Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
ཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་།next

ཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་།


DNG003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་དུ་རླི་མ་ཧཱ་སུ་ཀ་ནཱ་མ། བོད་སྐད་དུ། ཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཉིད་དང་། འདུས་པའི་ཚོགས་ཀྱི་བཅོམ་ལྡན་འདས་དེ་རྣམས་ཀྱིས། རྣལ་འབྱོར་པ་ཚེ་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ། རང་རང་གི་ཟས་གཏད་པའི་ཆོ་ག་འདི་གསུངས་སོ། །ཀྱེ་མ་འདུས་པའི་ཚོགས་རྣམས་ཉོན། ངས་ནི་སྣང་བའི་དཀྱིལ་འཁོར་


DNG003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་བསྟན་གྱིས། ལེགས་པར་ཉོན་ཅིག །དེ་ནས་ཉེ་བའི་འཁོར་རྣམས་སྟན་ལས་ལངས་ནས་འདི་སྐད་བརྗོད་དོ། །ཨེ་མ་ཧོ། ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་རྣམས་ཀྱིས་ངེས་བཟུང་ནས། །ཕྱི་རབས་རྣམས་ལ་ངེས་པར་བསྟན། །དེ་ནས་རྣམ་རོལ་དེ་ཉིད་ཀྱིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པ་ཆེན་པོའི་ཚོགས། །བདུན་ཚིགས་ཐ་མའི་ཆོ་ག་ནི། །མཆོད་པ་གོང་ནས་བྱུང་བ་བཞིན། །འགྱུར་མེད་གནས་པའི་དཀྱིལ་འཁོར་བཞེངས། །དཀྱིལ་འཁོར་དེ་ཡི་ཤར་ཕྱོགས་སུ། །འགྲོ་དྲུག་དྲང་བའི་དཀྱིལ་འཁོར་བྱ། །མཎྜལ་ནར་མོ་ལྷོ་བྱང་དུ། །ཐིག་ནི་ལིང་རྩེ་དྲུག་ཏུ་བྱ། །དང་པོ་མུ་ཁྱུད་འབུར་ལྔ་བྲི། །དབུས་ནི་ནག་པོ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལམ་པ་སྟེ། །དེ་ཡི་སྟེང་ན་རིན་པོ་ཆེ། །དམིག་ནི་དམར་པོ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལམ་པའོ། །དེ་ཡི་སྟེང་དུ་ཟླུམ་པོ་ཡི། །ཁ་དོག་དུད་ཁ་དག་ཏུ་བྱ། །ཕྱི་རིམ་གྲུ་བཞི་དག་ཏུ་བྱ། །དེ་ཡི་སྟེང་དུ་ཐོད་རིས་ཏེ། །ཁ་དོག་ལྗང་གུ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལམ་པ་སྟེ། །དེ་ཡི་སྟེང་དུ་འདབ་མ་བརྒྱད། །ཁ་དོག་སེར་པོ་དག་ཏུ་བྱ། །ཕྱི་རིམ་གྲུ་བཞི་ལམ་པའོ། །དེ་ཡི་སྟེང་དུ་འཁོར་ལོའི་