ཉིན་བརྒྱད་པའི་ཆོས་ཁྲིད།
ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་གྱི་དོན་དུ་བསམ་པ་ནི། ཆོས་བཤད་རུང་། ཉན་རུང་། ཚིག་བཏོན་རུང་། དོན་སེམས་རུང་། ཐ་ན་ལུས་ངག་གི་དགེ་སྦྱོར་ཕྱག་རྡོག་གཅིག མ་ཎི་ཕྲེང་སྐོར་གཅིག དགེ་སེམས་སྐད་ཅིག་མ་སྐྱེས་པ་ཡན་ལ་འབྲལ་མི་ཉན་པ་ཡིན་ཏེ། ཆོས་སྒྲུབ་པ་དེ་ཐེག་ཆེན་གྱི་ཆོས་ལ་འགྲོ་དང་མི་འགྲོའི་ཚད་ཤིང་ཉག་གཅིག་ཡིན་པའི་ཕྱིར། དེས་ན་སེམས་ཅན་གཞན་དོན་ལ་སེམས་པའི་བསམ་པ་ཞིག་མིན་ཚེ་རང་དོན་ཡིད་བྱེད་ཀྱི་བློ་ཡིན་ངེས་པས། དེ་ལྟ་བུའི་རང་དོན་ཡིད་བྱེད་ཀྱི་སྒོ་ནས་ཆོས་སྒོམ་སྒྲུབ་ཉན་བཤད་གང་བྱས་ཀྱང་ཐེག་ཆེན་གྱི་ཆོས་སུ་མི་འགྱུར་བར་ཐོག་མ་ཉིད་ནས་དམན་ལམ་དུ་བསྙེགས་སོང་བ་ཡིན་པས། དེ་ལྟ་བུའི་ལམ་འོག་མར་ཞུགས་ནས་ཕྱིན་ཚེ་ཐོན་ས་མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་སུ་མི་ཉེ་སྟེ། དེའི་ཕྱོགས་སུ་མ་སོང་ཚེ་དེ་ལ་ཐོན་པའི་དོན་མེད་པའི་ཕྱིར། གཞན་དོན་གྱི་བསམ་པ་མ་བཟུང་ཀྱང་རང་དོན་གྱི་བསམ་པ་ཁོ་ན་ཡང་མ་བཟུང་སྙམ་ན་དེ་ནི་ལུང་མ་བསྟན་ཡིན། ཆོས་ཉན་པའི་སྐབས་ཀྱི་སྤང་བྱའི་ཀུན་སློང་མི་དགེ་བ་དང་། འཇིག་སྐྱོབ་དང་། ལེགས་སྨོན། ལུང་མ་བསྟན་རྣམས་ལས་མ་འདས་པ་ཡིན། དེ་སྤང་དགོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་སྐྱེས་བུ་ཆེན་པོའི་ལམ། གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་བློ་སྟོབས་ཆེན་པོའི་ས་ལ་ཡང་མ་ཕྱིན། སྐྱེས་བུ་འབྲིང་ཉན་རང་གཉིས་ཀས་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་ངེས་འབྱུང་གིས་བསྐུལ་ཏེ་རང་ལམ་གྱི་ཐར་བ་སྒྲུབ་པའི་འབྲིང་གི་བསམ་པ་ཡང་མེད། ཐ་ན་སྐྱེས་བུ་ཆུང་ངུས་ཕྱི་མར་ལྷ་མིའི་གོ་འཕང་ཐོབ་པ་དང་ངན་སོང་གི་སྡུག་བསྔལ་མི་མྱོང་བ་ཞིག་བསྒྲུབ་དགོས་སྙམ་པའི་བསམ་པ་ཙམ་ཡང་མེད་ཚེ། དེ་ལ་དམིགས་ཡུལ་གཏན་ནས་མེད་པ་ཡིན། དེ་བས་རི་དྭགས་ཀྲིཥྞ་ལ་སོགས་པས་འགྲོ་ལམ་གྱི་སྲོག་ཆགས་ཆུང་ངུ་ལ་གནོད་སྐྱེལ་བར་དོགས་ཏེ་སྣའི་རླུང་གིས་འབུ་སྦྲང་སྤུར་ནས་འགྲོ་ཤེས་པ་དང་། ཡང་སྲོག་ཆགས་ལ་ལས་ས་འགུལ་ལ་སོགས་འབྱུང་བའི་དགྲ་དང་གནོད་འཚེ་སྔོན་དཔག་བྱེད་ཤེས་པའང་ཡིན་ན། མི་ཞིག་ཡིན་ནས་མགོ་གྱེན་དུ་བསྟན་ནས་འགྲེངས་ཏེ་འགྲོ་ཁུལ་བྱེད་པ་ཡིས་འདས་མ་འོངས་འདི་དང་ཕྱི་མའི་གནད་ཅིག་ཧ་གོ་ནས་དེ་བསྒྲུབས་ན་འདི་འགྲུབ་སྙམ་པའི་དམིགས་ཡུལ་ཞིག་མེད་ཚེ། སྨྲ་ཤེས་རོ་ཐོ་སུ་ཡིས་སྐྱོབ་ཅེས་པའི་ཉམ་ཐག་གི་གནས་སུ་ལྷུང་བ་ཡིན། དེས་ན་དམ་པའི་ལྷ་ཆོས་གང་སྒྲུབ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ། ཤིན་ཏུ་ཐེག་རྩེའི་རྣལ་འབྱོར་གྱི་ལམ་ལ་ཞུགས་ནས་རང་ལམ་མདོ་སྔགས་གཉིས་ཀྱི་ཐུན་མོང་གི་བསྒྲུབ་བྱ་ཐོག་མ་ཉིད་ནས་མེད་དུ་མི་རུང་བ་ནི། དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་བའི་སྒོ་ནས། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གསལ་གདབ་དགོས། དེ་ཡང་མིན་པ་ཞིག་ལ་ཡིན་པར་བཟུང་བ་མིན་པར་ཡིན་པ་ལ་ཡིན་པའི་ངེས་ཤེས་ཡོད་པས་ཆོག་པ་ཡིན། དེ་ཡང་ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་ཆོས་ཉིད་རང་བྱུང་གི་དགོངས་པ་གཡོས་པ་ནས་བཟུང་སྟེ་ད་ལྟ་སོ་སོ་སྐྱེ་བོའི་སེམས་རྒྱུད་ལ་ས་བོན་གསོས་ཐེབས་པའི་དཀར་བོ་རྣམ་པར་འཕེལ་བ་རང་རེའི་རྒྱུད་དོན་འགྲོལ་བ་ཡན་ཆད་ལ་ཕུན་སུམ་ཚོགས་པ་ལྔ་རང་ཤུགས་ཀྱིས་ཚང་བ་ཡིན་ཏེ། དེ་ཡང་སྔར་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་ནས། སྟོན་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཁྱབ་བདག་རིགས་དྲུག་པ་གང་དེས། ཉིད་ལས་མི་གཞན་པའི་འཁོར་རང་སྣང་རིགས་ལྔའི་རྒྱལ་བ་ལྔ་ལ། ཆོས་རྫོགས་པ་ཆེན་པོ་སྒྲ་ཚིག་བརྗོད་པ་དང་བྲལ་བ་དེ། གཞི་རྫོགས་འཕོ་འགྱུར་དང་བྲལ་བའི་དུས་སུ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་རང་སྣང་བ་དེ་ནི་ཆོས་སྐུའི་དུས་ཀྱི་ཕུན་སུམ་ཚོགས་པ་ལྔའོ། །ཆོས་སྐུ་དེ་ལས་ཕྱིར་གསལ་མཚན་དཔེའི་བདག་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་མཚན་རྫོགས་རྡོ་རྗེ་འཆང་གི་སྐུར་བཞེངས་ནས། གནས་རང་སྣང་ལོངས་སྐུའི་ཞིང་ཁམས་ན། འཁོར་རིགས་ལྔ་ཚོམ་བུའི་ལྷ་ཚོགས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དག་པའི་སེམས་པ་སེམས་མ་དང་བཅས་པ་ལ། ཆོས་བདེ་སྟོང་བརྗོད་པ་དང་བྲལ་བའི་འཁོར་ལོ། དུས་འཁོར་བ་ཇི་སྲིད་དུ་བསྐོར་བ་ནི་ལོངས་སྐུའི་དུས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལྡན་ནོ། །དེ་ལས་སྐྱེས་བུའི་བྱད་དང་མེ་ལོང་གི་གཟུགས་བརྙན་ལྟར་ཕྱེད་སྤྲུལ་ལོངས་སྐུའི་སྟོན་པས། འཁོར་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ལ། ཐུན་མིན་གསང་ཆེན་གྱི་ཆོས་འཁོར་བསྐོར་བ་ནས་ལྷ་མིའི་གནས་སུ་གསང་ཆེན་རྡོ་རྗེའི་ཐེག་པ་རྒྱུད་ལུང་མན་ངག་གི་ཆོས་འཁོར་དེ། དུས་ཚེ་ལོ་བརྒྱ་བའི་སྐབས་སུ། སྟོན་པ་ཐུབ་པ་ཆེན་པོས། གནས་མ་ངེས་པ་སྣ་ཚོགས་པའི་གནས་དེ་ནས། འཁོར་ལྷ་དང་མིའི་རིག་འཛིན་ལ། ཆོས་སྡེ་གསུམ་ཀློང་དགུའི་ཆོས་འཁོར་ཐུན་མིན་དང་ཐུན་མོང་གི་སྣང་ཚུལ་ལ་བསྐོར་བ་དེ་སྤྲུལ་སྐུའི་དུས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལྡན་ཡིན་ནོ། །དེ་དང་མཐུན་པར་བཤད་ན་དེང་སང་སྙིགས་མ་ལྔ་བདོ་ལ་ཐུག་ན་ཡང་དུས་གསང་སྔགས་བྱོན་པའི་སྒྲོན་བསྐལ་མ་ནུབ་པའི་སྐབས་འདིར། སྟོན་པ་བརྒྱུད་པ་གསུམ་གྱི་བླ་མས་བྱིན་རླབས་མོས་ལྡན་གྱི་བུ་ལ་བཞག་ནས་དགོངས་པ་དུས་གཞན་དུ་གཏད་པ་དེས། འཁོར་མ་འོངས་བསྟན་རྒྱུན་འཛིན་པའི་སྐྱེས་ཆེན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམ་པ་ལ། གནས་དམ་པས་བྱིན་གྱིས་བརླབས་པའི་གདན་ས་གྲུབ་བརྙེས་རིག་འཛིན་གོང་མའི་རྗེས་ཤུལ་འཇའ་ལུས་འོད་སྐུར་གཤེགས་པའི་གནས་མཆོག་ནས། ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་རྒྱུད་ལུང་མན་ངག་གི་ཉིང་ཁུ་མ་མཁའ་འགྲོའི་གསང་མཛོད་འགྲེལ་བཞིན་ཡོད་པས་ཕུན་སུམ་ཚོགས་པ་ལྔ་བོ་དེ་ད་ལྟའི་སྐབས་སུའང་དེ་ལྟར་ཚང་བ་ཞིག་ཡིན། དེས་མི་ཚད་པར་གང་ཟག་རེ་རེའི་ངོས་ནས་ཡིན་ནའང་གདན་གསུམ་ལྷ་ཡི་དཀྱིལ་འཁོར། མ་ཧཱ་ལྟར་དུ་ཡིན་ན་ལུས་སྣང་སྟོང་ལྷ་ཡི་དཀྱིལ་འཁོར། ངག་སྨྲ་བརྗོད་གསུང་གི་རང་སྒྲ། ཡིད་དྲན་རྟོག་ཐུགས་ཀྱི་རོལ་བ། ལྷག་པའི་བདེན་པ་དབྱེར་མེད་ཡིན་པ་རེད། ཨ་ནུ་ལྟར་དུ་བྱས་ན། དཀྱིལ་འཁོར་རྣམ་གསུམ་ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་ཆེན་པོ། ཨ་ཏི་ལྟར་ན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་རིག་སྟོང་གསལ་འཕེལ་འགྲིབ་བྲི་གང་དང་བྲལ་བ་བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་རྣལ་འབྱོར་ཕོ་མོ་ཤ་སྟག་ཡིན་པས་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་མེད་ན་ཡང་ཨེ་ཡོད་བལྟ་བ། མོ་གཤམ་གྱི་བུ་བོས་ནས་ཁྱོད་ཀྱིས་རི་བོང་གི་རྭ་བཟུང་ནས་སྦལ་བའི་རྒྱབ་ཀྱི་སྤུ་ཞིག་འཐོག་ཤོག་ཅེས་པ་ལྟ་བུའི་འགྲུབ་རྒྱུ་མེད་པའི་ཡིད་སྨོན་དང་ལག་ཏུ་མི་ཡོང་བའི་སྟོང་གཏམ་ཞིག་མིན་ནོ། །དེས་ན་ཆོས་ཞུ་བའི་སྐབས་སུ་སེམས་བསྐྱེད་དང་། སྤོབས་པ་དང་། དག་དྲན་ཚང་མ་གང་གི་ཕྱོགས་ཡིན་ཡང་མ་འདྲ་ཙམ་ཞིག