Nitartha Digital Library
Tibetan
 
previousགནས་བདུན་པ་ཡེ་ཤེས་བསྟན་པའི་འགྲེལ་པ།next

གནས་བདུན་པ་ཡེ་ཤེས་བསྟན་པའི་འགྲེལ་པ།

གཉིས་པ་དེ་ལྟར་མཁས་པར་བྱས་པའི་ཡོན་ཏན་གཏན་ལ་དབབ་པ་ལ། ཡེ་ཤེས་སམ་སའི་ཡོན་ཏན་གཏན་ལ་དབབ་པ་དང་། སྙོམས་འཇུག་གི་ཡོན་ཏན་གཏན་ལ་དབབ་པ་གཉིས། དང་པོ་ལ། ཡེ་ཤེས་ཀྱི་རང་བཞིན་གཏན་ལ་དབབ་པ། ལྡན་ཚུལ། ཐོབ་པའི་ཚུལ། ཁྱད་པར་གྱི་ཆོས་དང་བཞི། དང་པོ་ལ། བཟོད་ཤེས་ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་བཟུང་། དེ་དག་གི་ཁྱད་ཆོས་དང་གསུམ། དང་པོ་ནི། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཟད་དང་མི་སྐྱེའི་བློ་ལྟ་མིན། །དེ་ལས་གཞན་འཕགས་བློ་གཉིས་ཀ། གཞན་ཤེས་དྲུག་ནི་ལྟ་བའང་ཡིན། །ཞེས་པ་སྟེ། དྲི་མེད་ཟག་མེད་ཀྱི་བཟོད་པ་རྣམས། ཤེས་བཟོད་གཉིས་ཀྱི་ནང་ནས་ཤེས་པ་མིན་ཏེ། ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཟད་པ་དང་། མི་སྐྱེ་བ་ཤེས་པའི་བློ་ལྟ་བ་མིན་ཏེ། ཡང་དག་པར་ལྟ་བ་མེད་པའི་ཕྱིར། དེ་ལས་གཞན་པའི་འཕགས་པའི་བློ་གཉིས་ཡོད་དེ། ལྟ་བ་དང་ཤེས་པ་གཉིས་ཡོད་པའི་ཕྱིར། དེ་ལས་གཞན་པ་འཇིག་ཚོགས་ལ་ལྟ་བ་སོགས་དྲུག་ནི། ལྟ་བའང་ཡིན་ཏེ། ཡང་དག་པར་རྟོག་པ་ཡིན་པའི་ཕྱིར།

གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་པ་ཟག་བཅས་ཟག་པ་མེད། །ཅེས་པ་སྟེ། ཤེས་པ་དེ་ལ་གཉིས་ཡོད་དེ། ཟག་བཅས་དང་ཟག་མེད་གཉིས་ཡོད་པའོ། །

གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་མེད་རྣམ་གཉིས་ཆོས་དང་ནི། །རྗེས་སུ་ཤེས་པ་ཁོ་ན་ཡིན། །ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། །འདོད་པའི་སྡུག་བསྔལ་ལ་སོགས་པ། །ཞེས་པ་སྟེ། ཤེས་པ་དེ་ལ་ཀུན་རྫོབ་ཅེས་བྱ་སྟེ། བུམ་སྣམ་སོགས་ཀུན་རྫོབ་ལ་དམིགས་པའི་བློ་ཡིན་པའི་ཕྱིར། ཤེས་པ་ཟག་མེད་རྣམ་པ་གཉིས་ཡོད་དེ། ཆོས་ཤེས་པ་དང་ནི་རྗེས་སུ་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་ཡུལ་ལ་དམིགས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར། ཆོས་ཤེས་ཀྱི་བློའི་སྤྱོད་ཡུལ་ཡོད་དེ། འདོད་པའི་སྡུག་བསྔལ་ལ་སོགས་པ་ཀུན་འབྱུང་ལ་དམིགས་པའི་ཕྱིར།

གཉིས་པ་ལ། ཕ་རོལ་སེམས་ཤེས་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་གཉིས། དང་པོ་ནི། རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི། །གོང་མའི་སྡུག་བསྔལ་ལ་སོགས་ཡིན། །དེ་དག་ཉིད་བདེན་བྱེ་བྲག་གིས། །བཞི་སྟེ་རྣམ་བཞི་དེ་དག་ནི། །མི་སྐྱེ་བ་དང་ཟད་པ་ཤེས། །དེ་གཉིས་དང་པོ་སྐྱེས་པ་ནི། །སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན། །བཞི་ལས་ཕ་རོལ་སེམས་རིག་པ། །དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ །ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། །ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པ་ཀུན། །ཞེས་པ་སྟེ། རྗེས་སུ་ཤེས་པའི་སྤྱོད་ཡུལ་ཡོད་དེ། ཁམས་གོང་མའི་སྡུག་བསྔལ་དང་སོགས་པས་ཀུན་འབྱུང་ལ་དམིགས་པའི་ཕྱིར། རྗེས་ཤེས་ཡོད་དེ། ཁམས་གོང་མའི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་ཕྱིར། ཆོས་རྗེས་དང་རྗེས་ཤེས་དང་དེ་དག་ནི་བདེན་པ་ལ་དམིགས་པའི་བྱེ་བྲག་གིས་བཞི་ཡོད་པར་འགྱུར་ཏེ། སྡུག་བསྔལ་ཤེས་པ་ནས་མི་སྐྱེ་བ་ཤེས་པའི་བར་ཡོད་པའི་ཕྱིར། བདེན་པ་ཤེས་པ་རྣམ་པ་བཞི་པོ་དེ་དག་ནི། མི་སྐྱེ་བ་དང་ཟད་པར་ཤེས་པ་ཞེས་བྱ་སྟེ། རང་གི་ངོ་སྐལ་གྱི་སྤང་བྱ་མི་སྐྱེ་བ་དང་། ཉོན་མོངས་འགག་པར་ཤེས་པའི་བློ་ཡིན་པའི་ཕྱིར། དང་པོར་སྐྱེས་པའི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དེ་ནི། སྡུག་བསྔལ་དང་ཀུན་འབྱུང་ལས་རྗེས་སུ་ཤེས་པ་ཞེས་བཤད་དེ། སྲིད་རྩེའི་སྡུག་ཀུན་ལ་རྗེས་སུ་ཞུགས་པའི་རྣམ་པས་དམིགས་པ་ཡིན་པའི་ཕྱིར། ཕ་རོལ་པོའི་སེམས་རིག་པའི་ཤེས་པ་ད་ལྟར་བ་ནི་བཞི་ལས་བྱུང་སྟེ། ཆོས་ཤེས་དང་རྗེས་ཤེས་ལམ་ཤེས་པ་དང་ཀུན་རྫོབ་ཤེས་པ་ལས་བྱུང་བའི་ཕྱིར། དེ་ནི་ཆོས་ཀུན་རིག་པ་མིན་ཏེ། ས་དང་དབང་པོ་དང་གང་ཟག་དང་། ཞིག་པ་འདས་པ་དང་། མ་སྐྱེས་པ་མ་འོངས་པ་རྣམས་མི་རིག་པའི་ཕྱིར། ཆོས་ཤེས་ཀྱི་བློ་ཡི་ཕྱོགས་དང་མཐུན་པ་ནི་ཕན་ཚུན་གཉིས་ཀྱི་གཅིག་སྤྱོད་ཡུལ་དུ་བྱེད་པ་མིན་ཏེ། སྔ་མ་ནི་འདོད་པ་དང་། ཕྱི་མ་ནི་ཁམས་གོང་ཁོ་ན་ལ་དམིགས་པའི་ཕྱིར། ཉན་ཐོས་ཀྱི་ཕ་རོལ་གྱི་སེམས་ཤེས་ཀྱི་མཐོང་ལམ་སྐད་ཅིག་མ་གཉིས་རིག་སྟེ། སྡུག་བསྔལ་ལ་ཆོས་ཤེས་དང་ཆོས་བཟོད་གཉིས་རིག་པའི་ཕྱིར། རང་རྒྱལ་བསེ་རུ་ལྟ་བུས་ཕ་རོལ་སེམས་ཤེས་ཀྱི་མཐོང་ལམ་སྐད་ཅིག་མ་གསུམ་རིག་སྟེ། སྔ་མ་གཉིས་དང་། ཀུན་འབྱུང་ལ་རྗེས་ཤེས་རིག་པའི་ཕྱིར། སངས་རྒྱས་ཀྱི་འབད་རྩོལ་གྱི་སྦྱོར་བ་མེད་པར་མཐོང་ལམ་སྐད་ཅིག་མ་ཀུན་རིག་སྟེ། དེས་ཆོས་ཐམས་ཅད་མཁྱེན་པའི་ཕྱིར། གཉིས་པ་ནི། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །ཞེས་པ་སྟེ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་བློ་གཉིས་ལ་ཁྱད་པར་ཡོད་དེ། སྔ་མས་ནི་སྡུག་བསྔལ་བདེན་པ་ཡོངས་སུ་ཤེས་ལ་སོགས་པས་ཀུན་འབྱུང་སྤངས་ཤིང་ངེས་པའི་ཆ་ནས་བཞག །སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཤེས་པར་བྱར་མེད། ཀུན་འབྱུང་ལ་ཡང་དེས་མཚོན་པའི་ཆ་ནས་མི་སྐྱེ་བ་ཞེས་པའི་བློར་འདོད་པའོ། །

