Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།
   


 
previousརྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། next

རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།


MLP020_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ་བཞུགས་སོ། །ལོ་ཆེན་ཆོས་དཔལ་རྒྱ་མཚོ།


MLP020_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ་བཞུགས་སོ། །ༀ་སྭ་སྟི། བསོད་ནམས་ཡེ་ཤེས་ཆུ་གཏེར༵་ལས་བལྟམས་ཤིང་། །རྣམ་དག་སྐུ་བཞིའི་བད༵ག་ཉིད་བང་རིམ་ཅན། །གདུལ་བྱ་གླིང༵་བཞིའི་དབུས་ན་ལྷམ་མེ་བ། །མཚུངས་མེད་བླ་མ་དམ་པའི་ཞབས་ལ་འདུད། །འདིར་ཇི་སྐད་དུ་ཧེ་རུ་ཀ་གལྤོ་ལས། ཐང་སྐུའི་རྒྱབ་ཏུ་སྐུ་གསུམ་གྱི། །བྱིན་རླབས་སྔགས་ཀྱང་བྲི་བར་བྱ། །ཞེས་དང་། དཔུང་བཟང་ལས་ཀྱང་། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུངས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་འབུལ། །ཞེས་པས། རྟེན་ལ་ནང་གཟུངས་རིང་བསྲེལ་གཞུག་དགོས་པར་གསུངས་ཤིང་། རིང་བསྲེལ་ནི་བཞི་སྟེ། ཆོས་སྐུའི་རིང་བསྲེལ་དང་། སྐུ་གདུང་གི་རིང་བསྲེལ་དང་། སྐུ་བལ་གྱི་རིང་བསྲེལ་དང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྣམས་ཇི་ལྟར་གཞུག་པའི་ལག་ལེན་གནད་མདོར་བསྡུས་ནས་བརྗོད་པ་ནི་འདི་ལྟ་སྟེ། དེ་ལ་ཐོག་མར་ཆོས་སྐུའི་རིང་བསྲེལ་གཟུངས་སྔགས་རྣམས། བྲི་གཞི་དར་རམ་ཤོག་བུ་གཙང་མ་ལ་གསེར་དངུལ་ལམ། མཚལ་དང་སྣག་ཚ་ལྟ་བུས་གཟུངས་སྔགས་རྣམས་ཕྲེང་རེ་ལ་རྫོགས་པར་བྲིས་ལ། དྲི་བཟང་པོ་སྦྱར་བའི་ཆུས་བྱུགས་ཤིང་། དབུ་ནས་མར་དྲིལ་ལ་དར་རས་ཀྱི་སྲད་བུས་བསྡམས། གཟུངས་སོ་སོའི་ཁ་བྱང་དང་མགོ་མཇུག་མི་ནོར་བའི་མཚན་མ་བཏབ། གཞན་ཡང་སངས་རྒྱས་བྱང་སེམས་ཀྱི་གདུང་རུས་སོགས་སྐུ་གདུང་གི་རིང་བསྲེལ་དང་། དབུ་ལོ་སེན་མོ་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རི་རཾ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་བྱིན་རྟེན་རྣམས་ཀྱང་གོས་དར་ལ་སོགས་པས་སོ་སོར་དྲིལ། རིན་པོ་ཆེ་དང་། དར་སྣ་དང་། རས་སྣ་དང་། དུག་རིགས་


