ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཨ་ཏིའི་ལམ་རིམ་སྙིང་པོ།
༁ྃ༔ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཨ་ཏིའི་ལམ་རིམ་སྙིང་པོ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ཨེ་མ་ཧོ༔ བདེ་ཆེན་ཡེ་ཤེས་གར་གྱི་བདག༔ རང་རིག་ཉིད་ལ་ཕྱག་འཚལ་ལོ༔ འཁོར་འདས་མ་ལུས་ཐམས་ཅད་ཀྱི༔ གནས་ལུགས་ཡེ་ཤེས་གསུམ་འདྲིལ་བའི༔ ཀུན་རིག་ལུ་གུ་རྒྱུད་ཀྱི་ནི༔ ཆོས་ཉིད་ཡུལ་ལ་དབྱིངས་བརྡལ་བས༔ སྟོང་གསལ་ངང་ལས་འཛིན་པའི་སེམས༔ མཁའ་ལ་སྤྲིན་བཞིན་སྣང་བའོ༔ འགྱུ་བ་རླུང་གིས་ང་བདག་བྱས༔ དབྱིབས་དང་གཟུགས་ཉིད་མ་རིག་པས༔ སྣོད་བཅུད་རང་གར་འཐས་པའོ༔ དེ་ཉིད་གྲོལ་བར་བྱེད་པའི་ཐབས༔ བློ་ཡི་རིམ་པས་བསམ་ཡས་ཀྱང༔ འཇུག་པའི་སྒོ་སྟེ་ཐེམ་སྐས་བཞིན༔ མཐར་ཐུག་གདོད་མའི་ཡེ་ཤེས་གང་༔ འབྲས་བུ་གཅིག་ཏུ་གཏན་ལ་འབེབས༔ དེ་ཕྱིར་འཁྲུལ་པའི་རྡོས་ཐག་བཅད༔ ལུས་ངག་ཡིད་ཀྱི་སྔོན་འགྲོ་བྱ༔ ཁ་གཏམ་ཁ་འཐོར་རང་གཞུང་གསུམ༔ བྱུང་ས་མེད་པའི་ངང་དུ་ལྟོས༔ ལྟར་ཁ་གེགས་སེལ་སྒང་འདྲིལ་དང་༔ གབ་པ་སྔོན་ཕྱུང་རང་གསལ་བཞི༔ གནས་པ་མེད་པའི་ངང་ལ་ཞོག༔ བཞི་བཟློག་མིག་རྟེན་རང་གཏད་གསུམ༔ འགྲོ་ས་མེད་པའི་ངང་ལ་སྐྱོལ༔ ཕྱི་ནང་གསང་བ་བླ་མེད་བཞི༔ དཔེ་དང་རྟགས་ཀྱི་རིག་ངོས་བཟུང༔ འཁྲུལ་གཞི་བཤད་རིགས་སྣ་ཚོགས་བསྒོམ༔ རུ་ཤན་ཕྱེ་ལ་རྣལ་དུ་དབབ༔ རང་གནས་ཡེ་ཤེས་ཞལ་ལྟ་ན༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི༔ སེང་གེ་གླང་ཆེན་དྲང་སྲོང་ཚུལ༔ འདུག་སྟངས་གཟིགས་སྟངས་བསྟུན་ལ་ལྟོས༔ འཁོར་འདས་མ་ཕྱེད་རིག་པ་ཉིད༔ དངོས་སུ་ལུ་གུ་རྒྱུད་དུ་གསལ༔ སྨིན་གྲོལ་རང་ངོ་ཤེས་པས་བསྐུར༔ སྙིང་པོའི་རྒྱུད་རྣམས་དེ་ཡིས་བཤད༔ ཀུན་བཟང་རྡོ་རྗེ་འཆང་ཉིད་དོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་