གསུམ་པ་ཁྱད་ཆོས་ལ། ཤེས་པ་བཅུར་འཇོག་པའི་རྒྱུ་མཚན། གཉེན་པོའི་ཁྱད་པར། རྣམ་པའི་ཁྱད་པར་དང་གསུམ། དང་པོ་ནི། རང་བཞིན་དང་ནི་གཉེན་པོ་དང་། །རྣམ་པ་རྣམ་པ་སྤྱོད་ཡུལ་དང་། །སྦྱོར་དང་བྱ་བ་བྱས་ཉིད་དང་། །རྒྱུ་རྒྱས་པ་ལས་བཅུ་ཡིན་ནོ། །སྒོམ་པའི་ལམ་ནི་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཞེས་པ་སྟེ། ཤེས་པ་དེ་ལ་བཅུར་ཡོད་དེ། རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་དང་། གཉེན་པོ་ཆོས་ཤེས་རྗེས་ཤེས་དང་། རྣམ་པ་ལ་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། རྣམ་པ་དང་སྤྱོད་ཡུལ་གཉིས་ཀ་ལས་འགོག་ཤེས་དང་། ལམ་ཤེས་དང་། སྦྱོར་བ་ལས་ཕ་རོལ་སེམས་ཤེས་དང་། བྱ་བ་བྱས་པ་ཉིད་ལས་ཟད་པ་ཤེས་པ་དང་། རྒྱུ་རྒྱས་པ་ལས་མི་སྐྱེ་བ་ཤེས་པ་རྣམས་ཡོད་པའི་ཕྱིར། སྒོམ་པའི་ལམ་ལ་འགོག་པའམ། ལམ་ལ་ཆོས་གང་ཡིན་པ་དེ་ཁམས་གོང་ཁོ་ན་ལ་མ་དམིགས་ཏེ། འདོད་པ་དང་གཟུགས་གཟུགས་མེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། རྗེས་ཤེས་དེས་འདོད་ཁམས་ཀྱི་གཉེན་པོ་མི་བྱེད་དེ། དེ་ལ་ཆགས་པ་དང་བྲལ་རྗེས་སུ་སྐྱེས་པའི་ཕྱིར། གསུམ་པ་ལ། ཤེས་པ་སོ་སོའི་རྣམ་པའི་ངོ་བོ། རྣམ་པའི་གྲངས་ངེས། དེ་དག་གི་ཁྱད་པར། ཆོས་གཞན་བཤད་པ་དང་བཞི། དང་པོ་ནི། ཆོས་ཤེས་དང་ནི་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག་ཀུན་རྫོབ་ནི། །དེ་བཞིན་གཞན་དུའང་རང་རང་གི །བདེན་པའི་རྣམ་པས་བཞི་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་། །དེ་བཞིན་དྲི་མ་དང་བཅས་ནི། །ཤེས་བྱའི་རང་གི་མཚན་ཉིད་རྣམས། །རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །ལྷག་མ་རྣམ་པ་བཅུ་བཞི་ཅན། །སྟོང་དང་བདག་མེད་མ་གཏོགས་སོ། །ཞེས་པ་སྟེ། ཆོས་ཤེས་དང་རྗེས་སུ་ཤེས་པ་རྣམས། རྣམ་པར་ཁྱད་པར་ཅན་ཡིན་ཏེ། མི་རྟག་སོགས་རྣམ་པ་བཅུ་དྲུག་གི་རྣམ་པ་ཅན་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་ནི་རྣམ་པ་གཉིས་དང་ལྡན་ཏེ། སྔོན་མ་དེ་བཞིན་དུ་དམིགས་ལ། དེ་ལས་གཞན་དུ་ཡང་ཆོས་རྣམས་ཀྱི་རང་སྤྱིའི་རྣམ་པ་ལ་དམིགས་པའི་ཕྱིར། ཕ་རོལ་སེམས་ཤེས་དྲི་མ་དང་བཅས་པ་ནི། རྣམ་པ་ཁྱད་པར་ཅན་དང་ལྡན་ཏེ། རང་རང་གི་བདེན་པའི་རྣམ་པ་བཞི་བཞི་ལ་དམིགས་པའི་ཕྱིར། རང་རང་གི་བདེན་པའི་རྣམ་པ་ནི་ཡོད་དེ། སྡུག་བདེན་ལ་མི་རྟག །སྡུག་བསྔལ། སྟོང་། བདག་མེད་ཡིན་པའི་ཕྱིར། ཕ་རོལ་ཡིད་ཤེས་ཀྱི་དྲི་མེད་ལྡན་ཏེ། སྔ་མ་བཞིན་དུ་རང་རང་གི་འདུན་པའི་རྣམ་པ་ལ་དམིགས་པའི་ཕྱིར། ཕ་རོལ་སེམས་ཤེས་དྲི་མ་དང་བཅས་པ་ནི་རྣམ་པ་ཁྱད་པར་ཅན་དང་ལྡན་ཏེ། སེམས་སེམས་བྱུང་ལ་སོགས་པའི་ཤེས་བྱ་རང་རང་གི་མཚན་ཉིད་ལ་དམིགས་པའི་ཕྱིར་ཏེ། སེམས་སེམས་འབྱུང་གི་རྫས་རེ་རེ་ཞིག་ཁོ་ན་སྤྱོད་ཡུལ་དུ་བྱེད་པའི་ཕྱིར། ཤེས་པ་དེ་དག་གི་ལྷག་མ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་རྣམ་པ་བཅུ་བཞི་ཅན་ལ་དམིགས་ཏེ། སྟོང་པ་དང་བདག་མེད་པ་མ་གཏོགས་པ་ལ་དམིགས་པའི་ཕྱིར། གཉིས་པ་ནི། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །གཞན་ཡོད་ཅེས་པ་བསྟན་བཅོས་ལས། །རྫས་སུ་རྣམ་པ་བཅུ་དྲུག་གོ །ཞེས་པ་སྟེ། བྱེ་བྲག་སྨྲ་བ་རྣམས་བདེན་པའི་རྣམ་པ་དྲི་མ་མེད་པ་དེ་ལ་བཅུ་དྲུག་ཏུ་གྲངས་ངེས་ཏེ། གཞན་ཟག་མེད་ཀྱི་རྣམ་པ་མེད་པའི་ཕྱིར། དེ་ལས་གཞན་ཉི་འོག་པ་ན་རེ། རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་ཅེས་སྨྲ་སྟེ། བསྟན་བཅོས་ལས་རིག་པས་སྐྱེ་བའི་སྒོ་ནས་མི་རྟག་པ་ལ་སོགས་པ་ཤེས་པ་འདི་ནི་གནས་ཡོད། གཞི་ཡོད། སྔ་མ་མིང་དང་། ཕྱི་མ་རྒྱུ་སྟེ། དེ་ལྟ་བུའི་རྣམ་པ་ཡོད་པའི་ཕྱིར་ཟེར། བདེན་པའི་རྣམ་པ་དེ་ལ་རྫས་སུ་ན་རྣམ་པ་བཅུ་དྲུག་ཡོད་དེ། དེ་དག་ཤེས་རབ་ཀྱིས་སོ་སོར་མངོན་དུ་བྱེད་དགོས་པའི་ཕྱིར། གསུམ་པ་ནི། རྣམ་པ་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །ཞེས་པ་སྟེ། རྣམ་པ་འཛིན་པར་བྱེད་པ་ཡོད་དེ། ཤེས་རབ་དང་བཅས་པའི་བློ་དམིགས་པ་དང་བཅས་པས་འཛིན་པར་བཤད་དེ་ཤེས་བྱ་གཞི་ལྔ་ཐམས་ཅད་ཤེས་རབ་ཀྱི་གཟུང་བར་བྱ་བ་ཡིན་པའི་ཕྱིར། བཞི་པ་ལ། ངོ་བོ། རྟེན་གྱི་ཁྱད་པར། དྲན་པ་ཉེར་བཞག་གི་ཁྱད་པར། དམིགས་པའི་ཁྱད་པར་དང་བཞི་ལས། དང་པོ་ནི། དང་པོ་རྣམ་གསུམ་གཞན་རྣམས་དགེ། ཞེས་པ་ཏེ། ཀུན་རྫོབ་ཤེས་པ་རྣམ་པ་གསུམ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པའི་ཕྱིར། གཞན་དང་པོ་རྣམས་ནི། མི་དགེ་བ་དང་ལུང་མ་བསྟན་གཉིས་མེད་དེ། དགེ་བ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ལ། སེམས་རྟེན་དང་། ལུས་རྟེན་གཉིས། དང་པོ་ནི། དང་པོ་ས་རྣམས་ཐམས་ཅད་ན། །དྲུག་ན་ཆོས་ཤེས་བྱ་བའོ། །དགུ་ན་རྗེས་བྱ་དེ་བཞིན་དྲུག །གཞན་ཡིད་ཤེས་པ་བསམ་གཏན་བཞི། །ཞེས་པ་སྟེ། དང་པོ་ཀུན་རྫོབ་ཤེས་པ་ས་ཁྱད་པར་ཅན་དང་ལྡན་ཏེ། ས་རྣམ་པ་ཐམས་ཅད་ན་ཡོད་པའི་ཕྱིར། ས་དྲུག་ན་ཡོད་དེ། བསམ་གཏན་ས་དྲུག་ན་ཡོད་པའི་ཕྱིར། རྗེས་ཤེས་བྱ་བ་ས་ལ་བརྟེན་ཚུལ་ཡོད་དེ། ཟག་མེད་དགུ་ན་ཡོད་པའི་ཕྱིར། དེ་བཞིན་དུ་བདེན་བཞི་བཤད་པ་དང་། ཟད་མི་སྐྱེ་ཤེས་པ་ཡང་ཡོད་དེ། དགུ་ན་ཡོད་པའི་ཕྱིར། གཞན་ཡིད་ཤེས་ཡོད་དེ། བསམ་གཏན་བཞི་ཁོ་ན་ན་ཡོད་པའི་ཕྱིར། གཉིས་པ་ནི། དེ་ནི་གདོད་དང་གཟུགས་རྟེན་ཅན། །ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཁམས་གསུམ་པ་ཡི་རྟེན་ཅན་གཞན། །ཞེས་པ་སྟེ། སེམས་ཤེས་པ་དེའི་རྟེན་ཡོད་དེ། འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་པའ་ིཕྱིར། ཆོས་ཤེས་བྱ་བ་ཡོད་དེ། འདོད་པའི་རྟེན་ཅན་ཡིན་པའི་ཕྱིར། ཤེས་པ་གཞན་བརྒྱད་པོ་ཡོད་དེ། ཁམས་གསུམ་པའི་རྟེན་ཅན་ཡིན་པའི་ཕྱིར། གསུམ་པ་ནི། འགོག་བློ་དྲན་པ་ཉེར་བཞག་པ། །གཅིག་སྟེ་ཕ་རོལ་སེམས་བློ་ནི། །གསུམ་པོ་ལྷག་མ་བཞི་ཡིན་ནོ། །ཞེས་པ་སྟེ། འགོག་པ་ཤེས་པའི་བློ་དྲན་པ་ཉེར་བཞག་དང་བཅས་ཏེ། ཆོས་དྲན་པ་ཉེར་བཞག་གཅིག་པོ་ཡོད་པའི་ཕྱིར། ཕ་རོལ་སེམས་ཤེས་པའི་བློ་དེ་ལྟར་བཅས་ཏེ། དྲན་པ་ཉེར་བཞག་གསུམ་ཡོད་པའི་ཕྱིར། ལྷག་མ་བརྒྱད་དྲན་པ་ཉེར་བཞག་དང་བཅས་ཏེ། དེ་བཞི་ཀ་ཡོད་པའི་ཕྱིར། བཞི་པ་ལ། ཤེས་པ་ནང་ཕན་ཚུན་ཡུལ་དུ་གྱུར་ཚུལ། ཆོས་བཅུ་དང་ཡུལ་ཡུལ་ཅན་དུ་སྦྱར་བ། ཆོས་གང་རིག་པའི་ཚུལ་དང་གསུམ། དང་པོ་ནི། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། །བཞི་ཡི་བཅུ་ཡིན་གཅིག་གི་མིན། །ཞེས་པ་སྟེ། ཆོས་བློའི་སྤྱོད་ཡུལ་དུ་ཤེས་པ་དགུ་ཡོད་དེ། རྗེས་ཤེས་མ་གཏོགས་ཡོད་པས་སོ། །ལམ་ཤེས་པ་དང་། རྗེས་ཤེས་བློའི་སྤྱོད་ཡུལ་དུ་ཤེས་པ་དགུ་ཡོད་དེ། སྔ་མ་ལ་ཀུན་རྫོབ་ཤེས་པ་མ་གཏོགས་པ་དང་། ཕྱི་མ་ལ་ཆོས་ཤེས་མ་གཏོགས་པའི་ཕྱིར། སྡུག་བསྔལ་རྒྱུ་ཤེས་པའི་བློ་གཉིས་ཡོད་དེ། ཀུན་རྫོབ་དང་སེམས་ཤེས་ཟག་བཅས་གཉིས་ཡོད་པའི་ཕྱིར། ཀུན་རྫོབ་དང་སེམས་དང་ཟད་མི་སྐྱེ་ཤེས་པ་བཞིའི་དམིགས་པ་བཅུ་ཀ་ཡིན་པའི་འགོག་ཤེས་གཅིག་གི་དམིགས་པ་ལ་མིན་ཏེ། དེ་ཁོ་ན་ཡུལ་དུ་བྱེད་པའི་ཕྱིར། གཉིས་པ་ནི། ཆོས་བཅུ་དག་ནི་སྦྱར་བར་བྱ། །ཞེས་པ་སྟེ། ཤེས་པ་བཅུ་དང་ཆོས་བཅུ་དག་ནི་དམིགས་ཡུལ་ཡོད་དེ། ཡུལ་ཅན་དུ་སྦྱོར་བའི་ཕྱིར་རོ། །གསུམ་པ་ནི། ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། །ཞེས་པ་སྟེ། ཆོས་བཅུ་ཡོད་དེ། ཁམས་གསུམ་པའི་ཆོས་དང་། དྲི་མ་མེད་པའི་ཆོས་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་གཉིས་སུ་ཕྱེ་བས་བརྒྱད། འདུས་མ་བྱས་རྣམས་ལ་དགེ་བ་དང་ལུང་མ་བསྟན་གཉིས་སུ་ཕྱེ་བ་དེ་ལྟར་ཡོད་པའི་ཕྱིར། གསུམ་པ་ནི། ཀུན་རྫོབ་གཅིག་པུ་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཞེས་པ་སྟེ། ཀུན་རྫོབ་ཤེས་པ་གཅིག་པོ་རང་གི་ངོ་བོའི་ཚོགས་རྣམས་མི་འཛིན་ཏེ། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར། དེ་ལས་གཞན་པའི་ཆོས་རྣམས་ནི་འཇོག་ཚུལ་ཡོད་དེ། བདག་མེད་པའོ་ཞེས་རིག་པར་འགྱུར་བའི་ཕྱིར།