MLP020_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི་སྨན་སྣ་དང་། ལ་ཕུག་ཤ་ཆང་སྒོག་བཙོང་སོགས་མིན་པའི་ཟས་སྣ། བྲ་ཡུངས་སོགས་མིན་པའི་འབྲུ་སྣ། ཤིང་ཐོག་གི་རིགས་སོགས་འབྱོར་ན་དར་རས་སེར་པོས་མ་འདྲེས་པར་ཐུམ་བུར་བྱ་ཞིང་། དྲི་བཟང་སྨན་གྱི་འཕུར་མའི་ཐུམ་བུ་ཆུང་ངུའང་མང་དུ་བཅོས། གནོད་སྦྱིན་འཁོར་ལོ་ཡང་རབ་གནས་བྱས་པ་མར་དང་ཀ་ར་སྦྲང་རྩིའི་ཆུས་མཐའ་རྣམས་སུ་ཅུང་ཟད་བྱུགས་པས་ཁ་སྦྱར་ཏེ་སྲད་བུ་སེར་པོས་བཅིངས་ཏེ་བཞག སྲོག་ཤིང་ནི། ཙནྡནམ་ཤུག་པ༑ སྟར་ཁ་སོགས་རྒྱུ་བཟང་པོ་ལ་རྩ་རྩེ་མ་ལོག་ཅིང་ཅུང་ཟད་གྲུ་བཞི་པ། རིང་ཐུང་སྐུ་ཚད་དང་མཉམ་པར་བྱས་པའི་མདུན་ངོས་ཀྱི་གཙུག་ཏོར་གྱི་ཐད་དུ་ཧཾ། དཔྲལ་བའི་ཐད་དུ་ༀ། མགྲིན་པའི་ཐད་དུ་ཨཱཿ ཐུགས་ཀའི་ཐད་དུ་ཧཱུྃ། ལྟེ་བའི་ཐད་དུ་སྭཱ། གསང་བའི་ཐད་དུ་ཧཱ་རྣམས་བྲིས་པའི་ༀ་གྱི་འོག་ཏུ། ༀ་སརྦ་བིདྱཱ་སྭཱ་ཧཱ། ཨཱཿའི་འོག་ཏུ་དབྱངས་གསལ། ཧཱུྃ་གི་འོག་ཏུ་ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་དང་། ལྷ་རྣམས་གང་ཡིན་དེའི་སྙིང་པོ། སྭཱའི་འོག་གི་ཕྱོགས་སོ་སོར་གཙུག་ཏོར་དྲི་མེད། རྣམ་རྒྱལ། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་རྣམས་ཀྱི་གཟུངས་ཐུང་དང་། དེ་དང་འབྲེལ་བར་མདུན་ཕྱོགས་སུ་རྟེན་འབྲེལ་སྙིང་པོ། ཧཱའི་འོག་ཏུ་ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་རྣམས་བྲི་ཞིང་དྲི་བཟང་པོས་བྱུག སྤྲོ་ན་རྩེར་མཆོད་རྟེན་དང་། རྩ་བར་རྡོ་རྗེ་ཕྱེད་པ་འདྲི་བའང་ཕྱག་ལེན་ལ་སྣང་། དེ་ལྟར་སྟ་གོན་རྣམས་གྲུབ་པ་དང་། གཟུངས་རྣམས་ལ་སྦྱང་བ་དང་ཁྲུས་གསོལ་སྔོན་དུ་འགྲོ་བས་རྟེན་འབྲེལ་སྙིང་པོ་ཅི་འགྲུབ་དང་། ཕུན་སུམ་ཚོགས་པ་བརྗོད་ཅིང་མེ་ཏོག་འཐོར། རྟེན་གྱི་ནང་རྣམས་ཀྱང་དྲི་བཟང་པོ་བྱུགས་ཤིང་གུ་གུལ་གྱིས་བདུག་པར་བྱའོ། །༈ དེ་ནས་གཟུངས་ཇི་ལྟར་འབུལ་ཚུལ་ནི། འབུལ་མི་རྣམས་ཤ་ཆང་སྒོག་བཙོང་སོགས་ཟས་མི་རུང་བ་སྤངས་ཤིང་གཙང་སྦྲ་ལ་གནས་པ་དང་། ལྷའི་ང་རྒྱལ་དང་ལྡན་པས་གཞན་དང་སྨྲ་བ་བཅད་དེ། ༀ་མནྡྲ་དྷཱ་ཏུ་གརྦྷེ་ཡེ་སྭཱ་ཧཱ། ཞེས་དང་། རྟེན་འབྲེལ་སྙིང་པོ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་གསོ་སྦྱོང་གི་ཚིགས་བཅད་དང་། བཀྲ་ཤིས་ཀྱི་ཚིགས་བཅད། རིག་པ་ཕུག་རོན་གྱི་གཟུངས། ན་མཿསམནྟ་བུདྡྷཱ་ནཱཾ་ཨ་ཙིནྟྱ་ཏ་བྷུ་ཏ་རཱུ་པི་ནི་ༀ་ཏཱ་


