རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད།
རྒྱ་གར་སྐད་དུ། བཛྲ་ཀྲོ་དྷ་ཀཱི་ལ་ཡ་མཱུ་ལ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཆོས་རྣམས་སྐྱེ་བ་མེད་པ་ལ། མཉམ་པའི་ངང་ལ་གནས་ཤིང་། སྒྱུ་མའི་དཔེ་བརྒྱད་ལྟར་
གནས་པ་ལ། སྐྱེ་འགག་མེད་ཅིང་བདག་དང་གཞན་དུ་མ་མཐོང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཐམས་ཅད་བྱང་ཆུབ་སེམས་གཅིག་ལ། །སྣང་བ་ཐ་དད་པར་སྣང་སྟེ། །གཅིག་དང་དུ་མ་བརྗོད་ལས་འདས། །ཀྱེ་ཀྱེ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ངོ་བོ་གཅིག་ལས་མེད་པ་ལ། །གཅིག་ལ་སྣང་བ་ཐ་དད་པས། །གཅིག་ལ་དུ་མ་བརྗོད་ལས་འདས། །ཞེས་གསུངས་སོ། །དཔེ་མཉམ་པ་ཉིད་དང་། དོན་མཉམ་པ་ཉིད་དང་། ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་དོ། །ཨེ་མ་ཧོ། འཁོར་བ་མྱ་ངན་འདས་པའི་ཆོས། །གཅིག་དང་དུ་མ་བརྗོད་ལས་འདས། །འདི་ཞེས་གཅིག་ཏུ་བསྟན་པར་དཀའ། །འཁོར་བ་ཉིད་ན་མྱ་ངན་འདས། །བཅོས་སླད་མེད་པར་མྱ་ངན་འདས། །ཞེས་གསུངས་སོ། །འཁོར་བ་བཅོས་བསླད་མེད་རྟོགས་ན། །ཡིད་བཞིན་ནོར་བུ་དང་འདྲ་བའི། །གང་ལྟར་བྱས་ཀྱང་ལྷུན་གྱིས་གྲུབ་པར་ཡིན་པར་སྟོན། །དབྱེ་བ་མེད་པའི་དོན་རྟོགས་སོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །དོན་དམ་ཀུན་རྫོབ་གཉིས་སུ་སྣང་། །གཅིག་དང་ཐ་དད་དུ་མར་སྣང་། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །མ་རིག་པ་ཉིད་ཡང་དག་ལམ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །རྟོག་པ་གཡེང་བ་ཆོས་ཀྱི་སྐུ། །མ་རིག་ཡེ་ཤེས་ཐ་དད་མེད། །སོ་སོར་སྣང་བ་ཕྱེ་བ་ཙམ། །མ་རིག་པ་ཡང་ལམ་དུ་གཅིག །དང་པོ་གང་ནས་མ་བྱུང་བས། །ཐ་མ་གར་ཡང་འགྲོ་བ་མེད། །དང་པོ་སྐྱེ་བའི་རྒྱུ་མེད་པས། །ཐ་མར་འཆི་བའི་ལམ་ཡང་མེད། །དངོས་པོ་གཅིག་ལ་མི་གནས་པས། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །སྐྱེ་ཤི་འཕོ་བའི་གནས་མེད་པས། །གསད་ཅིང་གཅད་ལ་གཟུང་དུ་མེད། །མ་རིག་པ་ཡི་རྟོག་པ་ཡིས། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །རྡོ་རྗེ་ལྟ་བུར་གནས་པ་ལས། །སྒྱུ་མ་ཆུ་ཟླ་བྲག་ཆ་འདྲ། །ཞེས་གསང་བའི་ཚིག་ཏུ་གསུངས་སོ། །ཀྱེ་ཀྱེ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། །སྟོང་གསུམ་རྒྱལ་བའི་སྐུས་གང་ཡང་། །བྱང་ཆུབ་སེམས་ལས་གཡོས་པ་མེད། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །དཀར་དམར་སྔོ་སྟེ་ངོས་གཟུང་མེད། །དེ་བཞིན་སེམས་ཀྱི་རང་བཞིན་ཡང་། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །མི་ཤེས་བར་སྣང་འཇའ་ཚོན་འདྲ། །དེ་ཕྱིར་མ་བཅོས་དེ་བཞིན་བཞག །ཅེས་རྡོ་རྗེ་གསང་བའི་ཚིག་ཏུ་གསུངས་སོ། །བདེ་བར་གཤེགས་པ་ཀུན་གྱི་གཙོ། །ཡབ་ཡུམ་སྲས་བཅས་སྣང་བ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག །
སྐྱེ་འཆི་མེད་པའི་བྱང་ཆུབ་སེམས། །འདུ་འབྲལ་མེད་དེ་ཆོས་ཀྱི་སྐུ། །བཟང་ངན་མེད་དོ་འཁོར་འདས་ཆོས། །རྒྱུ་འབྲས་མེད་དོ་མཉམ་པ་ཉིད། །འགག་པ་མེད་པའི་སེམས་ཉིད་ནི། །དཔེར་ན་རྨི་ལམ་སྒྱུ་མ་འདྲ། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །ནམ་མཁའ་འདི་ནི་འདི་འདྲ་ཞེས། །ཚིག་ཏུ་རབ་ཏུ་བརྗོད་ཏུ་མེད། །དེ་བཞིན་སེམས་ཀྱི་རང་བཞིན་ཡང་། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །བསྟན་ན་གཟུང་འཛིན་འཁྲུལ་པའི་ཆོས། །བསྟན་དུ་མེད་པ་བསྟན་པའི་མཆོག །བལྟ་རུ་མེད་པ་བལྟ་བའི་མཆོག །བསྒོམ་དུ་མེད་པ་བསྒོམ་པའི་མཆོག །བསྲུང་དུ་མེད་པའི་དམ་ཚིག་ནི། །མ་བསྲུངས་བཞིན་དུ་ལྷུན་གྱིས་གྲུབ། །མ་ནོར་མ་བཅོས་དབྱིངས་ཉིད་ལས། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་བྲན་ཐམས་ཅད་འབབ་ཅིང་འདུ། །དེ་བཞིན་བྱང་ཆུབ་སེམས་ཉིད་ལ། །འཁོར་འདས་གཉིས་ཀ་འབྱུང་ཞིང་འདུ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུ་གསུངས་སོ། །ཨེ་མ་བདེ་གཤེགས་སྙིང་པོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །མེ་ལོང་བཞིན་དུ་གཟུང་དུ་མེད། །བྲག་ཆ་བཞིན་དུ་བརྗོད་དང་བྲལ། །བཅུད་ཀྱི་རྡོ་རྗེ་སྙིང་པོ་ནི། །བདག་དང་གཞན་དུ་དབྱེ་རུ་མེད། །བསྟན་དུ་མེད་པའི་ཆོས་ཉིད་འདི། །བརྗོད་དུ་མེད་ཀྱིས་གོ་བར་གྱིས། །བརྗོད་མེད་བརྗོད་པ་རྗོད་པའི་མཆོག །མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས། །བློ་ཡི་རྟོག་པ་ཁ་ཕྱེ་ནས། །ངེས་པའི་དོན་འདི་རྟོགས་པར་གྱིས། །ངེས་པའི་དོན་འདི་མ་རྟོགས་ན། །བསྒོམ་པ་བསྒྲུབ་པ་ཡུན་རིང་ཡང་། །མི་ཤེས་གཟུང་འཛིན་འཆིང་བའི་རྒྱུ། །དེ་ཕྱིར་རྟོགས་པ་སྔོན་དུ་འགྲོ། །རྟོགས་པ་གདེང་དུ་མ་གྱུར་ན། །ཇི་ལྟར་བཤད་ཀྱང་འཆིང་བའི་རྒྱུ། །རྟོགས་པ་གདེང་གི་བལྟ་བ་འདི། །དངོས་པོ་གཤིས་ཀྱི་གནས་ལུགས་བརྟག །ངེས་པའི་དོན་འདི་མ་རྟོགས་ན། །མཉམ་བཞག་བསྒོམས་ཀྱང་ཆགས་པའི་རྒྱུ། །སྤུ་གྲིའི་ནགས་ཚལ་ལ་སོགས་ཀྱང་། །རང་གི་རྟོག་པ་བརྟས་པའི་ཕྱིར། །དེ་ཕྱིར་རྟོགས་པ་སྔོན་དུ་བཏང་། །རབ་ཏུ་རྟོགས་པ་འདི་ཞེས་པས། །རྟོགས་པས་བརྟགས་ན་ཀུན་ཀྱང་