ཆོས་ཞུ་རྒྱུ་མི་འདྲ་བ་རྫོགས་ཆེན་དོན་རྒྱུད་ཀྱི་མན་ངག་ཡིན་ལ། ཞུ་ལུགས་མི་འདྲ་བ་ཐུན་མོང་ཐུན་མིན་གྱི་ཀུན་སློང་ཀུན་སྤྱོད་ཀྱི་སྟེང་དུ་དུས་སྙིགས་མའི་སྐབས་སུ་ངེས་དོན་སྙིང་པོའི་བསྟན་སྲོག་གི་སྐྱ་ཡ་ནས་བཟུང་སྟེ་སྒྲུབ་འབྲས་ལག་ཏུ་མ་ཡོང་བར་ལག་སྟོང་མི་ཚེ་སྟོང་ལོག་ཏུ་འགྲོ་རེ་སྐན་བསམ་པའི་ཆོད་སེམས་ཡོད་པའི་ཐོག་ནས་གསན་དགོས། གོང་དུ་ཆོས་རྣམ་དག་སྒྲུབ་པ་ལ་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ་དང་། ལམ་འཁྲུལ་བ་སེལ་བ་ལ་སྨོན་པ་ཙམ་གྱིས་མི་ཕན་པར། བྱ་དངོས་ཀྱི་ཐོག་ནས་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་ངེས་ཀྱི་འཁྲུལ་བ་རང་གིས་སེལ་དགོས་པས། ཆོས་བཞི་རིན་པོ་ཆེ་ལས་གསུངས་པ་ལྟར། བཞི་བ་འཁྲུལ་བ་ཡེ་ཤེས་སུ་དག་པ་ནི། ད་ལྟའི་སྐབས་སུ་རང་རེ་ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་རྣམ་གསུམ་གྱིས་དུས་རྟག་ཏུ་མནར་ནས་བདེ་བའི་གོ་སྐབས་མེད་པ་ནི། འཁྲུལ་བའི་གཞན་དབང་དཔེར་ན་གཉིད་མོ་ཆེའི་རྨི་ལམ་ལྟ་བུ་དེའི་དབང་དུ་སོང་བས་ལན་པ་ཡིན་པས། གཉིད་དེ་སད་ནས་སྡུག་བསྔལ་རྣམ་པ་གསུམ་པོའི་འཆིང་ཐག་ལས་འགྲོལ་དགོས་ན་འཁྲུལ་བ་དག་ནས་ཡེ་ཤེས་སུ་འཆར་དགོས། མ་འཁྲུལ་བའི་ཆོས་ཁམས་ཡེ་ནས་འགྱུར་མ་མྱོང་བའི་གནས་ལུགས་འོད་གསལ་བའི་ཆ་དེ་ལ་ཡེ་ཤེས་ཟེར་ཞིང་། འཁྲུལ་བ་ཟློག་ནས་མ་འཁྲུལ་བར་སད་པར་བྱེད་པ་ལ་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་གནད་དང་བསྟུན་ནས། འཁྲུལ་བའི་རྩ་བ་ལས་དང་ཉོན་མོངས། དེ་ལས་ཀྱང་ཉོན་མོངས་པ། དེ་ལས་ཀྱང་ཉོན་མོངས་ཐམས་ཅད་ཀྱི་ཁྱབ་བྱེད་སྲིད་རྩ་བདག་འཛིན་གྱི་རྩ་བ་མ་རིག་པ་འདི་ལ་ཐུག་ཡོད་པས། ཉོན་མོངས་གང་སྐྱེས་དབྱིངས་སུ་རྣམ་པར་དག་ནས་རང་གསལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་མངོན་དུ་གྱུར་པ་ནི་འཁྲུལ་རྟོག་ཡེ་ཤེས་སུ་དག་པ་ཞེས་བྱའོ། །དེ་ལྟ་བུའི་འཁྲུལ་རྟོག་ཡེ་ཤེས་སུ་དག་པའི་ཆེད་དུ་ཉམས་ལེན་གྱི་ལམ་གནད་ཟབ་མོའི་ཐབས་ལ་གོམས་པར་བྱ་དགོས་པ་སྨྲོས་མ་དགོས་ལ། དེ་ཡང་ཉོན་མོངས་པ་གཉེན་པོས་སྦྱོང་བ་དང་། ཐབས་ཀྱིས་བསྒྱུར་བ་དང་། རང་སར་རྣམ་པར་གྲོལ་བ་དང་། མ་སྤངས་དབྱིངས་སུ་དག་པ་སྟེ། མདོར་ན་གདུལ་བྱ་རང་རང་གི་ཁམས་དབང་མོས་པ་བསམ་པའི་ཁྱད་པར་དང་བསྟུན་ནས་དེ་དག་ལས་གང་འདོད་པ་དང་ཇི་ལྟར་བསླབ་ན་ཡང་། མཐར་ཐུག་ཉོན་མོངས་པ་འགགས་ཤིང་ཞི་བའི་དོན་དུ་གཅིག་གོ །དགོས་སུ་ཐེག་མཆོག་རྒྱལ་པོའི་དགོངས་པ་ལ་འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་ཏེ་དུག་ལྔ་གང་སྐྱེས་ཀྱང་། སྐྱེས་པའི་ངོ་བོ་དེ་ཉིད་ངོས་ཟིན་དུས་རང་བཞག་རང་སར་གྲོལ་བའི་གནད་དང་ལྡན་ན་དུག་ལྔ་ཡེ་ཤེས་ལྔ་རུ་དག་སྟེ། འདོད་ཆགས་ཡུལ་རྗེས་མ་ཞེན་ཞེན་བློ་ལྟོས། །ཞེན་སྣང་རང་ཤར་རང་གྲོལ་བདེ་སྟོང་ངང་། །བདེ་སྟོང་སོར་རྟོག་ཡེ་ཤེས་ལོགས་ན་མེད། །གསུངས་པ་ལྟར་། འདོད་ཆགས་བདེ་སྟོང་སོར་རྟོག་ཡེ་ཤེས་སུ་གྲོལ། ཞེ་སྡང་གསལ་སྟོང་མེ་ལོང་ཡེ་ཤེས་སུ་གྲོལ། གཏི་མུག་རིག་སྟོང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ། ང་རྒྱལ་ཡེ་སྟོང་མཉམ་ཉིད་ཡེ་ཤེས་སུ་གྲོལ། ཕྲག་དོག་བློ་སྟོང་བྱ་གྲུབ་ཡེ་ཤེས་སུ་གྲོལ་ནས། བདེན་འཛིན་བློའི་འཛིན་སྟངས་ཕྲ་རགས་ཐམས་ཅད་རང་སར་གྲོལ་ནས་སྤྲིན་བར་སྣང་དུ་དེང་ནས་གར་སོང་མེད་པ་བཞིན། ཞེན་མེད་རང་གྲོལ་འཁོར་འདས་ཆོས་སྐུར་རྟོགས་པའི་གདེང་རྙེད་ཐུབ་པའོ། །དེའི་དུས་སུ་འཁོར་བ་སྤངས་ནས་མྱང་འདས་བཙལ་མི་དགོས་པའི་ཚད་ལ་འཁྱོལ་ཏེ། གང་སྣང་སྣང་བ་དོན་གྱི་གསལ་འདེབས་མེ་ལོང་ལྟ་བུ་དེའི་ངོས་ན། གང་ཤར་ཤེས་པ་རང་གྲོལ་ཆོས་སྐུའི་རང་རྩལ་དེ་ཆུ་དང་རྦ་རླབས་བཞིན་ཆོས་སྐུ་གཅིག་གི་ཡོ་ལང་དུ་ཕྱམ་གཅིག་པའོ། །འདི་ལྟ་བུའི་མཐར་ཐུག་དོན་གྱི་དགོངས་པ་ལྟ་བ་ཀུན་གྱི་ཡང་རྩེ་རྫོགས་པ་ཆེན་པོའི་ལམ་དུ་ཞུགས་ནས། སྐབས་སུ་བབས་པ་གང་གསན་པར་བྱ་བ་ནི། རྫོགས་ཆེན་སྡེ་གསུམ་ཀློང་དགུའི་གསང་མཛོད་གྲུབ་བརྙེས་རིག་འཛིན་གོང་མའི་ཐུགས་བཅུད། རྒྱལ་གསུང་བཀའ་ཡི་ཆོས་མཛོད་དང་དགོངས་འགྲེལ་མཁས་པའི་བསྟན་བཅོས་ལྟ་ཅི་སྨོས་བསྟན་པ་ཡོངས་རྫོགས་ཀྱི་ཟབ་གནད་ཆ་ཚང་བཅུད་འདྲིལ་གྱིས་འདུས་པ། ཀློང་ཆེན་མཛོད་བདུན་ཞེས་མཚན་སྙན་པའི་གྲགས་པ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་ཁྱབ་པའི་བསྟན་བཅོས་ཆེན་པོ་གླེགས་བམ་རིན་པོ་ཆེ་རྣམ་པ་བདུན་གྱི་གྲངས་དང་ལྡན་པ་འདི་ཉིད་འཆད་ཉན་བྱེད་པའི་བགོ་སྐལ་བཟང་པོ་ཐོབ་པ་ཡིན་ལ། འདིའི་མཛོད་ཆེན་བདུན་འདིའི་མཚན་དང་ནང་དོན་རགས་རིམ་གྱི་ཆ་ནས་ཞུས་ན། ཡིད་བཞིན་རིན་པོ་ཆེའི་མཛོད། རྩ་བ་ལེའུ་ཉེར་གཉིས་ཀྱི་བདག་ཉིད་ཅན། དེའི་འགྲེལ་བ་ཊིཀཱ་ཆེན་པདྨ་དཀར་པོ། འདི་རྩ་འགྲེལ་གཉིས་ཀས་མདོ་རྒྱུད་བསྟན་བཅོས་མཐའ་དག་གི་དོན། ཐོས་བསམ་སྒོམ་པས་གཏན་ལ་འབེབས་ཚུལ་དང་ཐེག་པ་དང་གྲུབ་མཐའ་སྤྱིའི་གནད་སྟོན་པའོ། །གྲུབ་མཐའ་མཛོད་ནི་ལེའུ་བརྒྱད་ཀྱི་བདག་ཉིད། འདིས་གྲུབ་མཐའི་གཙོ་བོ་ནང་བ་སངས་རྒྱས་པའི་མདོ་སྔགས་ཀྱི་གྲུབ་མཐའ་དང་། གསར་རྙིང་གི་བཞེད་སྲོལ་བསྟན་ཡོད་དོ། །ཞལ་གདམས་ཉམས་ལེན་གྱི་གནད་ལ་དྲུག་ཚན་དྲུག་གི་ཆིངས་ཀྱིས་བཅིངས་པ་མན་ངག་རིན་པོ་ཆེའི་མཛོད། འདིས་རྫོགས་པ་ཆེན་པོའི་ལམ་གྱི་སྔོན་འགྲོ་ལྟ་བུ་ཞིག་མཛད་ཡོད་དོ། །དེས་མཛོད་གསུམ་རེད། ད་ལོ་ངོ་མས་བཤད་ན་མན་ངག་མཛོད་བློ་སྦྱོང་ལྟར་དུ་བཀྲལ་ནས་སྔོན་དུ་འདོན་དགོས་པ་ཡིན་ཡང་ད་ལོ་རྩ་བའི་དངོས་གཞིའི་ཁྲིད་དང་གོ་གཅིག་ཆོད་ཏུ་ཚིག་དོན་མཛོད་ཞལ་ཕྱེ་རྒྱུ་རེད་སོང་བ་ནི། གཙོ་བོ་ཉམས་ལེན་པ་རྙིང་པ་རྣམས་ཀྱི་དགོས་མཁོ་དང་བསྟུན་པ་ཡིན། དེ་ནས་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ། དེའི་འགྲེལ་བ་ལུང་གི་གཏེར་མཛོད། དཔལ་སྤྲུལ་ཚང་གིས། ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །གསུངས་པ་དེའོ། །གནས་ལུགས་རིན་པོ་ཆེའི་མཛོད་ནི། རྩ་བ་ལེའུ་ལྔ་བ་དེའི་དགོངས་འགྲེལ་དང་བཅས་པ། འདི་རྫོགས་ཆེན་སྡེ་གསུམ་ཀློང་དགུའི་ཀ་དག་ཁྲེགས་ཆོད་ཀྱི་དོན་འགྲེལ་གཙོ་བོར་བྱས་པ་གསང་བ་མན་ངག་སྡེའི་ཁྲེགས་ཆོད་ཀྱི་ཉམས་ལེན་དང་མཐུན་པ་རྡོ་རྗེའི་གནས་ལྔ་ཡིས་བསྟན་པ་ཞིག་གོ །ཐེག་མཆོག་མཛོད་ནི། རིམ་ཁང་ཉེར་ལྔ་དང་ལྡན་པ་འདི་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེའི་རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་དོན་གྱི་འགྲེལ་བ་ཡིན་ནོ། །ཚིག་དོན་རིན་པོ་ཆེའི་མཛོད་རྡོ་རྗེའི་གནས་བཅུ་གཅིག་གི་ཆིངས་སུ་བཅིངས་ནས་བསྟན་པ་འདིས་ནི་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ནས་མཐར་ཐུག་འབྲས་བུའི་གྲོལ་ས་དང་བཅས་པ་བསྟན་པ་རང་རེས་ད་ལྟ་འཆད་ཉན་བྱེད་བཞིན་པ་འདི་ཡིན། འདི་ཐོག་མ་འཆད་ཉན་དགོས་པ་ནི། གོང་ནས་ཞུས་པ་ལྟར་འདི་ནི་མན་ངག་གནད་ཀྱི་ལམ་འཁྱེར་རྫོགས་ཆེན་མན་ངག་སྡེ་སྤྱིའི་མདོ་ཆིངས་ལྟ་བུ་ཞིག་ཡིན། རང་རེས་འདས་པའི་ལོ་དྲུག་ད་ལོ་དང་ལོ་བདུན་གྱི་རིང་ལ་གདན་ས་འདིའི་གཙུག་ལག་ཁང་འདིའི་ནང་ནས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཁྲིད་ཡིག་ཆེན་མོ་དེ་དབྱར་ཁ་ལག་ཁྲིད་དང་བཅས་པའི་ཆོས་ཁྲིད་ཁྲིད་སྦྱོང་སྦྲགས་མ་བྱས་པས་མ་ཚད། དགུན་ཁར་ཉམས་ལེན་ཐུན་དུ་བཅད་ནས་སྒོམ་པ་ཉིན་མཚན་ཁ་སྦྱོར་གྱི་བརྩོན་པ་གནང་མཁན་འདིར་བཞུགས་ཕལ་ཆེ་བ་ཡིན་པས། དེའི་རྒྱབ་རྟེན་དུ་ད་ལོའི་སྐབས་འདིར་ཚིག་དོན་རིན་པོ་ཆེ་འདི་ཁྲིད་ན་འབྲེལ་ཆགས་པས་མ་ཚད་ཉམས་ལ་ཡང་རན་པ་ཞིག་ཡིན་པས་དེའི་ཐོག་ཏུ་མན་ངག་མཛོད་སོང་ན་སྔོན་འགྲོ་དངོས་གཞི་གཉིས་ཀའི་གྲོགས་སུ་འགྲོ་བས། དེ་ཉིན་དང་པོར་གཉིས་ཀ་ཨེ་འགྲོ་སྙམ་པ་ཡིན། འོན་ཀྱང་དུས་ཚོད་ཀྱི་བཀོད་སྒྲིག་གིས་མ་འདང་བས། དེའི་ཚབ་ཏུ་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་སོང་ནས་བློ་མཆོག་དམན་འབྲིང་གསུམ་ལ་ཕན་ཐོགས་ཡོད་པ་ཞིག་ཀྱང་བྱུང་སོང་། སྐབས་སུ་བབས་པ་རྫོགས་པ་ཆེན་པོ་གསང་བ་བླ་མེད་འོད་གསལ་ཆེན་པོའི་གནས་གསུམ་གསལ་བར་བྱེད་པའི་བསྟན་བཅོས་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པར་བྱེད་པ་ལ། དེ་ཡང་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆིངས་གསུམ་གྱིས་བཅིངས་ནས་བཤད་པའི་སྐབས་ནས་ད་ལྟ་ནི་བར་བའི་སྐབས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པ་ལས་དྲུག་པ་འོད་གསལ་གྱི་སྒོ་བཤད་པ་ལ། འཆར་གཞི་མིག་གཉིས་ནས་ཇི་ལྟར་འཆར་བའི་འབྲེལ་བཀོད་པས་མདོར་བསྟན་པ་དང་། འཆར་བྱེད་སྒྲོན་མ་དངོས་སོ་སོར་བསྟན་པས་རང་བཞིན་རྒྱས་པར་བཤད་པའི་སྐབས་དང་གཉིས་ལས། དང་པོ་སོང་ནས་གཉིས་པའི་སྐབས་ལས་ཀྱང་འགའ་ཞིག་སོང་སྟེ།
ཁ ཐིག་ལེ་སྟོང་པའི་སྒྲོན་མའི་རང་བཞིན་རྒྱས་པར་བཤད་པ།
