Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousགཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ།next

གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ།


CMR012_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ་བཞུགས་སོ།།


CMR012_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་དབང་གསན་བསམ་པའི་ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ལ་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། རྣ་རྒྱུད་ལུང་གི་ཐིག་ལེ་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་གྱུར། །སྐལ་ལྡན་ངེས་ཤེས་སྐྱེས་པའི་ཕྱིར། །ལོ་རྒྱུས་རྒྱས་པར་བཤད་པར་བྱ། །ཞེས་གསུངས་པས། ལོ་རྒྱུས་ཅུང་ཟད་ཅིག་འཆད་ན། འཇམ་དཔལ་ཁྲོས་པའི་རྒྱུད་ལེའུ་སོ་ལྔ་


CMR012_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། རྒྱ་གར་གྱི་གྲོང་ཁྱེར་མུ་སྟེགས་གནས་བ་ར་དྷ་ཛ་བྱ་བ་དེར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དར་ནས་ཡོད་པ་ལ། མུ་སྟེགས་སྟོན་པ་ཕུང་བྱེད་ནག་པོ་དང་། མུ་སྟེགས་སྐུ་ཡི་ལ་བ་ཅན་དང་། མུ་སྟེགས་མེ་ཡི་སླག་པ་ཅན་དང་། མུ་སྟེགས་རིགས་ཐམས་ཅད་འདུས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཐམས་ཅད་བཤིགས་ནས། གླེགས་བམ་ཐམས་ཅད་མེར་བསྲེགས། ཆོས་ཀྱི་སྒྲ་ནི་གཅིག་ཀྱང་མེད་པར་བྱས། དེའི་དུས་ན་སངས་རྒྱས་ཀྱི་བསྟན་པ་ལ་འདི་འདྲ་བ་འོང་ཨ། འཕགས་པ་འཇམ་དཔལ་གྱིས་དགོངས་ནས་ཐུགས་མུག་སྐྱེས་ཏེ་


CMR012_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཐུགས་ཁྲོས་པ་ལས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙའི་སྐུ་སྤྲུལ་པ་ལ། དབུ་གསུམ་ཕྱག་དྲུག་པ། གཡས་གསུམ་དགྲ་སཱུ་ཕྱར་བ། གཡོན་གསུམ་གློ་སྙིང་བསྣམས་པ། སྐུ་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་དང་ལྡན་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ་འཇིགས་སུ་རུང་བ་ཞིག་བསྟན་པས། མུ་སྟེགས་ཐམས་ཅད་ནི་བརྒྱལ་ནས་ཤི། མུ་སྟེགས་ཀྱི་ཡི་གེ་དང་སྒྲ་ཐམས་ཅད་རྣམས་མེར་བསྲེགས། མུ་སྟེགས་ཀྱི་བསྟན་པ་ནི་གཅིག་ཀྱང་མེད་པར་བྱས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་ནི་དར། རྟེན་རྫས་ཐམས་ཅད་བཅུད་ནུས་དང་ལྡན༔ གླེགས་བམ་ཐམས་ཅད་ནི་རང་སྒྲ་གྲག་པ་དང་མདངས་འོད་གཟི་བརྗིད་དང་ལྡན། དབེན་རི་ཐམས་ཅད་ནི་བཀྲ་ཤིས་སོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ། ཀྱེ་མ་འཇམ་དཔལ་ཐུགས་རྗེ་ཅན། །བསྟན་འཛིན་ཆེན་པོ་དྲག་རྩལ་ཅན། །བསྟན་སྲུང་ཆེན་པོ་རྫུ་འཕྲུལ་ཅན། །འདི་འདྲའི་ཐུགས་ཁྲོས་མྱུར་མགྱོགས་ཅན། །ཨ་ལ་ལ་ཧོ་བདེ་ལེགས་སོ། །འདི་ལྟ་བུས་རྫུ་འཕྲུལ་ཅིའི་རྒྱུ་ལས་བྱུང་བ་ལགས། ཞེས་ཞུས་པས། ཀྱེ་སྟོན་པ་འཁོར་བཅས་སྙན་གསན་པར་འཚལ། ང་ཡི་