འགྲུབ། །རྟོགས་པའི་དོན་འདི་རབ་ཏུ་གཅེས། །ཞེས་དེ་བཞིན་གཤེགས་པ་ཉིད་ལ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཆེད་དུ་བརྗོད་དོ། །དེ་ནས་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། རང་བཞིན་གྱི་དུར་ཁྲོད་ཆེན་པོའི་གནས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཏིལ་གྱི་གང་བུ་བཞིན་གང་བར་གནས་ཏེ། བཅོམ་ལྡན་འདས་དུར་ཁྲོད་ཀྱི་བདག་པོ་ཞེས་བྱ་བ་དང་། གཙོ་བོ་ལ་འཁྲིལ་བའི་ཡུམ་དང་། དྲེགས་པ་ཅན་དབང་དུ་སྡུད་པའི་འཇིགས་བྱེད་ཆེན་པོ་བཅུ་དང་། འཁྲིལ་བའི་ཡུམ་དང་། ཐོགས་པ་མེད་པའི་མགོ་བརྙན་དང་། ཡང་སྤྲུལ་སུམ་སྤྲུལ་དཔག་ཏུ་མེད་པའི་འཁོར་དང་བཅས་ནས། རང་བཞིན་གྱིས་གནས་སོ། །དེ་ནས་དུར་ཁྲོད་ཀྱི་བདག་པོ་མཉམ་པ་ཉིད་ལ་བཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཀྱེ། གཙོ་བོ་གཙོ་མོ་འཁོར་བཅས་ཀྱང་། །རང་བཞིན་དུར་ཁྲོད་ཆེན་པོ་ན། །མེ་ལོང་ཆུ་ཟླ་གཟུགས་བརྙན་འདྲ། །ཉོན་མོངས་དྲི་མས་གོས་པ་མེད། །རང་བཞིན་དོན་གྱི་དབྱིངས་ན་བཞུགས། །ནམ་མཁའི་ཆོ་འཕྲུལ་སྟོན་པ་སྟེ། །རང་བཞིན་དུར་ཁྲོད་དམ་པ་ན། །གསུང་གིས་ཆོས་རྣམས་མི་སྟོན་ཏེ། །ཐུགས་ཀྱིས་ཆོས་རྣམས་འཇལ་བར་སྟོན། །ཐུགས་ཀྱི་བརྡའ་ཡིས་འཇལ་བར་སྟོན། །ཞེས་ ཡུམ་དང་གཉིས་སུ་མེད་པར་མཉམ་པར་བཞུགས་སོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། མཉམ་པ་དང་རྟོགས་པའི་སྒོ་ནས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དགྱེས་པ་ཆེན་པོ་དེས་འོག་མིན་གྱི་གནས་ན་བཞུགས་ནས། ཡུམ་དང་ཡང་འཁྲིལ་བའི་ཚུལ་དུ་གནས་པ་ལ། ཀྱེ་ཀྱེ། དག་པ་དྲི་མ་མེད་པའི་མཆོག །བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས། །འཁོར་བའི་རྣམ་རྟོག་སྦྱང་བ་དང་། །དྲག་པོས་འགྲོ་བ་དྲང་བའི་ཕྱིར། །ཡབ་ཡུམ་གཉིས་མེད་འཁྲིལ་བའི་ཚུལ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །དེ་ནས་ཡུམ་དང་མཉམ་ཉིད་འཁྲིལ་བའི་ཚུལ་གྱིས། །ཀྱེ་ཀྱེ། བདེ་གཤེགས་རྡོ་རྗེ་རིགས་ཀྱི་གཙོ། །མཉམ་ཉིད་ཆེན་པོའི་དོན་བསྟན་ནས། །གང་ལ་གང་འདུལ་བསྟན་པའི་ཕྱིར། །རྡོ་རྗེ་རིགས་ཀྱི་གཙོ་མཆོག་ལ། །གཉིས་མེད་དོན་གྱིས་འཁྱུད་པར་བགྱི། །ཞེས་གསུངས་སོ། །དེ་ནས་ཡང་དགྱེས་
པ་ཆེན་པོས་གསང་བའི་ཐུགས་མཉམ་པའི་ངང་གིས། ཀྱེ་ཀྱེ། དོན་ཉིད་སྙིང་པོ་བདེ་གཤེགས་གཙོ། །བདེ་གཤེགས་ཐམས་ཅད་ཐུགས་ཀྱི་སྲས། །འགྲོ་བ་ཡོངས་ཀྱི་དེད་དཔོན་གཙོ། །གཉིས་སུ་མེད་པའི་ཡུམ་དང་བཞུགས། །ཞེས་གླེང་བསླངས་ཏེ། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་ཡུམ་ཆེན་མོ་ཉིད་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཀྱེ་ཀྱེ། བདེ་བར་གཤེགས་པ་ཀུན་གྱི་གཙོ། །མ་རིག་མུན་པ་འཇོམས་པའི་བདག །ཀུན་ཀྱང་འགྲོ་བའི་དོན་བྱའི་ཕྱིར། །དྲི་མེད་ཟླ་གསལ་ཉི་ཟླའི་འོད། །དུར་ཁྲོད་ཆེན་པོའི་དབྱིངས་ན་བཞུགས། །འབར་བ་ཆེན་པོའི་ཀློང་ན་བཞུགས། །རིགས་ནི་རྡོ་རྗེ་རིགས་ཀྱི་གཙོ། །མུན་པ་འཇོམས་པའི་ཤེས་རབ་འོད། །འགྲོ་བའི་གཉེན་གཅིག་དེད་དཔོན་གཙོ། །འགྲོ་བའི་དྲི་མ་སེལ་བའི་སྐལ། །འགྲོ་བ་ཡོངས་ཀྱི་གཉེན་གཅིག་གཙོ། །གཉིས་མེད་བདེ་བའི་དབྱིངས་དཀྱིལ་དུ། །དགྱེས་པ་ཆེན་པོ་དབབ་ཏུ་གསོལ། །ཧོ། ཞེས་ཡུམ་གྱིས་མཉམ་པའི་ངང་ནས། དེ་སྐད་ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དུར་ཁྲོད་ཀྱི་ཀློང་ན། གདུག་པ་ཅན་གྱི་ཁྲི་ལ་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་ནས། རྒྱལ་པོ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་ཚིག་ཏུ་འདི་སྐད་ཅེས་གླེངས་སོ། །ཀྱེ་མའོ། རྒྱལ་བས་འགྲོ་དོན་བྱ་བའི་ཕྱིར། །རིགས་ཀྱི་ཡུམ་དང་གཉིས་མེད་པར། །པདྨ་ཆེན་པོ་བརྡེག་ཏུ་གསོལ། །འཁོར་རྣམས་མ་ལུས་བསྐྱེད་དུ་གསོལ། །ཞེས་དགོངས་པ་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་ཡུམ་ཆེན་མོ་ཉིད་ཀྱི་བསམ་པ་གཡོས་པར་གྱུར་ཏེ། ཨེ་མ་ཧོ། སྟོན་པའི་བསྟན་པ་བསྟན་པའི་ཕྱིར། །འཁོར་བ་འདུས་པའི་དེད་དཔོན་གཙོ། །དགྱེས་པའི་རྡོ་རྗེ་དབང་པོ་ཡིས། །གཉིས་མེད་དགྱེས་པར་གྱུར་ནས་ནི། །གསང་བ་ཆེན་པོ་ཆར་ཆེན་ཕོབ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་ག་ཡཱ་ཧཾ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་ཡབ་ཡུམ་གཉིས་སུ་མེད་པ་ལས། ཁྲོ་བོ་དང་། ཁྲོ་མོ་དང་སྤྲུལ་པ་དང་ཡང་སྤྲུལ་བཅས་པ་ཐམས་
ཅད་ཐོན་པར་གྱུར་ནས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་རྡོ་རྗེ་ཕུར་པ་དྲག་པོའི་སྒྲ་བྱུང་ནས། འཇིག་རྟེན་གྱི་དྲེགས་པ་སྤ་བཀོང་ནས། ཡང་རང་བཞིན་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱིས་བཞུགས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞུགས་སོ། །རྡོ་རྗེ་ ཁྲོས་པ་རྩ་བའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་མཉམ་པ་ཉིད་ཀྱི་ངང་དུ་གནས་པ་ལས། བདག་ཏུ་རྨོངས་པ་དང་། རྟོག་པ་ལ་མངོན་པར་ཞེན་པའི་དབང་གིས་ཡང་དག་པའི་ལམ་དང་བྲལ་ནས། གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོར་གྱུར་ནས། རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །ཚ་བའི་སྡུག་བསྔལ་གྱིས་གདུངས་པས། འདི་བས་ཀྱང་ཤིན་ཏུ་གྲང་ན་ཅི་མ་རུང་སྙམ་པས། ཤིན་ཏུ་གྲང་བའི་ནང་དུ་སྐྱེས་ཏེ། ཚ་བ་དང་གྲང་བའི་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་། བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །དེ་ནས་ཡང་ཡན་ལག་སྣ་ཚོགས་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་པ་དང་། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། ལྷའི་རིགས་དང་ལྷ་མ་ཡིན་དང་། ཚངས་པ་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པས་གཟིགས་ནས།ཐུགས་རྗེའི་བྱིན་གྱིས་རླབས་ཀྱིས། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་དགོངས་པའི་བྱིན་གྱིས་རླབས་ཀྱིས། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་སུ་བསྐྱེད་ནས།སྲས་ནི་ཆོས་ཉིད་སྐྱེ་བ་མེད་པ་ལས། འཇིགས་པའི་གཟུགས་སྐུར་བཞེངས་པའི་ཕྱིར་ན་སྲས། །མཆོག་ནི་དེ་ལས་བཞེངས་ཀྱང་གཡོས་པ་མེད། །སྲས་ནི་རཱུ་ཏྲ་འདུལ་ཕྱིར་བདེ་གཤེགས་བྱིན་གྱི་སྲས། །མཆོག་ནི་དེ་ལས་སྤྲུལ་ཀྱང་གཡོས་པ་མེད། །སྲས་ནི་སྐྱེ་མེད་སྲས་པོ་རྡོ་རྗེ་གཞོན་ནུའི་སྐུ། །མཆོག་ནི་གང་ལ་གང་འདུལ་མི་བཟད་ཕུར་པ་དྲུག །ཅེས་བདེ་བར་གཤེགས་པས་བྱིན་གྱི་རླབས་ཀྱིས་བསྟོད་ནས། དབུ་གསུམ་ཕྱག་དྲུག་ཞབས་བཞི་པ་གཅིག་ཏུ་སྤྲུལ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་ཁྲོས་པས་ལུས་པོ་
གཅིག་ལ་མགོ་བོ་བརྒྱར་སྤྲུལ་ནས། ཕྱག་ན་མཚོན་ཆ་སྣ་ཚོགས་པ་བསྣམས་པ། འཁོར་ཐམས་ཅད་བསྡུས་ནས། ཤིན་ཏུ་འགྱིངས་བག་དང་བཅས་པར་གྱུར་ཏེ། ཧི་ཧི་ཧི་ཞེས་ཤིན་ཏུ་ང་རྒྱལ་དང་བཅས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྲས་མཆོག་ཉིད་ཀྱིས། དུར་ཁྲོད་ཀྱི་ཀློང་ན་གདུག་པ་ཅན་ཐམས་ཅད་ཀྱི་གདན་ལ་བཞུགས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས་ཤིན་ཏུ་རྔམ་པའི་གཟི་བརྗིད་དང་ལྡན་པར་གྱུར་ཏོ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ་གསུམ་པ་མཆེ་བ་བཅུ་གཉིས་ཤངས་གསུམ་པ། བ་སྤུ་གྱེན་དུ་འཁྱིལ་པའོ། །ཕྱག་དྲུག་དང་པོ་རྡོ་རྗེ་རྩེ་དགུ། བར་པས་རྩེ་ལྔ། གཡོན་གྱི་དང་པོ་མེ་དཔུང་། བར་པ་ཁ་ཊྭཱཾ་རྩེ་གསུམ། ཐ་མ་གཉིས་ཀྱིས་རྡོ་རྗེ་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། རྫུ་འཕྲུལ་གྱི་ཞབས་བཞིར་བཞུགས་པ། རྡོ་རྗེའི་གཤོག་པས་འཇིག་རྟེན་གྱི་ཁམས་གང་བ། སྐུ་ཚོན་གང་བས་ལུས་ལ་གཏམས་པ། ཡུམ་དང་གཉིས་སུ་མེད་པར་གྱུར་ཏོ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ན་ཐིགས་པར་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་ནས་ཁྲོ་བོའི་ཚོགས་ཐམས་ཅད་སྤྲུལ་པ་ལས། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ།ཅེས་སྟེང་དུ་ཁྲོ་བོ་ཧཱུཾ་ཀཱ་ར་དང་། ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ་སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་ཅན་དང་། སྨིག་བུའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་དུ་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་སྙེམས་མ་སྤྲུལ་པའི་ཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོའི་མཚམས་སུ་ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ་སྡེར་མོ་སྤྲུལ་པའི་ཕྲ་མེན་མ་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོའི་ཕྱོགས་སུ་ཁྲོ་བོ་ཡ་མཱནྟ་ཀ་དང་། ཡུམ་རྡོ་རྗེ་དུར་ཁྲོད་མ། སྤྲུལ་པའི་ཕྲ་མེན་མ་ཤ་བའི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་
ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ལྷོ་ནུབ་ཏུ་ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུན་ཁུང་མ་སྤྲུལ་པའི་ཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁྭ་ཏའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་ཏུ་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ་སྤྲུལ་པའི་ཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་བྱང་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་མ་སྤྲུལ་པའི་ཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ་སྤྲུལ་པའི་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། བྷིནྡ་བྷིནྡ་ཧཱུཾ་ཕཊ། བྱང་ཤར་དུ་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་བྱེད་མ་སྤྲུལ་པའི་ཕྲ་མེན་དྲེད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། འོག་ཏུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་བསྐྱོད་བྱེད་མ་དང་། སྤྲུལ་པའི་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་གྱིས་གཏམས་པའོ། །དེ་རྣམས་ཐམས་ཅད་ཀྱང་འཐོན་པར་གྱུར་ཏེ། རབ་ཏུ་ཁྲོས་པར་གྱུར་ཏོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་རབ་ཏུ་ཁྲོས་ཏེ། སྟོང་གསུམ་དུས་གཅིག་ཏུ་གཡོས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་འཁོར་བཅས་ཀྱིས་གང་བར་གྱུར་ནས། སྟོང་གསུམ་དུས་གཅིག་ཏུ་གཡོས་སོ། །སྲིན་པོ་ཆེན་པོ་ཤིན་ཏུ་གདུག་པ་དང་བཅས་པ་བྲོས་ཏེ། མི་ཐུབ་པར་འཆོར་བ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཉིད་ཀྱིས་ཤིན་ཏུ་ཁྲོས་རབ་ཏུ་ཁྲོས་པ་ལས། མི་བཟད་པའི་སྲས་མཆོག་རྣམ་པ་དྲུག་འཐོན་པར་གྱུར་ཏེ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུཾ་ཕཊ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། ཅེས་སྲས་མཆོག་རྣམ་པ་དྲུག་གིས་ཀློང་ཆེན་དྲུག་གི་ལས་བྱས་ཏེ། སྟོད་ནི་ཞལ་གསུམ་ཕྱག་དྲུག་པ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །ཁྲོ་མོ་བཅུ་ཡིས་ཡོངས་
