Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།


   
   
   
   
   
   
   
   
   
རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན། གཏེར་ཆེན་འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན། གཏེར་ཆེན་འགྱུར་མེད་རྡོ་རྗེ།next

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན། གཏེར་ཆེན་འགྱུར་མེད་རྡོ་རྗེ།

༁ྃ༔ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན་བཞུགས་སོ༔ བདག་ཉིད་པདྨ་ཐོད་ཕྲེང་དང་༔ མཁས་པ་བི་མ་མི་ཏྲ་དང་༔ ལོ་ཙཱ་བཻ་རོ་ཙ་ན་སྟེ༔ རྣམ་གསུམ་དགོངས་ཉམས་མཐར་ཐུག་པའི༔ སྙིང་ཐིག་རྣམ་གསུམ་གཅིག་ཏུ་དྲིལ༔ མ་འོངས་དོན་དུ་ཡི་གེར་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འདིར་མན་ངག་གནད་ཀྱི་ངོ་སྤྲོད་ཀྱི་རིམ་པ་ལ༔ གཉིས་པ་མེ་ལོང་ལ་བརྟེན་པའི་ངོ་སྤྲོད་བདུན་ལས༔ དང་པོ་འཁར་བའི་མེ་ལོང་དྭངས་ཤིང་གཡའ་མེད་པ་ཞིག་ལ་འོད་ལྔའི་ཐིག་ལེ་ཤར་བ་བསྟན་ལ༔ འདི་ལྟར་འོད་ལྔ་གསལ་ལ་མ་འདྲེས་པ་གཞི་རང་གི་སྙིང་དབུས་ན་ཡོད་པ་ལས་ལམ་ཉམས་སུ་བླངས་པས་སྣང་སྲིད་ཐམས་ཅད་ཟ་འོག་གི་གུར་ཁྱིམ་ལྟར་འཆར་བའོ༔ གཉིས་པ་རྒྱལ་བའི་སྐུ་གཟུགས་འོད་ལྔའི་ཁྱིམ་གྱི་དབུས་ན་བཞུགས་པ་མེ་ལོང་གི་ནང་དུ་འཆར་བ་བསྟན་ལ༔ འདི་ནི་ཉམས་སུ་བླངས་པས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ཏེ་རྒྱལ་བ་རིགས་ལྔའི་སྐུ་རྐྱང་པར་འཆར་བའི་བརྡའོ༔ གསུམ་པ་ལོངས་སྐུ་ཡབ་ཡུམ་ཞལ་སྦྱོར་འཁོར་དང་བཅས་པ་མེ་ལོང་གི་ནང་དུ་འཆར་བ་བསྟན་ལ༔ འདི་ནི་ཉམས་ལེན་ལ་བརྩོན་པ་ཅན་ལ་རིག་པ་ཚད་ལ་ཕེབས་ཏེ་ཐིག་ལེ་འོད་ཀོར་གཅིག་གི་ནང་དུའང་རྒྱལ་བ་རིགས་ལྔ་ཚོམ་བུའི་སྐུར་མཐོང་བར་འབྱུང་སྟེ་དེའི་བརྡའོ༔ བཞི་པ་ཤེལ་རྡོ་བསྟན་ལ༔ འདི་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྤྲུལ་པ་རྡོ་རྗེ་སེམས་དཔའི་མེ་ལོང་ཡིན་ཏེ༔ རྒྱལ་བ་ཉིད་ཀྱི་བྱིན་རླབས་ལས་གླིང་བཞི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱུང་ཞིང་རང་གནས་པ་ཡིན་ལ༔ འདིའང་རྣལ་འབྱོར་པ་རྣམས་ཀྱི་ཉམས་རྟོགས་དང་མཐུན་པས་ངོ་བོ་སྒྲིབ་པ་མེད་པ་སྟོང་སང་ལྟར་འདུག་པ་ནི་རང་གི་སེམས་ཉིད་སྟོང་གསལ་འཛིན་མེད་ཀྱི་བརྡའོ༔ རང་བཞིན་ནི་སྣ་ཚོགས་འགགས་མེད་ཅིར་ཡང་འཆར་བས་འདི་ཡང་ཁ་དོག་དང་དབྱིབས་གཟུགས་ཐ་དད་པར་སྟོན་པ་འོད་སྣ་ཚོགས་ཀྱི་ཁ་དོག་གིས་མཚོན་པའོ༔ འདིའི་ཐུགས་རྗེ་ནང་གསལ་དུ་བཞུགས་པ་ནི༔ མིག་བཙུམས་ཏེ་བལྟས་པས་འོད་ལྔ་མ་འདྲེས་ཤིང་བཀྲ་བར་ཡོད་པ་མཐོང་སྟེ་འདི་རང་གི་སྙིང་དབུས་ན་རིག་པ་འོད་ལྔའི་ཚུལ་དུ་བཞུགས་པའི་བརྡའོ༔ དཔེ་མན་ཤེལ་དྭངས་པ་འདི་མ་གཏོགས་གང་གིས་ཀྱང་མཚོན་དུ་མེད་ཅིང་འདིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་མཚོན་པའོ༔ ལྔ་པ་ནི་ཉི་ཞུར་ལ་མན་ཤེལ་འཕྱར་ལ་ཤེལ་གྱི་རང་བཞིན་དྭངས་ལ་འཚེར་བ་ལས་འོད་སྣ་ཚོགས་གྱ་གྱུ་ཅན་འདི་འབྱུང་སྟེ༔ རྣལ་འབྱོར་པའི་སེམས་གྱ་གྱུ་ཅན་ལས་ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་ལ་བརྟེན་ནས་གཟུང་འཛིན་འཁྲུལ་རྟོག་མང་དུ་འཆར་བའི་བརྡའོ༔ ཤེལ་གྱི་ནང་ན་འོད་ལྔ་ཡོད་པས་དེའི་རྩལ་ལས་འོད་ལྔ་མ་འདྲེས་པར་གསལ་བ་འདི་ནི་ནང་ཙིཏྟའི་དབུས་ན་རིག་པའི་ཡེ་ཤེས་འོད་ལྔར་གནས་པ་ལས་ཕྱི་རོལ་དུ་རྡོ་རྗེ་ལུ་གུ་རྒྱུད་འོད་ལྔར་སྣང་བའི་བརྡའོ༔ དྲུག་པ་ནི་མར་མེ་མང་དུ་སྦར་བ་ལྡིང་ཁྲི་ལ་བཞག་སྟེ་ཤེལ་ལ་བལྟས་པས་གོང་འོག་གཉིས་སུ་སྣང་བར་མཐོང་སྟེ་འདི་ཉིད་ནི་འོད་གསལ་མ་བུར་སྣང་བའམ་སྣ་ཚོགས་སུ་སྣང་བའི་དོན་ནོ༔ བདུན་པ་ནི༔ གུ་རུ་ཁྲི་མཐོན་པོ་ལ་མཛེས་ཤིང་བཀྲ་བའི་གདན་དང་མཉེ་ཁྲི་དང་ཡོལ་བ་བཅས་པའི་ཁར་དབུ་རྒྱན་སོགས་རྒྱན་དུ་མས་བརྒྱན་ལ༔ སློབ་མ་རྣམས་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟས་པས་མན་ཤེལ་ལ་མིག་བཙུགས་ཏེ་བལྟ་ཞིང་གསོལ་བ་གདབ༔ དེ་ནས་ཤེལ་གྱི་རྩེ་ནམ་མཁའི་ཀློང་དུ་བལྟས་པས་གུ་རུའི་སྐུ་གསལ་ལ་མ་འདྲེས་པ་འོད་ལྔའི་འཁོར་ལོ་ཅན་ཞིག་མཐོང་སྟེ་འདི་ནི་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་དང་མཇལ་བའི་བརྡའོ༔ འདི་རྣམས་ནི་མེ་ལོང་རྣམ་གཉིས་ཀྱི་ངོ་སྤྲོད་ཡིན་ཏེ་རབ་ཏུ་གསང་བའི་རྒྱས་གདབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ། །བཀྲ་ཤིས། །


previousརྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ནང་གི་ངོ་སྤྲོད་བདུན། གཏེར་ཆེན་འགྱུར་མེད་རྡོ་རྗེ།next