Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།

3 occurrences of དེའི་འོག་ཏུ་
[Clear Hits]


  
  
  
  
  
  
  
  
  
  
སུམ་ཅུ་རྩ་དགུ་པ། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


3 occurrences of དེའི་འོག་ཏུ་
[Clear Hits]

 
previousསུམ་ཅུ་རྩ་དགུ་པ། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ། next

སུམ་ཅུ་རྩ་དགུ་པ། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ།


DKG030_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གྲགས་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་ལ། གང་དག་གི་རྣ་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་གྲགས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལས་དགེ་བའི་རྩ་བ་རྣམས་བསྐྱེད་ཅིང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་ནོ། །གང་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། བཟུང་ཞིང་བཅངས་ལ་བཀླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། བཟུང་ཞིང་བཅངས་ལ་བཀླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དེ་དག་གིས་ནི། སངས་རྒྱས་མང་པོ་དག་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །རིགས་ཀྱི་བུའམ་རིགས་


DKG030_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཀྱང་མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་བ་དེ་དག་གིས་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལའང་ཡོངས་སུ་ཞུ་བ་བྱས་པ་ཡིན་ནོ། །གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཀྱང་མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་བ་དེ་དག་གིས་ནི། བསྐལ་པ་བྱེ་བ་ཕྲག་མང་པོ་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ཡིན་ནོ། །སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་ལ། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུའང་བརྩོན་པར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟ་བ་དེ་ལྟར་གཟུང་བར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཟབ་ལགས་ཏེ། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལམ་སྤྱད་པ་དག་གིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་རྔོ་མི་ཐོགས་པའི་སླད་དུའོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་སེམས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ནི། སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་པ་མ་མཆིས་པ་དང་། དགའ་བ་མ་མཆིས་པ་དང་། དང་བ་མ་མཆིས་པས།


DKG030_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་འདི་སྐད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི། ཇི་ལྟར་སྤྱད་པར་བགྱི། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི། ཇི་ལྟར་སྤྱོད་པར་བགྱི། ནང་སྟོང་པ་ཉིད་ལ་ནི། ཇི་ལྟར་བསྒོམ་པར་བགྱི། ཕྱི་སྟོང་པ་ཉིད་ལ་ནི། ཇི་ལྟར་བསྒོམ་པར་བགྱི། ཕྱི་ནང་སྟོང་པ་ཉིད་ལ་ནི། ཇི་ལྟར་བསྒོམ་པར་བགྱི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ནི། ཇི་ལྟར་བསྒོམ་པར་བགྱི། དྲན་པ་ཉེ་བར་གཞག་པ་རྣམས་ལ་ནི། ཇི་ལྟར་བསྒོམ་པར་བགྱི། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལ་ནི། ཇི་ལྟར་བསྒོམ་པར་བགྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ནི། ཇི་ལྟར་བསྒོམ་པར་བགྱི། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ནི། ཇི་ལྟར་བསྒོམ་པར་བགྱི་ཞེས་ཡོངས་སུ་ཞུ་བ་མ་བགྱིས་པའི་སླད་དུའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། དེ་ལྟར་ངོ་མཚར་ཡང་ཅི་ཆེ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་ཟབ་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་མ་གྱུར་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པར་མ་གྱུར་པ་དང་། ནང་སྟོང་པ་ཉིད་ལ་མོས་པར་མ་གྱུར་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མོས་པར་མ་གྱུར་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མོས་པར་མ་གྱུར་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སངས་


DKG030_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མོས་པར་མ་གྱུར་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་བྱེད་པ་ནི། ངོ་མཚར་མི་ཆེའོ། །བཙུན་པ་ཤཱ་རིའི་བུ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་པས་ན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ །འདི་ལྟར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ངེས་པར་བྱུང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རབ་ཏུ་བསྐྱེད་པ་ཡིན་པའི་ཕྱིར་ཏེ། ཀཽ་ཤི་ཀ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་འདོད་པ་དང་། བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །དེ་བཞིན་དུ་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་འདོད་པ་དང་། རང་བྱང་ཆུབ་ལ་དགོད་པར་འདོད་པ་དང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་


DKG030_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལ་དགོད་པར་འདོད་པ་དང་། དགེ་སློང་གི་དགེ་འདུན་ཡོངས་སུ་བསྡུ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལགས། ཇི་ལྟར་ན། རྣལ་འབྱོར་དུ་བགྱིད་པ་ལགས། ཇི་ལྟར་ན། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལགས། ཇི་ལྟར་ན། རྣལ་འབྱོར་དུ་བགྱིད་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། ནང་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བགྱིད་པ་ལགས། ཇི་ལྟར་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་རྣལ་འབྱོར་དུ་བགྱིད་པ་ལགས། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྣལ་འབྱོར་དུ་བགྱིད་པ་ལགས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རྣལ་འབྱོར་དུ་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ །གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཡོངས་སུ་ཞུ་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །ཀཽ་ཤི་ཀ །ཁྱོད་ཀྱི་སྤོབས་པ་སྐྱེས་པ་དེའང་སངས་རྒྱས་ཀྱི་མཐུ་ཡིན་ཏེ། ཀཽ་ཤི་ཀ །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །ཀཽ་ཤི་ཀ །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གཟུགས་ལ་མི་


DKG030_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་གནས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ལ་མི་གནས་པ་དེའི་ཚེ་རྣམ་པར་ཤེས་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་མིག་ལ་མི་གནས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་མི་གནས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་བཞིན་དུ་གཟུགས་ལ་མི་གནས། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་མི་གནས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །ནང་སྟོང་པ་ཉིད་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །ཚད་མེད་པ་བཞི་ལ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་མི་གནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མི་གནས་