གཉིས་པ་ལྡན་ཚུལ་ནི། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །གཉིས་པ་ལ་གསུམ་ཡན་ཆད་ནི། །བཞི་ལ་རེ་རེ་འཕེལ་དང་ལྡན། །ཞེས་པ་སྟེ། ཟག་མེད་སྐད་ཅིག་དང་པོ་ལ་གནས་པའི་འཕགས་པ་ཆགས་ཅན་ནི། བཟོད་པ་ཤེས་པ་མིན་ཏེ། ཀུན་རྫོབ་ཤེས་པ་གཅིག་པོ་ཁོ་ན་དང་ལྡན་པའི་ཕྱིར། གཉིས་པ་སྡུག་བསྔལ་ཆོས་ཤེས་ཀྱི་བཟོད་པ་ལ་ཤེས་པ་གསུམ་དང་ལྡན་ཏེ་ཀུན་རྫོབ་ཆོས་ཤེས་སྡུག་བསྔལ་ཤེས་པ་དང་ལྡན་པའི་ཕྱིར། དེ་ཡན་ཆད་ཀྱི་ཤེས་པ་ལྡན་ཚུལ་ཡོད་དེ། སྐད་ཅིག་མ་བཞི་ཀ་ལ་དེ་འཕེལ་བ་དང་ལྡན་པའི་ཕྱིར།