CMR012_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་དང་རྫུ་འཕྲུལ་འདི་ལྟ་བུ་ནི། ནང་ལྟར་ན་འཕགས་པ་འཇམ་དཔལ་དང་རྟ་མགྲིན་ཕྱག་རྡོར་གསུམ་ཡིན་པས། ཕྱི་ཕ་མུ་སྟེགས་པ་ལ། རྣོ་བས་ནུས་པ་དེ་ལྟར་ཆེ། གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་པས་རྟགས་མཚན་ཆེ་བ་དེ་ལྟར་ལགས། ཕྱི་ལྟར་ན་འཆི་བདག་ཚེ་བདག་སྲོག་བདག་གསུམ་ཡིན་པས་རྫུ་འཕྲུལ་དང་དྲག་རྩལ་ཆེ་བ་དེ་ལྟར་ལགས། ཞེས་འཇམ་དཔལ་ཁྲོས་པའི་རྒྱུད་ལེའུ་སོ་ལྔ་པ་དེར་གསུངས་སོ། །སླར་རྡོ་རྗེ་འཆང་གིས་གསུངས་པ་དང་ཐུབ་པས་གསུང་པ་མང་ནའང་། གཤིན་རྗེ་ཟླ་གསང་ནག་པོ་ལ་སོགས་པ་གསུངས་སོ། །མཐར་འཇམ་དཔལ་གཤིན་རྗེས་བཀའ་སྩལ་པ། ཀྱེ་ཧོ་སྟོན་པ་རྒྱུད་འདི་ནི། །ཀུན་ལ་སྤེལ་ན་འཇིག་རྟེན་ཕུང་བར་འགྱུར། །དེ་བས་འདི་ནི་དམ་དུ་སྦ་བར་བྱ། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །མཆོད་རྟེན་དཀར་ཆུང་ནང་དུ་སྦོས། །ཞེས་བཀའ་སྩལ་ཏོ། །དེ་ནས་སྟོན་པ་འཁོར་དང་བཅས་པས་མཆོད་རྟེན་དཀར་ཆུང་གྱི་དབུ་རྩེར་སྦས། བསྐྱེད་རིམ་སྒྲུབ་ཐབས་ཆོས་འཁོར་དུ་སྦས། བསྟོད་བསྐུལ་མནན་སྲེག་བུམ་པར་སྦས། འགུགས་བཅིངས་ལས་ཚོགས་བང་རིམ་རིམ་པར་སྦས། སངས་


CMR012_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྟན་པ་དར་བར་ཤོག །དམ་ཆོས་མྱུར་དུ་དར་བར་ཤོག །ང་ལས་ལྷག་པ་གཅིག་གིས་འདོན་པར་ཤོག །ཅེས་སྨོན་ལམ་དང་བཅས་གཏེར་དུ་སྦས་སོ། །དེ་ཉིད་ཕྱི་རབས་ཀྱི་དོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཏེར་ནས་གདན་དྲངས། བྱང་སྤྲ་དུན་རྩེར་གཏན་ལ་ཕབ་ནས་བསྟན་སྲུང་ཁྱད་པར་འཕགས་པ་ཞིག་འདུག་དགོངས་ནས་གཤིན་རྗེའི་ཆོས་སྐོར་ཐམས་ཅད་ཁྱོད་ལ་དབང་གསུངས་ནས་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་ངོ་། །གནུབས་སངས་རྒྱས་ཡེ་ཤེས་དེས་རྫོགས་རིམ་རྒྱུད་དང་བཅས་པ། བསྐྱེད་རིམ་སྒྲུབ་ཐབས་དང་བཅས་པ། བསྟོད་བསྐུལ་མནན་བསྲེགས་དང་བཅས་པ་བལ་ཡུལ་བུམ་ཐང་ཀེ་རུ་ལ་སྦས། ལས་མཐའ་ལ་ལ་གཡུ་ཆུང་གི་རྫོང་སྣུབ་སོ་ལ་སྦས་སོ། །ལ་ལ་ནི་བུམ་ཐང་སྒོ་སྲུང་བཙན་དམར་ལ་གཏད། ལ་ལ་ནི་བྱང་ཆུབ་ཆེན་པོ་མཆོད་རྟེན་འཛིན་པའི་མཚན་ལ་གཏད། ནས་ཟངས་ཀྱི་ཆུས་བྱུག་པ་ཞིག་ཡོད་པའི་ནང་དུ་སྦས་སོ། ཕྱི་རབས་དུས་ལས་དང་སྐལ་བ་ལྡན་པ་གཅིག་དང་འཕྲད་པར་ཤོག །ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅེས་སྨོན་ལམ་དང་བཅས་གཏེར་དུ་སྦས་སོ། །ཕྱི་རབས་དོན་དུ་རྒྱ་ཞང་ཁྲོམ་གྱིས་གཏེར་