DKG030_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། གང་ལ་གནས་པ་དང་། གང་ལ་རྣལ་འབྱོར་དུ་བྱེད་པའི་གཟུགས་དེ་དམིགས་སུ་མེད་པ་དང་། དེ་བཞིན་དུ་གང་ལ་གནས་པ་དང་། གང་ལ་རྣལ་འབྱོར་དུ་བྱེད་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་སུ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་སྦྱོར་བར་མི་བྱེད་དེ། གང་གི་ཕྱིར་གཟུགས་ལ་སྦྱོར་བར་མི་བྱེད་པ་དེ་ལྟར་གཟུགས་ལ་རྣལ་འབྱོར་དུ་བྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྦྱོར་བར་མི་བྱེད་དེ། གང་གི་ཕྱིར་རྣམ་པར་ཤེས་པ་ལ་སྦྱོར་བར་མི་བྱེད་པ་དེ་ལྟར་རྣམ་པར་ཤེས་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱོར་བར་མི་བྱེད་དེ། གང་གི་ཕྱིར་སངས་རྒྱས་ཀྱི་མ་འདྲེས་པ་བཅོ་བརྒྱད་ལ་སྦྱོར་བར་མི་བྱེད་པ་དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རྣལ་འབྱོར་དུ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གཟུགས་སྔོན་གྱི་མཐར་མི་དམིགས། གཟུགས་ཕྱི་མའི་མཐར་མི་དམིགས། གཟུགས་དེ་་ལྟར་བྱུང་བར་མི་དམིགས་ཤིང་། དེ་བཞིན་དུ་ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་


DKG030_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་གྱི་མཐར་མི་དམིགས། རྣམ་པར་ཤེས་པ་ཕྱི་མའི་མཐར་མི་དམིགས། རྣམ་པར་ཤེས་པ་ད་ལྟར་བྱུང་བར་མི་དམིགས་ལ། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྔོན་གྱི་མཐར་མི་དམིགས། ཕྱི་མའི་མཐར་མི་དམིགས། ད་ལྟར་བྱུང་བར་མི་དམིགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཟབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ཡིན་ནོ། །ཤཱ་རིའི་བུ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ཡིན་ནོ། །ཤཱ་རིའི་བུ། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ཡིན་ནོ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཏིང་དཔག་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། གཟུགས་གཏིང་དཔག་དཀའ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བ་ཡིན་ནོ། །ཤཱ་རིའི་བུ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བ་ཡིན་ནོ། །ཤཱ་རིའི་


DKG030_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བུ། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གཏིང་དཔག་དཀའ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚད་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། གཟུགས་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་ནོ། །ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་ནོ། །ཤཱ་རིའི་བུ། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་གཟུགས་ཟབ་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་


DKG030_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཟབ་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ཞིང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་གཟུགས་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར། གཟུགས་ཀྱི་གཏིང་དཔག་དཀའ་བ་ཉིད་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་


DKG030_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྣམ་པར་ཤེས་པའི་གཏིང་དཔག་དཀའ་བ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ཞིང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་གཏིང་དཔག་དཀའ་བ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་ནོ། །ཞེས་བྱ་བར་ཡང་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཏིང་དཔག་དཀའ་བ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་གཟུགས་ཚད་མེད་དོ། །ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚད་མེད་དོ། །ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར། གཟུགས་ཀྱི་ཚད་མེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚད་མེད་པ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ཞིང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཚད་མེད་པ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སངས་རྒྱས་ཀྱི་


DKG030_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀྱི་ཚད་མེད་པ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་ཙམ་དུ་ཟབ་པ་དང་། དེ་ཙམ་དུ་གཏིང་དཔག་དཀའ་བ་དང་། དེ་ཙམ་དུ་རྟོགས་པར་དཀའ་བ་དང་། དེ་ཙམ་དུ་ཚད་མ་མཆིས་པ་ལགས་ཏེ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མདུན་དུ་བཤད་པར་མི་བགྱི་སྟེ། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ན། སྐྲག་ཅིང་། དངང་ལ་དངང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས། འདི་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་པར་བགྱི་སྟེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། མི་སྐྲག་མི་དངང་ལ། དངང་བར་མི་འགྱུར་ཞིང་། ནེམ་ནུར་བགྱིད་པར་མི་འགྱུར། ཐེ་ཚོམ་འཚལ་བར་མི་འགྱུར་བའི་སྟེང་དུ་ཐོས་ནས་ཀྱང་མོས་པར་འགྱུར་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་ན། ཉེས་པ་ཅིར་འགྱུར། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ །ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པར་གྱུར་ན། སྐྲག་ཅིང་དངང་ལ། དངང་བར་འགྱུར་ཞིང་། ཕྱིར་ལྡོག་པ་དང་། ཕྱིར་སྤོང་བར་འགྱུར་ཏེ། མོས་པར་མི་འགྱུར་ལ། ཀཽ་ཤི་ཀ །གང་གི་ཕྱིར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། ཕྱིར་སྤོང་ཞིང་། ལོག་པར་ལྟུང་བར་འགྲོ་བའི་ལས་གསོག་པར་འགྱུར་ཏེ། ཡུན་རིང་པོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བའི་གནས་དེ་ཡོད་དོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་


DKG030_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་བ་ལྟ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་བ་དེ་དག་ནི། རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་འགྱུར་ཏེ། དེ་དག་ནི། དེ་བཞིན་གཤེགས་པ་གཅིག་གམ། གཉིས་ལས་མི་འདའ་བའི་བར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་འགྱུར་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། མི་སྐྲག་མི་དངང་ཞིང་། དངང་པར་མི་འགྱུར་བའི་སྟེང་དུ་ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་། ཇི་སྐད་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེ་དག་ནི། ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དཔེ་བརྗོད་པར་བདག་ཤིན་ཏུ་སྤོབས་ལགས་སོ། །བདེ་བར་གཤེགས་པ། བདག་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཁྱོད་སྤོབས་པར་གྱིས་ཤིག་།ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞིག་གི་གཡར་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་