གསུམ་པ་ཐོབ་ཚུལ་ལ། མཐོང་ལམ་ཐོབ་ཚུལ། ལམ་གཞན་ཐོབ་ཚུལ། ཤེས་པ་གཞན་གྱི་ཐོབ་ཚུལ་དང་གསུམ། དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་ཐོབ་དེ་ཉིད་ལ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་། །དེ་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། །དེ་ནི་མི་སྐྱེ་ཆོས་ཅན་ཡིན། །རང་དང་འོག་ས་འགོག་པའི་མཐའ། །རང་བདེན་རྣམ་ཅན་འབད་ལས་བྱུང་། །ཞེས་པ་སྟེ། མཐོང་ལམ་ཐོབ་ཚུལ་ཡོད་དེ། ཤེས་པ་བརྒྱད། ཤེས་པ་བདུན་ཇི་ལྟར་སྐྱེས་པ་རྣམས་དང་། རྣམ་པ་མི་འདྲ་བའི་མ་འོངས་པ་འཐོབ་པར་འགྱུར་བའི་ཕྱིར། མཐོང་ལམ་དེ་ཉིད་ལ་ལམ་མ་གཏོགས་པའི་རྗེས་ཤེས་གསུམ་ཡོད་དེ། ཀུན་རྫོབ་ཤེས་ཀྱང་ཐོབ་པའི་ཕྱིར། དེ་ལ་མངོན་རྟོགས་རྣམས་བདག་ལས་བྱུང་བའི་ཤེས་པ་ཞེས་བྱ་སྟེ། བདེན་པ་རེ་རེ་རྟོགས་པའི་རྗེས་ཤེས་པ་དེ་ཡིན་པའི་ཕྱིར། མཐའ་ལས་བྱུང་བའི་ཤེས་པ་དེ་ནི། མི་སྐྱེ་བའི་ཆོས་ཅན་ཞེས་བྱ་སྟེ། ཐོབ་པ་ཙམ་སྐྱེས་པའི་ཕྱིར། མཐོང་ལམ་གྱིས་ས་དུ་མའི་ཀུན་རྫོབ་ཤེས་པ་ཐོབ་སྟེ། རང་ས་དང་འོག་སའི་ཀུན་རྫོབ་ཤེས་པ་ཐོབ་པའི་ཕྱིར། འགོག་པ་ཤེས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམ་པ་ཁྱད་པར་ཅན་དང་ལྡན་ཏེ། འདོད་པའི་བདེན་པ་མངོན་རྟོགས་ཐོབ་པ་དེའི་རྣམ་པ་ཙམ་ཡིན་པའི་ཕྱིར། སྐྱེས་ཐོབ་མིན་ཏེ། འབད་པའི་སྦྱོར་བ་ལས་བྱུང་བའི་ཕྱིར། གཉིས་པ་ནི། ཆགས་བཅས་བཅུ་དྲུག་པ་ལ་དྲུག །འདོད་ལས་ཆགས་དང་བྲལ་བས་བདུན། །དེ་ཡི་གོང་མ་ཆགས་བཅས་ཀྱིས། །སྒོམ་པའི་ལམ་ལ་བདུན་ཐོབ་བོ། །ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་ཐོབ་དང་སྤེལ་སྒོམ་པའི། །བར་ཆད་མེད་པའི་ལམ་དག་དང་། །གོང་མའི་གྲོལ་བའི་ལམ་བརྒྱད་ལའང་། །སློབ་པ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་དང་བདུན་ཐོབ་བམ། །བར་ཆད་མེད་པའི་ལམ་ལ་དྲུག །དེ་བཞིན་སྲིད་རྩེའི་རྣམ་རྒྱལ་ལའང་། །ཟད་པ་ཤེས་པ་ལ་དགུའོ། །མི་གཡོ་བས་ནི་བཅུ་ཐོབ་བོ། །དེར་འཕོའི་གྲོལ་བ་ཐ་མ་ལའང་། །བཤད་པའི་ལྷག་མ་ལ་བརྒྱད་ཐོབ། །ཅེས་པ་སྟེ། འདོད་པའི་ཆགས་པ་དང་བཅས་པའི་བཅུ་དྲུག་པ་ལམ་རྗེས་ཤེས། ཤེས་པ་དྲུག་མ་གཏོགས་པས་ཐོབ་སྟེ། ཆོས་ཤེས་དང་རྗེས་ཤེས། བདེན་བཞི་ཤེས་པ། མ་འོངས་པ་ཐོབ་པའི་ཕྱིར། འདོད་པ་ལ་ཆགས་པ་དང་བྲལ་བས་ཤེས་པ་བདུན་ཐོབ་སྟེ། སྔ་མ་དྲུག་སྟེང་དུ་སེམས་ཤེས་པ་ཐོབ་པའི་ཕྱིར། བཅུ་དྲུག་པ་དེའི་གོང་མ་འདོད་པའི་ཆགས་བཅས་བར་ཆད་མེད་ལམ་དགུ་པ་ཡན་ཆད་ཀྱི་སྒོམ་པའི་ལམ་ལ་ཤེས་པ་བདུན་ཐོབ་སྟེ། སེམས་ཤེས་པ་དང་ཟད་མི་སྐྱེ་ཤེས་པ་གསུམ་མ་གཏོགས་པ་ཐོབ་པའི་ཕྱིར། བསམ་གཏན་བཞི་དང་། གཟུགས་མེད་དང་པོ་གསུམ་གྱི་སྟེ་བདུན་ལས་འདོད་ཆགས་དང་བྲལ་ཞིང་རྒྱལ་བའི་སློབ་ལམ་མངོན་ཤེས་ལྔ་དང་། རྟོགས་པའི་སྐལ་བ་ཅན་མི་གཡོ་ཐོབ་པའི་བར་ཆད་མེད་ལམ་དང་། བསམ་གཏན་སྤེལ་ཏེ་སྒོམ་པའི་བར་ཆད་མེད་ལམ་དག་ལ་ཤེས་པ་བདུན་ཐོབ་པ་དང་། ས་བདུན་གྱི་གོང་མ་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་ལམ་དང་པོ་བརྒྱད་ལའང་བདུན་ཐོབ་སྟེ། ཆོས་ཤེས་བདེན་བཞི་ཤེས་པ་རྣམས་ཐོབ་པའི་ཕྱིར། སློབ་པ་ཆགས་བཅས་དབང་པོ་སྦྱོང་བའི་གྲོལ་བའི་ལམ་ལ་ཤེས་པ་དྲུག་དང་། ཆགས་བྲལ་བསྣན་ཏེ་བདུན་ཐོབ་བོ། །ཁ་ཅིག་ལུགས་ཐ་དད་པ་ཀུན་རྫོབ་ཤེས་པ་དང་བརྒྱད་ཀྱང་ཐོབ་ཅེས་ཟེར་བའི་ཕྱིར། སློབ་པ་དབང་པོ་སྦྱོང་བའི་བར་ཆད་མེད་ལམ་ལ་ཐོབ་ཚུལ་ཡོད་དེ། སྔ་མ་ལྟར་དྲུག་ཐོབ་པའི་ཕྱིར། དེ་བཞིན་དུ་གཞན་ཡང་ཡོད་དེ། སྲིད་རྩེའི་འདོད་ཆགས་ལས་རྣམ་པར་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་ལའང་སྔར་ལྟར་ཐོབ་པའི་ཕྱིར། སྲིད་རྩེ་ཟད་པ། གྲོལ་ལམ་དགུ་པ་ཟད་པ་ཤེས་པ་ལ། ཤེས་པ་དགུ་ཐོབ་སྟེ། མི་སྐྱེ་བ་ཤེས་པ་མ་གཏོགས་ཐོབ་པའ་ིཕྱིར། མི་གཡོ་བ་ཤེས་པས་ནི་ཤེས་པ་ཐམས་ཅད་ཐོབ་སྟེ། ཤེས་པ་བཅུ་ཀ་ཐོབ་པའི་ཕྱིར། མི་གཡོ་བ་དེར་འཕོ་བའི་གྲོལ་བའི་ལམ་ཐ་མའང་ཤེས་པ་བཅུ་ཐོབ་པའོ། །སྔར་བཤད་པའི་ལྷག་མ་རྣམས་ལ་ཟད་མི་སྐྱེ་ཤེས་པ་མ་གཏོགས་བརྒྱད་མ་འོངས་པ་ཐོབ་སྟེ། འདོད་པ་ལ་ཆགས་བྲལ་གྱི་ལམ་དགུ་དང་། ས་བདུན་ལས་འདོད་ཆགས་དང་བྲལ་བ་དང་། མངོན་ཤེས་ནས་རྣམ་གྲོལ་ལམ་དང་། མི་གཡོ་བར་རྟོགས་བྱེད་དང་པོ་བརྒྱད། འདོད་ཆགས་བྲལ་བའི་སྦྱོར་བ། ཁྱད་པར་གྱི་ལམ་ཐམས་ཅད་ལ་དེ་ལྟར་ཐོབ་པའི་ཕྱིར། གཉིས་པ་ཤེས་པ་གཞན་ཐོབ་ཚུལ་ནི། གང་ལས་ཆགས་བྲལ་བྱ་ཕྱིར་གང་། །ཐོབ་པ་དེར་ཡང་འོག་མའང་ཐོབ། །ཟད་པ་ཤེས་ལ་ཟག་བཅས་ཀྱང་། །ས་ཀུན་སྔོན་ཉིད་མི་ཐོབ་བོ། །རྙེད་དང་བསྟེན་ཅེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་པའོ། །གཉེན་པོ་དང་ནི་ཐག་བསྲིང་བའི། །ཐོབ་པ་ཟག་དང་བཅས་པ་ཡིན། །ཞེས་པ་སྟེ། གང་ལས་འདོད་ཆགས་དང་བྲལ་བར་བྱ་བ་ཐམས་ཅད་ནི། ལམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་གང་ཟག་གང་གིས་ཐོབ་པ་དེར་ཡང་ས་ཁོ་ན་ཐོབ་པར་མ་ཟད་དེ། འོག་མའི་ཟག་མེད་ཀྱི་ཤེས་པའང་ཐོབ་པའི་ཕྱིར། ཟད་པ་ཤེས་པ་ཟག་མེད་ཙམ་ཐོབ་པ་མིན་ཏེ། ཟག་བཅས་མི་སྡུག་པ་དང་དྲན་པ་ཉེར་བཞག་ཀྱང་ཐོབ་པའི་ཕྱིར། ཐོབ་ཚུལ་ཡོད་དེ། ས་ཀུན་གྱི་སྔོན་མེད་ཀྱི་རྙེད་པ་ཐོབ་ཀྱི། རྙེད་ཟིན་པ་མི་ཐོབ་པའི་ཕྱིར། ཐོབ་པ་ལ་བཞི་ཡོད་དེ། རྙེད་པ་བསྟེེན་པ། གཉེན་པོ་ཐག་བསྲིང་བའི་ཐོབ་པ་དང་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྔར་མེད་གསར་དུ་རྙེད་པ་དེའོ། །གཉིས་པ་ཡོད་དེ། དེ་སྐད་ཅིག་གཉིས་པ་ཕན་ཆད་དང་ལྡན་པ་དེའོ། །གསུམ་པ་ཡོད་དེ། སྤང་བྱ་སྤོང་བཞིན་པའི་གནས་སྐབས་ཀྱི་ཐོབ་པ་དེ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སྤང་བྱ་ལས་གྲོལ་བའི་གནས་སྐབས་ཀྱི་ཐོབ་པ་དེ་ཡིན་པས་སོ། །བཞི་པོའི་ཁྱད་པར་ཡོད་དེ། སྔོན་མ་གཉིས་ནི་དགེ་བ་འདུས་བྱས་ཀྱིི་ཐོབ་པ་ཡིན་ལ། ཕྱི་མ་གཉིས་ནི། ཟག་པ་དང་བཅས་པའི་རྟེན་ལ་སྐྱེ་བའི་ཕྱིར་རོ། །

བཞི་པ་ཁྱད་པར་གྱི་ཆོས་ལ། ཐུན་མོང་མིན་པའི་ཡོན་ཏན་དང་། ཐུན་མོང་གི་ཡོན་ཏན་གཉིས། དང་པོ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་དང་གསུམ། དང་པོ་ནི། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །ཞེས་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དེ། སྟོབས་བཅུ། མི་འཇིགས་པ་བཞི། དྲན་པ་ཉེ་བར་བཞག་པ་གསུམ། ཐུགས་རྗེ་ཆེན་པོ་རྣམས་ཡོད་པའི་ཕྱིར།

གཉིས་པ་ལ། མཁྱེན་པའི་སྟོབས་དང་། སྐུའི་སྟོབས་གཉིས། དང་པོ་ལ། སོ་སོའི་ངོ་བོ་དང་། གང་ལ་བརྟེན་ནས་ཐོབ་ཚུལ། སྒྲ་བཤད་པ་དང་གསུམ། དང་པོ་ནི། གནས་དང་གནས་མིན་ཤེས་པ་བཅུ། །ལས་འབྲས་ལ་བརྒྱད་བསམ་གཏན་སོགས། །དབང་པོ་མོས་དང་ཁམས་ལ་ནི། །དགུའོ་ལམ་དག་ལ་བཅུའམ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །ཟད་པ་དྲུག་གམ་བཅུ་ཡིན་ནོ། །ཞེས་པ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཤེས་དང་བཅུ་སྟེ། ཤེས་པ་བཅུ་ཆར་ཡོད་པའོ། །ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་ཤེས་པ་བརྒྱད་ཡོད་དེ། འགོག་ལམ་ཤེས་པ་གཉིས་མ་གཏོགས་པ་ཡོད་པའི་ཕྱིར། བསམ་གཏན་གཟུགས་མེད་སོགས་མཁྱེན་པ་དང་། དབང་པོ་དང་། མོས་པ་དང་། ཁམས་མཁྱེན་པའི་སྟོབས་རྣམས་དགུ་ཡོད་དེ། འགོག་ཤེས་མ་གཏོགས་ཡོད་པའི་ཕྱིར། ཀུན་འགྲོའི་ལམ་མཁྱེན་པའི་སྟོབས་འབྲས་བུ་དང་བཅས་པ་དག་ཡོད་དེ། ཤེས་པ་བཅུ་གའི་ངོ་བོ་ལས་སྐྱེས་པ་ཡིན་པའི་ཕྱིར། སྔོན་གནས་མཁྱེན་པ་དང་། འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་མཐའ་གཅིག་ཏུ་ངེས་ཏེ། ཀུན་རྫོབ་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ཟག་པ་ཟད་པ་ངོ་བོ་མཁྱེན་པ་ནི། ཤེས་པ་དྲུག་གི་ངོ་བོར་སྐྱེ་སྟེ། ཆོས་ཤེས། རྗེས་ཤེས། ཟད་མི་སྐྱེ་ཤེས་པ་གཉིས། འགོག་པ་ཤེས་པ། ཀུན་རྫོབ་ཤེས་པ་དེ་དྲུག་ཡོད་པའོ། །ཐབས་ཤེས་པའི་དབང་དུ་བྱས་ན་བཅུ་ཡོད་དེ། ཤེས་པ་བཅུ་ཀའི་ངོ་བོ་ལ་སྐྱེས་པ་ཡིན་པའི་ཕྱིར། £ûསྔོན་གནས་མཁྱེན་པ་ལེན་པ་དང་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་མཐའ་གཅིག་ཏུ་ངེས་པ་སྟེ། ཀུན་རྫོབ་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ཟག་པ་ཟད་པ་ངོ་བོ་མཁྱེན་པ་ཤེས་པ་དྲུག་གི་ངོ་བོར་སྐྱེ་སྟེ། ཆོས་ཤེས་རྗེས་ཤེས་ཟད་མི་སྐྱེ་བ་ཤེས་པ་ཀུན་རྫོབ་ཤེས་པ་འགོག་པ་སྟེ་དྲུག་ཡོད་པའི་ཕྱིར། £ýགཉིས་པ་ནི། སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན་ལྷག་མ་ནི། །ས་རྣམས་ཀུན་ན་ཞེས་པ་སྟེ། སྔོན་གནས་འཆི་འཕོ་བ་སྐྱེ་བའི་སྟོབས་ས་ལ་བརྟེན་ཏེ། བསམ་གཏན་བཞི་པའི་ས་དག་ལ་བརྟེན་ཅིང་ཡོད་པའི་ཕྱིར། ལྷག་མ་བརྒྱད་ནི། ས་ལ་བརྟེན་ཏེ། འདོད་པ་ལ་སོགས་པ་རྣམ་པ་ཀུན་ན་ཡོད་པའི་ཕྱིར། གསུམ་པ་ནི། ཅི་ཡི་ཕྱིར། །འདི་སྟོབས་གང་ཕྱིར་ཐོགས་མི་མངའ། །ཞེས་པ་སྟེ། ཅིའི་ཕྱིར་འདི་དག་ལ་སྟོབས་ཞེས་བྱ་ཞེ་ན། འཆད་དེ། གང་གི་ཕྱིར་ཆོས་ཐམས་ཅད་ལ་ཐོགས་པ་མི་མངའ་བའི་ཕྱིར་རོ། །གཉིས་པ་སྐུའི་སྟོབས་ནི། སྐུ་ལ་སྲེད་མེད་བུ་ཡི་སྟོབས། །གཞན་དག་ཚེགས་ན་གླང་ཆེན་སོགས། །བདུན་བཅུས་ཀླགས་པའི་སྟོབས་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །མི་འཇིགས་པ་ནི་རྣམ་པ་བཞི། །ཇི་ལྟར་སྟོབས་ནི་དང་པོ་དང་། །བཅུ་པ་གཉིས་པ་བདུན་པ་བཞིན། །དྲན་དང་ཤེས་བཞིན་བདག་ཉིད་གསུམ། །ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཐ་དད་བྱ་བ་རྣམ་པ་བརྒྱད། །ཅེས་པ་སྟེ། དེ་ལ་བྱེ་བྲག་སྨྲ་བའི་འདོད་ཚུལ་ཡོད་དེ། སྐུ་ལ་སྲེད་མེད་ཀྱི་བུའི་སྟོབས་ཡོད་པའི་ཕྱིར། མདོ་སྡེ་པའི་འདོད་ཚུལ་ཡོད་དེ། ཚད་བཟུང་བར་མི་ནུས་པར་འདོད་པའི་ཕྱིར། གཞན་དག་གི་འདོད་པ་ཡོད་དེ། སྐུའི་ཚིགས་པ་རེ་རེ་ལ་སྲེད་མེད་ཀྱི་བུའི་སྟོབས་རེ་རེ་ཡོད་པར་འདོད་པའི་ཕྱིར། སྲེད་མེད་བུའི་སྟོབས་ཡོད་དེ། གླང་པོ་ཆེ་ཕལ་པ་དང་། སྤོས་གླང་དང་། ཚན་པོ་ཆེ་དང་། རབ་བསྣོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་བུ་དང་བདུན་པོ་རིམ་བཞིན་བཅུས་ཀླགས་པས་སྟོབས་ཆེ་བའི་ཕྱིར། མི་འཇིགས་པ་བཞི་ཡོད་དེ། རང་དོན་རྟོགས་པ་ཕུན་ཚོགས། རང་དོན་སྤངས་པ་ཕུན་ཚོགས། གཞན་དོན་བར་ཆད་ཀྱི་ཆོས་སུ་དམ་བཅས་པ། གཞན་དོན་ངེས་འབྱུང་གི་ལམ་དུ་དམ་བཅས་པ་ལ་མི་འཇིགས་པ་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་འདྲ་བ་ཤེས་པ་བཅུ་ཀའི་ངོ་བོར་སྐྱེ་བའི་ཕྱིར། གཉིས་པ་ཡོད་དེ། ཤེས་པ་བཅུ་པ་ཟག་པ་ཟད་པའི་སྟོབས་དང་ཚུལ་འདྲ་བར་ཟག་པ་ཟད་པ་རང་གི་ངོ་བོ་རིག་པའི་དབང་དུ་བྱས་ན་ཤེས་པ་དྲུག་གི་ངོ་བོར་སྐྱེ། འཁོར་བཅས་རིག་པའི་དབང་དུ་བྱས་ན་བཅུ་ཀའི་ངོ་བོར་སྐྱེ་བའི་ཕྱིར། གསུམ་པ་ཡོད་དེ། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་དང་འདྲ་བར་འགོག་པ་མ་གཏོགས་པ་ཤེས་པ་བརྒྱད་ཀྱི་ངོ་བོར་སྐྱེ་བའི་ཕྱིར། བཞི་པ་ཡོད་དེ། ལམ་མཁྱེན་པའི་སྟོབས་ལྟར་ཤེས་པ་བཅུ་ཀའི་ངོ་བོར་སྐྱེ་བའི་ཕྱིར། གཉེན་པོ་དྲན་པ་དང་བླང་དོར་ཤེས་པའི་ཤེས་བཞིན་གྱི་བདག་ཉིད་ཅན་གྱི་དྲན་པ་ཉེར་བཞག་གསུམ་ཡོད་དེ། ཆོས་གུས་པས་ཉན་པ་ལ་འདོད་ཆགས་ཀྱིས་དབེན། ཆོས་མ་གུས་པས་ཉན་པ་ལ་ཞེ་སྡང་གིས་དབེན། གུས་མ་གུས་གཉིས་ཀས་ཉན་པ་ལ་ཆགས་སྡང་གིས་དབེན་པའི་ཕྱིར། ཐུགས་རྗེ་ཆེན་པོ་ནི། ཀུན་རྫོབ་ཤེས་པའི་བདག་ཉིད་ཅན་ཏེ། དེའི་རྒྱུ་མཚན་ཡོད་དེ། ཚོགས་ཆེ་བ། རྣམ་པ་ཆེ་བ། སྤྱོད་ཡུལ་ཆེ་བ། མཉམ་པ་ཆེ་བ། ཆེས་ཆེ་བ་དང་ལྔ་ཡོད་པའི་ཕྱིར། སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་ལ་ཐ་དད་བྱ་བ་རྣམ་པ་བརྒྱད་ཡོད་དེ། དུག་གསུམ་མེད་པ་སེམས་ཅན་ལ་དམིགས་པ་སྡུག་བསྔལ་དང་བྲལ་བའི་རྣམ་པ་ཅན། བསམ་གཏན་བཞི་པ་ལ་བརྟེན་པ། སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ། སྲིད་རྩེ་ལས་ཆགས་བྲལ་གྱི་ཚུལ་གྱིས་ཐོབ་པ་ཁམས་གསུམ་གྱི་སྐྱོབ་པ་ཕྲིན་ལས་ཀུན་ལ་འཇུག་པ་ཡིན་ལ། སྙིང་རྗེ་ཆེན་པོ་ནི། ཞེ་སྡང་མེད་པ། འདོད་པའི་སེམས་ཅན་ཙམ་ལ་དམིགས་པ། སྡུག་བསྔལ་གྱི་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ། ཆགས་པ་དང་མ་བྲལ་བས་ཐོབ་པ། འདོད་ཁམས་ཀྱི་སེམས་ཅན་ཙམ་སྐྱོབ་པ་ཕྲིན་ལས་ཀྱང་དེ་ལ་འཇུག་པ་རྣམས་ཡིན་པའི་ཕྱིར།