MLP020_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རེ་སྭཱ་ཧཱ། ཞེས་པ་རྣམས་བཟླ་བཞིན་དུ་སྲོག་ཤིང་གི་རྩེ་མོ་གཙུག་ཏོར་དང་། དབུའི་ཐད་དུ་སངས་རྒྱས་བྱང་སེམས་སོགས་གང་ཟག་མཆོག་རྣམས་ཀྱི་རིང་བསྲེལ་དང་དབུ་ལོ་རྣམས་བསྡམས་པའི་མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ལོ་པཎ་གྲུབ་ཐོབ་རྣམས་ཀྱི་མཚན་སྔགས་དང་། གཙུག་ཏོར་རྣམ་རྒྱལ་དང་། གཙུག་ཏོར་དྲི་མེད་རྣམས་ཀྱི་གཟུངས་དང་། བླ་མ་རྣམས་ཀྱི་སྐུ་གཟུགས་བྲིས་འབུར་རྣམས་འབུལ། དེ་ནས་མགྲིན་པའི་ཐད་དུ་དབྱངས་གསལ་མང་པོ་དང་། བྱིན་རྟེན་དམངས་རྣམས་འབུལ། དེ་ནས་ཐུགས་ཀའི་ཐད་དུ་སྲོག་ཤིང་བརྟན་པ་དང་། སྐུའི་སྟོད་ཟོམ་ལ་རྣལ་འབྱོར་བླ་མེད་ཀྱི་གཟུངས་རྣམས་དང་། དེ་དག་གི་སྐུ་བརྙན་བྲིས་འབུར། དེའི་འོག་ཏུ་ཡོ་གའི་གཟུངས་དང་བྲིས་འབུར། དེའི་འོག་ཏུ་སྤྱོད་རྒྱུད་ཀྱི་གཟུངས་དང་བྲིས་འབུར། དེའི་འོག་ཏུ་མདོའི་གཟུངས་དང་བྲིས་འབུར། དེ་ཡང་གཟུངས་དྲིལ་རྣམས་དང་སྐུ་རྣམས་དབུ་ཞབས་མ་ལོག་པར་བསྡམས་ཤིང་། གཟུངས་དྲིལ་ཞེང་ཆེན་པོའི་རིགས་རྟེན་ཆུང་ངུ་ལ་མ་ཤོང་ན་གཟུངས་ཀྱི་དབུ་གཡས་ཕྱོགས་སུ་བརྟེན་ནས་ཕྲེད་ལ་བསྡམས་ཀྱང་འགལ་བ་མེད་གསུངས། རྟེན་ཆེན་པོའི་རིགས་ལ་མ་ཁེངས་ན་མདོ་རྒྱུད་ཀྱི་གླེགས་བམ་ཡང་སྟོད་སྨད་བར་གསུམ་གྱི་ཆ་རྣམས་སུ་སྔར་གྱི་གོ་རིམ་ལྟར་སོ་སོར་བཞུགས་སུ་གསོལ། དེ་རྣམས་ཀྱི་བར་ཐམས་ཅད་དྲི་བཟང་ཕུར་མའི་ཐུམ་བུ་སོགས་ཀྱིས་ཚགས་དམ་པར་གཅེར་ཞིང་། གཟུངས་སྡེ་ཚན་སོ་སོའི་མཚམས་སུ་དར་སེར་པོས་བཅད། དེ་ཡན་ཆད་སྐུའི་ངོ་བོའི་ཆ་ལ་རྫོགས་པར་གཞུག