DKG030_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་པའི་བར་དག་རྨིས་པར་གྱུར་ན། བཅོམ་ལྡན་འདས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ལགས་པར་རིག་པར་བགྱི་ན། བཅོམ་ལྡན་འདས། གང་དག་སད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བར་སེམས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བ་ལྟ་སྨེས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པའི་སླད་དུ་རྙེད་ཅིང་། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་སྒྲུབ་པར་བགྱིད་པ་དེ་དག་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལགས་སོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། ཡུན་རིང་པོ་ནས་ཐེག་པ་ལ་ཞུགས་པ་དང་། དགེ་བའི་རྩ་བ་བསྐྲུན་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་པར་འགྱུར་ཞིང་། རྙེད་པར་གྱུར་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་


DKG030_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་ཉེ་བའམ། ལུང་བསྟན་པར་འགྱུར་བའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། མི་ཞིག་འབྲོག་དགོན་པ་དཔག་ཚད་བརྒྱ་པ་ཞིག་ནས་བྱུང་བར་གྱུར་ཏམ། འབྲོག་དགོན་པ་དཔག་ཚད་ཉིས་བརྒྱ་པ་ཞིག་ནས་སམ། དཔག་ཚད་སུམ་བརྒྱ་པ་ཞིག་ནས་སམ། དཔག་ཚད་བཞི་བརྒྱ་པ་ཞིག་ནས་སམ། དཔག་ཚད་ལྔ་བརྒྱ་པ་ཞིག་ནས་བྱུང་བར་གྱུར་ནས་དེ་བྱུང་བའི་ཚེ་གྲོང་ཁྱེར་གྱི་སྔ་ལྟས་བ་ལང་རྫི་དག་གམ། ཕྱུགས་རྫི་དག་གམ། ས་མཚམས་སམ། ཀུན་དགའ་ར་བའམ། ཚལ་དག་གམ། སྐྱེད་མོས་ཚལ་དག་མཐོང་བར་གྱུར་ཏམ། གྲོང་ཁྱེར་གྱི་སྔ་ལྟས་གྲོང་དག་གམ། གྲོང་རྡལ་དག་གམ། ལྗོངས་དག་གམ། ཡུལ་འཁོར་དག་གམ། མཚན་མ་གཞན་གང་ཡང་རུང་བ་དག་མཐོང་བར་གྱུར་ན། དེ་འདི་སྙམ་དུ། སྔ་ལྟས་འདི་ལྟ་བུ་འདི་དག་གདའ་བ་ལས་ན། འདི་ནས་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་ཉེ་བར་འགྱུར་རོ། །སྙམ་ནས་དབུགས་ཕྱིན་པར་འགྱུར་ཞིང་། དེ་ལ་སླན་ཆད་ཆོམ་རྐུན་གྱིས་འཇིགས་པའམ། གདུག་པས་འཇིགས་བའམ། གདོལ་པས་འཇིགས་པའམ། གཅན་གཟན་ཁྲོ་བོས་འཇིགས་པའམ། བཀྲེས་པ་དང་། སྐོམ་པས་འཇིགས་པ་དག་འབྱུང་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྙེད་པར་འགྱུར་ཞིང་། རྙེད་པར་གྱུར་ནས་ཀྱང་འཛིན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཀུན་ཆུབ་པར་བགྱིད། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལུང་བསྟན་དུ་ཉེ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རིང་པོ་མི་ཐོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བགྱི་སྟེ། བྱང་ཆུབ་


DKG030_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སས་འཇིགས་པར་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་པོ་དེས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་རྙེད་ཅིང་མཉན་དུ་རྙེད་དེ། སྔ་ལྟས་དེ་དག་མཆིས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ། སངས་རྒྱས་ཀྱི་མཐུས་ཁྱོད་ཤིན་ཏུ་སྤོབས་པར་གྱིས་ཤིག་།ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། མི་ཞིག་རྒྱ་མཚོ་ཆེན་པོ་ལྟ་འཚལ་བར་གྱུར་ནས་དེ་རྒྱ་མཚོ་ཆེན་པོ་བལྟ་བའི་སླད་དུ་མཆིས་ན། ཇི་ལྟ་ཇི་ལྟར་རྒྱ་མཚོ་ཆེན་པོ་བལྟ་བའི་སླད་དུ་མཆིས་པ་དེ་ལྟ་དེ་ལྟར་དེས་ཡལ་ག་གེལ་བའམ། ཡལ་ག་གེལ་བའི་མཚན་མའམ། རིའམ། རིའི་མཚན་མ་དག་མཐོང་བར་གྱུར་ན། དེས་འདི་ལྟར་རྒྱ་མཚོ་ཆེན་པོ་ནི། འདི་ནས་ཐག་རིང་སྟེ། རྒྱ་མཚོ་ཆེན་པོ་ནི། འདི་ནས་ཐག་ཉེ་བ་མ་ལགས་སོ། །སྙམ་དུ་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱ་མཚོ་ཆེན་པོ་དང་ཉེ་བ་ན་ཡལ་ག་གེལ་པའམ། ཡལ་ག་གེལ་བའི་མཚན་མའམ། རིའམ། རིའི་མཚན་མ་དག་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། མི་ཞིག་རྒྱ་མཚོ་ཆེན་པོ་ལྟ་འཚལ་བར་གྱུར་ནས་ཇི་ལྟ་ཇི་ལྟར་མཆིས་པ་དེ་ལྟ་དེ་ལྟར་དེས་ཡལ་ག་གེལ་པའམ། ཡལ་ག་གེལ་བའི་མཚན་མའམ། རིའམ། རིའི་མཚན་མ་དག་མ་མཐོང་བར་གྱུར་ན། དེ་འདི་སྙམ་དུ། རྒྱ་མཚོ་ཆེན་པོ་ནི། འདི་ནས་ཐག་མི་རིང་ངོ་། །སྙམ་དུ་སེམས་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རྒྱ་མཚོ་ཆེན་པོ་དང་ཉེ་བ་ན་ཡལ་ག་གེལ་པའམ། ཡལ་ག་གེལ་བའི་མཚན་མའམ། རིའམ། རིའི་མཚན་མ་དག་མི་གདའ་བའི་སླད་དུའོ། །མི་དེའི་མིག་གིས་རྒྱ་མཚོ་ཆེན་པོ་མ་མཐོང་དུ་ལགས་ཀྱང་། དེས་བདག་ནི། རྒྱ་མཚོ་ཆེན་པོ་དང་ཉེ་བར་གྱུར་ཏེ། རྒྱ་མཚོ་ཆེན་པོ་ནི། འདི་ནས་ཐག་ཉེའོ། །རྒྱ་མཚོ་ཆེན་པོ་ནི། འདི་ནས་ཐག་མི་རིང་ངོ་། །ཞེས་བགྱི་བར་ངེས་