གསུམ་པ་དོན་བསྡུ་བ་ནི། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོངས་ཚོད་ཀྱིས་མིན། །ཞེས་པ་སྟེ། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་དང་ལྡན་ཏེ། རྒྱུ་ཚོགས་གཉིས་བསགས་པ། རང་དོན་ཆོས་སྐུ་ཐོབ་པ། སེམས་ཅན་གྱི་དོན་ལ་སྤྱོད་པ་ལ་མཉམ་པའི་ཕྱིར། སྐུ་ཚེ་དང་རིགས་དང་བོངས་ཚོད་ཀྱི་སྒོ་ནས་མཉམ་པ་ནི་མིན་ཏེ། སྐུ་ཚེ་ལ་རིང་ཐུང་། རིགས་ལ་བྲམ་ཟེ་དང་རྒྱལ་རིགས། སྐུ་བོངས་ལ་ཆེ་ཆུང་ཡོད་པའི་ཕྱིར།

གཉིས་པ་ཐུན་མོང་གི་ཡོན་ཏན་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཆོས་གཞན་སློབ་དང་ཐུན་མོང་ཡིན། །ཁ་ཅིག་སོ་སོ་སྐྱེ་བོ་དང་། །ཉོན་མོངས་མེད་དང་སྨོན་གནས་ཤེས། །སོ་སོ་ཡང་དག་རིག་མངོན་སོགས། །ཞེས་པ་སྟེ། སངས་རྒྱས་ཀྱི་ཆོས་གཞན་ཐུན་མོང་གི་ཡོན་ཏན་ལ་གཉིས་ཡོད་དེ། ཉོན་མོངས་མེད་པ་དང་། སྨོན་གནས་ཤེས་པ་སོགས་སློབ་པ་ཉན་ཐོས་དང་ཐུན་མོང་པ་ཡིན་ཡང་། ཡོན་ཏན་ཁ་ཅིག་སོ་སོ་སྐྱེ་བོ་དང་ཐུན་མོང་པ་ཡིན་པ་ཡོད་དེ། ཉོན་མོངས་པ་དང་། སྨོན་གནས་ཤེས་པ་དང་། སོ་སོ་ཡང་དག་པའི་རིག་པ་མངོན་པར་ཤེས་པ་དང་། སོགས་པས་བསམ་གཏན་གཟུགས་མེད། རྣམ་ཐར་ཟིལ་གནོན་སོགས་ཡོད་པའི་ཕྱིར།

གཉིས་པ་ལ་སློབ་པ་འཕགས་པ་དང་ཐུན་མོང་པའི་ཡོན་ཏན་བཤད་པ་དང་། སོ་སོ་སྐྱེ་བོ་དང་ཐུན་མོང་པའི་ཡོན་ཏན་བཤད་པ་གཉིས། དང་པོ་ལ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་སོ་སོ་ཡང་དག་རིག་པ། ཞར་བྱུང་བསམ་གཏན་གྱི་རབ་མཐའ་ངོས་བཟུང་བ་དང་བཞི། དང་པོ་ནི། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །བསམ་གཏན་མཐའ་ན་མི་གཡོ་ཆོས། །མིས་བསྐྱེད་ཉོན་མོངས་འདོད་གཏོགས་པ། །མ་སྐྱེས་གཞིར་བཅས་སྤྱོད་ཡུལ་ཅན། །ཞེས་པ་སྟེ། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཤེས་པ་ཡིན་ཏེ་ཀུན་རྫོབ་ཤེས་པས་སོ། །དེ་ས་ལ་བརྟེན་ཏེ་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་པའོ། །རྟེན་ཡོད་དེ། མི་གཡོ་བ་ཁོ་ན་དང་། རྟེན་གཞན་ལ་གསར་དུ་སྐྱེ་སྟེ། མི་ལ་གསར་དུ་སྐྱེ་བས་སོ། །དམིགས་པ་ཡོད་དེ། འདོད་པའི་སར་གཏོགས་པའི་ཉོན་མོངས་མ་སྐྱེས། སྐྱེ་རུང་གཞིར་བཅས་ལ་དམིགས་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར། གཉིས་པ་ནི། སྨོན་གནས་ཤེས་པའང་དེ་བཞིན་ནོ། །དེ་ཡི་དམིགས་པ་ཐམས་ཅད་དོ། །ཞེས་པ་སྟེ། འདིར་ཤེས་པར་བྱའོ་སྙམ་དུ་སྨོན་ནས་ཤེས་པའང་ཉོན་མོངས་པ་མེད་པ་དེ་བཞིན་ནོ། །དེའི་དམིགས་པ་ཡོད་དེ། ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར། གསུམ་པ་ནི། དེ་བཞིན་ཆོས་དོན་ངེས་ཚིག་དང་། །སྤོབས་པ་སོ་སོར་ཡང་དག་རིག །གསུམ་ནི་གོ་རིམ་བཞིན་མིང་དང་། །དོན་དང་ངག་ལ་ཐོགས་མེད་ཤེས། །ཞེས་པ་སྟེ། རྟེན་ནི་མི་གཡོ་བ་དང་མིའི་རྟེན་ལ་ཡོད་ལ། དབྱེ་ན་བཞི་སྟེ། ཆོས། དོན། ངེས་ཚིག །སྤོབས་པ་སོ་སོར་ཡང་དག་པ་བཞི་ཡོད་པའོ། །ངོ་བོ་ཡོད་དེ། གོ་རིམ་བཞིན་དུ། མིང་དང་དོན་དང་ངག་བཅས་ལས་ཐོབ་པའི་ཕྱིར། བཞི་པ་ནི། བཞི་པ་རིག་པ་ཐགས་ཐོགས་མེད། །མངོན་བརྗོད་ལམ་ལ་དབང་ཉིད་ལ། །དེ་ཡི་དམིགས་པ་ངག་དང་ལམ། །ཤེས་པ་དགུའོ་ས་ཐམས་ཅད། །ཡང་དག་དོན་རིག་བཅུའམ་དྲུག །དེ་ནི་ཀུན་ན་གཞན་ཀུན་རྫོབ། །ཆོས་རིག་འདོད་དང་བསམ་གཏན་ནི། །ངག་ནི་འདོད་དང་དང་པོ་ནི། །མ་ཚང་བར་ནི་དེ་ཐོབ་མེད། །དྲུག་པོ་དེ་དག་རབ་མཐའ་བས། །དེ་ནི་རྣམ་དྲུག་བསམ་གཏན་མཐའ། །དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །ཞེས་པ་སྟེ། ཡང་དག་པའི་རིག་པ་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་ལམ་ཏིང་ངེ་འཛིན་ལ་དབང་བ་ཡིན་ཏེ། གསལ་བར་བྱ་བ་ཉིད་ལ་ཐོགས་པ་མེད་པའི་ཕྱིར། དེའི་དམིགས་པ་ཡོད་དེ། ངག་དང་ལམ་ལ་དམིགས་པའི་ཕྱིར། ངག་ལ་དམིགས་པ་ཤེས་པ་ཡོད་དེ། ཤེས་པ་དགུ་ལ་དམིགས་པའི་ཕྱིར། ཡང་དག་པའི་དོན་སོ་སོར་རིག་པ་ཡོད་དེ། ཤེས་པ་བཅུའམ་མྱང་འདས་ཡིན་ན་དྲུག་ཡོད་པས་སོ། །དོན་རིག་པ་དེ་ས་ཀུན་ན་ཡོད་དེ། འདོད་པ་ནས་སྲིད་རྩེའི་བར་དུ་ཡོད་པའི་ཕྱིར། དེ་ལས་གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་རིག་པ། ཀུན་རྫོབ་ཤེས་པ་ཡིན་ཏེ། མིང་གི་ཚོགས་དང་ངག་ལ་དམིགས་པའི་ཕྱིར། ཆོས་སོ་སོ་ཡང་དག་རིག་གཉིས་ཡོད་དེ། དེ་འདོད་པ་རྣམས་དང་། བསམ་གཏན་དག་ན་ཡོད་པའི་ཕྱིར། ངག་སོ་སོ་ཡང་དག་རིག་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་པའོ། །བཞི་པོ་ལྷན་ཅིག་ཏུ་ཐོབ་སྟེ། མ་ཚང་ན་གཞན་ཐོབ་པ་མེད་པའི་ཕྱིར། བཞི་པོ་དང་། ཉོན་མོངས་མེད་པ་དང་། སྨོན་གནས་ཤེས་པ་དྲུག་འཐོབ་བྱེད་ཡོད་དེ། རབ་མཐའི་བསམ་གཏན་ལ་བརྟེན་ནས་ཐོབ་པས་སོ། །དེ་ནི་རྣམ་པ་དྲུག་ཡོད་དེ། ཉོན་མོངས་མེད་པ་དང་། སྨོན་གནས་ཤེས་པའི་ཏིང་འཛིན་དང་། ངག་མ་གཏོགས་སོ་སོ་ཡང་དག་རིག་པ་དང་། རབ་མཐའ་དེ་གཉིས་རྣམས་ཡོད་པའི་ཕྱིར། དེ་ལ་རབ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་ཀུན་གྱིས་མཐུན་པར་བྱས་ཤིང་འཕེལ་བའི་རབ་ཏུ་ཕྱིན་པར་བྱ་བ་ཡིན་པས་སོ། །ཡོན་ཏན་དེ་དག་ཀྱང་སངས་རྒྱས་ལས་གཞན་པའི་གང་ཟག་ལ་ནི་སྦྱོར་བའི་སྟོབས་ལས་སྐྱེས་པ་ཡིན་ཏེ། འབད་མེད་དུ་འགྲུབ་པར་བྱ་བ་མིན་པས་སོ། །