དེ་རིང་གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མ་རྒྱས་པར་བཤད་པ་ལའང༌། ངོ་བོ། ངེས་ཚིག མཚན་ཉིད། དབྱེ་བ། རྟེན། གནས། ཡུལ། སྒོ། རང་བཞིན། ཚད། དངོས། དཔེ། གནད་དང་བཅུ་གསུམ་ལས། ངོ་བོ་ནི་རང་གསལ་ཀ་དག་སྟོང་པའི་རང་གདངས་སུ་གནས་ཏེ། སྒྲོན་མ་འབར་བ་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པས། །འདི་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེའི་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམས་ཀྱི་སྤྱོད་ཡུལ་ཐོབ། །དེ་ཕྱིར་དེ་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུ་བྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་ཉིད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །མ་བསྐུར་རང་དབང་བཞི་རྫོགས་ཕྱིར། །དམར་པོ་རང་གསལ་ཡེ་ནས་དྭངས། །དྲི་མ་མེད་ཅིང་ཀ་དག་པས། །བདག་འཆིང་ཉོན་མོངས་རྣམས་དང་བྲལ། །རང་གིས་རང་གསལ་ངོ་བོ་སྟོང༌། །འདི་ནི་དེ་ཡི་ངོ་བོར་འདོད། །ཐིག་ལེ་སྟོང་སྒྲོན་གྱི་ངོ་བོ་ནི། ཀ་དག་སྟོང་པའི་རང་གདངས་ཕྱི་རུ་ཤར་བ་དེ་སྟོང་པའི་མུ་དང་ཡང་བྲལ་བའི་མཐའ་བྲལ་ཞིག་ཡིན་པས་ཉག་ཅིག་གྲྭ་ཟུར་མེད་པའི་ཐིག་ལེ་གཅིག་ཏུ་བཟླུམས་པ། ཆ་ཕྲ་བའམ་ཟབ་ཅིང་གཏིང་མཐའ་བྲལ་བ་རང་གསལ་མཉམ་པ་ཉིད་ཡིན་པར་བསྟན་པའོ། །ཅེས་སོ། །ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང༌། །སྟོང་པ་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་སེལ་སྣང་བར་འགྱུར། །ཞེས་པ་དང༌། སྔ་མ་དེ་ཉིད་ལས། ཐིག་ནི་མི་འགྱུར་དྲང་པོ་ལ། །ཡེ་ནས་བཅོས་པ་ཉིད་དང་བྲལ། །ལེ་ནི་གདལ་བ་ཆེན་པོ་ལ། །སྣང་བ་རྣམས་ནི་རང་སར་རྫོགས། །སྟོང་པ་དངོས་པོ་འཛིན་པ་ནི། །ཡུལ་ལ་ཞེན་པའི་བློ་རྣམས་བཀག །རང་བཞིན་སྟོང་པ་ཆེན་པོ་ཡི། །གསལ་བར་རང་ཞེན་བློ་མི་སྣང༌། །སྒྲོན་མས་འོད་ལྔ་སྣང་བར་ནི། །བྱས་ཏེ་རང་ངོ་གསལ་རིག་བཅས། །འདི་རྣམས་ངེས་པའི་ཚིག་ཡིན་ནོ། །རྒྱུད་ཀྱི་འགྲེལ་ལུགས་ལྟར་དུ་བྱས་ན་རང་གནས་ཀྱི་འོད་གདངས་དེ་ཉིད་མི་འགྱུར་བས་ན་ཐིག ཡུལ་ལ་ཁྱབ་པར་གདལ་བས་ན་ལེ། དངོས་པོར་ངོས་གཟུང་དུ་མེད་པས་སྟོང་པ། སྟོང་པའི་རང་འོད་དེ་འོད་ལྔ་ཡིན་པས་ན་སྒྲོན་མའོ། །ཞེས་སོ། །མཚན་ཉིད་ནི་ཚོན་གང་འོད་ཀྱི་ཐིག་ལེ་གང་ཞིག་རང་གསལ་ཟླུམ་ཞིང་ཟུག་རྔུ་དང་བྲལ་བ་སྟེ། ཐལ་འགྱུར་ལས། ཐིག་ལེ་སྟོང་པའི་མཚན་ཉིད་ནི། །ཟླུམ་ཞིང་རང་བཞིན་ཀུན་གསལ་བ། །དམར་དྭངས་ཁ་དོག་གསལ་བའི་འོད། །སྤྲོས་དང་བཅས་ཏེ་མཆེད་པར་བྱེད། །ཅེས་པ་དང༌། སྒྲོན་མ་འབར་བ་ལས། མཚན་ཉིད་སྟོང་པ་གསལ་བས་ཁྱབ། །རང་ངོ་ལུས་ཀྱི་མཐའ་རྣམས་ཟད། །ཟླ་བྲལ་སྟོང་པ་དབང་པོའི་ཡུལ་དུ་ཤར་ནས་མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་ལ་གནས་པ་དེ་ཐིག་ལེ་སྟོང་སྒྲོན་གྱི་མཚན་ཉིད་དོ། །ཅེས་སོ། །དབྱེ་བ་ནི་ལྔ་སྟེ། གཞི་གནས་རིག་པའི་ཐིག་ལེ་སྟོང་པ་སྙིང་ག་ན་གནས། ལུས་གནས་རྩའི་ཐིག་ལེ་སྟོང་པ་རྩ་རྣམས་ན་གནས། ཀུན་རྫོབ་རྒྱུའི་ཐིག་ལེ་སྟོང་པ་རོ་མ་ན་གནས། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་སྟོང་པ་རྐྱང་མ་ན་གནས། རང་བྱུང་འབྲས་བུའི་ཐིག་ལེ་སྟོང་པ་མིག་ན་གནས་པའོ། །འདི་དག་ཀྱང་རང་ངོ་ཡེ་ནས་སྟོང་པས་ཐིག་ལེ་སྟོང་པའི་ཁོངས་སུ་གཏོགས་པའི་ཕྱིར་དབྱེ་བ་ཙམ་དུ་ཟད་མོད། དོན་ལ་མིག་གཉིས་ལ་ལྟོས་ནས་གཉིས་སུ་འགྱུར་བ་ཁོ་ན་སྟེ། སྒྲོན་མ་འབར་བ་ལས། དབྱེ་བ་ཉིད་ནི་རྣམ་པ་ལྔ། །གཞི་གནས་རང་གི་ཐིག་ལེ་ཡིས། །སྣང་སྲིད་འཁོར་འདས་གཅིག་ཏུ་བཟླུམས། །ལུས་གནས་རྩ་ཡི་ཐིག་ལེ་ཡིས། །བདེ་དང་སྡུག་བསྔལ་གཅིག་ཏུ་བཟླུམས། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིས། །ཕུང་སེམས་བསྐྱེད་པའི་རྒྱུ་རྐྱེན་ཏེ། །ཕུང་པོ་ཁམས་སོགས་གཅིག་ཏུ་བཟླུམས། །དོན་དམ་སྤྲོས་མེད་ཐིག་ལེ་ཡིས། །དབྱིངས་དང་རིག་པ་གཅིག་ཏུ་བཟླུམས། །རང་བྱུང་འབྲས་བུའི་ཐིག་ལེ་ཡིས། །སངས་རྒྱས་ཀུན་གྱི་དགོངས་པ་རྣམས། །རྩོལ་སྒྲུབ་བྲལ་བའི་དབྱིངས་སུ་བཟླུམས། །ཞེས་སོ། །གནས་པ་གཞིའི་ཐིག་ལེ་ནི། སྙིང་ཁ་ཡེ་ཤེས་ཀྱི་དཔལ་བེའུ་ན་འཁོར་འདས་ཀུན་གྱི་གྱེས་མདོའམ་འབྱུང་གནས་སུ་བཞུགས་པ་དེ་ཉིད་དོ། །ལུས་གནས་རྩ་ཡི་ཐིག་ལེ་ནི། ཁྱད་པར་ཆེན་པོའི་རྩ་བཞི་ན་རང་གསལ་བས་བདེ་སྡུག་རང་གྲོལ་དུ་གནས། ཀུན་རྫོབ་རྒྱུའི་ཐིག་ལེ་ནི། རོ་མ་ལ་སོགས་པ་ན་ལུས་ཀྱི་ཟུངས་འཛིན་བྱེད་ཀྱི་རྟེན་བྱེད་ཙམ་དུ་གནས། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་ནི། རིག་པ་ཀ་དག་ཆེན་པོ་དབྱིངས་རིག་ཟད་པའི་དགོངས་པ་ལ་གནས། རང་བྱུང་འབྲས་བུའི་ཐིག་ལེ་ནི། དབང་པོའི་མངོན་སུམ་ལ་སྣང་བས་ཉིན་མཚན་འོད་གསལ་དུ་འདྲེས་ཏེ། སངས་རྒྱས་ཀྱི་དགོངས་པ་རྒྱ་ཡན་ཡོངས་གྲོལ་ཆེན་པོ་ལ་སྤྱོད་པའོ། །རྟེན་ནི། ངོ་བོ་འོད་རྩ་གཉིས་ལ་བརྟེན། སྣང་བ་ཡེ་ཤེས་ལྔ་ལ་བརྟེན། རྣམ་པ་ཐིག་ལེ་གསལ་བ་ལ་བརྟེན། འགྲོ་འོང་རང་གནས་རླུང་ལ་བརྟེན། ཡུལ་ནམ་མཁའ་སྟོང་པ་ལ་བརྟེན། གནས་མིག་གི་དབུས་ན་བརྟེན། སྐྱེ་མཆེད་ངེས་པ་མཐོང་བྱེད་ཀྱི་རྣམ་ཤེས་ལ་བརྟེན་པ་སྟེ། ཐལ་འགྱུར་ལས། ཐིག་ལེ་སྟོང་པའི་བརྟེན་པ་ནི། །རྣམ་ཤེས་ཉིད་དང་བར་སྣང་དང༌། །རྩ་དང་རླུང་དང་ཐིག་ལེ་དང༌། །ཡེ་ཤེས་དག་ལ་བརྟེན་པའོ། །ཞེས་སོ། །བརྟེན་པའི་འོད་རྩ་གཉིས་པོ་ནི། སྙིང་ཁའི་འོད་རྩ་དང་། སྟོང་པ་རང་གྲོལ་ཚངས་པའི་རྩ་གཉིས་དང་། སྣང་བ་ཡེ་ཤེས་ལྔ་ཡི་རང་གདངས་ཀྱི་འོད་ལྔ་དང་། རྣམ་པ་ཐིག་ལེ་ལ་གསལ་བ་རྨ་བྱའི་སྒྲོ་ཐིག་འདྲ་བ་དེ་ཡིན། འདིའི་རྟེན་དང་བརྟེན་པའི་གནས་ཚུལ་ནི། འགྲོ་འོང་དང་རང་གནས་ཀྱི་ཕྱོགས་ནས་རྣལ་འབྱོར་བའི་རླུང་རིག་གི་གོམས་པ་ལ་བརྟེན་པ་དང་། ཡུལ་ཕྱི་དབྱིངས་རྐྱེན་བྲལ་གྱི་ནམ་མཁའ་ལ་འཆར་བ་དེ་ལ་བརྟེན་པ་དང་། གནས་རྒྱང་ཞགས་འོད་རྩའི་དྭངས་མ་དབང་པོའི་སྒོ་མིག་ལ་བརྟེན་པ་དང་། སྐྱེ་མཆེད་ངེས་པ་ནི་མཐོང་བྱེད་རྣམ་ཤེས་ཞེས་པ་རྗེས་ཤེས་དཔྱོད་པའི་རིག་རྩལ་ལ་བརྟེན་པ་ཡིན་ནོ། །གནས་ནི། །ངོ་བོའི་གནས་སྙིང་ག གདངས་ཀྱི་གནས་མིག་གཉིས་ཏེ། སྒྲོན་མ་འབར་བ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །ཞེས་སོ། །འདིའི་ངོ་བོའི་གནས་སྙིང་ཁ་ཙིཏྟ་རིན་ཆེན་གྱི་གཞལ་ཡས་རང་བཞིན་གཞིའི་ཐིག་ལེ་བཞུགས་ས་དེ་དང་། གདངས་ཀྱི་གནས་མིག་གཉིས་ཀྱི་ཨ་འབྲས་ལ་ཟུག་པའི་འོད་རྩ་དྭངས་མ་ཁྱད་པར་ཆེན་པོའི་རྩ་བཞི་ལ་བཞུགས་པའོ། །རྩ་བཞི་ནི། ཀ་ཏི་གསེར་གྱི་རྩ་ཆེན། དར་དཀར་སྣལ་མ། ཕྲ་ལ་འཁྲིལ་བ། ཤེལ་བུག་ཅན་དང་བཞིའོ། །དེ་ཡང་ཀ་ཏི་གསེར་གྱི་རྩ་ཆེན་ན། གཞིའི་ཐིག་ལེ་བཟང་པོ་རང་བྱུང་དུ་གནས། དར་དཀར་སྣལ་མ་ལྟ་བུ་ན། ལམ་གྱི་ཐིག་ལེ་བཟང་པོ་སྒྲོན་མ་ལ་འཇུག ཕྲ་ལ་འཁྲིལ་ན། བཟང་པོའི་རྩེ་མོའི་ཐིག་ལེ་རང་ཤར་དུ་གསལ། ཤེལ་བུག་ཅན་ན། བཟང་པོའི་རྒྱན་དང་ལྡན་པའི་ཐིག་ལེ་འོད་གསལ་དུ་སྣང་བའོ། །ཡུལ་ནི། འོད་ལྔར་གསལ་བ་དང༌། དེ་ལས་མཆེད་པའི་ཕྱེད་སྐུ་དང༌། སྐུ་རྐྱང་དང༌། ཡབ་ཡུམ་དང༌། ཚོམ་བུ་དང༌། དཀྱིལ་འཁོར་དང༌། དཀྱིལ་འཁོར་ཆེན་པོའི་སྣང་བ་དྲུག་དང་ལོངས་སྐུ་ལས་སྤྲུལ་སྐུ་དེ་ལས་ཟེར་གྱི་སྐུ་འཕྲོ་བས་གསུམ་དང༌། ཞི་ཁྲོ་གཉིས་དང༌། ཐུབ་པ་དྲུག་གི་རྣམ་པར་ཡུལ་དུ་སྣང་བ་ཐམས་ཅད་ཀྱི་ནམ་མཁའ་དག་པས་གསལ་བ་དང༌། མེ་དག་པས་དྲོ་བ་དང༌། ཆུ་དག་པས་བསིལ་བ་དང༌། ས་དག་པས་ཡང་བ་དང༌། རླུང་དག་པས་གཡོ་བའི་རང་བཞིན་ཅན་ཏེ། དེ་ཡང་ཐལ་འགྱུར་ལས། ཐིག་ལེའི་ཡུལ་ནི་ཁ་དོག་སྟེ། །ལྔ་དང་དྲུག་དང་གསུམ་གཅིག་དྲུག །གསལ་དང་དྲོ་དང་བསིལ་བ་དང༌། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །དོན་དམ་ཆོས་ཉིད་འབྱུང་བའོ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། རྣ་བའི་ཡུལ་དུ་གསལ་བར་ཡང༌། །སྟོང་པ་ཉིད་ལས་རང་ལོག་པའི། །མྱོང་བྱེད་གསལ་བའི་སྣང་བར་ནི། །ཡེ་གདངས་ལྔ་དང་བཅས་པར་ཡང༌། །རང་བཞིན་བབས་ཀྱིས་གནས་པ་ལ། །གསལ་བྱེད་རྣམས་ཀྱི་ངོ་བོར་ཡང༌། །དངོས་པོ་ལས་ནི་ལོགས་པར་བཞུགས། །ཞེས་སོ། །འདིའི་འཆར་བའི་ཡུལ་རྐྱེན་བྲལ་གྱི་བར་སྣང་དག་པ་ལ་རང་གདངས་འོད་དང་བཅས་པར་སྣང་བ་དང་། རང་བྱུང་གི་ཐིག་ལེ་ཆེན་པོ་རང་གནས་ཀྱི་ངོ་བོར་གནས་པ་ཡེ་ནས་གནས་པའི་ནམ་མཁའི་ཁམས་སུ་སྣང་བའོ། །འོན་ཀྱང་འདི་ནས་གཞུང་གི་དངོས་བསྟན་སྣང་བ། རང་ཡུལ་གྱི་འཇའ་འོད་ཟེར་ཐིག་དེ་ལས་མཆེད་པའི་རིགས་ལྔའི་དབུ་དང་། ཕྱེད་སྐུ། སྐུ་རྐྱང་། རྒྱན་ལྡན། ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་འབྱུང་ཁམས་དག་པའི་ཡེ་གདངས་དང་བཅས་པ་དངོས་པོ་རང་མཚན་པ་ལས་ལོག་ནས་རང་གསལ་ལྷུན་གྲུབ་ཏུ་བཞུགས་པ་ཞིག་གོ །སྒོ་ནི་དེ་ཉིད་ལས། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག །ཙཀྵུ་ཞེས་པའི་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང༌། །རང་གི་འོད་དང་ཟེར་ཉིད་དུ། །རང་ཆས་རྣམས་སུ་རྣམ་པར་སྣང༌། །ཞེས་སོ། །རྐྱེན་རབ་རིབ་དང་ལིང་ཏོག་སོགས་མེད་པའི་ཙཀྵུ་སྟེ་མིག་སྐྱོན་མེད་ལ་ཟུག་པའི་འོད་རྩ་དྭངས་པའི་སྒོ་ནས་འཆར་བའོ། །ཚང་ན་མི་གནས་སྒོར་གནས་པ། །བྱ་ཁྲ་བཞིན་ཏེ་རང་བཞིན་གསལ། །གསུངས་པ་ལྟར་ཚང་སྙིང་ནང་གི་མི་ཤིགས་པའི་ཐིག་ལེར་བཅས་ཤིང་། གདངས་དེ་ལས་མཆེད་པའི་རང་གདངས་དཔག་མེད་དེ། འཆར་བ་སྒོ་ནས་འཆར་བ་ཡིན་ནོ། །རང་བཞིན་ནི། ཀ་དག་གི་རང་སྣང་སུས་ཀྱང་མ་བྱས་པར་རང་སྣང་བ་སྟེ། དེ་ཉིད་ལས། ཐོག་མའི་ཀ་དག་ཆེན་པོ་ལ། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་སོ། །ཐོག་མའི་ཀ་དག་གི་རང་བཞིན་དེ་ལས་འོད་གསལ་ལྷུན་གྲུབ་ཀྱི་ཐིག་ལེ་སྟོང་པ་ཆུ་ཟླ་ལྟ་བུ་རུ་ཤར་བ་སྟེ། འདི་གཞི་ཀ་དག་གི་དུས་ན་ནང་གསལ་ཕྲ་བར་ཡོད་ཅིང་། དེ་གཞི་སྣང་དུ་ཤར་དུས། དབྱིངས་ཀྱི་འོད་ཟེར་ལྔ་ཡི་སྣང་བར་ཤར། དེ་ཤར་ཚུལ་ནི། ཐིག་ལེ་སོ་སོའི་འོད་ཁྱིམ་ན་སྐུའི་ཆ་ཤར། རྒྱང་ཞགས་ལ་རང་གསལ་འོད་ཟེར་གྱི་སྦྲེལ་ཐག་ཤར། དེ་ཤེས་རབ་རིག་པར་ཤར་བས་གྲོལ་འཁྲུལ་གཉིས་ཀྱི་རིག་ཆ་ཙམ་དུ་གནས་པའོ། །འདི་སྙིང་ཁ་ན་གནས་དུས་སྙིང་འོད་ལྔའི་ཕོ་བྲང་ཟླུམ་པོ་མུ་ཁྱུད་ལྔ་བར་གནས་ཤིང་། འདིའི་བར་གདངས་འོད་ལྔའི་ཟླུམ་འཁྲིགས་འགུལ་འཕྲིག་ཤས་ཆུང་ཙམ་དུ་སྣང་ལ། རང་གདངས་དེ་རྒྱང་ཞགས་ནས་སྒྲོན་མར་གསལ་ནས་མཆེད་པའི་སྣང་བ་དཔག་མེད་དུ་འཆར་རོ། །ཚད་ནི། ཉམས་སུ་བླངས་དུས་ནམ་མཁར་སྣང་ལ་གོམས་པའི་ཚད་དེ། སྒྲོན་མ་འབར་བ་ལས། ཐིག་ལེ་སྤྲོ་དང་བསྡུ་མེད་པར། །བར་སྣང་ཉིད་དུ་སུས་ཟིན་པ། །དེ་ཡི་ཚད་དུ་དེ་གྱུར་ཏོ། །ཞེས་སོ། །སྒྲོན་མ་དངོས་བར་སྣང་ལ་སྣང་དུས་དབྱིངས་རིག་ཉིན་མཚན་མེད་པར་ཕྱམ་གདལ་བས་འཁོར་བ་མྱང་འདས་སུ་གྲོལ་བའི་ཚད་དོ། །དངོས་ནི། མིག་བཙིར་དུས་སྣང་བའི་འོད་དམར་སེར་ཚོན་གང་བ་དེ་ཡིན་ཏེ། དེ་ཡང་འགྲོ་དྲུག་སོ་སོའི་སྣང་ཚུལ་ནི། ལྷ་ལ་ཕྱིར་སྣང་དུ་བལྟར་ཡོད་པ་ལས་འདོད་ལྷ་རྣམས་ལ་རང་མཐོ་གང༌། གཟུགས་ཁམས་པ་རྣམས་ལ་རང་ཁྲུ་གང༌། ལྷ་མིན་རྣམས་ལ་རིགས་གཉིས་ལས་ལྷའི་རིགས་ཅན་དུ་གཏོགས་པ་རྣམས་ལ་འོད་ཟེར་རབ་ཏུ་གསལ་བ་ཕྱག་གང༌། གཞན་རྣམས་ལ་ཕྲ་མོ་སོར་བཞི་བ་མི་རྣམས་ལ་མཐེབ་གང༌། དུད་འགྲོ་རྣམས་ལ་རང་གནས་ཙམ་ལས་བལྟར་མེད་དོ། །ཡི་དྭགས་རྣམས་ལ་རང་ངོ་ཕྲ་ཞིང་འཕྲིག་པ་ཏིལ་འབྲུ་ཙམ། དམྱལ་བ་རྣམས་ལ་རང་གནས་རྟ་རྔའམ་ཏིལ་ཉག་ཡང་ཆུང་ཙམ་སྟེ། རང་ཤར་ལས། མ་རྟོགས་སེམས་ཅན་ཐམས་ཅད་ལ། །མི་ལ་མཚོན་དུ་ཡོད་པའོ། །ལྷ་རྣམས་ལ་ནི་བལྟར་ཡོད་པའོ། །ལྷ་མ་ཡིན་ལ་ཕྲ་བར་ཡོད། །བྱོལ་སོང་རང་གནས་ཙམ་དུ་ཡོད། ཡི་དྭགས་རྣམས་ལ་འཕྲིག་པར་ཡོད། །དམྱལ་བའི་ཡུལ་ལ་ཏིལ་འབྲུ་ཙམ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། འོད་ལྔ་འདུས་པའི་ཐིག་ལེ་ནི། །ལྷ་རྣམས་ལ་ནི་རང་མཐོ་གང༌། །ཟླུམ་པོ་རང་གསལ་ཆེན་པོར་ཡོད། །ལྷ་མིན་རང་གི་ཕྱག་གང་ངོ༌། །མི་རྣམས་རང་གི་མཐེབ་གང་ལ། །ཟླུམ་པོ་ཟག་པ་མེད་པར་ཡོད། །བྱོལ་སོང་ལ་ནི་ཕྱིར་མི་སྣང༌། །ཡི་དྭགས་རང་ངོ་ཕྲ་བར་ཡོད། །དམྱལ་བ་རྣམས་ལ་རང་གསལ་ཙམ། །ལྷ་ལ་དཀར་པོ་ཤས་ཆེར་སྣང༌། ལྷ་མིན་དེ་བཞིན་ལྗང་གུ་ཆེ། །མི་ལ་དམར་གསལ་རང་ཆགས་བྲལ། །བྱོལ་སོང་ཉིད་ལ་མཐིང་ཤས་ཆེ། །ཡི་དྭགས་སེར་པོ་དེ་བཞིན་ནོ། །དམྱལ་བ་རྣམས་ལ་ཁ་དོག་ལྔ། །རང་གསལ་ཤེས་པའི་ཆར་གནས་པ། །སྒྲོན་མ་དངོས་ནི་དེ་བཞིན་ནོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། དགའ་ལྡན་རྣམས་ལ་ཁྲུ་གང་གནས། །རྩོད་ལྡན་རྣམས་ལ་སོར་བཞི་གནས། །ཆ་མཉམ་ལྡན་ལ་ཚོན་གང་ངོ༌། །ཉིས་ལྡན་རྣམས་ལ་རང་གསལ་ཙམ། །བཀྲེས་ལྡན་རྣམས་ལ་ཏིལ་འབྲུ་ཙམ། །སྡུག་བསྔལ་ལྡན་ལ་རྟ་རྔ་ཙམ། །དེ་བཞིན་དུ་ནི་གནས་པར་བཤད། །ཅེས་སོ། །དེ་བཞིན་དུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དཔག་ཏུ་མེད་པ་དང་བྱང་ཆུབ་སེམས་དཔའི་སར་གནས་ལ་མདའ་གང་དང༌། སྤྲུལ་སྐུ་རྣམས་ལ་འདོམ་གང་དང་བཅས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ལྷ་རྣམ་པ་གཉིས་དང་བཅས་པ་རྣམས་ལ་རང་སྣང་ཡུལ་ལ་སྣང་ལ་མི་ལ་སོགས་པ་ལྔ་ལ་མ་བསྟན་ན་མི་མཐོང་སྟེ། ཡང་དེ་ཉིད་ལས། སངས་རྒྱས་རྣམས་ལ་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་མདའ་གང་ངོ༌། །སྤྲུལ་བའི་སྐུ་ལ་འདོམ་གང་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སྤྲུལ་བའི་སྐུ་དང་ལྷ་རྣམས་ལ། །མངོན་སུམ་ཡུལ་ལ་སྣང་བའོ། །དེ་རྣམས་མན་ཆད་ཡུལ་ལྔ་ལ། །མ་བསྟན་མཐོང་བར་མི་འགྱུར་རོ། །ཞེས་སོ། །འདིའི་སྒྲོན་མ་དངོས་དེ་དག་པ་སངས་རྒྱས་བྱང་སེམས་ལ་དཔག་ཏུ་མེད་པ་ནས་རྒྱ་ཆེན་པོར་སྣང་བ་དང་། རིགས་དྲུག་གི་འགྲོ་བ་སོ་སོའི་སྣང་བ་མི་འདྲ་བར་སྣང་བ་ནི་གོང་ནས་གསུངས་པ་ལྟར། ལྷ་ལ་རང་མཐོ་གང་དེ་ཡང་དཀར་ཤས་ཆེ་བ། ལྷ་མིན་ལ་རང་གི་ཕྱག་གང་། མི་ལ་རང་གི་མཐེབ་གང་། བྱོལ་སོང་ལ་སོགས་པའི་ངན་འགྲོ་རྣམས་ལ་དེ་བས་ཞིབ་པ་དང་། ཁྱད་པར་དུ་དམྱལ་བ་ལ་དགེ་བ་ཤས་ཆུང་བས་ཕྱིར་མི་མངོན་ལ་ནང་ནའང་ཆ་ཕྲ་བ་ཙམ་དུ་ཡོད་པར་གསུངས་པའོ། །དཔེ་ནི་མུ་ཏིག་ཕྲེང་བ་ལས། དཔེར་ན་རྨ་བྱའི་མདོངས་ལྟ་བུ། །ཞེས་དང༌། སྒྲོན་མ་འབར་བ་ལས། དཔེར་ན་རྨ་བྱའི་མདོངས་དང་མཚུངས། །དེ་བཞིན་ཕྲ་བའི་མིག་དང་ནི། །ཡང་ན་དེ་བཞིན་ཉ་ཡི་མིག །དེ་བཞིན་སྲོག་ཆགས་རྐུན་མོའི་མིག །འདི་རྣམས་བཞིན་དུ་གནས་པའོ། །ཞེས་སོ། །དཔེ་རང་མདངས་ཟླུམ་པོ་ཡིན་ཚུལ་རྨ་བྱའི་མདོངས་ལྟ་བུ། དྭངས་ཆ་དང་གདངས་ཀྱི་ཆ་སྣང་བ་ཁྲའི་མིག་ལྟ་བུ། གསལ་བ་དང་ཐིག་ཕྲན་གཞན་ཡང་སྣང་བ་ཉའི་མིག་ལྟ་བུ། འཚེར་བའི་བཀྲག་དང་འོད་ཟེར་ཡོད་པ་བྱི་ལའི་མིག་ལྟ་བུའོ། །ཉམས་སུ་ལེན་པའི་གནད་ནི། ཐལ་འགྱུར་ལས། ཐིག་ལེའི་སྒྲོན་མ་བལྟེམ་པ་གནད། །རྩ་དང་མཐེབ་མཛུབ་མ་བྲལ་བས། །ཡེ་ཤེས་གོང་དུ་འཕེལ་བའོ། །ཞེས་པ་དང༌། སྔ་མ་དེ་ཉིད་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཙཀྵུའི་ཕུག་དང་འགྲམ་བཙིར་ན། །མངོན་དུ་སྣང་སྟེ་ཡིད་ཆེས་ཀྱིས། །ཞེས་སོ། །མིག་གི་ཕུག་དང་མིག་གི་འགྲམ་ནས་མཐེབ་མཛུབ་ཀྱིས་དལ་བུས་མནན་པས། སྒྲོན་མ་དང་འོད་དང་ཐིག་ལེ་སྣང་བ་ཡིན་ལ་དེའི་མཚམས་ནས་ལག་པས་མི་མནན་པར། དེའི་སྣང་བ་མ་ཡལ་བར་དུ་བལྟ་ཞིང་། ཡང་མནན་ནས་ཉམས་སུ་བླངས་བས་མཐར་རྩོལ་བ་མི་དགོས་པར་ཉིན་མཚན་སྣང་མུན་འདྲེས་པར་སོང་ན་འཁོར་བ་མྱང་འདས་སུ་གྲོལ་བ་ཡིན། རྩོལ་བཅས་ཉམས་ལེན་གྱི་སྐབས་སུ་རྩེའུ་ཆུང་གི་རྩ་ཕྱི་ནས་འཇམ་པོར་མནན་ན་རིག་པ་གསལ་ཞིང་འོད་ཟེར་མཆེད་དོ། །འདིའི་རྒྱུ་མཚན་ནི། རྩེ་ཆུང་གི་ནང་རྩ་ནས་ཁམས་དྭངས་མ་འབབ་པའི་རྩ་ཁྲག་དྭངས་མ་དང་འདྲེས་པ་མནན་ཚེ་སྲོག་རྩ་ལ་ཐིགས་པ་ལྷུང་ནས་བརྒྱལ་བའི་སྣང་བ་དང་མཉམ་དུ་ཕྱིའི་རྩ་ཡི་རླུང་དང་འོད་ཟེར་འདྲེས་པས་རིག་པ་དྭངས་གསལ་དང་འོད་འཆར་བ་ཡིན་ནོ།།
ག དབྱིངས་རྣམ་དག་གི་སྒྲོན་མའི་རང་བཞིན་རྒྱས་པར་བཤད་པ།
གསུམ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་རྒྱས་པར་བཤད་པ་ལའང་ངོ་བོ། ངེས་ཚིག མཚན་ཉིད། དབྱེ་བ། རྟེན། རང་བཞིན། ཡུལ། དགོས་པ། ཚད། གནས། སྒོ། དངོས། དཔེ། གནས་དང་བཅུ་བཞི་ལས། ངོ་བོ་ནི་ངེས་པའི་ཡུལ་བྱེད་པ་སྟེ། སྒྲོན་མ་འབར་བ་ལས། རྣམ་དག་དབྱིངས་ཀྱི་སྒྲོན་མས་ནི། །རིག་པ་ཡི་ནི་ངོ་བོ་སྡུད། །ལུ་གུ་རྒྱུད་ཀྱི་ར་བར་སྣང༌། །འདི་ལ་སུས་གོམས་དོན་དེ་ཉིད། །མཐིང་ག་མི་འགྱུར་རང་གསལ་བ། །མུ་ཁྱུད་ཀྱི་ནི་ར་བར་གནས། །རང་གསལ་ཕྱི་ཡི་ཡུལ་དུ་སྣང༌། །ངོ་བོ་ཉིད་ནི་མ་བཅོས་པའོ། །ཞེས་སོ། །གཟིགས་སྟངས་ཀྱིས་ནམ་མཁར་གཏད་ཚེ་དང་པོའི་དུས་སུ་སྨིན་མཚམས་མཛོད་སྤུའི་ཐད་ཀྱི་དྲང་པོའི་ནམ་མཁའ་ལ་ནམ་མཁའ་སྔོན་པོ་འདི་མ་ཡིན་པའི་མཐིང་ཁ་ཁྱབ་པ་ཆེན་པོའི་འོག་ནས་ཚུར་འོད་ཅིག་གི་ཚུལ་དུ་འཆར་བ་ཡིན། དེ་ནས་རིམ་བཞིན་གྱིས་དེ་མཆེད་པའི་ཚུལ་གྱིས་དེའི་ནང་ནས་ཁ་དོག་སྣ་ལྔ་ཤར། དེ་ཡང་མིག་གཉིས་ལས་འཇའ་ལྗང་མདོག་ཅན་དང་ཡི་གེ་ན་རོ་ལྟ་བུའི་གཟུགས་ཀྱིས་འཆར། དེ་ནས་མཐིང་ཁ་ལས་ལྔ་ལྡན་དུ་མཆེད་ནས་འོད་ལྔའི་མུ་ཁྱུད་ཟླུམ་པོ་ནང་ན་པད་འདབ་དང་བཅས་པ་ཟ་འོག་གི་བེར་ཁྱིམ་དང་འདྲ་བར་སྣང་། དེ་རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པའམ་མི་འགུལ་བ་གཟེར་ལ་འདེབས་པའི་ར་བར་བྱུང་ན་ཐིག་ལེའི་འོད་ཁྱིམ་ཡིན་པས་འགུལ་འཕྲིག་ཆུང་ངོ། །ངེས་ཚིག་ནི་དེ་ཉིད་ལས། རྣམ་པ་ཡུལ་དུ་སྣང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །དབྱིངས་ཀྱི་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞུག་པར་བྱ། །རང་གི་ངོ་བོ་རྟོག་མེད་དུ། །ནང་གི་དབྱིངས་ཀྱི་གོ་རར་ཡང༌། །མ་བཟུང་མི་གནས་ཚུལ་གྱིས་ནི། །འབྲེལ་བ་མེད་པར་རྒྱུན་དུ་སྣང༌། །སྒྲོན་གྱི་རྡོ་རྗེ་ལུ་གུ་རྒྱུད། །ནམ་མཁའ་ཉིད་ལ་ཅེར་སྟོན་ཏེ། །རང་བཞིན་མེད་པར་སྣང་བར་བྱེད། །མས་ནི་དེ་ཡི་དོན་འཛིན་པས། །རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། །ཡེ་ནས་འདུ་འབྲལ་མེད་པར་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། དབྱིངས་ནི་ཡངས་ཤིང་རྒྱ་མ་ཆད། །ཆོས་ཉིད་ཡུལ་ལ་རྣམ་དག་པས། །གཉིས་ཀའི་ཟུར་ནས་འཆར་བར་བྱེད། །ཁྱབ་ཆེན་མཐིང་ག་འགྱུར་བ་མེད། །སྣང་བ་དག་པའི་རྐྱེན་འཕྲད་ན། །ཁ་དོག་ལྔ་དང་ལྡན་པར་འགྱུར། །ཞེས་སོ། །ངེས་ཚིག་ནི་རིག་པའི་རང་ཡུལ་དང་སྣང་བའི་འཆར་གཞི་བྱེད་པས་ན་དབྱིངས། སྣང་ཡང་དྲི་མ་མེད་པས་ན་རྣམ་དག