས་ལ་སོགས་པ། བསྡུས་པ་མི་འཁྲུགས་པ་ལྷ་དགུ་སོགས་དང་། སྤྱོད་རྒྱུད་རྒྱས་པ་རྣམ་སྣང་མངོན་བྱང་། །བསྡུས་པ་ཨ་ར་པ་ཙ་ན་ལྷ་ལྔ་ལྟ་བུ་རྣལ་འབྱོར་རྒྱུད་


LT36_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དཔལ་རྩེ་དབྱིངས་གསུམ། བསྡུས་པ་གཙུག་དགུ་ལྟ་བུ། བླ་མེད་རྒྱུད་རྒྱས་པ་བདེ་དགྱེས་གསང་འདུས། བསྡུས་པ་མཱ་ཡཱ་བདེ་མཆོག་ལྷ་ལྔ་ལྟ་བུ་སྟེ་དེང་སང་ཡོངས་སུ་གྲགས་པས་རྟོགས་པར་སླའོ། །གཉིས་པ་བྱིན་རླབས་ནི། བླ་མེད་ཀྱི་དབང་བསྐུར་སྙིང་པོ་བསྡུས་པ་སྟེ། དབང་བཞིའི་དོན་ཚང་བ་ལ། གོང་སྨོས་དབང་བཞིའི་ཆོག་དངོས་མིན་པའི་ཚིག་ཉུང་ལ་ལག་ལེན་བདེ་བ་རྣམས་སྟེ། དཔེར་ན་རྣལ་འབྱོར་མའི་བྱིན་རླབས་རྣམས་ལ་ཕྱི་ནང་གི་འཇུག་པ་མདོ་ཙམ་སྔོན་དུ་སོང་ནས། ཆུ་དབང་ཙམ་གྱིས་བུམ་དབང་། ཐོད་པའི་བདུད་རྩིས་གསང་དབང་། སིནྡྷཱུ་རའི་མེ་ལོང་ལ་བརྟེན་ནས་གཏུམ་མོ་སྦར་བའི་བདེ་བ་སོགས་ཀྱིས་ཤེར་དབང་། དེ་དག་གི་ངོ་བོ་གསལ་རིག་བདེ་སྟོང་ལ་མཉམ་པར་འཇོག་ཏུ་བཅུག་པ་དབང་བཞི་པ་བཅས་རྩ་བར་བྱེད་ཅིང་། རྗེས་གནང་གི་འདོགས་རྒྱས་བསྡུས་སྣ་ཚོགས་སུ་འབྱུང་བ་དང་། དེ་ལས་བསྡུས་པ་ཁ་ཅིག་ལ་གསོལ་བཏབ་རྒྱུན་བཤགས་སྡོམ་བཟུང་ཡེ་ཤེས་དབབ་པ་ཙམ་སྔོན་ཏུ་སོང་ནས། དངོས་གཞིར་བུམ་དབང་སྔར་ལྟར་ལ། བདུད་རྩི་མྱང་བའི་བརྗོད་བྲལ་ཤེར་དབང་། སྤྲོས་མེད་ཀྱི་དང་དུ་འཛིན་མེད་དུ་བཞག་པ་བཞི་པ་བྱེད་པ་དང་། དེ་ལས་ཀྱང་སྤྲོས་མེད་ཁ་ཅིག་ལ། གསོལ་བཏབ་ཙམ་སྔོན་ཏུ་སོང་ནས་ལྷ་སྒོམ་


LT36_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྔགས་བཟླ་བ་བུམ་དབང་། སྙིང་གའི་ཐིག་ལེར་སེམས་འཛིན་པ་གསང་དབང་། ཨ་ཧཾ་ཞུ་བདེའི་རླུང་སྦྱོར་བྱ་བ་ཤེར་དབང་། བརྡ་དོན་ངོ་སྤྲད་པ་བཞི་པའི་དོན་ཏུ་བཤད་པ་ལྟ་བུ་རྣམས་དང་། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ཀྱི་བཀའ་ཕལ་མོ་ཆེ་ཡང་བྱིན་རླབས་ཀྱི་དབང་བཞི་ཁོ་ན་ཡིན་ཅིང་། དེ་དག་ལས་ཆོས་དྲུག་གཞུང་ཤིང་གི་བཀའ་དྲུག་པོ་ལ་སོགས་པ་ཕལ་མོ་ཆེ་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ཁོ་ན་མ་གཏོགས་མཚན་མའི་དབང་