སྲུང་བཟློག་ཟབ་མོ་སྦས་པ།
ཕག་མོ་ནག་མོའི་ཟབ་ཐིག་ལས༔ སྲུང་བཟློག་ཟབ་མོ་སྦས་པ་བཞུགས༔ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ དགྲ་བོ་བྱད་མ་དར་དྲགས་ནས༔ བྱད་གཏད་ལ་སོགས་རྟགས་ཐུའམ༔ མི་མཐུན་བར་ཆད་བཟློག་འདོད་ན༔ སཱ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས༔ ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས༔ གནམ་ལྕགས་ཞུན་མ་ལས་གྲུབ་པའི་ཆོས་འབྱུང་བསམ་གྱིས་མི་ཁྱབ་པའི་ནང་དུ་འབྱུང་བ་ལྔའི་ཁམས་ལས་གྲུབ་པའི་བྱད་མ་རིད་ཅིང་ཉམ་ཐག་པ་ལྷ་དང་བྲལ་བ༔ དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར༔ དེའི་སྟེང་དུ་རཾ་ལས་མེ་ཡི་དཀྱིལ་འཁོར༔ དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར༔ དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར༔ དེའི་སྟེང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ དེའི་སྟེང་དུ་གསེར་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ འཁོར་ལོ་དེ་གཉིས་ཀྱི་ལྟེ་བའི་ཐད་དུ་ཀ་བའི་རྣམ་པ་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་ལ་བརྟན་པ༔ ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཟངས་མའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་སྣ་ཚོགས་རྡོ་རྗེའི་རྒྱ་གྲམ་ཞིག་བསྒོམ༔ དེའི་ལྟེ་བར་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་མི་རོའི་གདན༔ དེའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྨུག་ནག་གིས་མཚན་པ་ལས་འོད་འཕྲོས༔ ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས༔ འཁོར་འདས་ཐམས་ཅད་ཀྱི་བྱིན་རླབས་དང་ནུས་མཐུ་བསྡུས༔ ཚུར་འདུས་ཧཱུྃ་ལ་ཐིམ་ཞིང་༔ ཡོངས་སུ་གྱུར་པ་ལས་ཕག་མོ་ཁྲོས་མ་ནག་མོ་གཞུང་ལྟར་བསྐྱེད༔ ཡན་ལག་བཞི་ལ་ཕག་མོ་རིགས་བཞི༔ འཁོར་དུ་པདྨའི་འདབ་མ་ལ་སྡེ་བརྒྱད་མཁའ་འགྲོ༔ ཆོས་འབྱུང་གི་ཟུར་དྲུག་རྣམས་སུ་གོ་ཆའི་དཔའ་མོ་རྣམས་དང་སྒོ་མ་རྣམས་བསྐྱེད༔ དེ་ནས་ཕག་མོ་གསལ་བའི་སྙིང་ཤེལ་གྱི་མཆོད་རྟེན་ཁྲི་འཕང་བཅུ་གསུམ་དང་ལྡན་པ༔ བུམ་པ་བྲེ་ཏོག་འཁོར་ལོ་རྫོགས་པ་ལ་འོད་ཟེར་འབར་ཞིང་ནུས་མཐུ་དང་ལྡན་པར་བསྐྱེད༔ བུམ་པའི་ནང་དུ་རང་འདྲ་བའི་ཁྲོ་མོ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཨཱཿལས་ཟླ་བ་རཾ་ལས་ཉི་མ་སྟེ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་གསེར་རམ་གནམ་ལྕགས་ཀྱི་འཁོར་ལོའི་ལྟེ་བར་ས་བོན་ཧཱུྃ་ཡིག་མཐིང་ནག་འོད་ལྔའི་མདངས་དང་ལྡན་པ་ཞིག་གི་ཧ་ཁོག་གི་ཁོང་གསེང་དུ༔ ཚེ་མི་འགྱུར་བའི་ངོ་བོ་ཨ་ཡུ་ཥེ་དང་༔ སྲོག་མི་འགྱུར་བའི་ངོ་བོ་ཨཱཿདཀར་པོ་གནས་པར་བསྒོམས༔ དེ་ནས་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བདེན་པ་དང་༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་མཐུ་ལ་བརྟེན་ནས༔ བསྲུང་བྱའི་ཚེ་སྲོག་ལྷ་སྲིན་སྡེ་བརྒྱད་གནོད་བྱེད་བན་བོན་གྱི་སྲུང་མ་གང་གི་ལག་ཏུ་ཡོད་ཀྱང་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅེས་དྲག་ཏུ་བརྗོད་ཅིང་༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པའི་སྣ་ལ༔ སྤྲུལ་བའི་མཁའ་འགྲོ་མ་འཁོར་ལོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་ཏེ༔ གནོད་བྱེད་རྣམས་ཀྱི་ལག་ནས་ཚེ་སྲོག་ཐམས་ཅད་འོད་ཟེར་ཀྱི་རྣམ་པར་ཕྲོགས་ཤིང་༔ ས་བོན་ལ་ཐིམ་པས་ཨ་དང་ཚེའི་ངོ་བོ་ཡིག་འབྲུ་རྣམས་ཉི་ཟླའི་གཞལ་ཡས་ཁང་གི་ནང་དུ་འོད་ལྔ་ཆེས་ཆེར་འབར་ཞིང་གནས་པར་བསམས༔ ཉི་ཟླའི་གཞལ་ཡས་ཁང་དེའི་ཤར་ན་རྡོ་རྗེ་དཀར་པོའི་རྩིག་པ༔ ལྷོ་ན་རིན་ཆེན་སེར་པོའི་རྩིག་པ༔ ནུབ་ན་པདྨ་དམར་པོའི་རྩིག་པ༔ བྱང་ན་རྒྱ་གྲམ་ལྗང་གུའི་རྩིག་པ༔ སྟེང་ནས་འཁོར་ལོ་དཀར་པོས་ཁེབས་པ༔ དེའི་ཕྱི་རོལ་ན་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྐུའི་འོད་ཟེར་དཀར་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་གསུང་གི་འོད་ཟེར་དམར་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་ཐུགས་ཀྱི་འོད་ཟེར་སྔོན་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་ཡོན་ཏན་གྱི་འོད་ཟེར་སེར་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་གསུང་གི་འོད་ཟེར་དམར་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་ཐུགས་ཀྱི་འོད་ཟེར་སྔོན་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་ཡོན་ཏན་གྱི་འོད་ཟེར་སེར་པོའི་གུར་ཁང་༔ དེའི་ཕྱི་རིམ་ན་འཕྲིན་ལས་ཀྱི་འོད་ཟེར་ལྗང་གུའི་གུར་ཁང་༔ དེའི་ཕྱི་རིམ་ན་རྒྱུ་ཤེལ་ལས་གྲུབ་པའི་མཆོད་རྟེན་འོད་འབར་ཞིང་སྟོང་གསུམ་ཁེབས་པ་ཙམ་ལ་འཇིགས་སུ་རུང་བའི་ཏོག་གི་ནང་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ བརྒྱུད་ལྡན་གྱི་བླ་མ་རིགས་ལྔའི་སངས་རྒྱས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རིགས་གསུམ་གྱི་མགོན་པོ་རྣམས་བསྒོམ༔ གདུགས་ཀྱི་རྩིབས་མ་བརྒྱད་ལ་རིག་འཛིན་ཆེན་པོ་བརྒྱད༔ བྲེའི་གཞལ་ཡས་ཁང་ན་མགོན་པོ་ཚེ་དཔག་མེད༔ བུམ་པའི་ནང་ན་ཡི་དམ་སྒྲུབ་པ་བཀའ་བརྒྱད་དང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་༔ བང་རིམ་དང་པོ་ལ་སྤྲུལ་སྐུ་རྡོ་རྗེ་ཕག་མོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ༔ གཉིས་པ་ལ་སྤྱང་ཞོན་མ་ནག་མོ་ལ་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ༔ གསུམ་པ་ལ་སྟག་ཞོན་མ་དུད་ཀ་ལ་སྤྲུལ་པའི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ༔ བཞི་པ་ལ་འཕར་ཞོན་མ་དམར་ནག་ལ་ཞིང་སྐྱོང་གི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ༔ ལྔ་པ་ལ་དོམ་ཞོན་མ་སྔོ་ནག་ལ་འཇིག་རྟེན་གྱི་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ༔ གོས་སུ་ཞིང་ཆེན་གྱོན་ཞིང་གྲི་ཐོད་བསྣམས་པ་ལ་རབ་ཏུ་ཁྲོས་པའི་སྐུ་རུ་བསྒོམ༔ དེའི་འོག་རི་རབ་ནག་པོའི་འོག་ཏུ་ལྷ་སྲིན་སྡེ་བརྒྱད་རང་རང་གི་སྲོག་སྙིང་ལ་འཁོད་པ༔ དེའི་འོག་ས་གཞི་ཆེན་པོའི་ཞབས་སུ་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་པོའི་ནང་ན་བྱད་མ་དགྲ་བོ་མགོན་སྐྱོབ་དང་རྒྱབ་བརྟེན་གྱི་ལྷ་སྲུང་དང་བྲལ་བ༔ རིག་པ་ཉམ་ང་བ་དྲི་ཁ་བ༔ སྤྲུལ་བའི་མཁའ་འགྲོ་རྣམས་ཀྱིས་ནད་དང་མཚོན་ཆའི་ཆར་འབེབས་པར་བསྒོམ༔ དེའི་ཕྱི་རིམ་དུ་རྡོ་རྗེ་སྔོན་པོའི་གུར་ཁང་གི་ནང་དུ་མཁའ་འགྲོ་སྔོན་མོ་རྡོ་རྗེ་དང་ཐོད་ཁྲག་ཐོགས་པ་ཉི་ཁྲི་ཆིག་སྟོང་༔ དེའི་ཕྱི་རིམ་དུ་རིན་པོ་ཆེ་སེར་པོའི་གུར་ཁང་གི་ནང་དུ་མཁའ་འགྲོ་མ་སེར་མོ་རིན་པོ་ཆེ་དང་ཐོད་ཁྲག་ཐོགས་པ་ཉི་ཁྲི་ཆིག་སྟོང་༔ དེའི་ཕྱི་རིམ་པདྨ་དམར་པོའི་གུར་ཁང་གི་ནང་དུ་མཁའ་འགྲོ་མ་དམར་མོ་པདྨ་དང་ཐོད་ཁྲག་ཐོགས་པ་ཉི་ཁྲི་ཆིག་སྟོང་༔ དེའི་ཕྱི་རིམ་རྒྱ་གྲམ་ལྗང་གུའི་གུར་ཁང་གི་ནང་དུ་མཁའ་འགྲོ་མ་ལྗང་མོ་རྒྱ་གྲམ་དང་ཐོད་ཁྲག་ཐོགས་པ་ཉི་ཁྲི་ཆིག་སྟོང་༔ དེའི་ཕྱི་རིམ་གྲི་གུག་སྨུག་ནག་གི་གུར་ཁང་ནང་དུ་མཁའ་འགྲོ་མ་སྨུག་ནག་གྲི་ཐོད་ཅན་ཉི་ཁྲི་ཆིག་སྟོང་༔ དེའི་ཕྱི་རིམ་ན་མཚོན་ཆ་སྣ་ཚོགས་ཀྱི་གུར་ཁང་གི་ནང་དུ་སྟོད་དུ་ཡེ་ཤེས་ཀྱི་ཆོས་སྐྱོང་༔ རྐེད་པ་ན་སོ་མཚམས་པ༔ འོག་ཕྱོགས་སུ་འཇིག་རྟེན་འདིའི་སྲུང་མ་དམ་པ་རྣམས་ལ་ཁས་བླངས་དམ་ནོས་པའི་སྲུང་མ་རྣམས་ཏེ༔ རང་རྟགས་ཀྱི་ཕྱག་མཚན་སྣ་ཚོགས་འཛིན་པའི་གུར་ཁང་༔ དེའི་ཕྱི་རོལ་ན་རལ་གྲི་འབར་བའི་གུར་ཁང་༔ དེའི་སྟེང་ན་ག །སེར་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ལ་སོགས་པ་སྟེ་ཁྲོ་བོ་བསེ་ཁྲབ་ཅན་སྟོང་གིས་གཏམས་པ༔ འོག་ན་གནམ་ལྕགས་ཀྱི་འཁོར་ལོ་རྩིབ་སྟོང་དང་ལྡན་པ་ལ་ཡེ་ཤེས་ཀྱི་ཁྲོ་མོ་བཅུ་ལ་སོགས་པ་ལྕགས་ཁྲབ་གསོལ་བ་སྟོང་བསྒོམ༔ ཁྲོ་བོ་ཁྲོ་མོ་དེ་རྣམས་ལས་འོད་ཟེར་འཕྲོས་པས་གནོད་བྱེད་ཐམས་ཅད་རྡུལ་དུ་བརླག་པར་བསམས༔ འཁོར་ལོ་དེ་གཉིས་གཡས་གཡོན་དུ་འཁོར་བས་བྱད་མ་ལྷ་སྲུང་དང་བཅས་པ་ཤ་ཁྲག་དམར་ཕྲུ་ལུ་ལུ་འཐག་པར་བསམ༔ དེའི་ཕྱི་རིམ་ན་ཡཾ་ལས་རླུང་སྤུ་གྲི་འབར་བའི་གུར་ཁང་༔ དེའི་ཕྱི་རིམ་ན་རཾ་ལས་བསྐལ་བའི་མེ་ཆེན་མཆེད་པའི་གུར་ཁང་༔ དེའི་ཕྱི་རིམ་ན་བཾ་ལས་ཆུ་བོ་རྦ་ཀློང་འཁྲུག་པའི་གུར་ཁང་༔ དེའི་ཕྱི་རོལ་ན་ལཾ་ལས་དབང་ཆེན་གསེར་གྱི་ས་གཞི་འབར་བའི་ལྕགས་རི༔ དེའི་ཕྱི་རོལ་ན་མུ་ལས་མུན་པ་ནག་པོའི་གུར་ཁང་ལྷ་འདྲེ་སྟོང་གི་སྒྲིབ་ཤིང་སུས་ཀྱང་མཐོང་དུ་མི་ནུས་པ་ཞིག་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་ཀཱ་ལི་ཧ་རི་ནི་ས་སརྦ་དྷཀྐིི་ནི༔ ན་མཿས་མནྟ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱོཾ་ཨཱཿཧཱུྃ་ཨུཥྞི་ཥ༔ ཙཀྲ་ཝརྟི་ནི༔ སརྦ་ལོ་ཀི་དྷ་ར་ནི༔ ཡནྚ་མནྚ་ཏནྚ་བྷ་ར་ཧི་བྷྲཱུྃ་བྷ྄ཱུྃ་བྷྲ྄ཱུྃ༔ དྲུཾ་དྲུཾ་དྲུཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སྭཱ་ཧཱ༔ ཞེས་རང་ཉིད་ཁྲོ་མོའི་ང་རྒྱལ་གྱིས་བཟླས་པས་འཁོར་གྱི་སངས་རྒྱས་དང་བྱང་སེམས་དཔའ་དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་བཟླས་ཤིང་ཞལ་ཐམས་ཅད་ནང་དུ་གཟིགས་ཏེ་བསྲུང་བའི་ལས་མཛད་པར་བསྒོམས་ཤིང་ཕ་རོལ་གྱི་ནུས་པ་རང་གི་འདོད་དང་བསྟུན་ཏེ་བཟླ་བར་བྱའོ༔ བཟློག་པའི་དུས་སུ་ཞལ་ཕྱིར་གཟིགས་ཤིང་བཟློག་པའི་ལས་མཛད་པར་དམིགས་ཏེ་སྔགས་དམིགས་དེ་བཞིན་བསྒྱུར་ཤེས་པར་བྱའོ༔ ཐལ་མོ་བརྡབ་པའི་དུས་སུ་ལྷ་ཚོགས་ཐམས་ཅད་ཀྱིས་དུས་གཅིག་ལ་ཐལ་མོ་བརྡབས་པས་དགྲ་བོ་བྱད་མ་ལྷ་སྲུང་བརླག་པར་བསམ་པ་དང་༔ འཁོར་ལོའི་གུར་ཁང་དྲག་ཏུ་འཁོར་བས་རྡུལ་ཕྲན་དུ་བརླག་པར་བསྒོམ་པ་ནི་བཟློག་པའི་ཡང་གནད་དོ༔ རྫོགས་རིམ་ནི༔ ཕྱི་སྣོད་འཁོར་ལ་བསྡུ༔ འཁོར་རྣམས་རང་ལ་བསྡུ་ཞིང་ས་བོན་ཐིག་ལེ་ནཱ་དར་ཡལ་བར་བསམས་ཏེ་ཆོས་ཉིད་ངང་དུ་མ་བཅོས་པར་བཞག༔ སླར་ཡི་དམ་གྱི་ལྷ་སྒྱུ་མ་ལྟ་བུ་དང་རང་བྱུང་གི་གནས་ལུགས་དམིགས་སུ་མེད་པ་གཉིས་དབྱེར་མེད་ཟུང་འཇུག་ལམ་འཁྱེར་དུ་སྤྱོད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འདུས་ཉི་མ་གྲགས་པ་རྩལ་གྱིས་རཀྴ་ཀོ་ཊི་ནས་གདན་དྲངས་ཤིང་ཤོག་སེར་བརྡའི་ཡི་གེ་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལམ།། །།