སྣང་རིག་གསལ་བར་བྱེད་པས་ན་སྒྲོན་མའོ། །མཚན་ཉིད་ནི་མཐིང་ག་ཁྱབ་ཆེན་དང་ལྔ་ལྡན་འོད་དུ་སྣང་བ་གང་ཞིག་རིག་པའི་ཡུལ་གྱི་ཆར་གནས་པ་སྟེ། ཐལ་འགྱུར་ལས། དབྱིངས་ཉིད་དག་པའི་མཚན་ཉིད་ནི། །མཐིང་ག་རང་རྫོགས་གཉིས་ཀྱི་ཆ། །ཐབས་དང་ཤེས་རབ་རྫོགས་པ་ཡི། །ཟུར་གཉིས་ཆ་ལས་སྐུ་གཉིས་འཛིན། །རབ་ཏུ་སྣང་བ་མཆེད་པར་བྱེད། །འདི་དག་རྣམས་ཀྱང་རང་ཤེས་རྫོགས། །ཁྱབ་བདག་སེམས་དཔའི་གཟུགས་བརྙན་སྟོན། །ལུ་གུ་རྒྱུད་ནི་སྲང་ནས་འདྲེན། །དཀྱིལ་འཁོར་རྫོགས་པའི་གཟུགས་དང་མཚུངས། །ཡེ་ཤེས་རྣམས་ཀྱི་གཟི་མདངས་སྟོན། །འོད་ཀྱི་གཏིང་མདངས་བཀྲག་ཀྱང་སྟོན། །སྐུ་དང་ཐིག་ལེ་འདུན་སའོ། །དེ་ལྟར་ཡེ་ཤེས་རྫོགས་པའི་སྐུ། །འདི་ཉིད་སུས་མཐོང་སངས་རྒྱས་ཏེ། །སྐུ་གསུམ་ཟད་སར་རང་བཞིན་གྲོལ། །གཟུང་འཛིན་འཕྲང་ལས་བརྒལ་ནས་ནི། །འཁོར་འདས་རྡོས་ཐག་ཆོད་པའོ། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། བརྗོད་ཅིང་སྣང་ཚིག་གཉིས་མེད་པས། །ཕྱི་དང་ནང་མེད་དབྱིངས་སུ་ཡང༌། །རང་གདལ་ཆེན་པོའི་ངང་དུ་གནས། །ཕྱི་ནང་མེད་པར་ཟང་ཐལ་བས། མ་བསྒྲིབས་དྲི་མ་མེད་པར་ནི། །ཡེ་ནས་ཀ་དག་ཆེན་པོར་སྣང༌། །རྣམ་པར་དག་པའི་དབྱིངས་ཀྱི་ནི། །མཚན་ཉིད་དུ་ནི་ཡེ་ནས་བཞུགས། །ཞེས་སོ། །ཕྱི་དབྱིངས་སྟོང་གསལ་མཐིང་ཁ་ཁྱབ་ཆེན་དུ་གནས་པ་གང་ཞིག་ནང་དབྱིངས་རིག་པ་ཀ་དག་གི་ཡུལ་ལམ་འཆར་གཞིར་གནས་པ་སྟོང་སྒྲོན་གྱི་མཚན་ཉིད། དབྱེ་བ་ནི་གསུམ་སྟེ། གཞིའི་དབྱིངས་རང་གི་སྙིང་ག་ན་འོད་ལྔ་ལྷུན་གྲུབ། ལམ་གྱི་དབྱིངས་མིག་གི་འོད་རྩའི་རང་འོད་སྣང་བ། ཡུལ་ལ་སྣང་བའི་དབྱིངས་མཐིང་ག་དང་ལྔ་ལྡན་ཏེ། དེ་ཉིད་ལས། དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །གཞི་ལ་གནས་པའི་དབྱིངས་ཀྱིས་ནི། །རིག་པའི་ཡེ་ཤེས་སྐུ་རུ་འཛིན། །ལམ་ལ་སྣང་བའི་དབྱིངས་ཀྱིས་ནི། །རིག་པའི་ཐིག་ལེའི་དྭངས་མ་སྡུས། །ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བཙོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་སོ། །འདིའི་དབྱེ་བ་ནི། གཞི་ལམ་འབྲས་གསུམ་གྱི་སྟེང་ནས་ཕྱེས་ཚེ། གཞི་ལ་གནས་པའི་དབྱིངས་རྣམ་དག་གི་སྒྲོན་མ་ཙིཏྟའི་ནང་ན་ཡེ་ཤེས་དང་འོད་ཀྱི་སྐུ་ལྷུན་གྲུབ་ནང་གསལ་དུ་བཞུགས་པ་དང་། ལམ་ལ་གནས་པའི་དབྱིངས་རྣམ་དག་གི་སྒྲོན་མ་མུ་ཁྱུད་ལྔ་ཡི་ར་བས་བསྐོར་བའི་ཐིག་ལེའི་དྭངས་མ་སྡུད་པ་དང་། འབྲས་བུའི་ཡུལ་ལ་སྣང་བའི་དབྱིངས་རྣམ་དག་གི་སྒྲོན་མས་ལུག་རྒྱུད་བཙོན་ལ་འཛིན་པ་སྟེ་འོད་ལྔའི་དྲ་བ་དང་དྲ་བ་ཕྱེད་པ་དང་ཟ་འོག་རིས་ལ་སོགས་པའི་རྣམ་པ་ཅན་དུ་སྣང་བ་དེ་ཉིད་དོ། །རྟེན་ནི་ཐལ་འགྱུར་ལས། རྣམ་དག་དབྱིངས་ཀྱི་བརྟེན་པ་ཡི། །སྨིན་མཚམས་ཉིད་དང་ནམ་མཁའ་དང༌། །འོད་དང་ཐིག་ལེ་དག་དང་ཡང༌། །སྣ་ཚོགས་སྐུ་ལ་བརྟེན་པའོ། །ཞེས་སོ། །གཞིའི་སྐབས་སུ་ཙིཏྟ་ལ་བརྟེན། ལམ་གྱི་སྐབས་སུ་འོད་རྩ་ལ་ཀུན་ལ་ཁྱབ་པའི་ཚུལ་གྱིས་བརྟེན། འབྲས་བུའི་དུས་སུ་རང་ཤར་དབྱིངས་ཀྱི་ནམ་མཁའ་རྐྱེན་བྲལ་ལ་བརྟེན་པའོ། །རང་བཞིན་ནི་དབྱིངས་སྣང་ལ་གཏད་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མཉམ་གནས་ཀྱི་དབྱིངས་ཆོས་ཉིད་ཟད་པའི་དགོངས་པ་ལ་ངང་གིས་བློ་གནས་པ་སྟེ། སྒྲོན་མ་འབར་བ་ལས། རང་བཞིན་སྣང་བ་མ་འགགས་པས། །བློ་དངོས་དྲན་པ་ཀུན་ཟད་དེ། །སྣང་བ་རང་དག་དབྱིངས་སུ་ནི། །རྟོག་པ་མེད་པའི་རིག་པར་ཡང༌། །མི་གཡོ་མཉམ་པ་ཉིད་ཤེས་པས། །ཐམས་ཅད་མཉམ་པའི་དབྱིངས་སུ་ཡང༌། །ཡེ་ནས་རྣམ་པར་ཟད་པར་ནི། །རང་བཞིན་རྣམ་དག་དབྱིངས་སུ་གནས། །ཞེས་སོ། །རང་བཞིན་ནི་དགོངས་པ་ཀ་དག་ལྷུན་གྲུབ་ཏུ་གནས་པ་ཞིག་སྟེ། རང་ངོ་ཀ་དག་ལ་གནས་བཞིན་པའི་ངང་ལས་མ་གཡོས་པར་དབྱིངས་ཀྱི་ར་བར་རིག་པ་བཅུག་ཚེ་ཟང་ཐལ་མཉམ་པའི་བསམ་གཏན་ཤུགས་ཀྱིས་འཆར་ཞིང་། དེ་དང་ཆབས་ཅིག་ལྷུན་གྲུབ་ཡེ་གདངས་ཀྱི་སྣང་བ་ལས་ནམ་མཁར་ཟ་འོག་བེར་ཁྱིམ་གསལ་བ་ལྟ་བུ་ལ་སོགས་པའི་སྣང་བ་འཆར་བས་ཀ་དག་དང་ལྷུན་གྲུབ་དགོངས་པ་དབྱེར་མེད་དུ་གནས་པ་ནི་འདིའི་རང་བཞིན་ནོ། །ཡུལ་ནི་ནམ་མཁའ་སྟོང་པ་ལ་འོད་ལྔ་རང་གསལ་བ་སྟེ། ཐལ་འགྱུར་ལས། དབྱིངས་ཀྱི་ཡུལ་ནི་སྟོང་པ་དང༌། །གསལ་དང་སྒྲིབ་བྲལ་གདངས་འབྱིན་པ། །ཁྱབ་ཅིང་ཡངས་ལ་གཅིག་འདུས་པའོ། །བག་རྡུལ་དེངས་པའི་ནམ་མཁའ་ལ། །མཉམ་རྫོགས་ཆོས་ཉིད་དག་པའོ། །གསལ་ཞིང་ཡེ་ཤེས་ལྔ་ཡི་གདངས། །འོད་གསལ་དག་པའི་ཡུལ་ཉིད་དོ། །ཞེས་པ་དང༌། སྔ་མ་ལས། འདི་མེད་རིག་པའི་ཡུལ་མེད་པས། །སྣང་བ་འགག་པ་མེད་པ་ཡི། །ཆར་ནི་དབྱིངས་ཀྱི་སྒྲོན་མའོ། །ཞེས་སོ། །ཡུལ་ཕྱི་དབྱིངས་ཁྱབ་ཆེན་འཆར་བའི་གཞི་ནི་རྐྱེན་བྲལ་དྭངས་པའི་ནམ་མཁའ་འོ། །དགོས་པ་ནི་སྔ་མ་ལས། དབྱིངས་ཀྱི་རིག་པའི་རང་ཡུལ་བྱེད། །ལུ་གུ་རྒྱུད་ནི་སྲང་ནས་འདྲེན། །ཞེས་སོ། །ཀ་ལྷུན་དབྱེར་མེད་ཀྱི་དགོངས་པས་ལུག་རྒྱུད་ཨར་ལ་གཏད་པས་རིག་པ་རང་བྱན་ཆུད་པའི་དགོས་པ་ཡོད་དོ། །ཚད་ནི་དབྱིངས་སྨིན་མཚམས་ལས་སོར་བཞིའི་ཡར་མཚམས་སུ་སྣང་དུས་དང་པོ་མཐིང་ག་ལས་ཁ་དོག་ལྔར་མཆེད་པ་སྟེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་གསལ་བའི་འོད་ལྔར་ཡང༌། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང༌། །རང་གི་མདུན་གྱི་ཡར་མཚམས་སུ། །སོར་བཞིའམ་ནི་མཐོ་གང་ལས། །འཕགས་ཏེ་ལུས་དང་བྲལ་བ་ནི། །དེ་ཡི་ཚད་དུ་དེ་འགྱུར་རོ། །ཞེས་སོ། །འདིའི་དུས་ན་འཁོར་འདས་ཕྱེད་པས་ཕྱིས་འཁོར་བར་མི་འཇུག་པའི་ཚད་ཐོབ་སྟེ། བརྩོན་པས་ཉམས་སུ་བླངས་པས་སྨིན་མཚམས་ཀྱི་ཡར་མཚམས་སུ་མཐིང་ཁ་ལས་མཆེད་པའི་ཚུལ་གྱིས་སྣ་ལྔའི་སྣང་བ་ལིང་ཚེ་ལིང་ཚེ་རུ་སྣང་བ་དང་། མེ་ལོང་ཙམ་དང་། ཕུབ་ཙམ་པ་སོགས་ནས་བལྟས་ཚད་ཀྱི་མཐོང་སྣང་ཁྱབ་པའི་ནང་དུ་སྐུ་ཚོམ་བུ་དང་བཅས་པ་ཤར་བ་ནི་འདིའི་ཚད་དོ། །དེའི་དུས་ཀྱི་གྲོལ་ཚད་ནི་རང་བྱུང་བསྟན་པའི་རྒྱུད་ལས། ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །ཅེས་སོ། །གནས་ནི་གསུམ་སྟེ། ཕྱིའི་ཡུལ་གནས་ནམ་མཁའ། བར་གྱི་འཆར་གནས་མིག་ཟུར། ནང་གི་གཞི་གནས་ཙིཏྟའོ། །སྔ་མ་ལས། མིག་ནི་འབྱུང་བའི་རྐྱེན་མེད་ལ། །གནས་པ་རང་གི་རིག་པ་ཉིད། །ལུ་གུ་རྒྱུད་དུ་སྣང་བ་སྟེ། །སྤྲིན་བྲལ་མཁའ་ལ་འཛིན་པར་བྱེད། །རང་ཤེས་ནང་དུ་གསལ་བའི་ཚེ། །ཙིཏྟའི་དཀྱིལ་དུ་གནས་པ་ཡིན། །ཕྱིར་འཕྲོས་སྤྲིན་བྲལ་ནམ་མཁའ་ལའོ། །ཞེས་སོ། །འདིའི་གནས་ཕྱི་ནང་བར་གསུམ་གྱི་ཐོག་ནས་གསུངས་པས། ཕྱིའི་གནས་འཆར་གཞི་ནམ་མཁའ་རྐྱེན་བྲལ། བར་གྱི་གནས་འབྲི་གུ་ཏའམ་མིག་དང་མིག་ཟུར། ནང་གི་གནས་སྙིང་ཙིཏྟ་རིན་པོ་ཆེའི་གུར་ཁང་ན་གནས་པའོ། །སྒོ་ནི་ཡང་དེ་ཉིད་ལས། འདི་ཡི་འཆར་སྒོ་མིག་ནས་ཀྱང༌། །འགྱུར་མེད་ཁྱབ་པའི་ཚུལ་དུ་སྣང༌། །ཞེས་སོ། །སྒོ་ནི་འཆར་སྒོ་མ་འགགས་པ་མིག་གི་འོད་རྩ་དྭངས་པ་དེའོ། །དངོས་ནི་ཡར་མཚམས་སུ་དང་པོ་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རྣམ་ལྔ་རང་གསལ་འཇའ་འོད་ཀྱི་ནང་ན་མུ་ཁྱུད་ཀྱི་ར་བས་བསྐོར་བའི་ཐིག་ལེ་པད་འདབ་དང་བཅས་པ་ནི་དབྱིངས་ཀྱི་ར་བ་ཞེས་བྱ་བའམ་འཇའ་འོད་ཀྱི་དབྱིངས་ཀྱི་སྣང་བ་ཞེས་བྱ། མཐིང་ག་ནི་དབྱིངས་རང་ངོ་ཞེས་བྱ་སྟེ། སྒྲོན་མ་འབར་བ་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེར་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དུ་ཡང༌། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་མ་འགགས་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང༌། །ཞེས་པ་དང༌། སྲིད་པ་ཡི་ནི་ཡར་མཚམས་ནས། །འདི་ཉིད་གཉིས་འཇུག་ཟེར་ལས་ནི། །ཐབས་དང་ཤེས་རབ་རང་བཞིན་ལས། །གཉིས་ནི་འཁྲིལ་ཏེ་གཅིག་པར་ཡང༌། །སོར་གཅིག་གིས་ནི་མ་རེག་པར། །ཉིན་དུས་འབྱུང་བའི་རྐྱེན་ལྡན་པས། །སྣང་བར་འགྱུར་ཏེ་མཚན་མོ་ཡང༌། །མཐིང་ག་རང་ངོ་ཉིད་དང་འབྱར། །དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་གདངས་ཆེན་པོར་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །སུས་ཀྱང་བྱས་པ་མེད་པར་ནི། །ཡེ་ནས་གཉིས་མེད་མཉམ་པར་གནས། །འདི་ནི་ཁྱབ་ཆེ་ཕྲ་བ་ལས། །རང་གི་ཤེས་པའི་ཆར་ཤར་ནས། །མངོན་སུམ་ཉིད་དེ་རབ་ཏུ་གསང༌། །གསང་བ་ཆེན་པོ་འདི་ཉིད་ལ། །གང་དུ་སྤྱོད་པར་འདོད་པ་དེ། །ཡེ་སངས་ཉིད་ལས་ཡང་སངས་རྒྱས། །ཞེས་སོ། །འདིའི་དངོས་ནི། ཉམས་ལེན་གྱི་སྐབས་སུ་མིག་གི་ཟུར་གཉིས་སམ་ཡར་གྱི་སྨིན་མཚམས་ལྟ་བུ་ཞིག་ནས་མཐིང་ཁ་ཁྱབ་པ་ཆེན་པོ་ཤར་ཞིང་། ནང་དུ་རིག་པ་འོད་དེའི་ཁང་པ་ན་བཞུགས་པས། ཕྱི་རུ་ལུག་རྒྱུད་ཐིག་ལེ་སྟོང་པ་དང་བཅས་པ་དེའི་ར་བ་ན་བཞུགས་པར་འཆར་ཏེ། འོད་ལྔའི་སྣང་བ་དང་མུ་ཁྱུད་ཀྱི་ར་བ་གཉིས་ཀ་དབྱིངས་དངོས་ཡིན་ནོ། །དེ་ཡང་དངོས་པོ་རགས་པ་མེད་པས་གཟུང་ཡུལ་དུ་མ་གྲུབ། ཆད་པ་ཕྱང་ཆད་མ་ཡིན་པས་རང་གསལ་འཇའ་ཚོན་ལྟ་བུར་སྣང་བ་ཡིན། འདི་འབྱུང་བའི་གནོད་པས་མི་ཤིགས་པས་འདུས་བྱས་ཀྱི་འཁོར་བ་མིན་ཞིང་། གནད་དང་ལྡན་པའི་ཐོག་ནས་མཐོང་ནས་གོམས་ན་ཡེ་སངས་ལ་ཡང་སངས་རྒྱས་པའི་འབྲས་བུ་ཐོབ་པའོ། །དཔེ་ནི། མུ་ཏིག་ཕྲེང་བ་ལས། དཔེར་ན་ནམ་མཁའི་འཇའ་ཚོན་ལྟར། །དག་པས་ཉོན་མོངས་དྲི་མ་ཟད། །ཅེས་པ་དང༌། སྒྲོན་མ་འབར་བ་ལས། དཔེར་ན་ཡི་གེ་ན་རོ་བཞིན། །གཉིས་ཀྱི་ཟུང་སྟེ་སྡོམ་པས་གཅིག །ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེང་རྙེད་ནས། །བར་སྣང་འཇའ་ཚོན་ཇི་བཞིན་དུ། །ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །དེ་ནས་ཡང་ནི་གོམས་སྟོབས་ཀྱིས། །དེ་ཡི་རྟགས་དང་ལྡན་པ་ལ། །བར་སྣང་ཁམས་ཀྱང་དེ་བཞིན་ནོ། །ཞེས་སོ། །དབུ་ཅན་ཡིག་གེའི་ན་རོའི་གཟུགས་དང་འདྲ་བའི་མཐིང་ཁ་ཁྱབ་ཆེན་དང་པོ་སྨིན་མཚམས་སུ་སྣང་དུས་རེ་ཁ་ནག་པོའི་རྣམ་པ་འཁྱག་འཁྱོག་ཅིག་ཤར་བ། དེ་ལ་མུ་མཐུད་ནས་གཏད་དུས་ཕྱིས་འཇའ་ཚོན་སྣ་ལྔ་ལྟར་བར་སྣང་དུ་སྣང་བའི་དཔེར་བྱས་པའོ། །ཇི་ལྟར་ཉམས་སུ་ལེན་པའི་གནད་ནི་དང་པོ་འཁོར་འདས་རུ་ཤན་ཕྱེ་བས་དབྱིངས་སྣང་ངོ་སྤྲད་དེ་སྣ་རྩེར་མིག་གཏད་པས་འཇའ་འོད་དུ་སྣང་དུས་མིག་ཟུར་གཉིས་ལ་དལ་བུས་འཁྲིད་དེ་ནམ་མཁར་བལྟ་ཞིང་ཉི་མའི་ཟུར་ནས་ཁྲིད་པས་གང་གཏད་ཀྱི་སར་སྣང་བ་སྟེ། ཟླ་བ་དང་མར་མེའི་འོད་ཀྱི་དཀྱིལ་ལ་གཏད་པས་སྣང་སྟེ་རིམ་གྱིས་མཆེད་ནས་འཁྲུལ་སྣང་འོད་གསལ་དུ་འཆར་བ་ནི་གོམས་པའི་ཚད་ཀྱིས་མཐོང་བ་སྟེ། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེད་པ་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །དེ་ནས་དབྱིངས་རིག་སྣང་བ་བརྟག །འདི་ལ་གོམས་པའི་ཚད་རྙེད་ན། །ཕྱི་རོལ་ཉིད་ཀྱི་སྣང་བ་ནི། །གོང་ནས་གོང་དུ་ཡང་འཕེལ་བར། །རིམ་གྱིས་རང་བཞིན་གོམས་ཆེན་ཐོབ། །འདི་ལ་བརྟན་པའི་ཚད་རྙེད་ན། །ཆོས་རྣམས་ཟད་སར་འགྱུར་བ་ནི། །དེ་ཉིད་གོམས་པར་བྱ་བ་ཡིན། །ཡན་ལག་ཏུ་ནི་ངས་བཤད་དོ། །ཞེས་པ་དང༌། ཐལ་འགྱུར་ལས། དབྱིངས་ཀྱི་གནད་ནི་འཁྲིད་པ་སྟེ། །ཉི་ལ་བསླབ་ཐབས་རྣལ་འབྱོར་པས། །ལེགས་པར་སྦྱར་ཏེ་འཁྲིད་པར་བྱ། །ཟླ་བ་དག་ལའང་བསླབ་པར་བྱ། །འདི་ལྟར་རྒྱུན་དུ་སུས་བྱས་པ། །འཁྲུལ་བའི་སྣང་བ་རྒྱུན་ཆད་དེ། །དག་པ་ཡེ་ཤེས་ལྔ་ཡི་འོད། །ས་རྡོ་རི་བྲག་བག་སྟོངས་ནས། །གྲུ་ཆད་ལས་ནི་ཡུལ་གྲུ་ཙམ། །འཁྲིད་ལ་མཁས་པས་སྣང་བར་འགྱུར། །འདི་དུས་ཐབས་ཀྱིས་བཅོས་པ་གནད། །རྫོགས་པས་ཆོས་ཉིད་ཐོབ་པའོ། །འདི་ལྟར་གོམས་པས་ཆོས་ཉིད་སྟོབས། །ལུས་འབྱུང་རང་སོར་རྫོགས་པའོ། །དེ་ལྟར་ལུས་འབྱུང་རྒྱུན་ཆད་པས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་སོ། །འདིའི་ཉམས་ལེན་གྱི་གནད་ལ་གོམས་ཐབས་བྱེད་པ་ནི། དང་པོར་འཁོར་འདས་རུ་ཤན་ཕྱེ་ནས་ལུས་ངག་རྣལ་དུ་ཕབ་སྟེ། དེའི་མཚམས་ནས་མངོན་སུམ་ངོ་སྤྲད་ནས་དབྱིངས་སྣང་ཤེས་བཅུག་རྗེས། དང་པོར་མིག་གིས་སྣ་རྩེའི་མདུན་ཐད་དང་ཟུར་དུ་བལྟ། དེ་ནས་ཁྲིད་དེ་རྟེན་ལ་བལྟ་དུས་རིམ་གྱིས་མཆེད་ནས་དབྱིངས་ཐིག་གི་སྣང་བ་གང་ལ་གང་འཚམས་སྣང་ཚེ་དབྱིངས་ཀྱི་ར་བ་རུ་རིག་པ་བཅུན་ནས་ཉིན་མཚན་མེད་པར་ཉམས་སུ་བླངས་ཚེ། དང་པོའི་དུས་སུ་འོད་མེ་ལོང་ཙམ་ནས་རིམ་གྱིས་འཕེལ་ནས་གོམས་པའི་ཚད་མཐོང་བ་ཡིན་ནོ།།
ང ཤེས་རབ་རང་བྱུང་གི་སྒྲོན་མའི་རང་བཞིན་རྒྱས་པར་བཤད་པ།
བཞི་བ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱས་པར་བཤད་པ་ལའང༌། ངོ་བོ། ངེས་ཚིག མཚན་ཉིད། དབྱེ་བ། རྟེན། སྒོ། ཡུལ། གནས། ཚད། དཔེ། གནད་དང་བཅུ་གཅིག་ལས། ངོ་བོ་ནི། སྒྲོན་མ་གཞན་ལ་ཁྱབ་བྱེད་དུ་ཡོད་པའི་ཤེས་རབ་ཀྱི་རྣམ་པ་སྟེ། སྒྲོན་མ་འབར་བ་ལས། ཤེས་རབ་རང་བྱུང་སྒྲོན་མ་ནི། །འདི་ལྟར་སྒྲོན་མ་ཐམས་ཅད་ཀྱི། །ཤེས་བྱེད་ཚུལ་དུ་གནས་པས་ན། །ཀུན་གྱི་ཆ་ལ་འདི་ཉིད་པས། །འབྱེད་པའི་ཤེས་རབ་ཉིད་པས་ནི། །འབྱེད་པ་མེད་པའི་ཚུལ་དུ་གནས། །ཆ་ཕྲ་བསྐྱེད་པའི་ངོ་བོར་ནི། །ཡེ་ཐོག་ཉིད་ནས་གནས་པའོ། །ཞེས་སོ། །ཤེས་རབ་རང་བྱུང་གི་སྒྲོན་མ་འདིའི་ངོ་བོ་སྒྲོན་མ་ཐམས་ཅད་ཀྱི་ཁྱབ་བྱེད་དམ་ཤེས་བྱེད་ཡིན་ལ། ཆོས་ཉིད་སྟོང་གསལ་གྱི་དགོངས་པ་རང་གནས་ཤེས་པའི་རྩལ་དང་བཅས་པ་སྟེ། ཐབས་སྒྲོན་མ་གཞན་གསུམ་པོ་ལ་གཏད་པས། ནང་ནས་རིག་གདངས་དྭངས་སངས་ཕྱེད་པ་རང་གནས་ཀྱི་དགོངས་པ་ཀློང་རྡོལ་གྱི་ཤེས་རབ་དང་བཅས་པ་དེ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་ནོ། །ངེས་ཚིག་ནི་དེ་ཉིད་ལས། ཤེས་པ་དངོས་དང་དངོས་མེད་པའི། །སྣང་བ་ཀུན་ལ་རབ་ཞུགས་ནས། །སྤྱི་ཡི་དོན་རྣམས་ཤེས་པ་དང༌། །མ་བཙལ་བཞག་པའི་གདེང་རྙེད་དེ། །རང་གི་ཡེ་ཤེས་ཚད་རྣམས་ཤེས། །རང་བཞིན་དག་པའི་ཆོས་སྐུ་ནི། །སུས་མ་རྙེད་པར་རང་རིག་པས། །ཀུན་ལས་ཁྱད་འཕགས་རབ་ཏུ་སྣང༌། །གཞན་གྱིས་སྤྱོད་པའི་གནས་མེད་པས། །རང་ཤར་ཡེ་ནས་དག་པའི་ཡུལ། །གཞན་གྱི་ཡུལ་མིན་རང་ཤེས་བྱ། །བྱས་པས་འདི་དོན་རྙེད་པ་མེད། །སུ་ལ་རེ་བ་མེད་པའི་ཕྱིར། །ཡེ་ནས་རང་སྣང་འབྱུང་ཞེས་བྱ། །སྒྲོན་ནི་ཆོས་ཉིད་ཐམས་ཅད་ཀུན། །གཉིས་སུ་མེད་པར་སྣང་བར་བྱེད། །མས་ནི་རང་ངོ་ཁྱབ་པའོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཤེས་པས་ཆོས་རྣམས་ཅིག་ཅར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང༌། །གཡོན་ནས་འཆར་བྱེད་སྒོ་མ་འགགས། །ཞེས་སོ། །ནང་ནས་རང་གནས་ལྷུན་གྲུབ་ཀྱི་དགོངས་པ་ཤེས་དུས་ཕྱིའི་སྣང་བ་རང་སྣང་ཟང་ཐལ་འཆར་བ་ཤེས་པས་ན་ཤེས། དེའི་རྟོགས་དཀའ་བའི་དགོངས་པ་མཆོག་དེ་མ་བཙལ་རང་ལས་རྙེད་པས་ཆེས་འཕགས་པའི་རབ་ཏུ་གྱུར་པ་ཡིན་པས་ན་རབ། དེ་ལྟ་བུའི་ཤེས་རབ་དེ་ཡེ་ནས་རང་ལ་ཡོད་པས་ན་རང་། རང་ཤར་འགག་མེད་དུ་བྱུང་བས་ན་བྱུང་། ཆོས་ཐམས་ཅད་གསལ་བར་ཤེས་པས་ན་སྒྲོན། རང་སྣང་རང་ངོར་རིག་པས་ཁྱབ་ཅིང་ཤེས་པས་ཁྱབ་བྱེད་ཀྱི་གཞི་མ་ཞིག་ཏུ་གྱུར་པས་ན་མ་སྟེ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངེས་ཚིག་གོ །མཚན་ཉིད་ནི་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གང་ཞིག་ཆོས་ཅན་དང་ཆོས་ཉིད་རང་དང་སྤྱིའི་ཆོས་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པས་ཤེས་བྱ་ཤེས་ཤིང་སྤང་བྱ་སྤོང་བ་སྟེ། སྒྲོན་མ་འབར་བ་ལས། སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །འདི་ནི་དེ་ཡི་མཚན་ཉིད་དོ། །ཞེས་པ་དང༌། ཐལ་འགྱུར་ལས། ཤེས་རབ་དག་གི་མཚན་ཉིད་ནི། །མཁས་པ་ཚིག་འཇུག་གཞི་མ་སྡུད། །ཉོན་མོངས་ལས་དང་བག་ཆགས་སྲེག །སྨིན་བྱེད་འཁོར་འདས་སྲོག་གཅོད་པའོ། །ཞེས་སོ། །སྤྲོས་བྲལ་རང་གནས་རང་བྱུང་གི་ཡེ་ཤེས་གང་ཞིག