དབྱིབས། །རྩིབས་བཞི་དག་ནི་མཛེས་པའི་ཚོན། །ཕྱི་རིམ་གྲུ་བཞི་དག་ཏུ་བྱ། །དང་པོའི་དཀྱིལ་དུ་ཡི་གེ་ཏྲི་ཉིད་ནག་པོའོ། །གཉིས་པ་ལ་ནི་ཡི་གེ་པྲི་ཉིད་དམར། །གསུམ་པར་དུཿཉིད་དུད་ཁ་བྲི། །བཞི་པར་ཡི་གེ་སུ་ཉིད་ལྗང་གུའོ། །ལྔ་པར་ཨ་ཉིད་དཀར་པོ་བྲི། །དྲུག་པར་ཡི་གེ་ནྲྀ་སེར་བྲི། །མཎྜལ་དེ་དག་རེ་རེ་ལ། །གཏོར་མ་སྣ་ཚོགས་རེ་རེ་བཞག །དང་པོར་མེ་ཆུ་བསིལ་གཡབ་བཞག །གཉིས་པར་རིན་ཆེན་སྒྲོམ་བུའི་གཟུགས། །གསུམ་པར་ཤེས་རབ་པོ་ཏིའི་གཟུགས། །བཞི་པར་མདུང་ཐུང་གོ་ཆའོ། །ལྔ་པར་པི་ཝང་དུང་ཉིད་གཟུགས། །དྲུག་པར་གསེག་ཤང་པར་བུའོ། །མཎྜལ་རེ་རེ་དག་ལ་ཡང་། །རང་རང་འདྲེན་སྒོའི་ལམ་


DNG003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགོད། །དྲུག་པ་དག་ལ་ཕོ་བྲང་ལམ། །ཐུབ་པ་ཆེན་པོའི་གཟུགས་ཀྱང་བཀོད། །མཆོད་པ་གོང་བཞིན་རྫོགས་པར་བྱ། །རིགས་དྲུག་དྲངས་ཤིང་དབང་རྫོགས་བྱ། །དེ་ནས་དཔའ་བོ་དེ་ཉིད་ལ། །ཉེ་བའི་འཁོར་གྱིས་དོན་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །མཎྜལ་རིམ་པ་དེ་ལྟར་ན། །ལན་ཆགས་ཟན་གཏོར་ཆོ་ག་གསུངས། །དེ་ནས་དཔའ་བོས་བཀའ་སྩལ་པ། །ཀྱེ་མ་ཉེ་བའི་འཁོར་རྣམས་ཉོན། །དེ་ལྟར་བྱ་རིམ་རྫོགས་ནས་ནི། །སྔགས་པ་ཏིང་འཛིན་ལྡན་པ་དེས། །གཙང་མའི་གནས་སུ་བདེར་འདུག་ནས། །དང་པོའི་གནས་ནས་རབ་བཀུག་ལ། །འགུགས་པའི་སྔགས་དང་ཕྱག་རྒྱ་ནི། །རབ་ཏུ་བསྟན་པ་འདི་ལྟ་སྟེ། །སྔགས་འདིས་ཐམས་ཅད་བཀུག་པར་བསམ། ཨོཾ་བཛྲ་ཨངྐུ་ཤ་ཛ་ཛ། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཕཊ། ཛ་ཧཱུཾ་སྥ་ར་ཎ་ཧཱུཾ། ཕྱག་རྒྱ་ལྕགས་ཀྱུ་ལྟ་བུས་ནི། །ཏིང་འཛིན་རབ་ཏུ་གསལ་བ་ཡིས། །ཚེ་འདས་རབ་ཏུ་ཁུགས་ནས་ནི། །དྲི་མ་དག་ལ་ཐིམ་པར་བསམ། །དེ་ནས་སྔགས་འདི་རབ་བརྗོད་ལ། །ཕྱག་རྒྱ་རྣམ་པ་བཞི་ཉིད་ཀྱིས། །འགུགས་དང་འཆིང་དང་འཛིན་པ་དང་། །རབ་ཏུ་སྡོམ་པའི་སྔགས་འདིའོ། །ཛཿཧཱུཾ་བཾ་ཧོཿ། ས་མ་ཡ། ཨང་ཀུ་ཤ་ཛ་ཛ། ས་མ་ཡ་ཧོ། ས་མ་ཡ་སྟྭམ། ས་མ་ཡ་ལྷན། སྔགས་དེ་ལན་བདུན་བཟླས་པ་དང་། །ཏིང་འཛིན་རབ་ཏུ་གསལ་བ་དང་། །ཕྱག་རྒྱ་རབ་ཏུ་བསྒྱུར་བ་ཡིས། །བསྡམས་ནས་འཆུགས་དབང་མེད་པར་བསམ། །དེ་ནས་ཚེ་འདས་དེ་ཉིད་ལ། །བུ་དང་བུ་མོ་ཡོད་པ་ན། །ཤ་སྣ་ལ་སོགས་སྒོ་ང་དང་། །ཁུར་བ་མར་དང་ཟས་སྣ་རྣམས། །ཅི་འབྱོར་བ་ཡིས་སྣོད་བཀང་ལ། །གདུང་བའི་མཆི་མ་རབ་འབྱིན་ཅིང་། །གདུང་བའི་སྨྲེ་སྔགས་འོ་དོད་འབོད། །ལག་ཏུ་ཟས་དང་སྐོམ་ཐོགས་ལ། །སྦྱོར་བ་ངུ་འབོད་ལས་བྱེད་ཅིང་། །ཟས་གཏད་ཆོ་ག་འདི་སྐད་དོ། །ཧཱུཾ་ཟས་ལོངས་ཚེ་འདས་རིགས་ཀྱི་བུ། །ང་ནི་དབང་ཆེན་དཔལ་གྱི་སྐུ། །སངས་རྒྱས་སྐུ་དང་མཉམ་སྦྱོར་བའི། །ཡེ་ཤེས་འོད་ཟེར་རབ་འཕྲོ་བས། །ཐམས་


DNG003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདོད་པ་ཚིམས་བྱེད་པ། །བཅུད་ཆེན་རོ་མཆོག་སྟོང་ལྡན་པར། །སྟོང་པ་རང་སྣང་འོད་ཀྱིས་བརྒྱན། །སྟོང་གསུམ་བཅུད་དུ་མཉམ་སྦྱར་ནས། །སྐུ་གསུམ་ཡེ་ནས་བདུད་རྩི་སྟེ། །དག་པ་དྲི་མེད་མཆོག་ཆེན་འདི། །རང་བྱུང་ཉིད་ཀྱི་དབྱིངས་ཉིད་ནས། །སྟོང་པ་ཉིད་ལ་མཆོད་པ་འབུལ། །རིག་པ་སྐྱེ་མེད་དཀྱིལ་ཡངས་ནས། །ཡེ་ཤེས་ལྔ་ལས་འོད་འཕྲོས་ཤིང་། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ལོངས་སྐུ་སྤྲིན་ཕུང་ལྟ་བུ་སྟེ། །སྤྲུལ་སྐུ་ཉི་མའི་འོད་བཞིན་སྣང་། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །མཆོད་ཆེན་རྣམ་པར་དག་པ་ཡིས། །རིག་པ་ཉིད་ལ་རིག་པའི་ཆོ་འཕྲུལ་མཆོད། །དཀོན་མཆོག་གསུམ་དང་སྐུ་གསུང་ཐུགས། །མཆོད་པའི་རྟེན་དུ་གྱུར་པ་ལ། །མཆོད་པའི་ཕྱག་རྒྱ་ཆེན་པོས་མཆོད། །རྒྱལ་བ་རྣམས་དང་བདག་སྦྱོར་ཕྱིར། །དམ་ཚིག་ལྷ་ཚོགས་ཐམས་ཅད་དང་། །ཕྱོགས་སྐྱོང་རིགས་ཀྱི་ལྷ་རྣམས་དང་། །དམ་ཚིག་སྐྱོང་བའི་སྲུང་མ་དང་། །དམ་ཅན་སྲུང་མ་འཁོར་བཅས་ལ། །བཟའ་བཅའ་ལོངས་སྤྱོད་རྫས་ཀྱིས་མཆོད། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །འབྱུང་པོ་འཁོར་དང་བཅས་པ་ལ། །རྡོ་རྗེའི་ལོངས་སྤྱོད་རྣམ་ལྔ་འབུལ། །ས་དང་བར་སྣང་ཁམས་ལ་གནས། །གཟུགས་མེད་རིགས་རྣམས་ཅི་སྙེད་པར། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་འབུལ། །མངོན་པར་སྣང་དང་མངོན་པར་གྲགས། །མངོན་པར་རྒྱུ་བའི་གཟུགས་ཅན་ལ། །མཆོད་པའི་ལན་ཆགས་ཟས་འདི་ལོངས། །སྣང་སྲིད