CMR012_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཏོན། དེ་ཡང་མཐུ་རྩལ་ཆེ་ཚུལ་ནི། བལ་པོ་བཱ་སུ་དྷ་རས་མུ་སྟེགས་པ་ལྔ་བཅུ་རྩ་གཉིས་བསྒྲལ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཕོ་ངོ་བརྒྱད་བཅུ་གྱ་བདུན་བསྒྲལ། རྒྱ་ཞང་ཁྲོ་གྱིས་བན་བོན་ལྔ་བཅུ་རྩ་གཉིས་བསྒྲལ། ཁོང་ལ་ཐུག་ཚད་མཐུ་ཆེ་བས་རྒྱ་ཞིང་ཁྲོ་དུག་གི་སྒྲོ་བར་གྲགས་སོ། །གནུབས་དར་མ་དབང་ཕྱུག་གིས་ཞག་བདུན་བསྒྲུབས་པས་བན་བོན་སུམ་ཅུ་སོ་གཉིས་བསྒྲལ། ཡ་བ་ཤཱཀྱ་རྡོ་རྗེས་ཟླ་གཅིག་བསྒྲུབ་པས་སྔགས་པ་སུམ་ཅུ་ཕོ་མོ་དྲུག་ཅུ་རེ་གཅིག་བསྒྲལ། སྔགས་པ་ཨ་གྲོགས་ཀྱིས་ཞག་བཅུ་བསྒྲུབས་པས་ཕོ་ངོ་བརྒྱད་ཅུ་བསྒྲལ་སྐད། དེ་ནས་རིམ་པར་བརྒྱུད་དེ། དབང་རྒྱུན་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་། ལུང་རྒྱུན་སིདྡྷི་བསོད་ནམས་རྣམ་རྒྱལ་ནས་བརྒྱུད་དེ། དེ་དག་གི་བརྒྱུད་པ་རྣམས་ཉམས་སུ་སུས་བླངས་མཐུ་ཆེ་བ་མངོན་སུམ་གྱིས་གསལ། དགོས་ཆེད་ནི་འདིའི་རྒྱ་གཞུང་གཏེར་གཞུང་བསླད་མེད་རྣམས་ནས། ཕ་རོལ་དགྲ་ལ་མྱུར་བས་དུག་གདོང་ཟེར་། །རང་ཉིད་སྲུང་བས་ཁྲོ་ཆུ་ཟེར། །ལོག་རྡུགས་འཆམས་གསུམ་མེད་པས་གཤིན་རྗེ་ཟེར། །འདི་ལ་ཕ་རོལ་ནུས་པ་ཆེ་བས་ཤིན་ཏུ་མྱུར། །སྣང་སྲིད་ལྷ་འདྲེའི་གཙུན་ཕུར་


CMR012_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན། །དགྲ་བོ་འཆི་ལུགས་འདི་ལྟར་ཏེ། །ཚངས་པའི་ཚེ་དང་ལྡན་ཡང་འཆི། །ཞག་གསུམ་གྱིས་ནི་འཁུམ་པར་འགྱུར། །ཁྲག་སྐྱུག་མཚོན་གྲིའི་ཁ་རུ་ནི། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །མ་གཤིན་ཕུར་གསུམ་སྔགས་གསར་རྙིང་། །།སྐད་ཅིག་ཐལ་བར་བརླག་པར་འགྱུར། །བྱད་མ་འབུམ་གྱི་སྲོག་གཅོད་ཡིན། །རྔ་ཐོག་འབུམ་གྱི་གཉེན་པོ་ཡིན། །ཞེས་དང་། རྫུ་འཕྲུལ་གྱི་མཐུ་ཡིན་པས་རྣོ་ལ་མྱུར། རླུང་བསྒྲུབ་ཡིན་པས་འདི་ཕ་རོལ་པ་དང་མཐུ་ནུས་པ་ཆེ་ན་བཟང་། རྡུགས་མེད་འཁྱམ་མེད་ལོགས་མེད་བརྡོལ་མེད། ཕྱི་ནང་གསང་གསུམ་གང་ལའང་ཁྱད་མེད། ཕུར་པ་གཤིན་རྗེའི་གཤེད་ཕྱག་ན་རྡོ་རྗེ་ལ་སོགས་གང་ལའང་སྐད་ཅིག་གིས་བརླག་པར་འགྱུར་རོ། །ཕྱི་པ་དང་ནང་པ་ལ་ཁྱད་མེད། དགྲ་ལ་མང་ཉུང་མེད། བྱད་མ་འབུམ་དང་ལྷ་ཚངས་པ་ཡིན་ཡང་སྐད་ཅིག་གིས་བརླག་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཡི་དམ་ཆོས་སྐྱོང་དབྱེར་མེད་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་མཚམས་སྦྱོར་གཤིན་རྗེ་ཁྲོ་ཆུའི་ལོ་རྒྱུས། གཤིན་རྗེ་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ་ཞེས་བྱ་བ་འདི་ནི་༧ ཀརྨ་རཱ་གས་མཛད་འདུག་པ་ལས་ཅུང་ཟད་


CMR012_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཁྲོས་པའི་རྒྱུད་ནས་གསུངས་པ་ལྟར་བྲིས་པའོ།། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ།next