ཡུལ་སྣང་བས་བསྡུས་པའི་ཆོས་དང་། ཡུལ་ཅན་རིག་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ་ཤེས་རབ་རང་བྱུང་གི་སྒྲོན་མའི་མཚན་ཉིད། །དབྱེ་བ་ནི་ལྔ་སྟེ། གཞི་གནས་རང་བྱུང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་བྱེད་ལ། སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས་པ། དྲན་པ་འགག་མེད་ཀྱི་ཤེས་རབ་ཀྱིས་མཉམ་བཞག་ཏུ་གསལ་དྭངས་ཕྱེད་པ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྱི་དང་རང་གི་མཚན་ཉིད་ཤེས་པ། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱིས་ཐོས་བསམ་སྒོམ་པའི་མཚམས་ཕྱེད་པ་སྟེ། སྔ་མ་ལས། དབྱེ་བ་རྣམ་པ་ལྔ་ཡིན་ཏེ། །གཞི་གནས་རང་བྱུང་ཤེས་རབ་ཀྱིས། །ལུས་སོགས་ཆོས་ཀྱི་རྟེན་རྣམས་བྱེད། །སྣང་བ་ཅེར་འཛིན་ཤེས་རབ་ཀྱིས། །དབྱིངས་དང་རིག་པའི་དྲན་པ་འཛིན། །དྲན་པ་འགག་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུལ་རྣམས་སྡུད། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་འབྱེད། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱིས། །རང་བཞིན་བར་དོར་གཏན་ལ་འབེབས། །ཞེས་སོ། །གཞི་གནས་རང་བྱུང་གི་ཤེས་རབ་ནི། ནང་གནས་ཀྱི་རིག་པའི་མཁྱེན་ཆ་སྟེ་འཆར་གཞི་དང་རྟེན་དུ་གནས་པའོ། །སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི། དབྱིངས་རིག་གཉིས་མེད་ཟུང་འཇུག་གི་རང་དུས་དེར་རང་གསལ་དྲི་མེད་དག་པས་དགོངས་པ་ཆོས་ཉིད་དུ་སྐྱེལ་བར་བྱེད་པའོ། །དྲན་པ་འགག་མེད་ཀྱི་ཤེས་རབ་ནི། ཤར་རིས་མེད་དུ་ཤར་ཡང་། གྲོལ་རང་ངོ་ཆོས་ཉིད་གཅིག་ཏུ་སྡུད་པའོ། །སོ་སོར་རྟོག་པའི་ཤེས་རབ་ནི། ཆོས་དང་ཆོས་ཅན་ཐམས་ཅད་ཀྱི་རང་དང་སྤྱིའི་རྣམ་པ་དང་། མཚན་ཉིད་ལ་སོགས་པ་ཇི་ལྟར་སྣང་བ་མ་འདྲེས་པར་ཤེས་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི། རང་བཞིན་གྱི་བར་དོ་འདིར་ཐོས་པས་གཏན་ལ་འབེབས། བསམ་པས་ངེས་པར་བྱེད། སྒོམ་པས་ཉམས་སུ་མྱོང་བས་འཁོར་བ་ལས་ངེས་པར་འབྱིན་པའོ། །རྟེན་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་དང་རང་གི་མཚན་ཉིད་རྣམས་ལ་ཤེས་བྱ་དང་ཤེས་བྱེད་དུ་བརྟེན་ལ། རང་བྱུང་གི་ཡེ་ཤེས་ལ་ལྡན་པ་དང༌། ལྡན་ཆོས་སུ་ངོ་བོ་གཅིག་པར་བརྟེན་པ་སྟེ། ཐལ་འགྱུར་ལས། ཤེས་རབ་རང་བྱུང་བརྟེན་པ་ནི། །ཚིག་དང་ཡིན་མིན་རྟོག་པ་དང༌། །གྲུབ་པའི་མཐའ་དང་ལྟ་སྒོམ་དང༌། །ཆོས་ཉིད་ལ་ནི་བརྟེན་པའོ། །ཞེས་སོ། །ཤེས་བྱ་དང་ཤེས་བྱེད། ལྡན་བྱ་དང་ལྡན་ཆོས་ཀྱི་ཚུལ་དུ། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་ཐ་མི་དད་པའི་ཚུལ་གྱིས་བརྟེན་པའོ། །སྒོ་ནི་དབང་པོ་ལྔ་སྟེ། སྒྲོན་མ་འབར་བ་ལས། འཆར་བྱེད་སྒོ་ནི་དབང་པོ་ལྔ། །ཁྱད་པར་སྣ་ནས་འཆར་བར་བྱེད། །དེ་རྟགས་མཚན་མོའི་དུས་ཉིད་དུ། །གློ་དང་སྦྲིད་པ་དྲག་པོ་དང༌། །ཤིན་ཏུ་གློ་དྲག་བུས་པའི་ཚེ། །དམར་ལ་དྭངས་པའི་འོད་ཟེར་ནི། །མེ་སྟག་བཞིན་དུ་རྣམ་པར་འཕྲོ། །དེ་ཡི་ཚད་དང་རྟགས་དེ་ཡིས། །འཆར་བར་བྱེད་པའི་སྒོ་ངོས་ཟིན། །ཞེས་སོ། །སྒོ་དབང་པོ་ལྔ་གསུངས་པ་ནི། དབང་ཤེས་ཀྱིས་ཡུལ་འཇལ་བ་ནི་ཤེས་རབ་ཡིན་ལ་དེའི་ཤེས་རབ་དེ་དབང་པོའི་སྒོ་ལ་བརྟེན་པས་སྒོ་དབང་པོ་ལྔ་ཞེས་གསུངས་པའོ། །ཁྱད་པར་སྣ་ནས་འཆར་བར་བྱེད་ཅེས་པ་ནི། སྣ་ནས་དྲན་པ་ཤེས་རབ་ཀྱི་རྟ་མེ་རླུང་རྒྱུ་བ་ཡིན་པས་དེ་ལྟར་གསུངས་པའོ། །ཤེས་རབ་དངོས་ནི་ཤེས་པས་ཡུལ་རིག་ཀྱང་རྟོག་པར་མ་སྐྱེས་པའི་གསལ་བ་དེ་ལ་ངོས་བཟུང་ནས་སྒོ་དབང་པོ་ལྔ་ལ་རྟོག་མེད་ཀྱི་ཤེས་པ་དྭངས་པ་ལྔ་འབྱུང་བ་ལ་བྱའོ། །དབང་ཤེས་རྟོག་བྲལ་དེ་ཉིད་སེམས་ཡིན་ཡང་དེའི་ནང་ན་རང་བྱུང་ཡེ་ཤེས་ཀྱི་ཆ་གསལ་རིག་རྟོག་མེད་གང་ལའང་མི་འཛིན་པ་ཞིག་ཡོད་པ་དེ་ངོས་གཟུང་བར་བྱའོ། །འདིའི་ཤེས་རབ་རང་བྱུང་གི་སྒྲོན་མ་འདི་ལ་ངོ་བོ་དང་། གདངས་དང་། རྩལ་གསུམ་གྱིས་ཕྱེས་པའི་ངོ་བོ་ནི། ཤེས་རབ་དངོས་ཀ་དག་ཆོས་སྐུའི་དགོངས་པ་སྤྲིན་བྲལ་ནམ་མཁའ་ལྟ་བུའི་རང་བྱུང་གི་རིག་པ་དེ་ཉིད་དོ། །ཕྱིའི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་དང་བྲལ་ནས་རིས་མེད་མཉམ་པར་ཆེན་པོར་གྲོལ་བ་ཀ་དག་གི་རིག་གདངས་དང་ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཀ་ཕྱི་ནང་ཟུང་དུ་འབྲེལ་ཡོང་དུས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་རྙེད་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན། འདི་ནི་གསལ་ལ་རྟོག་མེད་ཡུལ་དང་འབྲེལ་བའི་ཀུན་གཞིའི་རྣམ་ཤེས་དང་མ་ནོར་བར་བཞི་ཆ་གསུམ་བྲལ་གྱི་དགོངས་པ་སྟོང་གསལ་ཀ་ནས་དག་པའི་རིག་པ་དེའོ། །དེ་བཞིན་དུ་ཐོས་བསམ་སྒོམ་པའི་ཤེས་པའི་རང་དུས་ན་ཡེ་ཤེས་ཀྱི་ཆ་ཡོད་པ་དེ་འདིར་ངོས་གཟུང་གི །རྟོག་དཔྱོད་ཀྱི་སེམས་ཀྱིས་བསྡུས་པ་ལ་མི་འདོད་པས་གནད་འདི་གལ་ཆེ་བར་ཡོད་དོ། །འདི་ནི་ཐེག་མཆོག་རྫོགས་པ་ཆེན་པོ་མན་ངག་སྡེའི་ཁྱད་ཆོས་ཏེ། ཐེག་པ་འོག་མ་ཐམས་ཅད་གང་ལྟར་བཤད་ཀྱང་ཡིད་དཔྱོད་མཐར་འཛིན་གྱི་གཟེབ་ལས་མ་གྲོལ་བའི་ཕྱིར་ན་སྤྲོས་པའི་དྲ་བ་ལས་མ་གྲོལ་བ་ཡིན། སྤྲོས་བྲལ་བྱིང་རྒོད་དང་བྲལ་བའི་ངང་དུ་བཞག་དུས་སྤྲོས་པ་དང་བྲལ་བའི་ངང་གསལ་ལ་སྟོང་པའི་གདངས་རྟོག་པ་མ་འགྱུས་པའི་རིག་ཅིང་གསལ་བའི་བློ། གསལ་བའི་ཆ་ནས་ནི་ཤེས་པ་ཡིན་པ་དང་། ཡུལ་མེད་ཀྱི་ཆ་ནས་སེམས་ཀྱང་མིན་པའི་རྟོག་དཔྱོད་སེམས་ལས་འདས་པའི་ཡེ་ཤེས་ནི་ཤེས་རབ་དངོས་སོ། །ཡུལ་ནི་རང་ངོའི་ཡུལ་རིག་པ་འཇུག་ཡུལ་ཆོས་དང་ཆོས་ཉིད་ཐམས་ཅད་ཡིན་ཏེ། །ཐལ་འགྱུར་ལས། ཤེས་རབ་ཡུལ་ནི་ཚིག་དང་དོན། །ཚིག་དོན་འབྲེལ་བར་འདོད་པ་ཡི། །མཚོན་པས་ཤེས་དང་བརྗོད་པས་སོ། །མཚོན་པ་དཔེ་དང་བརྡ་མཚོན་དང༌། །ཚིག་གིས་མཚོན་པ་མཐའ་མར་བརྗོད། །བརྗོད་པས་ཤེས་པ་ཐ་སྙད་དང༌། །ངོ་སྤྲད་པ་དང་འཁྲིད་པ་དང༌། །ལ་བཟླ་ཤན་འབྱེད་དག་གིས་སོ། །ཞེས་སོ། །ཡུལ་ནི་འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་དང་ཆོས་ཉིད་ཐམས་ཅད། ཤེས་དང་ཤེས་བྱ་རོ་གཅིག་པའི་ཚུལ་གྱིས་སོ། །གནས་ནི་ངོ་བོ་སྙིང་གའི་འོད་རྩ་བཞི་དང་ཤེས་རབ་ཀྱི་རང་རྩལ་ཟེར་གདངས་ཀྱིས་རྩ་ཐམས་ཅད་ཀྱི་ནང་ན་གནས་པས་ལུས་ལ་ཁྱབ་སྟེ། གང་དུ་རེག་ཀྱང་ཤེས་པས་ཚོར་བ་དེས་ཤེས་ལ་རླུང་གི་རྟ་ལ་ཞོན་པས་རང་རྩལ་རྩ་འདབ་འགར་འཐུམས་དུས་ཤེས་པ་རྨུགས་ཤིང་མི་གསལ་ལ་རྩ་ཟང་ཐལ་དུ་རང་རྩལ་ཚུད་དུས་ཤེས་པ་གསལ་ལ་ངར་ཆེ་བ་སྟེ། མདོར་ན་ངོ་བོ་སྙིང་དང་རྩལ་རྩ་རྣམས་ན་རླུང་གི་རྟ་ལ་ཞོན་ནས་རྒྱུ་སྟེ། སྒྲོན་མ་འབར་བ་ལས། སྐྱེད་པར་བྱེད་པའི་རྩ་བཞི་ན། །འགྱུ་དང་འགུལ་དང་འཕྲིག་པ་དང༌། །ཡང་ཞིང་བསྐྱོད་པའི་བདག་ཉིད་དུ། །ཙིཏྟའི་དཀྱིལ་འཁོར་ཉིད་དུ་འཁོར། །དྭངས་མ་ཤེས་པའི་བཅུད་རྣམས་ནི། །མེ་སྟག་ཡར་བའི་མཚན་ཉིད་དུ། །ལྔ་བཞི་ལས་ཀྱི་རླུང་དང་བཅས། །ཤེས་པ་གསལ་གསལ་རིག་རིག་པོ། །ཤེས་རབ་རྣམས་ཀྱི་རང་བཞིན་དུ། །རོ་མ་རྐྱང་མ་ཀུན་འདར་མ། །ཤེལ་བུག་ཁོག་པ་སྟོང་པའི་ནང༌། །གསལ་བ་ཤེས་རབ་ཆེན་པོར་བཞུགས། །མིང་གཞི་འདུས་པའི་ཡེ་གདངས་སུ། །ཐམས་ཅད་འབྱེད་པའི་ངོ་བོར་ནི། །ཡེ་ནས་ལུས་ཀྱི་ཆ་ལ་གནས། །སྐབས་སུ་རླུང་གིས་རང་གཟུང་བས། །ཤེས་པ་དྲན་མེད་རྨུགས་པར་ཡང༌། །ཤེས་རབ་རྩལ་རྣམས་རྒྱས་འཐུམས་པས། །གསལ་བའི་ཆ་མེད་རྨུགས་པར་འགྱུར། །རླུང་གིས་ཤེས་རབ་རྩལ་བསྐྱེད་ཚེ། །སྔོན་མ་ཐོས་པའི་ཆོས་རྣམས་ཀྱང༌། །ཡིད་ལ་དྲན་ཞིང་གསལ་བར་འཆར། །གསལ་དང་མི་གསལ་རྩལ་རྣམས་ནི། །རླུང་གི་གཡོ་འགུལ་ཉིད་ལས་འབྱུང༌། །ལུས་དཀྱིལ་རྩ་ནང་གནས་པའོ། །ཞེས་སོ། །ཤེས་རབ་ནང་ན་གནས་པའི་སྐབས་སུ་སྙིང་གི་ཁྱད་པར་ཅན་གྱི་རྩ་ཆེན་བཞི་ན་ཕྱིར་མ་འཕྲོས་པར་ནང་ན་གནས་པ་ཡིན་ལ། ཡེ་གདངས་རླུང་གིས་བཟུང་ནས་ལས་རླུང་གིས་ཕྱིའི་རྩལ་ཐོག་ཏུ་བསྐྱོད་པས་ཡུལ་རིག་པར་ཤར་བ་སྟེ། གནས་ངོ་མ་གང་དུ་གནས་ན་དེའི་དུས་སུ་ལུས་དཀྱིལ་རྩ་ནང་དུ་གནས། དེའི་རྩལ་ནི། འབྱུང་བ། ཤེས་པ། ཡེ་ཤེས། རིག་པ་སྟེ་མིང་བཞི་འདུས་པའི་ཡེ་གདངས་ལ་གནས་པ་ཡིན་ནོ། །ཚད་ནི་ཤེས་རབ་ལྔ་བོ་དེས། རང་རང་གི་འཇུག་ཡུལ་ལ་ཞུགས་པས་གདེང་ཚད་དུ་ལོངས་པའི་ཚད་དུ་ཕྱིན་པ་ནི། ཡང་དེ་ཉིད་ལས། གཞི་གནས་ཤེས་རབ་རང་བྱུང་ཚད། །ཆོས་ཀུན་མཉམ་པའི་ཉམས་སྐྱེས་ན། །ཤེས་པ་བརྟན་པའི་གདེང་རྙེད་ཡིན། །དེ་ཉིད་འགྱུར་བ་མ་ཡིན་པར། །རྟག་ཏུ་རྒྱུད་ལ་གནས་པ་ན། །འདི་ནི་གཞི་གནས་ཤེས་རབ་ཡིན། །འདི་ཡིས་ལུས་ཀྱང་ཡང་བ་དང༌། །ཤེས་པ་རྣམས་ནི་གསལ་བའོ། །སྣང་བ་ཅེར་འཛིན་ཤེས་རབ་ཚད། །ཅོག་གཞག་ཉམས་སུ་མྱོང་བའི་རྟགས། །ལུས་དཀྱིལ་ཁ་དོག་ལྔ་ཡི་འོད། །རྩོལ་བ་མེད་པར་ཕྱིར་ཤར་ནས། །འདི་ལ་ཤེས་པ་རང་ས་ཟིན། །ལུས་ཀྱང་ས་ལ་རེག་པ་མེད། །འདི་ཡིས་ཤེས་པ་གང་གཏད་པའི། །བེམ་པོ་རྣམས་ཀྱང་འགུལ་བར་ནུས། །རང་རྩལ་འབྱོངས་པའི་ཚད་ཡིན་ནོ། །དྲན་པ་འགག་མེད་ཤེས་རབ་ཚད། །ཤེས་པ་གཞན་ལ་འཇུག་པ་མེད། །གཅིག་པུར་འདུག་པར་དགའ་བ་དང༌། །དབེན་པའི་ས་ལ་རྟག་ཏུ་དད། །མི་དང་འགྲོགས་སྙིང་མི་འདོད་པར། །ཤེས་པ་རྩེ་གཅིག་འགྱུར་བ་མེད། །གཞན་གྱིས་བརྗོད་པའི་གཏམ་ལ་ཡང༌། །གཉིས་སུ་འཛིན་པ་ཉིད་དང་བྲལ། །ལྟ་བ་མི་འགྱུར་གདེང་ཉིད་དུ། །ནམ་མཁའ་དག་ལ་འགྲོ་བ་སྙམ། །སེམས་དེ་གར་གཏད་ས་དེར་འགག །ཕ་རོལ་རྣམས་ཀྱི་རྐྱེན་གྱིས་ཀྱང༌། །འདི་ལ་བསྒྱུར་དུ་ག་ལ་ནུས། །བག་མེད་ཤེས་པ་བདེ་ཡངས་པ། །འདི་ཉིད་སྐྱེས་པའི་མི་དེ་ནི། །དྲན་པ་འགག་མེད་ཤེས་རབ་ཟིན། །སོ་སོར་རྟོག་པའི་ཤེས་རབ་ཚད། །ཀུན་གཞི་དང་ནི་ཆོས་སྐུ་ཡང༌། །འདི་ལྟར་ཕྱི་བཏགས་འདི་ལྟ་བུ། །ལུས་ལ་ཞེན་པའི་བློ་བྲལ་ནས། །རིག་པ་གར་གཏད་སར་གནས་ཏེ། །ལུས་ནི་བེམ་པོ་བཞིན་དུ་འགྱུར། །སེམས་དང་ཡེ་ཤེས་ཕྱེད་པ་ནི། །འགྱུ་བྱེད་རྣམས་ཀྱི་སྒོ་ཡང་འགག །འབྱུང་བ་དྭངས་སྙིགས་སུས་ཕྱེད་པ། །རགས་པའི་སྣང་བ་རང་འགག་ཏེ། །ལུ་གུ་རྒྱུད་ལ་བདེ་བར་སྤྱོད། །དེ་བཞིན་འཁོར་འདས་སུས་ཕྱེད་པ། །འཁྲུལ་བའི་བློ་རྣམས་སྐྱེ་མི་སྲིད། །གལ་ཏེ་སྐྱེས་ཀྱང་ཕན་གནོད་བྲལ། །དེ་ལ་སོགས་པའི་རང་ཤེས་ཀྱིས། །འཁོར་འདས་གཏན་ལ་ཕེབས་པ་ནི། །སོ་སོར་རྟོག་པའི་ཤེས་རབ་པོ། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཚད། །ཆོས་ཀུན་ཚིག་གཅིག་སྨོས་པ་ན། །དེ་ཡི་གཞུང་ཀུན་ཤེས་པར་ནི། །ཐོས་པའི་ཤེས་རབ་ཚད་དུ་ཕྱིན། །ཤེས་པས་གང་ལ་བསམ་པ་ཡི། །བཟུང་དེ་རྒྱུད་ལ་བདེ་ཤར་ནས། །བསམ་པ་ཡང་ནི་དེ་བཞིན་འབྱོངས། །གང་བྱུང་རྐྱེན་གྱིས་མི་གནོད་པར། །འཁྲུལ་རྟོག་ཞེན་པ་རང་འགགས་ནས། །འདིས་ནི་བསྒོམ་པའི་ཤེས་རབ་རྙེད། །ཅེས་སོ། །དགོངས་པ་མཉམ་པའི་དྲོད་ཚད་ལ་གནས་པ་གཞི་གནས་ཤེས་རབ་ཀྱི་ཚད། དབྱིངས་རིག་འདྲེས་ཏེ་ཤེས་པ་རང་དབང་ཐོབ་པ་སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱི་ཚད། ཤར་གྲོལ་རིས་མེད་ཀྱི་འདུ་འཕྲོ་ཟད་དེ་ལྷུན་གྲུབ་རང་དལ་གྱི་དགོངས་པ་ལ་གནས་པས་རིག་པ་རྐྱེན་གྱིས་མི་འཕྲོག་པར་གྱུར་པ་དྲན་པ་འགག་མེད་ཀྱི་ཤེས་རབ་ཀྱི་ཚད། གཉིས་སྣང་གཉིས་བཅས་ཀྱི་ཆོས་ཐམས་ཅད་སོ་སོར་ཕྱེད་ནས་གཏན་ལ་ཕེབས་པ་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཚད། ཚིག་དོན་ཐམས་ཅད་རྟོགས་ནས་དོན་རང་ངོའི་ངང་དུ་གནས་པ་འགྱུ་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱི་ཚད་དོ། །བཅུ་བ་དཔེ་ནི་དཔེར་ན་སྣང་བར་བྱེད་པས་སྒྲོན་མེ་དང་འདྲ་ལ། མཆེད་ཅིང་སྤྲོ་ཐུབ་པས་སྤྲ་བ་ལ་མེ་སྟག་མཆེད་པ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། དཔེར་ན་སྲེག་བྱེད་སྒྲོན་མེ་ལྟར། །ཤེས་པས་ཆོས་རྣམས་ཅིག་ཅར་རྟོགས། །ཞེས་པ་དང༌། སྒྲོན་མ་འབར་བ་ལས། དཔེར་ན་སྤྲ་བ་རླན་མེད་ལ། །མེ་སྟག་ཕྲ་བ་ཉིད་ཕྲད་ཀྱང༌། །སྤྲ་བ་ཀུན་མཆེད་མེས་བསྲེགས་བཞིན། །ཤེས་རབ་ཀྱིས་ནི་བག་ཆགས་བསྲེག །འདི་ཀུན་ཤེས་རབ་སྒྲོན་མའོ། །ཞེས་སོ། །དེ་ཡང་གོང་དུ་ཤེས་རབ་ཀྱི་རང་རྩལ་མེ་སྟག་ལྟ་བུ་དང་འབྲེལ་བ་བསྒྲུབ་པའི་དོན་ཏེ། གང་ལ་བལྟས་པའི་ཡུལ་ཐམས་ཅད་རིག་ཅིང་རྟོགས་པས་མི་ཚད་ཉོན་མོངས་པ་ཐམས་ཅད་བསྲེགས་པས་ན་སྤྲ་བ་ལ་མེ་མཆེད་པ་ལྟ་བུའོ། །དེ་ལྟར་སྒྲོན་མ་བཞིའི་གནད་འདི་གལ་པོ་ཆེའོ། །དོན་བཅུ་གཅིག་པོ་ཐམས་ཅད་ཚང་བར་བསྟན་པའི་གོ་དོན་རྫོགས་ཚིག་གིས་མཇུག་བསྡུས་པའོ། །དེ་ལྟར་སྒྲོན་མ་བཞིའི་ཉམས་ལེན་གྱི་གནད་འདི་མེད་ན་འཁོར་འདས་གཉིས་ཀྱི་འབྲེལ་མི་ཆོད་ལ། དེ་མ་ཆོད་ནས་ལུས་ངག་ཡིད་སེམས་བཞི་དུས་རྟག་ཏུ་འཁོར་བར་འཁྱམས་པ་ལས། སྒྲོན་མ་བཞི་བོ་ཡོད་པར་ངོ་ཤེས་པ་དང་། ཐག་ཆོད་དེ་ཉམས་སུ་བླངས་པས་ཐར་བའི་བྱང་ཆུབ་ཐོབ་པའོ། །དེ་ཡང་སྒྲོན་མ་བཞི་འདི་ཡོད་པས། གཞི་སྨིན་བྱེད་དབང་བཞི་ཡོད་ལ། དེས་ན་དབང་བཞིས་རང་རྒྱུད་སྦྱངས་ནས། ལམ་སྣང་བ་བཞི་ཚད་དུ་ཕྱིན་ཏེ། འབྲས་བུ་སྐུ་བཞིའི་དབྱིངས་སུ་འཁྱིལ་བ་ནི་དེའི་གནད་ལས་བྱུང་བ་ཡིན་ནོ། དེ་ཡང་དཔེར་ན་ཤེས་རབ་རང་བྱུང་གི་སྒྲོན་མ་རིན་པོ་ཆེ་བུམ་པའི་དགོངས་པ་ཙིཏྟ་རིན་པོ་ཆེ་སྙིང་གི་བུམ་པ་ན་ནམ་མཁའ་ལྟར་གནས་པ་དང་། བར་གྱི་བུམ་པའི་ཁའི་འབྲེལ་ཐག་གི་ནམ་མཁའ་ལྟ་བུའི་སྒྲོན་མ་བཞིས་མཚམས་སྦྱར་བས་ཕྱི་ནང་གི་ནམ་མཁའ་འདྲེས་པ་ལྟ་བུའི་ཀ་དག་དབྱིངས་ཀྱི་གྲོལ་ས་ཕྱིའི་ནམ་མཁའ་ཆེན་པོར་མ་བུ་འདྲེས་པ་ནི། བར་དོ་རང་གསལ་གྱི་ཆོས་ཉིད་ཤར་དུས་རྡོས་བཅས་ལུས་ཀྱི་བུམ་པ་དེ་ཆག་པས་ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་སུ་ཟང་ཐལ་དུ་རང་གྲོལ་དུ་འགྲོ་བའོ། །རང་གྲོལ་དུ་འགྲོ་བ་ནི་སྒྲོན་མ་བཞིའི་ཆོས་ཉིད་ཉམས་སུ་བླངས་པ་ལས་བྱུང་བའོ། །དེས་ན་སྒྲོན་མ་བཞིའི་གནད་འདི་གལ་པོ་ཆེ་ཡིན་ཞེས་རྒྱལ་བ་ཀློང་ཆེན་པས་ཕྱི་རབས་ཀྱི་རྗེས་འཇུག་ལ་ལན་གཅིག་མིན་པར་བཟློས་ཏེ་ཐུགས་བརྩེ་བའི་གདམས་པ་གནང་མཛད་པའོ། །འདི་ནི་མན་ངག་སྡེའི་གནད་ཀྱི་སྙིང་པོ་ཚེ་གཅིག་ལ་འཕོ་ཆེན་གྱི་སྐུར་བཞེངས་པའི་མན་ངག་ཡིན་པས་དེ་བཞིན་ཉམས་ལེན་གྱི་གནད་འགངས་ཆེན་དུ་འཛིན་པ་གལ་ཆེའོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཡེ་ཤེས་ཀྱི་སྒོའི་གནད་བསྟན་པའི་རིམ་པ་སྟེ་རྡོ་རྗེའི་གནས་དྲུག་པའི་རྒྱ་ཆེར་བཤད་པའོ།། །།
རྡོ་རྗེའི་གནས་བདུན་པ་ཡུལ་གྱི་གནད་བསྟན་པའི་རིམ་པ་རྒྱ་ཆེར་བཤད་པ།
༼ཀ༽ ཡུལ་གྱི་གནད་སྤྱིར་བསྟན་པ།
དེ་ནས་གང་ལ་འཆར་བ་ཡུལ་གྱི་གནད་བསྟན་པ་ལ་གསུམ་སྟེ། ཡུལ་གྱི་གནད་སྤྱིར་བསྟན་པ། སྒྲོན་མའི་གནད་བྱེ་བྲག་ཏུ་བཤད་པ། དབྱིངས་རིག་གི་གནད་གཏན་ལ་དབབ་པའོ། །དང་པོ་ནི། ཕྱིའི་ཡུལ་ནམ་མཁའ་སྟོང་པ་དང༌། ནང་གི་ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་གཉིས་ནི། རིག་པ་ལུ་གུ་རྒྱུད་འཆར་བའི་ཡུལ་དུ་གསལ་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་ལམ་དུའོ། །ཞེས་སོ། །ཕྱིའི་ཡུལ་ནམ་མཁའ་སྟོང་པ་ལ་རིག་པ་གཏད་པས་དེ་དང་མཚུངས་པའི་ཉམས་སྟོང་གསལ་རྣམ་དག་ཏུ་འཆར་བའི་ཕྱིར་ནམ་མཁའ་བཤད་དེ། དེ་ཉིད་ལས། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་བ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་འདོད་པས་ནམ་མཁའ་རྣལ་འབྱོར་དུ་བྱའོ་ཞེས་པ་དང༌། ནམ་མཁའ་ཆེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ནམ་མཁའ་སྟོང་པ་སྐྱེ་མེད་ཅིང༌། །སྐྱེ་མེད་དེ་ནི་ནམ་མཁའ་བཞིན། །ཞེས་པ་དང༌། ཐལ་འགྱུར་ལས། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསངས་རྫི་མེད་ལ། །འོད་དང་ཁ་དོག་དབྱིངས་ཉིད་དང༌། །ཡེ་ཤེས་ལྔ་ཡི་རང་སྣང་གསལ། །ཞེས་སོ། །དེ་ལྟར་ཕྱིའི་ནམ་མཁའ་ལ་ནང་དབྱིངས་སྣང་བ་ནི་སྣང་བ་དང་སྟོང་པ་གཉིས་སུ་མེད་པའི་དབྱིངས་ཞེས་བྱ་སྟེ། །སྔ་མ་ལས། ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལས་ཀྱིས་བཅོས་སུ་ག་ལ་ཡོད། །ཅེས་སོ། །དེ་ལྟར་ཡུལ་ནམ་མཁའ་སྟོང་པ་དབྱིངས་སྣང༌། དབྱིངས་ཀྱི་ར་བར་རིག་པ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་བཞག་ནས་བལྟ་བ་ནི། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་གཏད་སོའི་འབེམ་མངོན་སུམ་རང་ངོ་ལ་བལྟ་བ་དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཞེས་བྱ་བར་འདོད་དེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། ཡུལ་མེད་རྣམ་པར་དག་པའི་ནམ་མཁའ་མཐོང༌། །ཞེས་སོ། །ཐབས་གང་གིས་མཐོང་ན་ལྟ་སྟངས་དང་གཟིགས་སྟངས་ཤེས་པས་མཐོང་བ་སྟེ་འོག་ཏུ་འཆད་དོ། །སྤྱིར་ཡུལ་ལ་ཕྱི་ནང་བར་གསུམ་གྱི་དབྱེ་བ་ཡོད་ལ། ཕྱིའི་ནམ་མཁའ་སྤྲིན་བྲལ། ནང་ཆོས་ཉིད་རང་མདངས། བར་འཕེལ་སྣང་འོད་གསལ་དང་གསུམ་པོ་དེ་ལ་ཕྱི་ནང་བར་གསུམ་གྱི་ཡུལ་ཞེས་བྱ་ལ། དེ་ལས་འདིར་བསྟན་ནམ་མཁའ་སྤྲིན་བྲལ་ཕྱིའི་ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་འདིས་ནང་ཀ་དག་གི་རིག་པ་མཚོན་པར་བྱེད་པས་ན་ཕྱི་མཚོན་བྱེད་དཔེ་ཡི་ནམ་མཁའ། ནང་ཀ་དག་སྟོང་གསལ་སྤྲོས་བྲལ་གྱི་རིག་པ་ཡེ་ནས་འཕོ་འགྱུར་ཡོད་མ་མྱོང་བ་ནི། ནང་སེམས་ཉིད་སྟོང་པའི་ནམ་མཁའ་ཡིན། རིག་སྟོང་བརྗོད་བྲལ་གྱི་ཡེ་ཤེས་མངོན་དུ་གྱུར་པས་ཡུལ་མེད་ཟང་ཐལ་གྱི་ཤེས་པ་དེ་ཉིད་རྗེན་པ་ལྷང་ལ་བུད་དེ་སྐྱེ་མེད་མངོན་སུམ་དུ་རྟོགས་པ་གསང་བ་འོད་གསལ་སྙིང་པོའི་ནམ་མཁའ། དེས་ན་ཡུལ་ནམ་མཁའ་སྟོང་པ་ལ་དབྱིངས་སྣང་འཆར་བ་དང་བཅས་པ་དེ་གནད་ལ་འབེབས་པ་དེ་དབྱིངས་རིག་གཉིས་མེད་ཀྱི་དགོངས་པའོ།།