རྫས་གང་ཡང་མི་དགོས་ལ། ཡེ་ཤེས་མགོན་པོའི་བཀའ་རྣམས་ཀྱང་ཏིང་ངེ་འཛིན་གྱི་དབང་བཞི་བསྐུར་བ་ཤས་ཆེ་ཞིང་མཐར་གཏོར་མའི་བཀའ་བསྒོ་བྱེད་པ་ནི་རྗེས་གནང་ཡིན་གྱི་བྱིན་རླབས་དངོས་གཞི་མིན་ནོ། །གཞན་ཡང་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ལམ་འབྲས་ཆ་ལག་རྡོ་རྗེ་བདག་མེད་མ་དང་ལམ་ཟབ་ཕྱི་ནང་གི་བྱིན་རླབས་ལ་སོགས་པ་རྣམས་དང་། མངའ་བདག་མར་པ་ལོ་ཙཱའི་སྙན་བརྒྱུད་ཐུན་མོང་མ་ཡིན་པ་སྤྲོས་བཅས་མཚན་མའི་བརྡ་དང་། སྤྲོས་མེད་གཟིགས་སྟངས་སོགས་ལ་བརྟེན་པ་རྣམས་དང་། ཕ་དམ་པ་སངས་རྒྱས་ཀྱི་གདམས་ངག་ཞི་བྱེད་བཀའ་བབས་གསུམ་གྱི་དབང་བསྐུར་ཕལ་མོ་ཆེ་རྣམས་དང་། གཅོད་ཡུལ་གྱི་སྒོ་འབྱེད་བྱིན་རླབས་གཏོར་མ་ལ་བརྟེན་


LT36_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་རྣམས་ཀྱང་དངོས་སུ་དབང་བཞིའི་ཐ་སྙད་སྦྲེལ་མིན་ཅི་རིགས་སྣང་ཡང་དགོས་པའི་གནད་ཐམས་ཅད་ཚང་བའི་ཕྱིར་བྱིན་རླབས་ཀྱི་རྣམ་གྲངས་སུ་ཤེས་པར་བྱའོ། །དེ་ལྟར་ན་བྱིན་རླབས་ནི་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་གྱི་རྒྱུད་སྡེ་འོག་མ་གསུམ་ལ་དེ་འདྲའི་ཐ་སྙད་སྦྱོར་བ་མེད་དོ། །གསུམ་པ་རྗེས་གནང་ནི། རྒྱུད་སྡེ་བཞི་ཀ་དང་འབྲེལ་པ་སྟེ། དེའང་རྒྱུད་སྡེ་བཞིའི་དབང་གི་ཆོ་ག་རྒྱས་པ་ཡིན་ཕྱིན་ཆད་རྗེས་གནང་མེད་པ་མི་སྲིད་ཅིང་རྗེས་གནང་ཉི་ཚེ་བ་ཁོལ་དུ་ཕྱུང་བ་ལ་ནི་དབང་གི་རྣམ་བཞག་མ་མཆིས་སོ། །དེ་ལ་དབང་གི་ཞར་ལས་འབྱུང་བ་རྣམས་ནི་སྒོམ་བཟླས་དང་ལས་རབ་འབྱམས་སྒྲུབ་པ་ལ་སོགས་ཕལ་ཆེར་ཚིག་ཙམ་གྱིས་སྦྱིན་པ་རྣམས་ཡིན་ལ། ཁོལ་ཕྱུང་དུ་བྱས་པ་རྣམས་ལ་དེ་ཉིད་ཀྱི་བྱ་བ་རྒྱས་པ་རེ་འབྱུང་བ་སྟེ། གང་ལྟར་སྒོམ་བཟླས་འདི་ལྟར་གྱིས་ཤིག་པའི་གནང་བ་སྦྱིན་པ་ཙམ་ཡིན་ལ། གནང་བ་དེའང་རྡོ་རྗེ་འཆང་ནས་བར་མ་ཆད་དུ་བྱིན་པ་ཞིག་དགོས་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བརྙེས་པ་ཡིན་ཀྱང་རང་བཟོས་སྦྱིན་དུ་མི་རུང་ལ། གནང་བ་སྦྱིན་ཚུལ་ལ་ཆོ་གའི་ཚུལ་གྱིས་སྦྱིན་པ་དང་། ལུང་འབོགས་པ་དང་། ཚིག་ཙམ་གྱིས་སྟེར་བ་སོགས་མ་ངེས་པ་མང་བ་ལས་འདིར་བཤད་ཀྱི་རྗེས་གནང་ནི་ཆོ་གའི་ཚུལ་གྱིས་སྟེར་བ་ལ་ངོས་འཛིན་དགོས་ཤིང་། དེའི་མཚན་


