Nitartha Digital Library
Tibetan
 
previousརྩོམ་པར་དམ་བཅའི་གཞུང་དོན་བཤད་པ།next

རྩོམ་པར་དམ་བཅའི་གཞུང་དོན་བཤད་པ།

གཞུང་གི་འཕྲོས་ཚུལ་དང་དགོས་སོགས་ཆོས་བཞི་བཤད་པ།

༈ སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། ཞེས་སོགས་ཀྱི་གཞུང་འདི་གང་ལས་འཕྲོས་ན། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པའི་སྐབས་སུ། ཕུན་སུམ་ཚོགས་པ་གསུམ་མངའ་བའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ཕྱག་བྱས་པ་ལ། དེ་ལྟར་བསྟོད་ཕྱག་བྱས་ནས། ལས་སུ་བྱ་བ་ཅི་བྱེད་ཅེ་ན། བསྟན་བཅོས་རྣམ་འགྲེལ་རྩོམ་པའི་བྱ་བ་བྱེད་དོ། །བྱས་པ་ལ། འོ་ན། དེ་དགོས་པ་གང་གི་ཕྱིར་དུ་རྩོམ་ཞེ་ན། དངོས་བསྟན་ཉན་པ་པོའི་སྐྱོན་ངོས་བཟུང་ནས་རང་དོན་གྱི་དགོས་པ་དང༌། ཤུགས་བསྟན་སྣོད་ཀྱི་མཚན་ཉིད་ངོས་བཟུང་ནས་གཞན་དོན་གྱི་དགོས་པ་གཉིས་ཀྱི་ཕྱིར་དུ་རྩོམ་ཞེས་འཆད་པར་བྱེད་པ་ལ། གཞུང་འདི་བྱུང་། འདི་ལ་ཡང༌། དངོས་བསྟན་གྱི་བཤད་པ་དང༌། ཤུགས་བསྟན་གྱི་བཤད་པ་གཉིས། དང་པོ་ལ། སྐྱེ་བོ་ཕལ་ཆེར་ཞེས་པ་ནས། རྩལ་མེད་པས་ན། ཞེས་པའི་བར་གྱིས་ལེགས་བཤད་དང་ཉེས་བཤད་སོ་སོར་འབྱེད་པའི་ཤེས་རབ་ཀྱི་རྩལ་དང་མི་ལྡན་པ་དེ་དངོས་སུ་བསྟན། ལེགས་བཤད་རྣམས་དོན་དུ་མི་གཉེར། ཞེས་པས་ལེགས་བཤད་ལ་དོན་གཉེར་དང་མི་ལྡན་པ་དེ་དངོས་སུ་བསྟན། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཞེས་པས་བློ་གཟུ་བོར་མི་གནས་པ་དེ་བསྟན་ཅིང༌། དེས་ན་ཆོས་གྲགས་རང་ཉིད་ཀྱིས་ཀུན་བཏུས་ལ་སོགས་པའི་ལེགས་བཤད་ལ་བློ་གྲོས་གོང་ནས་གོང་དུ་འཕེལ་བའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་ཞེས་འཆད་པར་བྱེད་པ་ལ། སེམས་ནི་ཡུན་རིང་། ཞེས་པ་ནས། དགའ་བ་སྐྱེས། ཞེས་པའི་བར་བྱུང༌། ཤུགས་བསྟན་གྱི་བཤད་པ་ནི། སྐྱེ་བོ་ཕལ་ཆེར། ཞེས་སོགས་ཀྱིས་ཤུགས་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ལེགས་བཤད་དང་ཉེས་བཤད་སོ་སོར་འབྱེད་པའི་ཤེས་རབ་ཀྱི་རྩལ་དང་ལྡན་པ་ཞིག་དགོས་སོ། །ཞེས་བསྟན། ལེགས་བཤད་རྣམས་དོན་དུ་མི་གཉེར། ཞེས་པས་ཤུགས་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ལེགས་བཤད་ལ་དོན་གཉེར་དང་ལྡན་པ་ཞིག་དགོས་སོ། །ཞེས་བསྟན། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཞེས་པས་ཤུགས་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། བློ་གཟུ་བོར་གནས་པ་ཞིག་དགོས་སོ། །ཞེས་བསྟན་ཅིང༌། མཚན་ཉིད་དེ་གསུམ་དང་ལྡན་པའི་ཆེད་དུ་བྱ་བའི་གདུལ་བྱ་ཞིག་གི་ཆེད་དུ་རྩོམ་ཞེས་པ་ལ། སེམས་ནི། ཞེས་པ་ནས། དགའ་བ་སྐྱེས་ཞེས་པའི་བར་བྱུང༌། འོ་ན། ཕལ་ཆེར། ཞེས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། སྐྱེ་བོ་ཕལ་ཆེར་སྣོད་ཀྱི་མཚན་ཉིད་གསུམ་དང་མི་ལྡན་ཅིང༌། སྐྱོན་གསུམ་དང་མ་བྲལ་ཡང༌། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ། སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་མཚན་ཉིད་གསུམ་དང་ལྡན་པས་དེའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་མོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཞེས་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། ཚད་མ་ཀུན་ལས་བཏུས་པ་དེ། ཚིག་བརླིང་ཞིང་དོན་ཟབ་པས་ན་དེ་མ་རྟོགས་པའི་སྐྱེ་བོ་རྣམས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སྨོད་པ་ལ་སོགས་པ་ཡོད་པས། དེ་འདྲའི་སྐྱེ་བོ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་བརྩམས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། ཚད་མ་རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་དེས་ནི་འདིའི་ཚིག་བརླིང་པ་གསལ་བར་མི་ཤེས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ན་འང༌། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཞེས་གསུངས་པའི་ཕྱིར། འོ་ན། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་ཀྱི་གཞུང་དང་པོར་སྨོས་ནས། དེའི་མཇུག་ཏུ་སྐྱེ་བོ་ཕལ་ཆེར་ཞེས་སོགས་ཀྱི་གཞུང་སྨོས་པའི་རྒྱུ་མཚན་གང་ཞེ་ན། རྒྱུ་མཚན་ཡོད་དེ། གཞུང་དང་པོའི་སྐབས་སུ་བསྟེན་བྱ་དགེ་བའི་བཤེས་གཉེན་བསྟན་ནས། གཉིས་པའི་སྐབས་སུ་སྟེན་བྱེད་སློབ་མའི་མཚན་ཉིད་ལ་སོགས་པ་འཆད་པ་ཡིན་པའི་ཕྱིར། འོ་ན། བསྟེན་བྱ་དགེ་བའི་བཤེས་གཉེན་དེ་གང་ཞེ་ན། དེ་བཞག་ཏུ་ཡོད་དེ། རང་གཞན་གྱི་དོན་སྒྲུབ་པའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཐེག་ཆེན་གྱི་བཤེས་གཉེན་དེ་སྐབས་འདིར་བསྟན་གྱི་བསྟེན་བྱ་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། སྟེན་བྱེད་སློབ་མ་དེ་གང་ཞེ་ན། འདི་ལ་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང་འདིའི་སྣོད་ལྡན་གྱི་གདུལ་བྱའི་དབང་དུ་བྱས་ནས། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་གསུངས་པའི་ཕྱིར། འདིས་སྣོད་ཀྱི་ཡོན་ཏན་གསུམ་དངོས་སུ་བསྟན་ནས། སྣོད་ཀྱི་སྐྱོན་གསུམ་ཤུགས་ལ་བསྟན་པ་ཡིན་ལ། དེ་ལྟར་ན། རྣམ་འགྲེལ་རང་ཉིད་ཀྱི་ཆེད་དུ་བརྩམས་ཤིང་འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང༌། མཚན་ཉིད་གསུམ་དང་ལྡན་པ་ཡང་ཡིན། བསྟན་བཅོས་འདི་ལ་བརྟེན་ནས་བསྟན་བཅོས་འདིའི་ཚིག་དོན་མཐའ་དག་བདེ་བླག་ཏུ་རྟོགས་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་བསྟན་བཅོས་འདིའི་གདུལ་བྱ་དེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་ངོ་བོ་ཡིན་ལ། འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང༌། ཡོན་ཏན་གསུམ་དང་ལྡན་པའི་བསྟན་བཅོས་འདིའི་གདུལ་བྱ་དེ། བསྟན་བཅོས་འདིའི་གདུལ་བྱ་སྣོད་ལྡན་གྱི་ངོ་བོ་ཡིན། འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ས་དང་པོ་སོགས་