Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།

2 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  


2 occurrences of ཆུ་བཟང་
[Clear Hits]

 
previousམཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།next

མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ དབེན་ཞིང་དྭངས་བའི་གནས་མཆོག་ཏུ༔ མཎྜལ་དྲི་བཟང་སིདྷུ་རས༔ ཆག་ཆག་གདབ་ཅིང་ཐིག་ནས་དྲངས༔ ལྟེ་བ་གྲུ་གསུམ་དམར་རམ་མཐིང་༔ ཕྱི་རིམ་རྩིབས་བཞི་ཕྱོགས་མདོག་བསྒྱུར༔ རྡོ་རྗེ་མེ་རིས་ཐ་མ་བསྐོར༔ མཛེས་པའི་ཚོན་གྱིས་ལེགས་པར་བྱུག༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ མཁའ་འགྲོའི་གཏོར་མ་རྒྱན་ལྡན་བཤམས༔ མཁའ་འགྲོ་སྡེ་ལྔའི་ཙཀ་ལི་གཟུག༔ དར་ཚོན་སྣ་ལྔའི་གུར་ཡང་ཕུབ༔ སྨན་གཏོར་མཆོད་པའི་བྱེ་བྲག་བཤམས༔ སྔོན་འགྲོའི་གཏོར་མ་ཕྱིར་བསྔོས་ནས༔ སྐྱབས་སེམས་བཏང་ཞིང་སྲུང་འཁོར་བསྒོམ༔ ཆོས་རྣམས་གདོད་ནས་དག་པའི་ཀློང་༔ རང་སེམས་རིག་པའི་ངོ་བོ་ནི༔ ཧྲཱིཿཡིག་མདངས་དང་ལྡན་པར་བསྒོམ༔ འོད་ཟེར་འཕྲོས་པས་གདོན་བགེགས་བསྐྲད༔ འགྲོ་བ་ཀུན་གྱི་སྒྲིབ་པ་སྦྱངས༔ སངས་རྒྱས་རྣམས་ལ་མཉེས་མཆོད་ཕུལ༔ ཐུགས་རྗེའི་བྱིན་རླབས་ཚུར་བསྡུས་ནས༔ ཐུགས་སྲོག་ཡི་གེ་ཧྲཱིཿལ་ཐིམ༔ སྐད་ཅིག་གནས་གྱུར་ཁྲ་ཐབས་སུ༔ སངས་རྒྱས་མཁའ་འགྲོ་མཐིང་འོད་འབར༔ ཧ་རི་ནི་སའི་སྔགས་འབྲུ་ལས༔ རིགས་བཞི་དང་བཅས་ཚོམ་བུའི་ཚུལ༔ གྲི་ཐོད་བརྐྱང་བསྐུམ་གར་སྟབས་ཅན༔ ཁ་ཊྭཱཾ་རུས་པ་དར་དཔྱངས་འཕྱོ༔ འོད་ལྔ་འབར་བའི་ཀློང་དུ་བསྐྱེད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཧྲཱིཿདང་ཧ་རི་ནི་ས་ལ༔ སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར༔ འོད་ཟེར་སྤྲོ་བསྡུའི་ཏིང་འཛིན་གྱིས༔ འབུམ་ཕྲག་མ་བརྒྱུད་མཁའ་འགྲོའི་ཚོགས༔ ཐུགས་རྗེ་བྱིན་རླབས་ནུས་མཐུའི་དཔལ༔ ལྷག་མ་མེད་པར་དབང་བསྡུས་ནས༔ བདག་མདུན་ལ་ཐིམ་ནུས་སྟོབས་རྫོགས༔ ཁམས་གསུམ་མ་ལུས་དབང་དུ་བསྡུས༔ སྲིད་གསུམ་མ་ལུས་ཟིལ་གྱིས་མནན༔ མཆོག་ཐུན་འཕྲིན་ལས་ཀུན་གྲུབ་བསམ༔ མ་ཡེངས་ཏིང་འཛིན་གསལ་གདབ་ཅིང་༔ གསང་བའི་སྙིང་པོ་འདི་བཟླའོ༔ ཧྲཱིཿམ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཕཊ༔ འབུམ་ཚོ་གཅིག་གཉིས་གསུམ་ལ་སོགས༔ གང་ཟག་དབང་པོའི་རིམ་པས་བཟླས༔ མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ༔ ཐུན་མོང་འཕྲིན་ལས་ཞར་ལ་འགྲུབ༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོག༔ ཡོན་ཏན་དཔག་ཏུ་མེད་པ་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ ཞལ་མཇལ་ལུང་སྟོན་དྲི་བཟང་འཐུལ༔ རྨི་ལམ་བཟང་རྟགས་སྣ་ཚོགས་ཏེ༔ དབང་བསྐུར་ཆོས་འཆད་ཁྲི་སྟན་འདུག༔ རྒྱན་སྤྲས་ཁྲུས་བྱས་རྣག་ཁྲག་འཛག༔ དར་འཕྱར་དུང་འབུད་རོལ་མོ་འཁྲོལ༔ གངས་རིར་འཛེག་དང་མཆོད་རྟེན་བསྐོར༔ ཆུ་ཟམ་འགྲོ་དང་མེ་འབར་འཕུར༔ བུད་མེད་ཚོགས་ཀྱིས་བསྐོར་བ་དང་༔ ཕྱག་མཚན་རྙེད་དང་ཐོད་ཆང་འཐུང་༔ དེ་སོགས་རྣམ་པ་སྣ་ཚོགས་འབྱུང་༔ དེ་ཚེ་རྟོག་པ་མི་བསྐྱིལ་ཞིང་༔ རང་སེམས་དག་པའི་ཆ་རུ་བསམ༔ སྒྲུབ་རྫས་རྣམས་ལས་དབང་བླང་ཞིང་༔ འདོད་པའི་དོན་ལ་གསོལ་བ་གདབ༔ དགེ་བ་བསྔོ་ཞིང་མཐའ་རྒྱས་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྒྲུབ་ཚེ་ཐུན་སྐབས་མཆོད་བསྟོད་འབུལ༔ བསྟོད་པ་བྱ་བ་འདི་སྐད་དོ༔ ཧཱུྃ༔ རྒྱལ་དང་རྒྱལ་བའི་ཡུམ་གྱུར་ཅིང་༔ ཤེས་རབ་མཆོག་གི་ཕྱག་རྒྱ་འཆང་༔ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ༔ དྷཀྐི་སྡེ་ལྔར་ཕྱག་འཚལ་བསྟོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མཁའ་འགྲོའི་གསང་སྒྲུབ་འདི༔ ཟབ་ལུང་མ་ཚོར་གཉན་ཕུག་ཏུ༔ སློབ་དཔོན་རྗེ་ལ་ལུང་ཞུས་ནས༔ ཁོ་མོས་ཤོག་སེར་ལོགས་ལ་བཏབ༔ མ་འོངས་དོན་བསམ་གཏེར་དུ་སྦས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ བོད་ཁམས་བདེ་བ་མཐའ་མིས་འཇོམས༔ རི་ལྕོགས་རེ་ལ་བཙན་རྫོང་བརྩིགས༔ རྒྱ་འདྲེ་འགོང་པོས་རྒྱང་གླུ་ལེན༔ དགེ་བཤེས་བན་བཙུན་སྲོག་ལས་བྱེད༔ བདུད་དང་འགོང་པོས་ས་སྟེང་ཁེངས༔ ཆོས་མེད་བཙུན་པས་སྡེ་དགོན་ཁྱབ༔ ཆོས་ལྟར་སྨྲ་ཞིང་སྡིག་ལྟར་སྤྱོད༔ གཡོ་སྒྱུ་ཟོལ་འཚོང་མནའ་ཆད་སྟོངས༔ དེ་དུས་སྦས་ཚུལ་མ་ངེས་སྤྱོད༔ སྐལ་ལྡན་སྐྱེས་བུ་ཉི་མ་གྲགས༔ གདམས་པ་འདི་དང་འཕྲད་ནས་ཀྱང་༔ རྐྱེན་བྲལ་དངོས་གྲུབ་འཐོབ་པར་ཤོག༔ ཤིན་ཏུ་གསོངས་ཤིག་ཨ་ཐམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་སཱུརྱ་ཀཱིརྟིས་གནས་མཆོག་ཆེན་པོ་ཤངས་ཟབ་བུ་ལུང་ནས་ཤིང་ཡོས་ལ་སྤྱན་དྲངས་ཤིང་། ལྕགས་བྱ་ལ་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོའི་ཀེའུ་ཚང་དུ་དཀྱུས་ཏེ་ཤོག་སེར་ལས་བསྒྱུར་བའོ། མངྒཱ་ལཾ། །


previousམཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།next