LT36_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་ལ་སོགས་པ་ཡིན་ལ། ལུགས་འདིར་རྒྱུད་སྡེ་བཞི་ཀའི་ལྷ་ལ་ཆིངས་གཅིག་གིས་ཆོག་པ་དང་། སྒྲུབ་ཚུལ་བྱ་རྒྱུད་ནས་བཤད་པའི་ལྷ་ལའང་བདག་བསྐྱེད་ཡན་ལག་བཞི་རྫོགས་བསྒོམ་པ་བླ་མེད་ལུགས་སུ་སྦྱར་བ་ཤ་སྟག་སྣང་། འདི་ལ་དཀྱིལ་འཁོར་མ་བཤད་པས་མདུན་བསྐྱེད་རྟེན་ཚོམ་བུ་དང་མཆོད་གཏོར་ཙམ་འདུ་བྱས་ལ་བདག་མདུན་བསྐྱེད་བཟླས་གཏོར་མ་འབུལ་བ་རྣམས་སོང་ནས། གསོལ་གདབ། རྒྱུན་བཤགས་སྔོན་ཏུ་འགྲོ་བའི། སྐུ་ལྷ་སྒོམ་པ་ལ་ཡེ་ཤེས་པ་བསྲེ། གསུང་བཟླས་ལུང་། །ཐུགས་ཕྱག་མཚན་བསྟིམས་ནས་དེ་གསུམ་གྱིས་ལྷ་དེ་དང་དེའི་སྐུ་གསུང་ཐུགས་སྒོམ་བཟླས་ལ་དབང་བ་ཙམ་བྱས་པ་ཡིན་པས་རང་གིས་ཉམས་སུ་ལེན་པ་ལས་སློབ་དཔོན་གྱི་བྱ་བ་སྒྲུབ་ནུས་པ་མ་ཡིན། བརྒྱུད་ནས་རིམ་གྱིས་སྒོ་གསུམ་སྨིན་པའི་ས་བོན་ཏུ་འགྲོ་བ་ཙམ་ལས་དངོས་སུ་དེ་དང་དེའི་རྟེན་འབྲེལ་བསྒྲིགས་ནུས་པའང་མ་ཡིན་ནོ། །བོད་ཀྱི་སློབ་དཔོན་རྣམས་ཀྱིས་མཛད་པའི་རྗེས་གནང་ལས་སྒྲུབ་ཐབས་རིན་འབྱུང་ཙམ་མ་གཏོགས་ཕལ་མོ་ཆེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བས་མཚོན་སྒྲུབ་ཐབས་བརྒྱ་རྒྱམ་སོགས་ཀྱི་ཆིངས་དང་མི་མཚུངས་པར་སོ་སོས་རང་སྟོབས་ཀྱིས་སྲོལ་


LT36_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་པ་ལྟ་བུ་མང་ངོ་། །བཞི་པ་རིག་གཏད་ནི་གོང་སྨོས་ལྟར་བྱ་རྒྱུད་ཀྱི་དབང་གི་ཡན་ལག་སྟེ། དེ་ལ་བྱ་རྒྱུད་ཀྱི་དཀྱིལ་འཁོར་ཕྲ་མོ་མང་པོ་ལ་སྔགས་ཀྱི་དབང་བསྐུར་བ་ཞེས་བུམ་ཆུ་ཁོ་ནའི་དབང་བསྐུར་ཙམ་འབྱུང་བ་དེ་ཉིད་དོན་ལ་སྔགས་གཏད་པའམ་རིག་པ་གཏད་པ་ཡིན་ཏེ་དེའང་བྱ་རྒྱུད་ཀྱི་ལྷའི་ཆོ་ག་བསྡུས་པའི་རིགས་ཤིག་ལ་སྦྱོར་བའི་ཚེ། སྔར་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་ལྷའམ་གནས་སྐབས་དེར་གང་ལ་མོས་པའི་ལྷ་དེ་ཉིད་ཀྱི་རིག་པ་བརྒྱ་རྩ་བརྒྱད་བཟླས་པའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང་། རིག་སྔགས་དེ་ཉིད་སློབ་དཔོན་གྱི་བཟླས་པའི་རྗེས་སུ་ཟློས་པ་དཔེར་མཚོན་ན། བི་མ་ལའི་ལུགས་ཀྱི་གཙུག་ཏོར་གདུགས་དཀར་དང་རྣམ་འཇོམས་དཀར་པོ། །གཙུག་ཏོར་དྲི་མེད། གསར་འགྱུར་སངས་རྒྱས་དཔའ་བོ་བདུན་གྱི་ཆོ་ག་ལ་སོགས་པ་རྣམས་སོ། །ལུང་འབོགས་པ་དང་འདི་གཉིས་སྔགས་གཏད་པ་ཙམ་མཚུངས་ཀྱང་འདི་ལ་ཆུའི་བྱ་བ་ཡོད་པས་བྱ་རྒྱུད་རང་ལུགས་སུ་ལྷ་དེའི་ཕྲིན་ལས་སྒྲུབ་ནུས་སློབ་དཔོན་གྱི་སྐལ་པ་འཇོག་ཅིང་། ཕྱི་མ་ལ་དེ་མེད་པས་མཆོག་དམན་གྱི་ཁྱད་པར་ཡོད་དོ། །ལྔ་པ་ལུང་འབོག་པ་ལ་སྒོམ་ལུང་དང་བཟླས་ལུང་གཉིས་ཡོད་ཀྱང་ད་ལྟ་སྒོམ་ལུང་དབོག་ཕྱིན་བཟླས་ལུང་མི་བྱེད་པ་མེད་ལ། དེའང་ལུང་གང་བྱེད་ཀྱི་ལྷ་དེའི་བསྒོམ་བཟླས་ཚར་གཅིག་


LT36_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རང་གིས་ཉམས་སུ་བླངས། སློབ་མའི་བྱ་བ་མཎྜལ་འབུལ་དུ་གཞུག་ཅིང་། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ཅེས་པའི་གསོལ་འདེབས་ཀྱང་སྤྲོ་ན་བྱ། དེ་ནས་སྒྲུབ་ཐབས་དེའི་དབུ་ནས་ལུང་བཀླག་པ་ལྟར་བྱེད་པ་ལས། ཁྱད་ཆོས་སྐྱབས་སེམས་སྐབས་རྗེས་ཟློས། སྒོམ་ལུང་བཟླས་ལུང་གཉིས་ཀ་བྱེད་ན་མངོན་རྟོགས་སྐབས་སློབ་མ་ཉིད་ལྷར་གསལ་འདེབས་སུ་གཞུག་ཅིང་ཡེ་ཤེས་པ་བསྟིམ་པའི་སྐབས་སུའང་སློབ་མ་ལ་བསྟིམ། ཡེ་ཤེས་པ་ལ་མཆོད་པ་ཡོད་ན་དཔོན་སློབ་མཉམ་དུ་བྱ། གསུང་གི་རྗེས་གནང་གི་ལུང་ཇི་ལྟ་བར་དམིགས་པ་ཕོག་ལ་བཟླས་པ་རྗེས་ཟློས་མཐར། བཅོམ་ལྡན་འདས་འདི་ལ་སོགས་དང་ཚིག་ལྷུག་པའི་སྨོན་ལམ་བྱ་ཞིང་མེ་ཏོག་མགོར་བཞག །སྒྲུབ་ཐབས་འཕྲོས་གང་ཡོད་བཀླག་ལུང་བྱ་བ་ནི་ཅུང་ཟད་རྒྱས་པའི་ཕྱོགས་ཡིན་ལ། བསྡུ་ན་སློབ་མས་མཎྜལ། སློབ་དཔོན་གྱིས་སྒོམ་ཚུལ་བཤད། ཕྲེང་བ་ལ་འཇུས་ཏེ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཐར་མེ་ཏོག་སྤྱི་བོར་བཞག་ཅིང་བཅོམ་ལྡན་འདི་ལ་སོགས་བརྗོད། རྗེས་མཎྜལ་འབུལ་བ་ཙམ་གྱིས་དོན་གྲུབ་པ་ཡིན་ཅིང་། གཙོ་ཆེ་ཆུང་གི་ངོས་ནས་སྔ་མ་ལ་སྒོམ་ལུང་དང་། ཕྱི་མ་ལ་བཟླས་ལུང་གི་ཐ་སྙད་བྱས་ནའང་ཆོག་གོ། །ལུང་འབོག་པའང་སྤྱིར་རྒྱུད་སྡེ་བཞི་ཀའི་ཡན་ལག་ཏུ་ཡོད་པ་གང་ལ་སྦྱོར་ཡང་རུང་ལ། བྱེ་བྲག་བྱ་རྒྱུད་ནས་བཤད་པའི་སྒྲུབ་ཐབས་རྣམས་ལ་ནི་ལོགས་སུ་