DKG030_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུང་པར་བགྱིད་པ་དེས་ཀྱང་འདི་ལྟར་རིག་པར་བགྱི་ཞིང་། འདི་ལྟར་བསམ་པར་བགྱི་སྟེ། བདག་དེ་བཞིན་གཤེགས་པས་བསྐལ་པ་འདི་སྙེད་ཅིག་གམ། བསྐལ་པ་བརྒྱ་ཕྲག་འདི་སྙེད་ཅིག་གམ། བསྐལ་པ་སྟོང་ཕྲག་འདི་སྙེད་ཅིག་གམ། བསྐལ་པ་འབུམ་ཕྲག་འདི་སྙེད་ཅིག་གམ། བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་འདི་སྙེད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་མངོན་སུམ་དུ་ལུང་མ་བསྟན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་ཉེ་བ་ལགས་སོ། །སྙམ་དུ་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་ཞིང་མཉན་དུ་རྙེད་ལ། ཐོས་ནས་ཀྱང་བཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིར་མཆིས་སོ། །སྙམ་དུ་སེམས་པའི་སླད་དུའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། དཔྱིད་བྱུང་སྟེ། ཡལ་ག་གེལ་པ་རྣམས་ཀྱི་ལོ་མ་དང་། འདབ་མ་ལྷགས་པར་གྱུར་པ་ན། ཛམྦུའི་གླིང་གི་མི་རྣམས་ཀྱིས་འདི་ལྟར། ད་ནི། རིང་པོ་མི་ཐོགས་པར་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་འབྱུང་བར་འགྱུར་རོ། །སྙམ་དུ་རིག་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཡལ་ག་གེལ་པ་རྣམས་ལ་སྔ་ལྟས་དེ་དག་གདའ་བའི་སླད་དུ་སྟེ། ཛམྦུའི་གླིང་གི་མི་རྣམས་ཀྱིས་ཡལ་ག་གེལ་བ་རྣམས་ལ་སྔ་ལྟས་དེ་དག་མཐོང་ནས་འདི་སྙམ་དུ། ད་ནི། རིང་པོ་མི་ཐོགས་པར་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་འབྱུང་བར་འགྱུར་རོ། །སྙམ་ནས་ཡིད་དགའ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་


DKG030_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཉན་པའི་སླད་དུ་རྙེད་ཅིང་ཐོས་ནས་ཀྱང་འཛིན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཀུན་ཆུབ་པར་བགྱིད། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལགས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིད་བགྱིད་པ་ལགས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་འདི་སྙམ་དུ། གང་གི་སླད་དུ་བདག་ཅག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྙེད་ཅིང་བལྟར་མཆིས་པ་དང་། མཉན་དུ་མཆིས་པ་དང་། ཕྱག་བགྱིར་མཆིས་པ་དང་། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་ཏུ་མཆིས་པ་ལས་ན། བདག་ཅག་ནི། སྔོན་གྱི་དགེ་བའི་རྩ་བ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པ་ལགས་སོ། །སྙམ་དུ་རིག་པར་བགྱི་ལགས་སོ། །དེ་ནས་གང་དག་སྔོན་སངས་རྒྱས་མཐོང་བར་གྱུར་པའི་ལྷའི་བུ་དག་འདི་སྙམ་དུ། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལའང་ལུང་བསྟན་པར་འགྱུར་བའི་སྔ་ལྟས་འདི་ལྟ་བུ་དེ་དག་བྱུང་བར་གྱུར་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཀྱང་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །སྙམ་ནས་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། བུད་མེད་སྦྲུམ་པ་ནི། ཇི་ལྟ་ཇི་ལྟར་བུ་བཙའ་བར་ཉེ་བ་དེ་ལྟ་དེ་ལྟར་དེའི་ལུས་འགྱུར་ཏེ། ལུས་ངལ་བའི་ཚོར་པ་ཆེན་པོ་སྐྱེ་བ་དང་། འཆག་པར་མི་བགྱིད་པ་དང་། དྲན་པ་ཆུང་བ་དང་། གཡར་ཟས་ཀྱི་དད་ཆུང་བ་དང་། རྨུགས་པ་དང་། གཉིད་ཆུང་བ་དང་། ཚོར་བ་དེ་ལྟ་བུ་དག་བྱུང་བས་སྨྲ་བ་ཉུང་བ་དང་། དེས་སྔོན་ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིས་ཤིང་བསྟེན་པ་དང་། ལན་མང་དུ་


DKG030_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་ཤིང་ཀུན་ཏུ་བསྟེན་པས། འདི་ལྟ་བུའི་ཚོར་བ་འདི་དག་ཉམས་སུ་མྱོང་ངོ་། །སྙམ་དུ་རྟོགས་ནས་མི་སྟེན་པའི་ངང་ཚུལ་ཅན་དུ་འགྱུར་ཞིང་། བུད་མེད་གཞན་དག་གིས་ཀྱང་བུད་མེད་དེའི་མཚན་མ་གང་ལགས་པ་དེ་དག་མཐོང་ནས་འདི་སྙམ་དུ། བུད་མེད་འདི་ནི། རིང་པོ་མི་ཐོགས་པར་བུ་བཙའ་བར་འགྱུར་རོ། །ཞེས་རྟོགས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བསྐྲུན་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པ། སྤྱོད་པ་ལེགས་པར་སྤྱད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྙེད་ཅིང་། རྙེད་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བར་རིག་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཁྱོད་སྤོབས་པ་སྐྱེས་པ་འདི་ནི། སངས་རྒྱས་ཀྱི་མཐུ་ཡིན་ཏེ། ཤཱ་རིའི་བུ། ལེགས་སོ། །ལེགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་གཅིག་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྨན་བཏགས་པ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཡིན་ཏེ། བྱང་