གཉིས་པ་སོ་སོ་སྐྱེ་བོ་དང་ཐུན་མོང་གི་ཡོན་ཏན་བཤད་པ་ལ། མངོན་ཤེས་དྲུག་གི་ངོ་བོ་དང་། ཁྱད་པར་གྱི་ཆོས་གཉིས་དང་པོ་ནི། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །ཟད་པ་མངོན་ཤེས་སྟོབས་བཞིན་ནོ། །ཞེས་པ་སྟེ། མངོན་ཤེས་རྣམ་པ་དྲུག་ཡོད་དེ། རྫུ་འཕྲུལ་གྱི། ལྷའི་རྣ་བའི། གཞན་གྱི་ཡིད་ཤེས་པའི། སྔོན་གནས་རྗེས་སུ་དྲན་པའི། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི། ཟག་པ་ཟད་པའི་མངོན་ཤེས་དང་དྲུག་ཡོད་པའོ། །དེ་དག་གི་ངོ་བོ། རྣམ་གྲོལ་གྱི་བློ་དེའོ། །གསུམ་པ་དང་དྲུག་པ་མ་གཏོགས་པ་བཞིའི་ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། ཀུན་རྫོབ་ཤེས་པ་ཡིན་པས་སོ། །གཞན་སེམས་ཤེས་པའི་མངོན་ཤེས་ལྔས་བསྡུས་ཏེ། ཆོས་ཤེས། རྗེས་ཤེས། ལམ་ཤེས། ཀུན་ཤེས། མངོན་ཤེས་ལྔས་བསྡུས་པའི་ཕྱིར། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་དྲུག་གམ་དགུས་བསྡུས་ཏེ། ཟག་པ་ཟད་པའི་སྟོབས་ཞེས་དེ་དང་མཚུངས་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སའི་ཁྱད་པར། དྲན་པ་ཉེར་བཞག་གི་ཁྱད་པར། ངོ་བོའི་ཁྱད་པར། རིག་པའི་ཁྱད་པར། ཆོ་འཕྲུལ་གསུམ་གྱི་ཁྱད་པར་དང་ལྔ། དང་པོ་ནི། ལྔ་ནི་བསམ་གཏན་བཞི་དག་ན། །རང་དང་འོག་སའི་སྤྱོད་ཡུལ་ཡིན། །འཐོབ་བྱ་འདྲིས་པ་ཆགས་བྲལ་བས། །ཞེས་པ་སྟེ། ཟག་ཟད་མ་གཏོགས་པའི་མངོན་ཤེས་ལྔ་ས་ཁྱད་པར་ཅན་ལ་བརྟེན་ཏེ། བསམ་གཏན་བཞི་པ་དག་ལ་བརྟེན་ཏེ་གནས་པས་སོ། །དེ་སྤྱོད་ཡུལ་ཁྱད་པར་ཅན་ཡིན་ཏེ། རང་ས་དང་འོག་སའི་སྤྱོད་ཡུལ་ཁྱད་པར་ཅན་ནོ། །མངོན་ཤེས་རེས་ཐོབ་ཚུལ་ཡོད་དེ། མ་འདྲིས་པ་ནི་སྦྱོར་བས་ཐོབ། འཐོབ་བྱ་འདྲིས་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པའོ། །གཉིས་པ་ནི། གསུམ་པ་དྲན་པ་ཉེར་བཞག་གསུམ། །དང་པོ་རྫུ་འཕྲུལ་རྣ་བ་མིག །ཅེས་པ་སྟེ། མངོན་ཤེས་གསུམ་པ་གཞན་སེམས་ཤེས་པ་ནི། དྲན་པ་ཉེར་བཞག་གསུམ་གྱིས་བསྡུས་ཏེ། སེམས་ཚོར་ཆོས་གསུམ་གྱིས་བསྡུས་པའི་ཕྱིར། རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་རྣམས་དང་པོས་བསྡུས་ཏེ། ཆོས་ཀྱིིས་བསྡུས་པའི་ཕྱིར། གསུམ་པ་ནི། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། ཞེས་པ་སྟེ། མིག་རྣའི་མངོན་ཤེས་ལུང་དུ་མ་བསྟན་པ་ཡིན་ཏེ། ཅིག་ཤོས་མིན་པས་སོ། །འོན་ཀྱང་ལྷག་མ་རྣམས་ནི་དགེ་བ་ཡིན་ནོ། །བཞི་པ་ནི། གསུམ་ནི་རིག་པ་སྔོན་མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །མི་སློབ་ཐ་མ་གཉིས་ནི་དེའི། །རྒྱུད་ལ་སྐྱེས་ཕྱིར་དེའི་ཞེས་བྱ། །སློབ་ལ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །ཅེས་པ་སྟེ། སྔོན་གནས་རྗེས་དྲན་སོགས་ཕྱི་མ་གསུམ་ནི། མི་སློབ་པའི་རིག་པ་ཞེས་བྱ་སྟེ། སྔོན་ཕྱི་བར་གྱི་མཐའ་གསུམ་ལ་རྨོངས་པའི་མ་རིག་པ་བཟློག་པས་སོ། །མི་སློབ་པའི་རིག་པ་ཞེས་པའི་རྒྱུ་མཚན་ཡོད་དེ། ཟག་ཟད་ནི་དེའི་ལམ་གཞན་གཉིས་དེའི་རྒྱུད་ལ་སྐྱེས་པས་སོ། །སློབ་པའི་རིག་པ་ཞེས་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། སློབ་པ་ལ་དེ་གསུམ་ཡོད་པར་འདོད་ཀྱང་མ་རིག་པ་དང་བཅས་པའི་ཕྱིར། ལྔ་པ་ནི། དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན་བརྟན་པ་མཆོག །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །ཞེས་པ་སྟེ། ཆོ་འཕྲུལ་ལ་རྣམ་པ་གསུམ་ཡོད་དེ། རྫུ་འཕྲུལ་གྱི། གསུང་ཀུན་བརྗོད་པའི། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་གསུམ་ཡོད་པའོ། །དེ་ཡང་མངོན་ཤེས་དང་། གསུམ་པ་དང་། དྲུག་པ་རྣམས་རིམ་བཞིན་ཡིན་པས་སོ། །ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཆོག་ཡིན་ཏེ། མི་འཁྲུལ་བ། ཕན་པ། ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར། གཉིས་པ་སོ་སོར་བཤད་པ་ལ། རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་མིག་དང་སྣ་བ། སྐྱེས་ཐོབ་སོགས་ཀྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ། རྫུ་འཕྲུལ་གྱི་ངོ་བོ་འབྲས་བུ་དང་བཅས་པ་སྤྲུལ་སེམས་ཡུལ་དང་བཅས་པ། སྤྲུལ་པ་བྱེད་ཚུལ་ཞར་བྱུང་དང་བཅས་པ། རྫུ་འཕྲུལ་གྱི་དབྱེ་བ་དང་བཞི། དང་པོ་ནི། རྫུ་འཕྲུལ་ཏིང་འཛིན་དེ་ལས་ནི། །སྤྲུལ་དང་འགྲོ་བ་སྟོན་པ་ལ། །ཡིད་མགྱོགས་འགྲོ་བ་གཞན་དག་ལ། །ཕྱིན་བྱེད་མོས་པ་ལས་བྱུང་ཡང་། །ཞེས་པ་སྟེ། རྫུ་འཕྲུལ་དེ་འཕྲུལ་བའི་ཐབས་ཡོད་དེ། ཏིང་ངེ་འཛིན་གྱིས་སྦྱོར་བར་བྱེད་པའི་ཕྱིར། ཏིང་འཛིན་དེ་ལས་ནི་ཆོས་གཉིས་འབྱུང་སྟེ། སྤྲུལ་པ་དང་འགྲོ་བ་འབྱུང་བའི་ཕྱིར། སྟོན་པ་སངས་རྒྱས་ལ་ཡིད་མགྱོགས་ཀྱིས་འགྲོ་བ་ཡོད་དེ། དེ་ཡིད་ལ་བསམ་པ་ཙམ་གྱིས་འགྲོ་ནུས་པའི་ཕྱིར། གཞན་ལ་འགྲོ་བ་གཉིས་ཡོད་དེ། ལུས་ཕྱིན་བྱེད་ཀྱི་འགྲོ་བ་དང་ཐག་རིང་ལ་ཉེ་བར་མོས་ནས་འགྲོ་བ་ཡོད་པའི་ཕྱིར། གཉིས་པ་ནི། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །གཟུགས་གཏོགས་གཉིས་སྤྲུལ་སེམས་དག་གིས། །དེ་དག་ཀྱང་ནི་བཅུ་བཞིའོ། །བསམ་གཏན་འབྲས་གཉིས་ནས་ལྔའི་བར། །རིམ་བཞིན་གོང་མ་ལས་སྐྱེས་མིག །དེ་རྙེད་བསམ་གཏན་བཞིན་དེ་ནི། །དག་དང་རང་ལས་དེ་ལས་གཉིས། །ཞེས་པ་སྟེ། འདོད་པར་གཏོགས་པའི་སྤྲུལ་པ་ཕྱིའི་སྐྱེ་མཆེད་བཞིས་བསྡུས་ཏེ། གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པའི་ཕྱིར། གཟུགས་སུ་གཏོགས་པའི་སྤྲུལ་པ། ཕྱིའི་སྐྱེ་མཆེད་གཉིས་ཀྱིས་བསྡུས་ཏེ། གཟུགས་དང་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར། སྤྲུལ་པའི་རྒྱུ་ཡོད་དེ། སྤྲུལ་སེམས་དེ་དག་གིས་སྤྲུལ་བའི་ཕྱིར། དེ་དག་ཀྱང་བཅུ་བཞི་ཡོད་དེ། བསམ་གཏན་དང་པོའི་འབྲས་བུའི་སྤྲུལ་སེམས་ལ་རང་ས་དང་འདོད་པའི་སས་བསྡུས་པ་གཉིས་ནས། བསམ་གཏན་བཞི་པའི་འབྲས་བུ་སྤྲུལ་སེམས་ལ་འོག་ས་བཞི་དང་རང་སས་བསྡུས་པའི་སེམས་གཅིག་སྟེ་ལྔའི་བར་རིམ་པ་བཞིན་ཡོད་པའོ། །ས་འོག་མའི་སྤྲུལ་སེམས་ས་གོང་མ་ལས་སྐྱེས་པ་ཡོད་པ་མིན་ཏེ། འོག་ས་ཁོ་ན་ཡིན་པས་སོ། །སྤྲུལ་སེམས་རྙེད་ཚུལ་ཡོད་དེ། བསམ་གཏན་རྣམས་ཇི་ལྟ་བ་བཞིན་དུ་རྙ ེད་པའི་ཕྱིར། དེའི་རྒྱུ་ཡོད་དེ་བསམ་གཏན་དག་པ་བ་དང་། རང་གི་རིགས་འདྲའི་མཇུག་ཐོགས་ལས་འབྱུང་ཞིང་། དེ་ལས་ཀྱང་གཉིས་འབྱུང་བའོ། །གསུམ་པ་ནི། རང་གི་ས་པས་སྤྲུལ་བར་བྱེད། །སྨྲར་འཇུག་པ་ནི་འོག་མས་ཀྱང་། །སྟོན་མིན་སྤྲུལ་པ་པོ་དང་བཅས། །བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །ཤི་བ་ལ་ཡང་བྱིན་རླབས་ཡོད། །མི་བརྟན་ལ་མེད་གཞན་དག་མིན། །དང་པོར་དུ་མས་གཅིག་ཡིན་ཏེ། །བྱང་བར་གྱུར་ནས་བཟློག་པའོ། །ཞེས་པ་སྟེ། ས་གཞན་གྱི་སྤྲུལ་སེམས་ཀྱིས་སྤྲུལ་པ་བྱེད་མི་ནུས་ཏེ། རང་གི་ས་པ་ཁོ་ནའི་སྤྲུལ་སེམས་ཀྱིས་སྤྲུལ་བར་བྱེད་པའི་ཕྱིར། སྨྲར་འཇུག་པའི་སྤྲུལ་པ་ནི། ས་འོག་མ་ལ་བརྟེན་ནས་ཀྱང་བྱེད་དེ། མཐའ་གཅིག་ཏུ་མ་ངེས་པས་སོ། །སྟོན་པ་སངས་རྒྱས་མིན་པ་ནི་སྤྲུལ་པ་པོ་རང་ཉིད་དང་བཅས་ནས་སྤྲུལ་བར་བྱེད་དེ། སྤྲུལ་པས་སྤྲུལ་བའི་ཕྱིར། དེ་ཁྱད་པར་ཅན་ཡིན་ཏེ། བྱིན་གྱིས་བརླབས་ནས་གཞན་སྤྲུལ་འཇུག་པའི་ཕྱིར། གསོན་པོ་ཁོ་ནར་མ་ངེས་ཏེ། ཤི་བ་ལ་ཡང་དེ་ལྟར་འཇུག་པའི་ཕྱིར། དེ་ཡང་མི་བརྟན་པ་ཤ་དང་ཁྲག་སོགས་ལ་བྱིན་གྱིས་མི་རློབ་སྟེ། བརྟན་པ་རུས་པ་ལྟ་བུ་ལ་རློབ་པའི་ཕྱིར། དེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཉན་ཐོས་འོད་སྲུངས་ཆེན་པོའི་རུས་པ་སྤྲུལ་སེམས་ཀྱིས་བྱིན་གྱིས་བརླབས་ནས། ད་ལྟ་ཡང་རི་བོ་བྱ་རྐང་ན་ཡོད་པར་བཤད་པའི་ཕྱིར། སྡེ་པ་གཞན་དག་ནི་འཐད་པ་མིན་ཏེ། གནས་གཙང་མའི་ལྷའི་བྱིན་རླབས་ཡིན་པར་འདོད། དང་པོར་སྤྲུལ་སེམས་དུ་མས་སྤྲུལ་བ་གཅིག་སྤྲུལ་བར་བྱེད་པ་ཡིན་ལ། བྱང་ནས་དུ་མ་གཅིག་གིས་སྤྲུལ་བར་བྱེད་དེ། སྒོམ་པའི་དབང་གིས་ཡིན་པས་སོ། །བཞི་པ་རྫུ་འཕྲུལ་གྱི་དབྱེ་བ་ནི། སྒོམ་ལས་སྐྱེས་པ་ལུང་མ་བསྟན། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །རྫུ་འཕྲུལ་གསང་སྔགས་སྨན་དག་དང་། །ལས་ལས་སྐྱེས་ཏེ་རྣམ་པ་ལྔ། །ཞེས་པ་སྟེ། སྒོམ་སྟོབས་ལས་སྐྱེས་པའི་སྤྲུལ་སེམས་ལུང་མ་བསྟན་ཡིན་ཏེ། གཞན་གཉིས་པོ་མ་གཏོགས་པའི་ཕྱིར། སྐྱེས་སྟོབས་ལས་སྐྱེས་པའི་སྤྲུལ་སེམས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད། རྫུ་འཕྲུལ་རྣམ་པ་ལྔ་ཡོད་དེ། སྔགས་དང་སྨན་དང་ལས་དང་སྒོམ་དང་སྐྱེ་བས་ཐོབ་པ་རྣམས་སོ། །གཉིས་པ་ནི། ལྷ་ཡི་མིག་དང་སྣ་བ་ཡིན། །བསམ་གཏན་ས་པའི་གཟུགས་དང་བ། །རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །གཞན་ཡང་སྐྱེ་བས་ཐོབ་དེས་ནི། །སྲིད་པ་བར་མ་མི་མཐོང་ངོ་། །སེམས་ཤེས་དེ་ནི་རྣམ་གསུམ་གང་། །རྟོགས་དང་རིག་སྔགས་ཀྱིས་བྱས་པའང་། །དམྱལ་བ་པས་ནི་དང་པོ་ཤེས། །མི་ལ་སྐྱེ་བས་ཐོབ་པ་མེད། །ཅེས་པ་སྟེ། ལྷའི་མིག་དང་རྣ་བའི་མངོན་ཤེས་ངོ་བོ་ནི་མིག་སྣས་བསྡུས་པའི་ཁྱད་པར་དང་ལྡན་ཏེ། བསམ་གཏན་གྱིས་བསྡུས་པའི་ནང་གི་གཟུགས་དྭངས་བ་དང་། རྟག་ཏུ་རྟེན་པ་དང་བཅས་པ་དང་། དབང་པོ་མ་ཚང་བ་མེད་པའི་ཕྱིར། ལྷའི་རྣ་བའི་མངོན་ཤེས་ཡུལ་ཁྱད་པར་ཅན་ལ་འཇུག་སྟེ། ཐག་རིང་པོའི་སྒྲ་ཕྲ་བ་དང་སོགས་པས་རགས་པ་ཐམས་ཅད་སྤྱོད་ཡུལ་དུ་བྱེད་ནུས་པའི་ཕྱིར། མིག་གི་མངོན་ཤེས་ཀྱིས་མཐོང་ཚུལ་ཡོད་དེ། ཉན་ཐོས་དགྲ་བཅོམ་གྱི་དེས་སྟོང་གཉིས། བསེ་རུ་དང་རང་རྒྱལ་གྱིས་སྟོང་གསུམ། སྟོན་པ་སངས་རྒྱས་ཀྱིས་དེ་རྣམས་ཀྱི་གྲངས་མེད་པའི་ཕྲ་རགས་མཐའ་དག་མཐོང་བའི་ཕྱིར། གཞན་ཡང་། སྐྱེ་བས་ཐོབ་པའི་མིག་གི་མངོན་ཤེས་ཀྱིས་ཆོས་ཐམས་ཅད་མི་མཐོང་སྟེ། སྲིད་པ་བར་མ་མི་མཐོང་བའི་ཕྱིར། གཞན་སེམས་ཤེས་པའི་མངོན་ཤེས་དེ་ལ་རྣམ་པ་གསུམ་ཡོད་དེ། སྐྱེ་བས་ཐོབ་པ་གང་ཞིག་རྟོགས་པར་བྱས་པ་དང་། རིག་སྔགས་ཀྱིས་བྱས་པའང་ཡོད་པའི་ཕྱིར། དམྱལ་བ་བས་ནི་དང་པོར་གཞན་གྱི་སེམས་ཤེས་པ་ཡིན་ཞིང་། ཕྱིས་སྡུག་བསྔལ་གྱིས་མནར་བས་མི་ཤེས་པའི་ཕྱིར། མི་ལ་སྐྱེས་ཐོབ་ཀྱི་སྔོན་གནས་རྗེས་དྲན་མེད་དེ། ཡོད་ན་ཐམས་ཅད་ལ་ཡོད་དགོས་པ་ལ་མེད་པའི་ཕྱིར་རོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ལས། ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་གནས་བདུན་པའོ།། །།


previousགནས་བདུན་པ་ཡེ་ཤེས་བསྟན་པའི་འགྲེལ་པ།next