དེ་ནས་པད་གདན་གྱི་དབུས་སུ་ཤིས་བརྗོད། དེའི་མཐར་ཆོས་སྐྱོང་གཙོ་འཁོར་དང་ནོར་ལྷ་ལ་སོགས་པའི་གཟུངས་སྔགས་རྣམས་དང་། འབྱོར་ན་སོ་སོའི་སྲོག་འཁོར་བླ་རྡོ། ཁྱད་པར་དུའང་གནོད་སྦྱིན་འཁོར་ལོ་ན་བཟའ་སེར་པོས་དྲིལ་ལ་མོ་འཁོར་སྟེང་དང་ཕོ་འཁོར་འོག་ཏུ་བྱས་པའི་གཙོ་བོའི་དབུ་མདུན་ཕྱོགས་སུ་ཡོང་བར་བྱས་ལ། རིན་པོ་ཆེ་འབྲུ་སྨན་དར་ཟབ་སོགས་དཀོར་ཆ་ཇི་སྙེད་པ་དང་བཅས་ཏེ་གཞུགགཞན་ཡང་གཟུངས་འཁྲུགས་པ་སོགས་ཀྱི་ཉེས་པ་སེལ་ཕྱིར་རིག་པ་ཕུག་རོན་གྱི་གཟུངས་དང་། རྟེན་འབྲེལ་སྙིང་པོ་གཉིས་ནི་སྟོད་སྨད་ཀྱི་ཆ་ཐམས་ཅད་དུ་གཞུག་ཏུ་རུང་གསུང་།


MLP020_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཚམས་དར་བཏང་སྟེ། ༀ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་ཞབས་སྡོམ་བསྒྲིག་པའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་བྲི་བར་བྱ། དེ་ལྟར་གཟུངས་འབུལ་གྲུབ་པ་དང་། གུ་གུལ་གྱིས་བདུགས་ལ་རབ་གནས་མ་གྲུབ་བར་དར་དམར་སེར་གང་རིགས་ཀྱིས་ཞལ་ཁེབས་གཡོགས་ཤིང་འཁྲིས་སུ་བཟོ་བོའི་ལག་ཆ་ཅི་རིགས་པའང་འཇོག་སྟེ། གེགས་མི་འཇུག་པའི་དགོས་པ་ཡོད་དོ། །༈ ཡང་མཆོད་རྟེན་ལ་ནི། སྔར་གྱི་སྐུའི་གཙུག་ཏོར་དང་དབུ་གཟུངས་རྣམས་ཆོས་འཁོར་དང་བྲེའི་ནང་དུ་འབུལ། བུམ་པ་མན་ཆད་ནས་རྨང་དགེ་ཡན་ཆད་ཀྱི་བར་དུ། བླ་མེད། ཡོ་ག སྤྱོད་རྒྱུད། བྱ་རྒྱུད། མདོ་གཟུངས་རྣམས་སྔར་ལྟར་རིམ་པར་ཕུལ། པད་གཟུངས་རྣམས་ཁྲིར་གཞུག་གོ །མཆོད་རྟེན་ཆེན་པོ་བཞེང་བའི་ཚེ་ལག་ལེན་རྒྱས་པར་སྤྲོ་ན། བང་རིམ་མན་ཆད་དུ་སྨད་ཀྱི་གཟུངས་སྐབས་ཐོབ་ཇི་ལྟར་རིགས་པ་ཕུལ་ལ། བང་རིམ་རྫོགས་ནས་བུམ་རྟེན་གྱི་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞུགས་སུ་གསོལ། དེ་ལ་དར་རམ་རས་གཙང་མའི་ཞལ་ཁེབས་བཀབ་ལ། སྲོག་ཤིང་གི་ལྕིད་ཐེག་པའི་རྡོ་ལེབ་ལྟ་བུས་བཀབ། དེའི་ཁར་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་གས་སྲོག་ཤིང་འཛུགས། སྲོག་ཤིང་ནི་སྔར་ལྟར་འདུ་བྱས་ལ། བྱ་སྤྱོད་ཀྱི་གཟུངས་དཀྲི་སའི་ཐད་ཀའི་ཕྱོགས་བཞིར་གཟུངས་ཁུང་བྲུས་ལ། སྲོག་ཤིང་གི་སྔགས་དང་སྒྲིབ་སེལ་གྱི་གཟུངས་གཉིས་རེ་རེའང་དགུ་བཅུ་རྩ་དགུ་རེ་བྲིས་ལ་གཞུག