DKG030_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྤྱད་པ་སྤྱོད་པ་ན། བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པ་དག་གིས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་ལ་ཕན་འདོགས་ཤིང་། སེམས་ཅན་རྣམས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་འཛིན་དུ་འཇུག་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡང་དག་པར་འཛིན་དུ་འཇུག་ཅིང་། བདག་ཀྱང་ཆོས་དེ་དག་ལ་གནས་པར་བྱེད་དོ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། གཞན་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་། ཐབས་ལ་མཁས་པས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་ཀྱང་བདག་ཉིད་ཀྱིས་མངོན་སུམ་དུ་ནི། མི་བྱེད་དོ། །དེ་བཞིན་དུ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་འགོད་པར་བྱེད་ཀྱང་བདག་ཉིད་ཀྱང་རང་བྱང་ཆུབ་མངོན་སུམ་དུ་མི་བྱེད་དོ། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་གནོན་པར་བྱེད་ཅིང་། གཞན་དག་ཀྱང་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་བྱེད་དོ། །དེ་བདག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། གཞན་དག་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ ། བདག་ཀྱང་མངོན་པར་ཤེས་པ་རྣམས་སྐྱེད་པར་བྱེད་ཅིང་།


DKG030_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཀྱང་མངོན་པར་ཤེས་པ་རྣམས་ཐོབ་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་གཟུངས་ཀྱི་སྒོ་ཡོངས་སུ་དག་པར་བྱེད་ཅིང་། གཞན་དག་ཀྱང་གཟུངས་ཀྱི་སྒོ་ཡོངས་སུ་དག་པར་བྱ་བ་ལ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་སྤོབས་པ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་ཅིང་། གཞན་དག་ཀྱང་སྤོབས་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་ཅིང་། གཞན་དག་ཀྱང་གཟུགས་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་མཚན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་ཅིང་། གཞན་དག་ཀྱང་མཚན་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་གཞོན་ནུར་གྱུར་པ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་ཅིང་། གཞན་དག་ཀྱང་གཞོན་ནུར་གྱུར་པ་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒྲུབ་པར་བྱེད་ཅིང་། གཞན་དག་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒྲུབ་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་བསམ་གཏན་བཞི་སྐྱེད་པར་བྱེད་ཅིང་། གཞན་དག་ཀྱང་བསམ་གཏན་བཞི་བསྐྱེད་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྐྱེད་པར་བྱེད་ཅིང་། གཞན་དག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒྲུབ་པར་བྱེད་ཅིང་། གཞན་དག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ཅིང་། གཞན་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་


DKG030_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་སྤོང་བར་བྱེད་ཅིང་། གཞན་དག་ཀྱང་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ཅིང་། གཞན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བར་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་ཅིང་། གཞན་དག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་དག་པར་འཛིན་དུ་འཇུག་གོ །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། ཡོན་ཏན་མང་པོ་དང་ལྡན་པ་ནི། ངོ་མཚར་ལགས་སོ། །བདེ་བར་གཤེགས་པ། ངོ་མཚར་ལགས་སོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ཀྱི་རྣམ་པར་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པར་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་


DKG030_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །རབ་འབྱོར། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ཀྱི་ཡོངས་སུ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཡོངས་སུ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཆེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོངས་སུ་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །རབ་འབྱོར། གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་མ་ཡིན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། མ་འོངས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ད་ལྟར་བྱུང་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། དགེ་བ་དང་། མི་དགེ་བ་དང་། ལུང་བསྟན་དུ་ཡོད་པ་དང་། ལུང་དུ་མ་བསྟན་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་


DKG030_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་། འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། འདོད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ནི། ཕྱིར་མི་ལྡོག་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། སྙིང་པོ་མེད་པ་ཉིད་དང་། ཡ་མ་བརླ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བསམ་གྱིས་མི་ཁྱབ་པ་བསྟན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་པ་ཡིན་ནོ། །རབ་འབྱོར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་པ་ཡིན་ནོ། །རབ་འབྱོར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་པ་ཡིན་ནོ། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་།


DKG030_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་པ་ཡིན་ནོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཀུན་ཏུ་ཤེས་པར་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཀུན་ཏུ་ཤེས་པར་མི་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཀུན་ཏུ་ཤེས་པར་མི་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སུ་དག་མོས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་དག་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་དང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་


DKG030_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་སུ་མི་རྟོག་།རྣམ་པར་མི་རྟོག་གོ །གཟུགས་ཀྱི་མཚན་མར་མི་རྟོག་།རྣམ་པར་མི་རྟོག་གོ །གཟུགས་ཀྱི་རང་བཞིན་དུ་མི་རྟོག་།རྣམ་པར་མི་རྟོག་གོ །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་མི་རྟོག་།རྣམ་པར་མི་རྟོག་གོ །རྣམ་པར་ཤེས་པའི་མཚན་མར་མི་རྟོག་།རྣམ་པར་མི་རྟོག་གོ །རྣམ་པར་ཤེས་པའི་རང་བཞིན་དུ་མི་རྟོག་།རྣམ་པར་མི་རྟོག་གོ །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་མི་རྟོག་།རྣམ་པར་མི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་རྟོག་།རྣམ་པར་མི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མར་མི་རྟོག་།རྣམ་པར་མི་རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་མི་རྟོག་།རྣམ་པར་མི་རྟོག་གོ །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར། གཟུགས་ནི། བསམ་གྱིས་མི་ཁྱབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་བསམ་གྱིས་མི་ཁྱབ་ལ། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་།


DKG030_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང་། དེ་བཞིན་གཤེགས་པ་ལས་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གཟུགས་ཟབ་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ལགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ལགས་སོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཟབ་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ལགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་དག་སྐྱེད་པར་བགྱིད་པས། རིན་པོ་ཆེའི་ཕུང་པོ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཀྱི་དག་པའི་ཕུང་པོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་དག་པ་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་པ་ཉིད་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་


DKG030_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན་བར་ཆད་མང་པོ་མི་འབྱུང་བ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི། བར་ཆད་མང་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། སྟོན་པ་དང་། ཀློག་པ་དང་། འཆད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པར་བྱེད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། བཀླག་པ་དང་། བསྟན་པ་དང་། བཤད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དག་ལ་བར་ཆད་འབྱུང་བར་མི་འགྱུར་བར་མྱུར་བ་ཉིད་དུ་ཡི་གེར་བྲི་བར་བྱ་ཞིང་མྱུར་བ་ཉིད་དུ་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟླ་བ་གཅིག་གིས་ཡི་གེར་བྲི་བར་བྱ་ནའང་དེས་དེ་བཞིན་དུ་ཡི་གེར་བྲི་བར་བྱ། གལ་ཏེ་ཟླ་བ་གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། ལོའི་བར་གྱིས་ཡི་གེར་བྲི་བར་བྱ་ནའང་དེས་དེ་བཞིན་དུ་ཡི་གེར་བྲི་བར་བྱ། གལ་ཏེ་ལོའི་བར་གྱིས་བཤད་པ་དང་། ཁ་ཏོན་དུ་བྱ་བ་དང་། རབ་ཏུ་བསྟན་པར་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་ནའང་དེས་དེ་བཞིན་དུ་བསྒོམ་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། རིན་པོ་ཆེ་ཆེན་པོ་འདི་ལ་ནི། བར་ཆད་མང་དུ་འབྱུང་བར་འགྱུར་བའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བདུད་སྡིག་ཅན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་མི་བྲི་བ་དང་། མི་ཀློག་པ་དང་། ཁ་ཏོན་དུ་མི་བགྱི་བ་དང་། ཚུལ་བཞིན་དུ་ཡིད་ལ་མི་བགྱི་བ་དང་། བསྒོམ་པར་མི་


DKG030_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བའི་སླད་དུ་བར་ཆད་བགྱིད་པར་མི་འགྱུར་ལེགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བདུད་སྡིག་ཅན་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། ཅི་ནས་ཀྱང་ཡི་གེར་མི་བྲི་བ་དང་། མི་ཀློག་པ་དང་། ཁ་ཏོན་དུ་མི་བྱ་བ་དང་། མི་བསྒོམ་པར་བྱ་བའི་བར་གྱི་ཕྱིར་བར་ཆད་བྱ་བར་བརྩོན་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་རྣམས་ལ་བར་ཆད་བྱེད་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སུའི་མཐུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། སྒོམ་པའི་བར་དག་ལ་བདུད་སྡིག་ཅན་གྱིས་བར་ཆད་བགྱིད་བར་རྔོ་མི་ཐོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། སངས་རྒྱས་ཀྱི་མཐུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། འཆང་བ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དག་ལ་བདུད་སྡིག་ཅན་བར་ཆད་བྱེད་མི་ནུས་སོ། །ཤཱ་རིའི་བུ། གང་ཡང་ཕྱོགས་བཅུ་ཀུན་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཐུ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དགོངས་ཤིང་ཕན་འདོགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དགོངས་ཤིང་ཕན་བཏགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་རྣམས་ལ་བདུད་སྡིག་ཅན་བར་ཆད་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར། སངས་རྒྱས་ཀྱིས་


DKG030_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་རྣམས་ལ་བདུད་སྡིག་ཅན་བར་ཆད་བྱེད་མི་ནུས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད། གྲངས་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད། གྲངས་མེད་པ་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་ཏུ་བྱེད་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་ལ་དགོངས་པར་འགྱུར་བ་ནི། ཆོས་ཉིད་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེས་ཀྱང་འདི་ལྟར། བདག་ནི། སངས་རྒྱས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲིའོ། །ཀློག་གོ། ཁ་ཏོན་དུ་བྱེད་དོ། །སྟོན་ཏོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །སྒོམ་མོ། །སྙམ་དུ་རིག་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། སྟོན་པ་དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུ་ལགས་སམ། ཀུན་ཀྱང་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། གཞན་དག་ལའང་སྟོན་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་


DKG030_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དེ་དག་ཐམས་ཅད་ནི། ཤཱ་རིའི་བུ། སངས་རྒྱས་ཀྱི་མཐུ་ཡིན་པ་དང་། ཀུན་ཀྱང་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུས་གསོལ་པ་བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བགྱིད་པ་དང་། འཆད་པ་དང་། སྟོན་པ་དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མ་མཆིས། གྲངས་མ་མཆིས་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་གིས་མཁྱེན་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བགྱིད་པ་དང་། འཆད་པ་དང་། སྟོན་པ་དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་ཐུགས་སུ་ཆུད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། འཆད་པ་དང་། སྟོན་པ་དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དེ་དག་ནི། ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་ཐུགས་སུ་ཆུད་དེ། ཤཱ་རིའི་བུ། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བ་ཡིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་


DKG030_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་མང་བར་འགྱུར་ཞིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པར་འགྱུར་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀྱང་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གཟིགས་སོ། །ཤཱ་རིའི་བུ། རིས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ཤིང་འཆང་བ་དེ་དག་ཀྱང་དོན་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། འབྲས་བུ་ཆེ་བ་དང་། རྣམ་པར་སྨིན་པ་ཆེ་བར་འགྱུར་ཏེ། དགེ་བའི་རྩ་བ་དེས་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ལ། ནམ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་ཞིང་། ལྷ་དང་མི་རྣམས་སུ་སྐྱེས་ནའང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་འབྲལ་བར་མི་འགྱུར་ཞིང་། ཕྱིར་མི་ལྡོག་པའི་ས་གནོན་པར་ཡང་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། དགེ་བའི་རྩ་བ་དེས་ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་རོ། །ནམ་ཡང་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་འབྲལ་བར་མི་འགྱུར་རོ། །ནམ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་དང་འབྲལ་བར་མི་འགྱུར་རོ། །ནམ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་འབྲལ་བར་མི་འགྱུར་རོ། །ནམ་ཡང་རྣམ་པ་ཐམས་ཅད་མཁྱེན་