་འགྲོ་བ་རིགས་དྲུག་དང་། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱིས། །རང་གི་ཚེ་རབས་ཡུན་གྱི་བརྒྱགས། །ལོངས་སྤྱོད་ཚེ་ཡི་བརྒྱགས་འདི་ལོངས། །འདི་ནི་སྔོན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །ཧཱུཾ་ཡེ་ཤེས་དག་པའི་ངང་གིས་སྦྱངས། །སྟོང་པ་ཉིད་ཀྱི་གཞོང་པ་རུ། །ཚེ་འཛིན་ཟས་དང་རོ་མཆོག་ཤ ། མར་དང་ཁུར་བ་ཟས་སྣ་དང་། །འབྲུ་བཅུད་ཆང་དང་བཏུང་བའི་ཚོགས། །སྣ་ཚོགས་ཡིད་འོང་ཐམས་ཅད་ནི། །ཚེ་འདས་ཁྱོད་ལ་གཏེར་དུ་འབུལ། །


DNG003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཆགས་ཕྱིར་ན་ཟས་འདི་ལོངས། །མཉམ་པའི་དཀྱིལ་འཁོར་འདི་ཉིད་ལ། །ཆགས་པའི་ས་མེད་གནས་སུ་བཞུད། །དྲི་མེད་རྣམ་དག་རྫས་འདི་ལོངས། །ཆོས་ཉིད་ཐབས་ལ་མཁས་པ་ཡིས། །སྟོང་པ་ཉིད་དུ་མཉམ་སྦྱོར་ལ། །ཚེ་འདས་ཁྱེད་ལ་ཟས་གཏད་ཀྱིས། །ཁོང་ཁྲོའི་སེམས་སུ་མ་བྱེད་པར། །ཟས་འདི་ལོངས་ལ་རང་སེམས་ལྟོས། །སྟོང་པ་ཉིད་ཀྱི་ཀློང་དཀྱིལ་ནས། །ཡེ་ཤེས་དག་པའི་འོད་འཕྲོས་པས། །ཆོས་ཉིད་ལམ་དུ་གཉིས་མེད་བསྒྲལ། །རྒྱུ་རྐྱེན་གཉིས་པོ་སྟོང་པའི་ཕྱིར། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །ཕྱི་ནས་རྒྱུ་འདི་མ་ལེན་པར། །སྐྱེ་མེད་བྱང་ཆུབ་དྲན་པར་གྱིས། །ཆོས་ཉིད་རང་སྣང་དབང་ཐོབ་ཤོག །ཡང་དག་ངེས་པའི་ལུང་འདི་ཉོན། །རིན་ཆེན་རྟེན་དང་ཕུང་པོའི་དཀྱིལ། །རང་རིག་གསལ་བའི་སྒོ་ཕྱེ་བས། །འདི་ནི་སངས་རྒྱས་ཞིང་ཁམས་སྟེ། །འདི་ལས་བུ་གཅིག་མ་གཡོ་ཞིག །རྡོ་རྗེའི་ཚིག་འདི་རབ་ཏུ་ལོངས། །སྟོང་ཉིད་གསལ་བའི་སྒོ་ཕྱེ་བས། །རང་རིག་ཡེ་ཤེས་རྟོགས་པ་མཉམ། །ཟས་འདི་ལོངས་ལ་རང་སྣང་ལྟོས། །འདི་ནི་ཁྱོད་ཀྱི་གཏན་སྲིད་ཡིན། །བུ་དང་བུ་མོ་གཉིས་ཀྱིས་ཀྱང་། །གདུང་བའི་ཤུགས་ཕྱུང་ཟན་འདི་ལོངས། །གདོང་ནས་མཆི་མ་བཏོན་ནས་ནི། །བུ་ཡིས་ཟས་གཏད་ཟས་འདི་ལོངས། །བརྩེ་བའི་སྨྲེ་སྔགས་འདི་བཏོན་པས། །ངག་འདི་ཉོན་ལ་གནས་སུ་དེངས། །འཁོར་བ་འདི་ནི་སྡུག་བསྔལ་ཆེ། །བྱས་པས་མི་ཟིན་ལས་ཡོད་པས། །འཁོར་བ་འདི་རུ་མ་གནས་པར། །རང་གི་ཆོས་ཉིད་འོད་རེ་གསལ། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྟོང་པ་ཆེན་པོ་ཡུལ་རེ་ཡངས། །འཁོར་བ་འདི་ན་གཅོང་རེ་ཆེ། །ཡངས་པ་ཅན་གྱི་ཞིང་ཁམས་ན། །ཆོས་ཉིད་འོད་གསལ་ལྷུན་རེ་འཐུག །ཟས་འདི་ལོངས་ལ་དབྱིངས་སུ་དེངས། །ཨོཾ་ལཾ་སྥ་ར་ཎ། ཧཱུཾ་ལཾ་སྥ་ར་ཎ། སྭཱ་ལཾ་སྥ་ར་ཎ། ཧཱ་ལཾ་སྥ་ར་ཎ། ཧྲཱྀ་ལཾ་སྥ་ར་ཎ། ཏྲཱཾ་ལཾ་སྥ་ར་ཎ། བྷྲཱུཾ་ལཾ་སྥ་ར་ཎ། དུཥྚན་བཛྲ་ཨ་ཧཱུཾ་སྥ་ར་ན་ཕཊ་སྭཱ་ཧཱ། ཨཱ་ཨཱ་ཨཱ། དེ་ནས་སློབ་དཔོན་གསང་བ་


DNG003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །གདུང་བའི་ཚིག་བཤད་འདི་སྐད་བརྗོད། །ཧོ་སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ན། སྐུ་སྣང་ལ་རང་བཞིན་མེད་པ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད། བདག་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་རྣམས་ལ་དགོངས་སུ་གསོལ་ལོ། །འཕགས་པ་དཀོན་མཆོག་གསུམ་པོ་དང་། ཉན་ཐོས་དང་། འཕགས་པ་རང་རྒྱལ་དང་། དགྲ་བཅོམ་པ་དང་། རྒྱུན་དུ་ཞུགས་པ་དང་། ས་ལ་གནས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་ལྡན་པ་རྣམས་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་དགོངས་སུ་གསོལ་ལོ། །ཧོ་འབྱུང་པོའི་ཚོགས་སྟོང་ཕྲག་བརྒྱད་ཅུ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་དགོངས་སུ་གསོལ། གཞན་ཡང་ཚེ་ལས་འདས་པའི་རྣལ་འབྱོར་ཆེ་གེ་མོ་ཁྱོད་དང་། རྡོ་རྗེ་མཆེད་དང་ལྕམ་དྲལ་རྣམས་དགོངས་སུ་གསོལ་ལོ། །གཞན་ཡང་གསང་སྔགས་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དགོངས་སུ་གསོལ་ལོ། །དོ་ནུབ་ཚེ་ལས་འདས་པའི་ཆེ་གེ་མོ་འདི་ལ་ཡུན་གྱི་ཟས་གཏད་ཅིང་། སྐྱེ་བ་མེད་པའི་ལམ་སྟོན་པས། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དབང་གི་ལྷ་ཚོགས་ཀྱིས་དབང་དམ་པ་བསྐུར་དུ་གསོལ། བསྒྲུབ་པའི་རྫས་འདི་དག་ལ་བྱིན་གྱིས་རློབས་ཤིག །ཨེ་མ་ཧོ། ཚེ་ལས་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །སྔོན་བྱུང་བའི་དུས་ན་སྟོན་པ་མར་མེ་མཛད་ཆེན་པོ་བྱ་བ་ཞལ་བཞུགས་པའི་དུས་ན། ཡབ་རྒྱལ་པོ་སྣང་འོད་ཚེ་འདས་པ་ལས། སྲས་རྒྱལ་བུ་འཁོར་ལོ་སྟོང་ལྡན་གྱིས་གདུང་བའི་མཆི་མ་ཕྱུང་། བརྩེ་བའི་ངག་བཏོན། གུས་པའི་ཤུགས་ཕྱུང་། འཛངས་པའི་འོ་དོད་བོས་ནས། བུའི་ཟས་གཏད་པས་ཡུན་གྱི་སྲིས་དང་དགེ་བའི་ཕུལ་དུ་གྱུར་པ་དེ་བཞིན་དུ། དོ་ནུབ་ཚེ་འདས་པ་རྡོ་རྗེ་ཆེ་གེ་མོ་ཁྱོད་ལ། བུ་ཆེ་གེ་མོ་འདིས། བུའི་ཟས་འདི་གཏད་པས་ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་ཅིག །སྔོན་བྱུང་བའི་དུས་ན། ཡུལ་མ་ག་དྷཱའི་གྲོང་ཁྱེར་དུ། རྒྱལ་པོ་གཟུགས་ཅན་སྙིང་པོ་


DNG003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ཚེ་འདས་པའི་ཚེ། བུ་མོ་སྣང་བའི་སྒྲོན་མས། གདུང་བའི་མཆི་མ་ཕྱུང་ཞིང་བརྩེ་བའི་ངག་བཏོན་ནས། བུ་མོའི་ཟས་གཏད་པས་ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་པ་དེ་བཞིན་དུ། དོ་ནུབ་བུ་མོ་ཆེ་གེ་མོ་ཞེས་བྱ་བ་འདིས། ཚེ་འདས་པ་ཆེ་གེ་མོ་ཁྱོད་ལ། བུ་མོས་གདུང་བའི་མཆི་མ་ཕྱུང་། བརྩེ་བའི་ངག་གི་སྨྲེ་སྔགས་བཏོན་ནས་ཟས་འདི་གཏད་པས། ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་ཅིག །སྔོན་བྱུང་གི་དུས་ན། བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་སུ། ཡབ་རྒྱལ་པོ་མ་སྐྱེས་དགྲ་ཚེ་འདས་པའི་ཚེ། དགེ་སློང་ཤཱ་རིའི་བུས་ཞང་ཟས་འདི་གཏད་པས། ཆགས་པའི་མདུད་པ་གྲོལ་བ་དེ་བཞིན་དུ། དོ་ནུབ་ཚེ་འདས་པའི་ཆེ་གེ་མོ་ཁྱོད་ལ། ཞང་པོ་ཆེ་གེ་མོས་ཟན་འདི་གཏད་པས། འཇིག་རྟེན་འདི་ལ་ཆགས་པའི་འཚེ་བ་དང་བྲལ་ནས། ཁྱོད་བདེ་བ་ལ་གནས་པར་གྱུར་ཅིག །སྔོན་བྱུང་གི་དུས་ན། སྟོན་པ་རྡོ་རྗེ་སེམས་དཔའ་བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་ན་བཞུགས་པའི་ཚེ། ཡབ་རྒྱལ་པོ་ཀརྨ་འོད་བཟང་ཚེ་འདས་པའི་ཚེ་ན། དགེ་སློང་མ་པདྨ་སྤྱན་གྱིས་གདུང་བའི་མཆི་མ་ཕྱུང་ནས། བདེན་པའི་ཆོས་བཤད། རོ་མཆོག་བརྒྱ་དང་ལྡན་པའི་ཟས་ཕུལ་ནས། འཇམ་པའི་གཏམ་གྱིས་བཀྲོལ་ནས། སྲུ་མོའི་སྲུ་ཟས་གཏད་པས། འཁོར་བའི་སྒོ་ཆོད་པ་དེ་བཞིན་དུ། དོ་ནུབ་ཚེ་ལས་འདས་པ་ཁྱོད་ལ། སྲུ་མོ་ཆེ་གེ་མོས་སྲུ་ཟས་འདི་གཏད་ཅིང་གདུང་བའི་མཆི་མ་ཕྱུང་ནས། བྱམས་པའི་གཏམ་གྱིས་བཀྲོལ་ནས། བརྩེ་བའི་སྨྲེ་སྔགས་བཏོན་ནས་ཟས་འདི་གཏད་པས་འཁོར་བའི་སྒོ་འགགས་ནས། བདེ་བའི་ལམ་དང་འཕྲད་པར་གྱུར་ཅིག །སྔོན་བྱུང་གི་དུས་ན། སྟོན་པ་འོད་སྲུངས་ཆེན་པོ་བཞུགས་པའི་དུས། རྒྱལ་པོ་སྣང་མཛད་འོད་ཅེས་བྱ་བ། ཚེ་འདས་པའི་དུས་ན། འཁོར་ཆེན་པོ་བརྒྱད་ཀྱིས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན་ཅིང་། བདེན་པའི་ཆོས་བཤད་ཅིང་། དཀོན་པའི་ཟས་བསྟབས་ནས། ཟས་གཏད་པ་དེ་བཞིན་དུ།


DNG003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ནུབ་ཚེ་འདས་པ་ཁྱོད་ལ་འཁོར་ཆེ་གེ་མོ་རྣམས་ཀྱིས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན། གུས་པའི་ཤུགས་ཕྱུང་དཀོན་པའི་ཟས་བཙལ་ནས། སྡུག་བསྔལ་ཆེར་སྤྱད་ནས། ཚེ་འདས་ཆེ་གེ་མོ་ཁྱོད་ལ་ཡུན་གྱི་ཟས་གཏད་པས། འདི་ལོངས་ལ་སྣང་བ་འདི་འདས་པའི་ཕ་རོལ་ན། བདེ་བ་ཅན་གྱི་ཞིང་ཁམས་ཡོད་ཀྱིས་དེར་སོང་ཞིག །སྔོན་བྱུང་གི་དུས་ན། སྟོན་པ་ཤཱཀྱ་ཐུབ་པ་རྡོ་རྗེའི་གདན་ན་བཞུགས་ཙམ་ན། བྲམ་ཟེའི་རིགས་ཀྱི་སྲས་འོད་ལྡན་ཆེན་པོ་ཞེས་བྱ་བ་དེ་ཚེ་འདས་པའི་ཚེ། ཡུམ་བློ་གྲོས་རྒྱན་བཟང་མའི། སྲས་ཚེ་འདས་ནས་ཞག་ཉི་ཤུ་རྩ་གཅིག་ན། སྟོན་པ་ཉིད་ཀྱིས་བདེན་པའི་ཆོས་བཤད། མ་ཡིས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན། གུས་པའི་ཤུགས་ཕྱུང་། དཀོན་པའི་ཟས་བཙལ་ནས། ཚེ་འདས་པ་ལ་མ་ཡི་ཟས་གཏད་པས། ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་པ་དེ་བཞིན་དུ། དོ་ནུབ་སྲས་ཚེ་འདས་ཆེ་གེ་མོ་ལ། ཡུམ་ཆེ་གེ་མོ་ཞེས་བྱ་བས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན་ཞིང་། གུས་པའི་ཤུགས་ཕྱུང་ནས། དཀོན་པའི་ཟས་རོ་མཆོག་བརྒྱ་དང་ལྡན་པ་སྣ་ཚོགས་གཏད་པས། ཚེ་འདས་པའི་ཡུན་གྱི་སྲིས་དང་། དགེ་བའི་ཕུལ་དུ་གྱུར་ཅིག །དོ་ནུབ་ཚེ་འདས་པའི་ཆེ་གེ་མོ་ཁྱོད་ཟས་འདི་ལོངས་ལ། མི་སྣང་བའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སོང་ཞིག །གནས་འདི་དང་ཁྱོད་གཉིས་འདྲེལ་པ་མེད་པས་འདི་རུ་མ་འདུག་པར་གཞན་དུ་དེངས་ཤིག །དོ་ནུབ་ཚེ་འདས་ཁྱོད་ཀྱི་དོན་དུ། དཀོན་པའི་རོ་མཆོག་དང་ཟས་སྣ་ཚོགས་ཚད་དང་། ཤ་དང་། མར་དང་། ཁུར་བ་དང་། ཤ་བའི་ཤ་ལ་སོགས་ཏེ་རོ་མཆོག་གི་ཤ་སྣ་དགུ་དང་། སྒོ་ང་དང་། གང་བུ་དང་། ཤིང་ཏོག་ལ་སོགས་ཏེ། ཁ་མ་བྱེ་བ་བཅུ་གསུམ་དང་། ཀ་ར་དང་། བུ་རམ་དང་། སྦྲང་རྩི་ལ་སོགས་ཏེ། འདོད་པ་ཚིམས་བྱེད་ཀྱི་རོ་མཆོག་དྲུག་དང་། ཞོ་དང་། འོ་མ་དང་། དར་བ་དང་། མར་ལ་སོགས་རྩི་ཐོག་སྣ་དགུ་དང་། གྲོ་ཐུག་དང་། འོ་ཐུག་དང་། འབྲས་ཐུག་ལ་སོགས་ཏེ། བྲོ་བའི་རོ་མཆོག་བཞི་དང་། དེ་ལ་སོགས་ཏེ་རོ་མཆོག་གི་རྣམ་པ་ཁ་བ་དང་། མངར་བ་དང་། བསྐ་བ་དང་། སྲེག་པ་དང་། སྐྱུར་བ་ལ་སོགས་རོ་མཆོག་སྣ་ཚོགས་པ་དང་། ཟས་སྣ་ཚོགས་འབྱོར་ཚད་ཀྱི་ཟས་འདི་གཏད་ཀྱིས་ལོངས་ཤིག །འདོད་པའི་ཡོན་ཏན་ལྔ་ལ་སོགས་ཏེ། དག་ཅིང་འབྱོར་པའི་དགེ་བའི་རྩ་བར་བསྔོ་ཡིས་ལོངས་ཤིག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལམ་པ་སྟ་བྷ་དུལ་ཡཱ། ཨ་ལི་ཨུ་ལི་ཏཱ་ལི་ཏ་པ་ལི་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཞེས་བརྗོད་ཅིང་དྲངས། དེ་ནས་རིགས་དྲུག་གནས་ནས་དྲངས་ཤིང་དབང་བསྐུར། ཟས་སྣ་དང་སྐོམ་ཉིད་འབྱོར་ཚད་དབུལ། བདེན་པ་བདར། ཆོས་བཤད། དགེ་བའི་ལས་ཅི་ནུས་བྱ། སྤང་སྐོང་བཀླག །ཉེའུ་འདོན་བྱའོ། །མཆོད་སྦྱིན་གྱི་གཏོར་མ་གཏང་། མཆོད་པ་ཅི་ནུས་བྱ། བཤགས་པ་བྱ། གསོལ་བ་གདབ། སྐུ་གདུང་རིང་བསྲེལ་མཆོད་པ་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས། པདྨ་དབང་གི་ལྷ་ཚོགས་ལ་ཕྱག་འཚལ་ཞིང་། གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ཕྱོགས་ཀུན་ནས། དམ་སྲི་མནན། ཚེ་འདས་པ་ལ་ལམ་བསྟན། གཏོར་མ་གཏོང་། དཀྱིལ་འཁོར་བསྡུ། ཕྱིས་ལྡང་མི་ནུས་པའི་དབང་གིས་གཟིར་མནན་བྱ། དཀྱིལ་འཁོར་གྱི་ཞལ་བསྲོ། དེ་ནས་དཀྱིལ་འཁོར་གྱི་ས་རློག་ལ། གསེག་མའི་ས་བོན་བཏབ་ལ། འདི་མ་སྐྱེས་ཀྱི་བར་དུ་མ་ལྡངས་ཤིག །ཅེས་གཟིར་མནན་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རྣལ་འབྱོར་པའི་བདུན་ཚིགས་ཐ་མ་བསྟན་པའི་ལེའུ་སྟེ་ལྔ་པའོ། །རྫོགས་སོའོ།། །།


previousཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་།next