རྩེ་མོར་འོད་ཟེར་དྲི་མེད་དང་རྣམ་རྒྱལ་གྱི་གཟུངས། རྩ་བར་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང་། རྟེན་འབྲེལ་སྙིང་པོ་གཞུག་པ་རྣམས་བྱ་བ་ཁྱད་པར་ཏེ། མཆོད་རྟེན་ཆུང་བས་བུམ་པར་དཀྱིལ་འཁོར་མི་ཤོང་བའི་རིགས་ལ། དེའི་ཉེ་ལོགས་སུ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་ག་མཛད་དོ། །དེ་དག་གི་ཚུལ་ནི་ཁོ་བོས་སྔར་བྱས་པའི་ཡི་གེ་བཀླགས་པས་འགྲུབ་པ་ལས་ཤེས་པར་བྱའོ། །ཡང་བྲིས་སྐུ་ལྟ་བུ་ལ། རྒྱབ་ཏུ་སྐུ་གཟུགས་ཀྱི་གནས་གསུམ་སོགས་སོ་སོའི་ཐད་དུ་འབྲུ་གསུམ་དང་སྐྱེ་མཆེད་བྱིན་རླབས། ལྷ་དེ་དང་དེའི་མཚན་སྔགས་དང་


MLP020_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་སརྦ་བིདྱཱ། བཛྲ་ཨཱ་ཡུ་ཥེ། རྟེན་འབྲེལ་སྙིང་པོ། ཐུབ་པའི་གསོ་སྦྱོང་དང་ཤིས་བརྗོད་སོགས་ཇི་ལྟར་རིགས་པ་བྲི། བསྡུ་ན་སྤྱི་བོར་ༀ་གྱི་ཤམ་དུ་ཀལྤོོ་ལས་གསུངས་པ་ཆོས་སྐུར་བྱིན་གྱིས་རློབ་པའི་སྔགས། མགྲིན་པར་ཨཱཿའི་འོག་ཏུ་ལོངས་སྐུར། ཐུགས་ཀར་ཧཱུྃ་གི་འོག་ཏུ་སྤྲུལ་སྐུར་བྱིན་གྱིས་རློབ་པའི་སྔགས་ཙམ་བྲིས་པས་ཀྱང་ཆོག གསུང་རྟེན་གླེགས་བམ་ལ་ནི། དེ་ཉིད་ཀྱི་ཐ་མར་བྲི་བ་ཕྱག་ལེན་ནོ། །༈ ཡང་རང་གི་དམ་ཚིག་སྐུ་རྟེན་ལྟ་བུ་ཡི་དམ་གྱི་ལྷའི་སྐུ་བརྙན་ལ། རྒྱུད་སྡེ་གང་ཡིན་དང་མཐུན་པའི་སྐྱེ་མཆེད་བྱིན་རླབས། དབུར་རང་གི་དབང་བཤད་མན་ངག་གི་བཀའི་བརྒྱུད་པའི་བླ་མའི་མཚན་སྔགས་དང་བྱིན་རྟེན། ཐུགས་ཀར་ཡི་དམ་རང་གི་བསྙེན་སྒྲུབ་ཀྱི་སྔགས་སོགས་གཙོ་བོར་བྱས་ཏེ་འབུལ། ཡང་ཆོས་སྐྱོང་གི་རིགས་ལ་དབུར་རང་དང་འབྲེལ་བའི་བླ་བརྒྱུད་མཚན་སྔགས་དང་། གཉེན་པོའི་ལྷ་གང་ཡིན་གྱི་ཡི་དམ་གྱི་གཟུངས་སོགས། ཐུགས་ཀར་རང་གི་སྔགས་དང་སྲོག་འཁོར་བླ་རྡོ་སོགས་སོ་སོའི་མན་ངག་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་གནད་མ་འཆུགས་པར་འབུལ་བར་བྱའོ། །ཡང་སྐྱེ་བོ་ཐ་མལ་པའི་རུས་པ་གཟུངས་སུ་འཇུག་ན་ནི། རུས་ཆོག་ཚུལ་བཞིན་བྱས་ལ་སཱཙྪ་ཆོ་ག་བཞིན་དུ་བཏབ་ཅིང་རབ་གནས་བྱས་ཏེ་གཟུངས་སུ་འབུལ་བ་ཕྱག་ལེན་ཏེ། ཆོས་སྐུའི་རྟེན་མང་པོ་བཏབ་པས་ཚོགས་རྒྱ་ཆེན་པོར་འགྱུར་བ་སོགས་ཀྱི་ཕན་ཡོན་མཐའ་ཡས་སོ། །དེ་ལ་འདིར་བླ་མ་ཕལ་ཆེར། སཱཙྪ་མ་བཏབ་པའི་རུས་པ་བཅུག་ན་དུར