ལ་འདི་ལས་གཞན་མེད་དོ༔ མདོ་རྒྱུད་ཀུན་གྱི་དོན་གོ་རྫོགས༔ དབྱིངས་རིག་སྣང་སྟོང་འཕྲིན་ལས་ཉིད༔ མ་འདྲེས་གསལ་སྟོང་ཞི་ཁྲོའི་སྐུ༔ ཡབ་ཡུམ་བདེ་སྟོང་བདུད་རྩི་མཆོག༔ ཆོས་དབྱིངས་རང་སྒྲ་གྲག་སྟོང་གསུང༔ རང་བཞིན་མ་གྲུབ་རིག་སྟོང་ཐུགས༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ འཕྲིན་ལས་ལྔ་འདུས་ཟླུམ་ལ་འཁྱིལ༔ དུས་གསུམ་ཀུན་ཏུ་འདི་ལས་མེད༔ དངོས་མེད་གསལ་མཐོང་ངོ་མཚར་ཆེ༔ ཆོས་སྐུ་མངོན་སུམ་ས་ལམ་རྫོགས༔ རིག་པ་སྐུར་སྨིན་ལྷག་མེད་གྲོལ༔ ཞི་རྒྱས་དབང་དྲག་དགུག་བསྐྲད་མནན༔ གཟིར་བ་ལ་སོགས་ལས་རྣམས་ཀུན༔ ཡིད་ཀྱིས་བསམས་ཤིང་དབྱིངས་རིག་གཏད༔ ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད༔ ཕྱག་རྒྱ་ལྷུན་གྲུབ་རིག་འཛིན་ནི༔ ལོ་གསུམ་དག་ན་འགྲུབ་པར་འགྱུར༔ མཁའ་ལ་འཕུར་དང་ས་ལ་འཛུལ༔ ཆུ་ལ་མི་བྱིང་མིས་མི་མཐོང༔ གང་གནས་ས་རུ་གཞའ་འོད་འཁྱིལ༔ རང་རིག་ཀློང་དུ་མངོན་སངས་རྒྱས༔ སྣོད་བཅུད་སྐུ་གསུམ་འགྲོ་དོན་ཁྱབ༔ འདི་དང་སུ་འཕྲད་རིགས་ཀྱི་བུ༔ འདི་ནི་ཤིན་ཏུ་རྣལ་འབྱོར་མཐའ༔ སེམས་མེད་བཅོ་བརྒྱད་སེམས་ཀྱི་སྡེ༔ སྣང་སྲིད་སེམས་ཉིད་ཆོས་སྐུར་ལྟོས༔ དམིགས་གཏད་བྲལ་བ་ཀློང་དགུའི་སྡེ༔ བྱ་རྩོལ་མེད་པའི་ངང་ལ་ཞོག༔ སྤང་བླང་བྲལ་བ་མན་ངག་སྡེ༔ ཐམས་ཅད་ཆོས་ཉིད་ངང་དུ་སྐྱོལ༔ དེ་ལྟར་ཁྱད་འཕགས་མཐར་ཐུག་དོན༔ བྱ་བ་ཐོངས་ལ་ཉམས་སུ་ལོངས༔ བསོད་ནམས་ཚོགས་ཀྱི་ཡ་ཐ་སྟེ༔ ཡེ་ཤེས་ཚོགས་ཉིད་འགྲུབ་པར་བྱེད༔ ས་ལམ་ཡོན་ཏན་མ་ལུས་པ༔ སྐད་ཅིག་ལ་བགྲོད་སྐུ་ལྔ་དང་༔ ཡེ་ཤེས་ལྔར་ནི་སངས་རྒྱས་སོ༔ པདྨ་བདག་གི་ཐུགས་ཀྱི་བཅུད༔ ཨ་ཏི་ཀུན་གྱི་སྙིང་ཐིག་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་བ་སྐྱོབ་པར་ཤོག༔ ཐུགས་རྗེ་ཆེན་པོ་ཟབ་དོན་ཐུགས་ཀྱི་རྫོགས་རིམ་སྙིང་པོར་དྲིལ་བ་སྩོགས༔ བཀའི་སྲུང་མ་ལྷ་ཆེན་ལྕམ་དྲལ་ལ་གཏད་དོ་ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ༔ དགེའོ༔