DKG030_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་འབྲལ་བར་མི་འགྱུར་རོ། །ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་བཞིན་གཤེགས་པ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། དེ་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་མི་འགྱུར་ཞིང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཉམས་སུ་མྱོང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་། ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕོ་ཕྱོགས་ཀྱི་རྒུད་ནས་ཡུལ་བ་ཏ་ནི་ན་སྤྱོད་བྱར་འགྱུར་ཏེ། ཅེར་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ངན་ལས། ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་མི་འབྱུང་ཞིང་། དེ་དག་ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཉམས་སུ་མྱོང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་། ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་རིམ་གྱིས་ངེས་པར་འབྱུང་བར་


DKG030_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། ཡུལ་བ་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། ཤཱ་རིའི་བུ། དེར་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། ཡི་གེར་འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་མི་འགྱུར་ཞིང་། དེ་དག་ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཉམས་སུ་མྱོང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་། ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་རིམ་གྱིས་ངས་་པར་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ། དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི། མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དེ་དག་ནི། སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ཆོས་འདུལ་བ་སྙིང་པོར་གྱུར་ན། དམ་པའི་ཆོས་ནུབ་པར་མི་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་བ་དེ་དག་ནི། ངས་དགོངས་་པ་ཡིན་ནོ། །ཤཱ་རིའི་བུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་འགྱུར་བ་དང་། བྲིས་ནས་ཀྱང་མེ་ཏོག་དང་། བདུག་པ་དང་། སྲོས་དང་། མེ་ཏོག་་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། པ་དན་དག་གིས་བསྟི་སྟང་དུ་བྱེད་པ་དང་བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། དགེ་བའི་རྩ་བ་དེས་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་མི་འགྱུར་ཞིང་།


DKG030_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཉམས་སུ་མྱང་བ་དང་། ཕ་རོལ་ཏུ་ཕྱིན་པ་དག་གིས་མངོན་པར་འཕགས་བར་འགྱུར་ཏེ། མངོན་པར་འཕགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐོག་པ་ཆེན་པོས་རིམ་གྱིས་ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཤིང་། དེ་དག་ནི། དེ་བཞིན་གཤེགས་པས་བསྔགས་པ་དང་། དེ་དག་ནི། དེ་བཞིན་གཤེགས་པས་བསྟོད་པ་ཡིན་ལ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བསྟོད་ཅིང་བསྔགས་ལ་རབ་ཏུ་བསྔགས་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། སླད་མའི་དུས་སླད་མའི་ཚེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྱང་ཕྱོགས་སུ་རྒྱས་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ། ཕྱི་མའི་དུས་ཕྱི་མའི་ཚེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །ཤཱ་རིའི་བུ། ཕྱི་མའི་དུས་ཕྱི་མའི་ཚེ་ན་དེ་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་། ཐོས་ནས་ཀྱང་ཡི་གེར་འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་། ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་


DKG030_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དེ་དག་ནི། ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་ཤིང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། སླད་མའི་ཚེ་སླད་མའི་དུས་ན་བྱང་ཕྱོགས་ལོགས་སུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་། ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཇི་སྙེད་ཅིག་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཕྱོགས་ལོགས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མང་དུ་འབྱུང་མོད་ཀྱི། ཤཱ་རིའི་བུ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་བ་དང་། ཐོས་ནས་ཀྱང་ཡི་གེར་འབྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ནི། མང་པོ་མི་འབྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ན། མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྱི་བཞིན་འབྲང་ཞིང་ཡོངས་སུ་ཞུ་བ་དང་། ཡོངས་སུ་དྲི་བ་དག་བྱས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། དེ་བཞིན་དུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བསམ་


DKG030_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ཡོངས་སུ་རྫོགས་པར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ཡོངས་སུ་རྫོགས་པར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། དགེ་བའི་རྩ་བས་ཉེ་བར་བརྟན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལས་བརྩམས་ནས་དེ་དག་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་ངས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་ཅིང་། འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་པས། དེ་དག་ཚེ་རབས་བརྗེས་ནའང་འདི་ལྟར་སྤྱོད་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཤིང་དེ་དག་དེ་ལྟ་བུའི་གཏམ་བརྗོད་པར་འགྱུར་བའི་ཕྱིར་རོ། །བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བླ་ན་མེད་པ་ཡང་དག་


DKG030_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་བྱང་ཆུབ་ལས་དབྱེ་བར་མི་ནུས་ན། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་ཞིང་། སྡིག་པ་ལ་མོས་པ་དང་། སྡིག་པ་སྤྱོད་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་ཞིང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་སྐྱེ་བོ་མང་པོ་དགེ་བའི་རྩ་བ་རྣམས་ལ་འགོད་པར་ཡང་འགྱུར་རོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་ངའི་མངོན་སུམ་དུ་འདི་སྐད་དུ། བཅོམ་ལྡན་འདས། བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་དགེ་བའི་ཆོས་རྣམས་ལ་དགོད་པར་བགྱི་ཞིང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་བྱང་ཆུབ་ལ་དགོད་པར་བགྱི། ཡང་དག་པར་བསྟན་པར་བགྱི། ཡང་དག་པར་འཛིན་དུ་གཞུག་པར་བགྱི། ཡང་དག་པར་གཟེངས་བསྟོད་པར་བགྱི། ཡང་དག་པར་རབ་ཏུ་དགའ་བར་བགྱི་ཞིང་། ཕྱིར་མི་ལྡོག་པ་ཉིད་དུ་ལུང་བསྟན་པར་བགྱིའོ། །ཞེས་ཚིག་ཏུའང་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་ཚིག་དེ་སྐད་བརྗོད་པའི་སེམས་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱིས་རྣམ་པར་གཟིགས་ཤིང་རྗེས་སུ་ཡི་རང་ལ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་། བླ་