་ཁྲོད་ལྟ་བུར་འགྱུར་བར་ཇོ་བོའི་གསུང་རྒྱུན་གྱི་ཡི་གེ་ལས་བཤད་ཅིང་། མཆོད་འོས་སུ་མི་འགྱུར་བར་མ་ཟད་གང་ཟག་དེ་ཉིད་ལའང་གནོད་པས་སྤང་བར་བྱའོ། །ཞེས་གསུངས་མོད་ཞིབ་ཆ་དེ་ཉིད་ལ་ནི་ད་དུང་དོགས་པ་འདི་སྐྱེ་སྟེ། བྱིན་གྱིས་མ་བརླབས་པའི་རུས་པ་བཅུག་ན་དེ་ལྟར་འབྱུང་བ་སྲིད་ཅིང་། དེ་ལ་ནི་སཱཙྪ་ཡང་གདབ་ཏུ་མི་རུང་བར་མཚུངས་ལ། གཞན་དུ་ན། ཆོ་ག་བཞིན་དུ་བརླབས་པའི་རུས་པར་སཱཙྪ་བཏབ་ཆོག་ན། དེ་རྟེན་གཞན་གྱི་གཟུངས་སུའང་ཅིའི་ཕྱིར་གཞུག་ཏུ་མི་རུང་སྟེ༑ དེ་གཉིས་གནད་གཅིག་པའི་ཕྱིར་སྙམ་མོ། །དེས་ན་སྦྱོང་རྒྱུད་ལས། དེ་ནས་རྣལ་འབྱོར་


MLP020_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །མཆོད་རྟེན་དབུས་སུ་བཞག་པར་བྱ། །ཞེས་བྱིན་གྱིས་བརླབས་ནས་མཆོད་རྟེན་དུ་གཞུག་པར་བཤད་ཅིང་། དེ་ཉིད་མདོར་སོ་སྐྱེའི་མཆོད་རྟེན་ལས་དེ་བཞིན་གཤེགས་པའི་མཆོད་རྟེན་དུ་མི་འགྱུར་བ་ལྟ་བུ་གསུངས་པ་མང་ཡང་། འདིར་སྦྱོང་རྒྱུད་ལྟར། རྟེན་གྱི་གང་ཟག་དེ་ལ་དབང་བསྐུར་ཞིང་། ལྷའི་རང་བཞིན་དུ་གནས་སྤར་ནས་རུས་པའང་དཀྱིལ་འཁོར་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབས་ནས་བཅུག་པས་ན། དོན་ལ་གཟུངས་སྔགས་ཀྱི་རིང་བསྲེལ་དང་ཡི་དམ་གྱི་ལྷ་བཅུག་པར་སོང་བས། སྔགས་རང་ལུགས་ཀྱི་མཆོད་རྟེན་དུ་འགྱུར་རམ་སྙམ་སྟེ། དཔེར་ན་རྟེན་གྱི་རྒྱུ་ས་ལ་སོགས་པ་མཆོད་འོས་སུ་གྱུར་པ་མ་ཡིན་ནའང་། དེ་ལ་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་ཏེ་བྱིན་གྱིས་བརླབས་ན་མཆོད་འོས་སུ་འགྱུར་བ་བཞིན་ནོ། །དེ་ལྟར་ནའང་བྱིན་གྱིས་བརླབ་པའི་གང་ཟག་ཚད་ལྡན་མེད་པར་ཆོ་གའི་གཟུགས་བརྙན་ཙམ་ལ་བརྟེན་པ་དང་། ཞེན་ཕྱོགས་ཀྱིས་གང་ཟག་ཕལ་པའི་རུས་པ་གཟུངས་སུ་གཞུག་པ་ལ་ནི་སྙིང་པོ་མེད་དོ། །དེ་ལྟར་གཟུངས་འབུལ་གྱི་གནད་མདོར་བསྡུས་ལ་འདི་ཡང་དྷརྨ་ཤྲཱིས་གསར་བུའི་དོན་དུ་གོ་བདེར་སྦྱར་བའི་ཡི་གེ་པ་ནི་ཨཱནནྟ་མ་ཏིའོ། །དགེ་ལེགས་འཕེལ་བར་གྱུར་ཅིག། །།


previousརྟེན་ལ་གཟུངས་འབུལ་བའི་ལག་ལེན་མདོར་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། next