LT36_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་རྒྱུན་ད་ལྟའི་བར་དུ་བཞུགས་བཞིན་བ་ཉིད་དོ། །དེ་དག་ཀྱང་དཀྱིལ་འཁོར་ཆེན་པོ་གང་ཡང་རུང་བ་ཞིག་ཏུ་དབང་བསྐུར་ཚད་ལྡན་མ་ཐོབ་བར་སྦྱིན་དུ་མི་རུང་སྟེ། དཔེར་ན་བདེ་མཆོག་འཁོར་ལོས་དབང་གི་རྒྱུད་སྨིན་པ་ཞིག་ལ་རྣལ་འབྱོར་མའི་བྱིན་རླབས་བྱ་བ་དང་། རྒྱུད་སྡེ་ཚད་ལྡན་གང་ཡང་རུང་བའི་དབང་ཐོབ་པ་ཞིག་ལ་རྗེས་གནང་ལ་སོགས་པ་བྱ་བ་ཡིན་ཅིང་། དབང་བསྐུར་མ་ཐོབ་པར་ཁོལ་ཕྱུང་གི་རྗེས་གནང་སོགས་བྱས་པས་ནི་སློབ་མ་ལ་སྐབས་དེར་དེ་ཙམ་གྱི་སྒོམ་བཟླས་རུང་བའི་ས་བོན་བཞག་པ་གོང་དུ་སྨོས་པ་ལྟར་ཡིན་ཀྱང་། སློབ་དཔོན་རྟོགས་པ་དང་མི་ལྡན་ན་གསང་སྒྲོག་གི་ཉེས་པར་འགྱུར་རོ། །འཕགས་ཡུལ་པའི་རྣམ་ཐར་དུ་སྒོམ་ལུང་ཙམ་ཞུས་ནས་སྒྲུབ་པས་གྲུབ་པར་བཤད་པ་ནི་མཚན་ཉིད་དང་སྐལ་པ་ལྡན་པའི་དཔོན་སློབ་དམིགས་སུ་གསལ་པའོ། །སྤྱིར་དབང་བསྐུར་ཐོབ་པས་ཀྱང་སྒོས་སུ་ལྷ་དམིགས་བསལ་བའི་རྗེས་གནང་ལ་སོགས་པ་ནི་ནོད་དགོས་ཏེ། དེ་ལྟར་མ་བྱས་པར་སྒོམ་བཟླས་ལ་འཇུག་ན་གསང་སྔགས་རང་ཉིད་ཀྱིས་བླངས་པའི་ཉེས་པར་འགྱུར་རོ། །ཆོས་སྐྱོང་ཕལ་མོ་ཆེ་ལ་ཕྲིན་ལས་ཀྱི་རྗེས་སུ་གནང་བ་སོགས་འབྱུང་ཡང་དེ་ནི་དེ་དང་དེའི་ལས་ཉི་ཚེ་བ་སྒྲུབ་པར་རྗེས་སུ་གནང་བ་ཡིན་པས་དབང་གི་སྐབས་སུ་སློབ་དཔོན་གྱི་


LT36_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་འབྱམས་སྒྲུབ་པར་གནང་བ་དང་མི་འདྲ་ཞིང་ཁྱད་པར་ཆེའོ། །གསང་སྔགས་རྙིང་མའི་ལུགས་སུ་ཐེག་པ་རིམ་པ་དགུར་གྲགས་པའི་ནང་ཚན་བྱ་སྤྱད་རྣལ་འབྱོར་གསུམ་ནི་སྔ་མ་དང་འདྲ་ལ། བླ་མེད་ལ་ཡོ་ག་རྣམ་པ་གསུམ་དུ་གྲགས་པ་ལ་ནང་ཚན་སོ་སོར་དབྱེ་བསྡུ་དང་སྤྲོས་པའི་ཁྱད་པར་མི་འདྲ་བ་མང་ཡང་ངོ་བོའི་སྒོ་ནས་ཨ་ཏི་ལ་སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་ཤིན་ཏུ་སྤྲོས་མེད་བཞི་ཨ་ནུ་ལ་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པ། མ་ཧཱ་ལ་ཕན་ནུས་ཟབ་མོའི་དབང་རྣམས་སུ་ཅི་རིགས་པར་འདུ་ཞིང་། དེ་ལྟ་བུའི་དབང་བསྐུར་ཚད་ལྡན་ཐོབ་པ་ཞིག་ལ་བྱིན་རླབས་སོགས་བྱ་དགོས་པའང་གསར་མ་དང་མཐུན་ཅིང་། དེ་ལ་བྱིན་རླབས་ནི་གཏེར་མའི་ཕྱོགས་སུ་གུ་རུའི་ཟླུམ་པོ་བཞི་དབང་དུ་གྲགས་པ་རྣམས་དང་། དཀོན་མཆོག་སྤྱི་འདུས་ཀྱི་དབང་ལྟ་བུ་བླ་སྒྲུབ་བསྡུས་པའི་སྨིན་བྱེད་རྣམས་དང་། ཕག་ཁྲོས་གསང་ཡེ་སེང་གདོང་མའི་དབང་བསྐུར་སྙིང་པོ་རྣམས་དང་། གཏོར་མ་ལ་བརྟེན་པའི་དབང་བསྐུར་གྱི་རིགས་གཙོ་བོར་གྱུར་པ་རྣམས་ཡིན་ལ། རྗེས་གནང་ནི། གསར་མ་དང་ཚུལ་མི་མཚུངས་ཀྱང་དོན་གྱིས་རྗེས་གནང་དུ་འགྱུར་བ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་བའི་ཚུལ་མི་འདྲ་བ་འབྱམས་ཀླས་པ་རྣམས་དང་།


LT36_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རི་གཏད་གོང་སྨོས་བི་མ་ལའི་ལུགས་ལྟ་བུ་དང་། སྒོམ་ལུང་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་བཀའ་གཏེར་ལས་འབྱུང་བ་ལྟ་བུ་རྣམས་སོ། །དྲེགས་པ་ཅན་གྱི་སྲོག་གཏད་དུ་གྲགས་པ་ནི་དེའི་སྲོག་ལ་དབང་ཐོབ་པའི་བཀའ་རྗེས་སུ་བསྒོ་བ་ཙམ་ཡིན་པས་དོན་ཏུ་རྗེས་གནང་ཉིད་ལས་མི་འདའོ། །དེ་དག་ལས་དབང་ནི་སྔགས་ཀྱི་སྡོམ་པ་གསར་དུ་ཐོབ་ཅིང་ཡེ་ཤེས་དངོས་སུ་སྐྱེ་བའམ་སྐྱེ་རུང་དུ་སྨིན་པར་བྱད་པས་རྡོ་རྗེ་ཐེག་པའི་གཞིའམ་ལམ་གྱི་རྩ་བར་གྱུར་པ་དང་། བྱིན་རླབས་ཀྱིས་ཀྱང་དེ་དང་ཆ་མཚུངས་སུ་སྒྲུབ་ནུས་པས་ལམ་དབང་ངམ་ཁ་ཅིག་གིས་རྩ་བར་བཟུང་བའང་ཡོད་ལ། ཕྱི་མ་གསུམ་གྱིས་ནི་ལྷ་དེ་དང་དེའི་བསྒོམ་བཟླས་ལ་དབང་བ་ཁོ་ནའི་བྱ་བ་བྱེད་པས་སྔགས་ཀྱི་འཇུག་སྒོ་ཙམ་དུ་བཟུང་བར་བྱའོ། །ལྟར་སྣང་དབང་གིས་དམ་ཉམས་མི་བསྒྲུབ་པར། །དབང་བསྐུར་ཚད་མས་རང་རྒྱུད་སྨིན་བྱས་ཏེ། །རིམ་གཉིས་རྡོ་རྗེའི་འགྲོས་ཀྱིས་ནང་གི་ལམ། །མྱུར་བགྲོད་རྒྱུན་མཐའི་དབང་མཆོག་ཐོག་པར་ཤོག །ཅེས་པའང་འཁོར་ལོའི་མགོན་པོ་ཐམས་ཅད་གཟིགས་པ་འཇམ་དབྱངས་མཁྱེན་རྩེའི་དབང་པོས་འདི་ལྟར་བྲིས་ཤིག་པའི་རྗེས་སུ་གནང་བ་སྩལ་བས། བླུན་སྒོམ་རི་དྲཱ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ། །


previousདབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ།next