DKG030_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ། །ཞེས་ཟེར་བའི་ཚིག་དེ་ལ་ངས་ཀྱང་རྗེས་སུ་ཡི་རང་བར་བྱས་པའི་ཕྱིར་རོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཡང་འདི་སྐད་དུ། བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱི། ཡང་དག་པར་བསྟན་པར་བགྱི། ཡང་དག་པར་འཛིན་དུ་གཞུག་པར་བགྱི། ཡང་དག་པར་གཟེངས་བསྟོད་པར་བགྱི། ཡང་དག་པར་རབ་ཏུ་དགའ་བར་བགྱི་ཞིང་། ཕྱིར་མི་ལྡོག་པ་ཉིད་དུ་ལུང་བསྟན་པར་བགྱིའོ། །ཞེས་ཚིག་ཏུའང་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་ཚིག་དེ་སྐད་བརྗོད་པའི་སེམས་ལ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱིས་རྣམ་པར་གཟིགས་ཤིང་རྗེས་སུ་ཡི་རང་བར་མཛད་ལ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ། །ཞེས་ཟེར་བའི་ཚིག་དེ་ལ་ངས་ཀྱང་རྗེས་སུ་ཡི་རང་བ་བྱས་པའི་ཕྱིར་རོ། །ཤཱ་རིའི་བུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་མོས་པ་རླབས་ཆེན་པོ་འབྱུང་བར་འགྱུར་ཞིང་། དེ་དག་སྦྱིན་པ་རྒྱ་ཆེན་པོ་དག་གཏོང་བར་ཡང་འགྱུར་རོ། །དེ་དག་གིས་སྦྱིན་པ་རྒྱ་ཆེན་པོ་དག་བཏང་བས། དགེ་བའི་


DKG030_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་རྒྱ་ཆེན་པོ་དག་མངོན་པར་འདུ་བྱེད་པར་འགྱུར་རོ། །དགེ་བའི་རྩ་བ་རྒྱ་ཆེན་པོ་དག་མངོན་པར་འདུ་བྱས་པས། རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་རོ། །རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་བཟུང་བས། སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་རྣམ་པར་སྨིན་པ་ལས། རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་ཞིང་། སེམས་ཅན་དེ་དག་ཉིད་ལ་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་མངོན་སུམ་དུ་གྱུར་ཅིང་། ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་གཞན་དག་ལ་དམིགས་པར་ཡང་འགྱུར་ཏེ། དེ་དག་གིས་སངས་རྒྱས་ཀྱི་ཞིང་དེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཐོས་ནས་ཀྱང་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱེད་པར་འགྱུར་རོ། །ཤཱ་རིའི་བུས་གསོལ་པ་། བཅོམ་ལྡན་འདས། འདི་ལྟར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་མ་མཁྱེན་པའི་ཆོས་དེ། གང་ཡང་མི་མངའ། ཆོས་ཉིད་དང་། དེ་བཞིན་ཉིད་གང་མཁྱེན་པར་མ་གྱུར་པ་དེ། གང་ཡང་མི་མངའ། ཆོས་བསྟན་པ་གང་མཁྱེན་པར་མ་གྱུར་པ་དེ། གང་ཡང་མི་མངའ། སེམས་ཅན་རྣམས་ཀྱི་སྤྱོད་པ་གང་མཁྱེན་པར་མ་གྱུར་པ་དེ། གང་ཡང་མི་མངའ་སྟེ། འདི་ལྟར། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐུགས་སུ་ཆུད། འདས་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཐུགས་སུ་ཆུད། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཉན་ཐོས་དག་ཀྱང་ཐུགས་སུ་ཆུད། མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་དག་ཀྱང་ཐུགས་སུ་ཆུད། མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་དག་ཀྱང་ཐུགས་སུ་ཆུད།


DKG030_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་དག་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་དག་ཀྱང་ཐུགས་སུ་ཆུད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐུགས་སུ་ཆུད། དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་དང་། ཉན་ཐོས་དག་ཀྱང་ཐུགས་སུ་ཆུད་པ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས། གང་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་། དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བར་བགྱིད་དེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚོལ་བ་དང་། ཡོངས་སུ་ཚོལ་བར་བགྱིད་པ་ན། ཁ་ཅིག་གིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་ན་རྙེད་པར་འགྱུར་ལགས་སོ། །ཁ་ཅིག་གིས་ནི། རྙེད་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་། ཤཱ་རིའི་བུ། དེ་ནི། དེ་ལྟ་མ་ཡིན་ནོ། །དེ་ནི། དེ་ལྟ་མ་ཡིན་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བརྩོན་པར་མི་གཏོང་བ་དེ་དག་ལས་ཕལ་ཆེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་རྙེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་ཆེད་དུ་བརྩོན་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་སྡེ་ཟབ་མོ་འདི་དག་རྙེད་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་འདུན་པ་དྲག་པོ་དང་། དད་པ་ཆེན་པོས་ལུས་དང་སྲོག་ལ་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་བརྩོན་པར་བྱེད་པ་དེ་དག་གིས་ནི་རྙེད་པར་འགྱུར་རོ། །


DKG030_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། གང་དག་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད། ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེངས་བསྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད། འཛུད་པར་བྱེད། འགོད་པར་བྱེད་པ་དེ་དག་དེ་ལྟར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། ཚེ་རབས་བརྗེས་ནའང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྙེད་པར་འགྱུར་ཏེ། དེ་དག་ནི། ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་དག་པར་མ་བྱས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཇི་སྐད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་སྤྱོད་ཅིང་། བརྩོན་འགྲུས་རྒྱུན་ཆད་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་དགུ་པའོ།། །།


previousསུམ་ཅུ་རྩ་དགུ་པ། བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ། next