མ་ཐོབ་པས་ཁྱབ་སྟེ། ཐལ་འགྱུར་བའི་སྐབས་སུ། དབུ་མ་འཇུག་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ས་དང་པོ་སོགས་མ་ཐོབ་པས་ཁྱབ་པའི་ཕྱིར་ཏེ། དབུ་མ་འཇུག་པ་ལས། རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་འགྱུར་བས། །ཞེས་དེའི་ཆེད་དུ་བྱ་བའི་གདུལ་བྱ་དེ། ས་དང་པོ་ཐོབ་འགྱུར་དུ་བསྟན་པའི་ཕྱིར། དེ་ལྟར་ན། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་འདིའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་བྱང་སེམས་ཚོགས་ལམ་པ་ལྟ་བུ་དེ་ཡིན་ལ། དེ་ལྟར་ན། འདིའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་བྱང་སེམས་ཚོགས་ལམ་ཆེན་པོ་བ་དེས། བསྟན་བཅོས་འདི་ཉན་པའི་ཚུལ་བཞག་ཏུ་ཡོད་དེ། དེས་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས། ཤའི་མིག་དང༌། ལྷའི་མིག་གིས་བསྟན་བཅོས་འདི་སྟོན་པའི་གནས་དང༌། བསྟན་བཅོས་འདི་སྟོན་པའི་དགེ་བའི་བཤེས་གཉེན་ཆོས་གྲགས་ལྟ་བུ་མཐོང་བར་བྱེད། རྫུ་འཕྲུལ་གྱིས་དེར་འགྲོ། དེ་ན་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་དང་བསྐོར་བ་ལ་སོགས་པ་མཛད། དེ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་སྒོ་ནས་བསྟན་བཅོས་འདིར་བསྟན་པའི་ལམ་གྱི་རིམ་པ་ལ་སོགས་པ་མ་ཐོབ་པ་རྣམས་ཐོབ་པར་བྱེད་པ། ཐོབ་པ་རྣམས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་དུ་ཉན་པ་ཡིན་པའི་ཕྱིར།

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བསྟན་བཅོས་འདིའི་ཉིང་དགོས་དང༌། ཀུན་བཏུས་ཀྱི་ཉིང་དགོས་གཉིས་འགལ་བ་ཡིན་ནོ། །ཟེར་ན། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་ཆོས་ཅན། ཀུན་བཏུས་ཀྱི་ཉིང་དགོས་མ་ཡིན་པར་ཐལ། བསྟན་བཅོས་འདིའི་ཉིང་དགོས་ཡིན་པའི་ཕྱིར། རྟགས་ཀྱང་གྲུབ། གསལ་བ་ལ་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གཉིས་ཀྱི་ཉིང་དགོས་འགལ་བར་ཐལ། དེ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་འགལ་བའི་ཕྱིར། ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་དབང་པོའི་སྒོ་ནས་འགལ་བའི་ཕྱིར་ཏེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཀུན་བཏུས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལས་དབང་པོ་བརྟུལ་བ་ཡིན་པའི་ཕྱིར་ཏེ། གཅིག་ཤོས་དེའི་ཆེད་དུ་བྱ་བའི་གདུལ་བྱ་དེས། ཀུན་བཏུས་རྐྱང་པ་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་ནུས་ལ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་དེ་རྐྱང་པ་ལ་བརྟེན་ནས་དེ་ལྟར་རྟོགས་མི་ནུས་པའི་ཕྱིར་ཏེ། བསྟན་བཅོས་འདི་ལ་བརྟེན་ནས་དེ་ལྟར་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁ་ཅིག །བསྟན་བཅོས་འདིའི་ཉིང་དགོས་དེ་ལ། འདིའི་གནས་སྐབས་ཀྱི་ཉིང་དགོས་དང། མཐར་ཐུག་གི་ཉིང་དགོས་གཉིས་སུ་གྲངས་ངེས་ཟེར་ན། འོ་ན། བསྟན་བཅོས་འདིའི་གནས་སྐབས་ཀྱི་ཉིང་དགོས་ཡིན་ན། འདིའི་ཉིང་དགོས་ཡིན་དགོས་པར་ཐལ། གྲངས་ངེས་འཐད་པའི་ཕྱིར། འདོད་ན། བསྟན་བཅོས་འདི་ལ་བརྟེན་ནས་ཐོབ་པའི་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཐར་ཐུག་གི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །བསྟན་བཅོས་འདིའི་ཉིང་དགོས་འདིའི་གནས་སྐབས་ཀྱི་དགོས་པ་ལ་འབྲེལ། དེ་བསྟན་བཅོས་འདི་ལ་འབྲེལ་བའི་འབྲེལ་པ་དེ་བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །ཟེར་ན། དེ་ཆོས་ཅན། དེ་བྱུང་གི་འབྲེལ་པ་ཡིན་པར་ཐལ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་འདིའི་ཉིང་དགོས་སུ་གྱུར་པའི་ངོ་བོ་ཉིད་སྐུ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བསྟན་བཅོས་འདིའི་ཉིང་དགོས་སུ་གྱུར་པའི་ངོ་བོ་ཉིད་སྐུ་འདིའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་འགོག་བདེན་ལ་འབྲེལ། དེ་བསྟན་བཅོས་འདི་ལ་འབྲེལ་བའི་འབྲེལ་པ་དེ་ཆོས་ཅན། དེ་བྱུང་གི་འབྲེལ་པ་ཡིན་པར་ཐལ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར། མ་གྲུབ་བྱས་པ་ལ། དེ་འདྲའི་འབྲེལ་པ་དེ་དེ་ཡིན་པར་ཐལ། བསྟན་བཅོས་འདིའི་ཉིང་དགོས་སུ་གྱུར་པའི་ངོ་བོ་ཉིད་སྐུ་དེ། བསྟན་བཅོས་འདིའི་ཉིང་དགོས་དང༌། བསྟན་བཅོས་འདིའི་དགོས་པར་གྱུར་པའི་འགོག་བདེན་དེ། བསྟན་བཅོས་འདིའི་གནས་སྐབས་ཀྱི་དགོས་པ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ་བོ། །ཁ་ཅིག །བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ། དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་སྐྱེ་བའི་སྒོ་ནས། བསྟན་བཅོས་འདི་ལ་ཐོས་སོགས་ཀྱིས་འཇུག་པ་ཡིན་ནོ། །ཟེར་ན། འོ་ན། འདིའི་ཆེད་དུ་བྱ་བའི་གདུལ་བྱས། དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས་འདིའི་དགོས་སོགས་ཆོས་བཞི་ཡོད་པར་ཚད་མས་རྟོགས་མི་ནུས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱིར་དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཚད་མས་རྟོགས་ནུས་པའི་ཕྱིར་ཏེ། དགོས་འབྲེལ་གྱི་ངག་འདིས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་པར་སྒྲུབ་པའི་རིགས་པ་ཡང་དག་གཅིག་བསྟན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་ཅེས་པའི་ངག་ལ་བརྟེན་ནས། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་ཡོད་པར་ཚད་མས་རྟོགས་ནུས་པར་ཐལ། དགོས་འབྲེལ་གྱི་ངག་ལ་དེའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། སྒྲ་མི་རྟག་ཅེས་པའི་ངག་ལ་བརྟེན་ནས། སྒྲ་མི་རྟག་པར་ཚད་མས་རྟོགས་ནུས་པར་ཐལ་ལོ། །ཁ་ཅིག །འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའི་བསྟན་བཅོས་འདིའི་གདུལ་བྱ་དེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་མཚན་ཉིད་ཟེར་ན། སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའི་ཀུན་བཏུས་ཀྱི་གདུལ་བྱ་དེ་ཡིན་ན། ཀུན་བཏུས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་དགོས་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཀུན་བཏུས་དེ་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་བསྟན་བཅོས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེས་ཀུན་བཏུས་རྐྱང་པ་ལ་བརྟེན་ནས། ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་ནུས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རྣམ་འགྲེལ་ལ་བརྟེན་ནས་དེ་ལྟར་རྟོགས་དགོས་པའི་ཕྱིར། བྱས་པ་ལ། དེ་གཉིས་ཀྱི་གདུལ་བྱ་སྣོད་ལྡན་གཉིས་འགལ་བར་ཐལ། དེ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་འགལ་བའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། འདིར་བསྟན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པའི་དེ་གཉིས་ཀྱི་གདུལ་བྱ་མི་འགལ་བའི་ཕྱིར།

༈ རང་ལུགས་བཞག་པ་ལ། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི། དགོས་འབྲེལ་གྱི་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི་བཤད་པ་དང་གསུམ། དང་པོ་ནི། བུམ་ནང་གི་ཆུ་དེ་བུམ་ཆུ་ཁྱེར་ཤོག་ཅེས་པའི་ངག་འདིའི་བརྗོད་བྱ་ཡིན་ལ། ངག་དེ་ལ་བརྟེན་ནས། ཆུ་ཁྱེར་འོངས་པ་དེ། དེའི་གནས་སྐབས་ཀྱི་དགོས་པ། སྐོམ་པས་གདུང་བའི་གང་ཟག་དེས་ཆུ་བཏུང་པ་ལ་བརྟེན་ནས་སྐོམ་པ་དང་བྲལ་བའི་བདེ་བ་སྐྱེས་པ་དེ་ངག་དེའི་ཉིང་དགོས་དང༌། དེའི་ཉིང་དགོས་སུ་གྱུར་པའི་དངོས་པོ་དེའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་དངོས་པོ་ལ་འབྲེལ། དེ་ངག་དེ་ལ་འབྲེལ་བའི་འབྲེལ་པ་དེ། ངག་དེའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །གཉིས་པ་བསྟན་བཅོས་འདིའི་དགོས་སོགས་ཆོས་བཞི་པོ་དེ། དགོས་འབྲེལ་གྱི་ངག་འདིའི་བརྗོད་བྱ། དགོས་འབྲེལ་གྱི་ངག་འདི་ལ་བརྟེན་ནས། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ། བསྟན་བཅོས་འདི་ལ་ཐོས་བསམ་སོགས་ཀྱིས་འཇུག་པའི་བློ་དེ་དེའི་གནས་སྐབས་ཀྱི་དགོས་པ། དགོས་འབྲེལ་གྱི་ངག་ལ་བརྟེན་ནས་བསྟན་བཅོས་འདིའི་ཚིག་དོན་མཐའ་དག་ཡོད་པར་རྟོགས་པའི་ཚད་མ་དེ། དགོས་འབྲེལ་གྱི་ངག་འདིའི་ཉིང་དགོས། དགོས་འབྲེལ་གྱི་ངག་དེའི་ཉིང་དགོས་སུ་གྱུར་པའི་ཚད་མ། དེའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་ཤེས་པ་ལ་འབྲེལ། དེ་དགོས་འབྲེལ་གྱི་ངག་འདི་ལ་འབྲེལ་བའི་འབྲེལ་པ་དེ། དགོས་འབྲེལ་གྱི་ངག་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །གསུམ་པ་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་བཤད་པ་ནི། སྤྱིར་ཀུན་ལས་བཏུས་ཀྱི་ཚིག་དོན་མཐའ་དག་དང༌། རྟོག་གེའི་ཚིག་དོན་བརྒྱད། བསྟན་བཅོས་འདིའི་བརྗོད་བྱ་ཡིན་ལ། དེར་མ་ཟད། ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་ཡང༌། བསྟན་བཅོས་འདིའི་བརྗོད་བྱ་ཡིན་ཏེ། བསྟན་བཅོས་འདིས། ཚད་མའི་མཚན་ཉིད་དབྱེ་བ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར། འོ་ན། དེ་ལྟར་བསྟན་པ་ལ་དགོས་པ་གང་ཡོད་ཅེ་ན། དགོས་པ་ཡོད་དེ། སྡུག་བསྔལ་བདེན་པས་བསྡུས་པའི་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གསུམ་དང༌། དེའི་རྒྱུ་ལས་དང་ཉོན་མོངས་པ་སྤང་བྱ་ཡིན་ལ། དེ་ལྟ་བུའི་ལས་དང་ཉོན་མོངས་པ་སྤངས་པའི་ལམ་དང་། སྤངས་པ་ལ་སོགས་པ་ཐོབ་བྱ་ཡིན་པས། དེ་རྣམས་ཐོབ་པ་དེ་ཚད་མ་ལ་རག་ལས་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར། དེ་ལྟར་ཚད་མ་ལ་རག་ལས་པ་ཡང་ཡིན་ཏེ། དེ་ལྟ་བུའི་ལས་དང་ཉོན་མོངས་པ་སྤངས་པའི་ལམ་དང༌། སྤངས་པ་ལ་སོགས་པ་ཐོབ་པ་ལ། དེ་ལྟ་བུའི་ཉོན་མོངས་པ་སྤོང་བ་དང༌། དེ་སྤོང་བའི་ལམ་ཉམས་སུ་ལེན་པའི་བླང་དོར་ལ་འཇུག་དགོས་ཏེ། དེ་ལྟར་འཇུག་པ་ལ། ཉོན་མོངས་པ་སྤངས་པའི་ལམ་ཐོབ་པའི་ཐབས་ཚད་མས་ཤེས་དགོས་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། ཚད་མ་རྣམ་ངེས་ལས། ཕན་པ་དང་མི་ཕན་པ། ཐོབ་པ་དང་སྤོང་བ་ནི། ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན། མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམས་སོ། །ཞེས་གསུངས་པའི་ཕྱིར། བསྟན་བཅོས་འདི་ལ་བརྟེན་ནས། ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་ཚད་མ་དེ་བསྟན་བཅོས་འདིའི་གནས་སྐབས་ཀྱི་དགོས་པ་ཡིན་ལ། འདིའི་གནས་སྐབས་ཀྱི་དགོས་པ་དང༌། གནས་སྐབས་ཀྱི་ཡོན་ཏན་དོན་གཅིག །འདི་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་དེ། འདིའི་ཉིང་དགོས་ཡིན་ལ། འདི་དང་འདིའི་མཐར་ཐུག་གི་ཉིང་དགོས། དགོས་པ་མཐར་ཐུག་སོགས་དོན་གཅིག །དེ་ལྟར་ན། འདིའི་ཉིང་དགོས་སུ་གྱུར་པའི་རྣམ་མཁྱེན། འདིའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་བྱང་སེམས་ཀྱི་མཁྱེན་པ་ལ་འབྲེལ། དེ་འདི་ལ་འབྲེལ་བའི་འབྲེལ་པ་དེ། འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་འབྲེལ་པ་ཡིན་ནོ། །ངག་དོན་ནི། དངོས་བསྟན་གྱི་དབང་དུ་བྱས་པ་དང༌། ཤུགས་བསྟན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། དཔལ་ལྡན་ཆོས་གྲགས་ཀྱིས་བསྟན་བཅོས་འདི་གཙོ་བོར་གཞན་དོན་དུ་མི་རྩོམ་པའི་རྒྱུ་མཚན་ཡོད་དེ། འདི་ཉན་པ་པོའི་སྐྱེ་བོ་ཕལ་ཆེར་སྣོད་ཀྱི་སྐྱོན་གསུམ་དང་མ་བྲལ་བས་དེའི་ཕྱིར་དུ་མི་རྩོམ་མོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བརྩམས་པ་ལ་དགོས་པ་ཡོད་དེ། ཆོས་གྲགས་རང་ཉིད་ཀུན་བཏུས་ལ་སོགས་པའི་ལེགས་བཤད་ལ་བློ་གྲོས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་བསྟན་སྒྲ་ཇི་བཞིན་པ་ཁས་མི་ལེན་ཏེ། དཔལ་ལྡན་ཆོས་གྲགས་དེ་གཞན་དོན་གཙོ་བོར་བྱེད་པའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། དེ་ས་བཅུ་པ་ཐོབ་པའི་སྐྱེས་བུ་ཡིན་པའི་ཕྱིར། ཤུགས་བསྟན་གྱི་དབང་དུ་བྱས་ནས་དཔལ་ལྡན་ཆོས་གྲགས་ཀྱིས་བསྟན་བཅོས་འདི་ཁོ་རང་གི་ཆེད་དུ་བྱ་བའི་གདུལ་བྱའི་ཆེད་དུ་བརྩམས་པའི་རྒྱུ་མཚན་ཡོད་དེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ། ཀུན་བཏུས་ལ་སོགས་པའི་ལེགས་བཤད་ལ་བློ་གྲོས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར།

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་ཚད་མ་ཆོས་ཅན། སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་ཡིན་པར་ཐལ། བསྟན་བཅོས་འདིའི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་འདི་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་ཁྱོད་ཡིན་པའི་ཕྱིར། མ་གྲུབ་བྱས་པ་ལ། དེར་ཐལ། དེ་འདྲའི་རྣམ་མཁྱེན་དེས། ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པ་གང་ཞིག །བསྟན་བཅོས་འདི་ལ་མ་བརྟེན་པར་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་བྱས་པ་ལ། འོ་ན། དེ་བསྟན་བཅོས་འདི་ལ་མ་བརྟེན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་དེ་ལ་ལྟོས་པའི་ཕྱིར་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར། གཞན་ཡང༌། དེ་འདྲའི་རྣམ་མཁྱེན་དེས། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པར་ཐལ། དེས་བསྟན་བཅོས་འདི་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། བསྟན་བཅོས་འདི་ལ་བརྟེན་ནས་རྣམ་མཁྱེན་ཐོབ་པའི་སངས་འཕགས་དེས། བསྟན་བཅོས་འདི་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། དེ་འདྲའི་སངས་འཕགས་དེ། བསྟན་བཅོས་འདི་ལ་བརྟེན་ནས་ཆོས་ཐམས་ཅད་རྟོགས་པའི་རྣམ་མཁྱེན་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། དེ་འདྲའི་སངས་འཕགས་དེས། ཆོས་ཐམས་ཅད་ལུང་ལ་བརྟེན་ནས་རྟོགས་པར་ཐལ། དེས་ཆོས་ཐམས་ཅད་བསྟན་བཅོས་འདི་ལ་བརྟེན་ནས་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཐམས་ཅད་རང་དབང་གིས་རྟོགས་པའི་ཕྱིར་ཏེ། སངས་འཕགས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། སངས་འཕགས་ཀྱིས་གདུལ་བྱ་ལ་ཆོས་འཁོར་རང་དབང་གིས་མ་བསྐོར་བར་ཐལ། དེས་ཐབས་རྣམ་མཁྱེན་ལ་བརྟེན་ནས་བསྐོར་བའི་ཕྱིར། ཁྱབ་པ་ཁས། ཟེར་ན་འདིར་མ་ཁྱབ། འདོད་མི་ནུས་ཏེ། དེས་གདུལ་བྱ་ལ་ཆོས་འཁོར་རང་སྟོབས་ཀྱིས་བསྐོར་བའི་ཕྱིར། སྔར་གྱི་ཚིག་སྐྱོན་གཅོད་པའི་དབང་དུ་བྱས་ན། བསྟན་བཅོས་འདི་ལ་བརྟེན་ནས་ཀུན་བཏུས་ཀྱི་ཚིག་དོན་མཐའ་དག་རྟོགས་པའི་སེམས་ཅན་གྱི་རྒྱུད་ཀྱི་ཚད་མ་དེ། བསྟན་བཅོས་འདིའི་གནས་སྐབས་ཀྱི་དགོས་པར་གྱུར་པའི་ཚད་མར་ཁས་ལེན་པར་བྱའོ། །


previousརྩོམ་པར་དམ་བཅའི་གཞུང་དོན་བཤད་པ།next