བརྒྱན་ནས། །གདུག་པ་མ་ལུས་བསྒྲལ་བར་བྱའོ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཧཱུཾ་ཧཱུཾ་ཧཱུཾ་ཀཱི་ལི་ཀཱི་ལ་ཡ་ཞེས་རབ་ཏུ་ཁྲོས་པས་རང་དབང་ཆེན་པོ་བསྐུར་ཏེ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་འགྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོར་འགྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་ལ་སྩོལ། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་དབང་བསྐུར་ནས། ཨོཾ་ལམ་ཧཱུཾ་ལམ་སྟཾ་བྷན་ན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཤཱི་གྷྲཾ་ཧྲིཿཿབི་ཀྲྀ་ཡང་འདུག་ཀྱང་རྒྱུ་མཚན་དཔྱད། བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། སྟོང་གསུམ་དུས་གཅིག་ཏུ་གཡོས་ནས། ཁྲོ་བོ་ཆེན་པོ་རྣམས་ནི་སྐུ་ཆེ་ཆུང་ཚད་རི་རབ་ཙམ་མོ། །མང་ཉུང་ནི་སྟོང་གི་འཇིག་རྟེན་ཡུངས་འབྲུས་བཀང་བ་ཙམ་དུ་གྱུར་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་རྡོ་རྗེ་ཕུར་པ་དྲིལ་ཞིང་སྐུ་བསིགས་ནས། དུར་ཁྲོད་ཀྱི་ཀློང་ན་རབ་ཏུ་ཁྲོས་ནས།ཕྱོགས་བཅུར་གཟིགས་པས། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་ཧཱ་དེ་ཝ་བརྒྱལ་བར་གྱུར། རྡོ་རྗེ་ཕུར་པ་རབ་ཏུ་འབར་བ། ཉི་ཟེར་ལ་སེར་བ་འབབ་པ་བཞིན་དུ་བཏབ་པས། ཁ་ཊྭཱཾ་གའི་རྩེ་ལ་བླངས་པས་དེ་རབ་ཏུ་བརྒྱལ་ནས། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ། མ་བྱེད་ཤིན་ཏུ་གདུག་པ་དང་བཅས་ནས་སྨྲས་པ་ལས། དེ་ལྟར་འཇིགས་བྱེད་ཀྱི་དཔལ་རྡོ་རྗེ་གཞོན་ནུས་ཕུར་པ་བྱིན་གྱིས་བརླབས་ཏེ། ཆོ་ག་གསུམ་གྱིས་སྐུར་བསྐྱེད་ནས། །སྙན་གསན་སྤྱན་
དྲང་དབང་ནོད་ནས། །དབང་བསྐུར་ཐིམ་གྱུར་ཐོབ་བསམ་ནས། །བཅོ་བརྒྱད་སྔགས་ཀྱིས་གཟི་བྱིན་བསྐྱེད། །རྣམ་གསུམ་ཚུལ་བཞིན་མཆོད་པ་དབུལ། །ཕུར་པ་བཀྲག་དང་གཟི་མདངས་བསྐྱེད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་ཡི། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལམ་ཧཱུཾ་ལམ་སྟྭཾ་བྷ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཤཱི་གྷྲཾ་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨཱ།ཐམས་ཅད་ཕུར་བུས་བཏབ་ནས་ཤིན་ཏུ་མྱོས་ཤིང་རིད་པར་གྱུར་པའི་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཞེས་སྙིང་དང་ནང་ཁྲོལ་ཀུན་ཕྱུང་ནས། ཡན་ལག་ཀུན་གཏུབས་ནས། ཤ་ཟོས་ཁྲག་འཐུངས་རུས་པ་ཀུན་འཆོས་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་བདེན་པ་མཐོང་ནས་འབངས་སུ་འཆི་འབངས་སུ་ནན་ཏན་མ་ཆུང་ཞིག །ཤེས་པ་བླ་མེད་གནས་སུ་སྤར། །ཕུང་པོ་དུར་ཁྲོད་གནས་བྱ་ཞིང་། གཟུགས་ཕུང་ང་ཡི་སྟན་བྱའོ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་པོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བྱིན་རླབས་ཀྱི་གནང་བའོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དྲག་པོ་དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དྲེགས་པ་འདུལ་བྱེད་གཙོ་བོ་འཇིག་རྟེན་གྱི་དྲེགས་པ་ཅན་རྣམས་དངངས་ནས། ཡེ་ཤེས་དང་ལས་ལ་གྲུབ་པའི་མ་མོས་ཀྱང་སྲོག་གི་སྙིང་པོ་ཕུལ་ནས། དཔའ་བོ་ཆེན་པོ་འཁོར་བཅས་ལ། །བདག་ཅག་རྣམས་ཀྱང་འབངས་སུ་མཆི། །ཡང་བུད་མེད་ནག་མོ་ཁྲག་གི་རལ་པ་ཅན་གྱིས་ཀྱང་། བདག་གི་སྲོག་གི་སྙིང་པོ་འདི། །དཔའ་བོ་ཆེན་པོས་བཞེས་སུ་གསོལ། །དེ་ནས་ཡང་བུད་མེད་དམར་མོ་
བྱི་རུའི་རལ་པ་ཅན་གྱིས། དཔའ་བོ་ཆེན་པོའི་སྤྱན་ལམ་དུ། །བདག་གི་སྲོག་སྙིང་དམ་པ་འདི། །དཔའ་བོ་ཁྱོད་ཀྱིས་བཞེས་སུ་གསོལ། །ཨ་ཛི་ཏེ་བ་ར་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏཾ་ཀ་ཡེ། མཱ་ར་སེ་ན་པྲ་མརྡ་ན་ཧཱུཾ་ཕཊ། བདག་ཅག་རྣམས་ཀྱི་སྲོག་སྙིང་འདི། །དཔའ་བོ་ཆེན་པོས་བཞེས་སུ་གསོལ། །སྐུ་གསུང་ཐུགས་ལས་རྫོགས་པའི་སྔགས། །དཔའ་བོ་ཁྱོད་ལ་དབུལ་བར་བགྱི། །ཞེས་སྲོག་གི་སྙིང་པོ་ཕུལ་ནས་ཁས་བླངས་དམ་བཅས་པ་ལ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཆེན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅེས་གནད་ལ་བོར་བས། ཡང་སྲོག་གི་སྙིང་པོ་ཕུལ་ཏེ། དཔའ་བོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བདག་ཅག་འཁོར་དང་བཅས་པ་ཡིས། །སྲོག་གི་སྙིང་པོ་དབུལ་བར་བགྱི། །བཀའ་ཡི་ཕ་ཕབ་སྩལ་དུ་གསོལ། །ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཛྙཱ་ན་ཀ་ར་ཨི་དན། དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་རཱ་ཡ་ཧཱུཾ་ཕཊ། དཔའ་བོ་ཆེན་པོའི་སྤྱན་ལམ་དུ། །སྲོག་གི་དྲག་སྔགས་དབུལ་བར་བགྱི། །ཐུགས་རྗེ་ཅན་གྱིས་གཟིགས་སུ་གསོལ། །ཞེས་ཕུལ་ལོ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །འཁོར་དང་བཅས་པ་མ་ལུས་ཀུན། །དམ་ཆོས་འདི་ལ་བརྟེན་པ་ཡི། །མ་ལུས་ལས་རྣམས་འགྲུབ་པར་གྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་གནད་ལ་བོར་ནས། དམ་རྫས་ལ་བརྟེན་ཅིང་བྲན་གྱི་ཚུལ་དུ་ཁས་བླངས་སོ། །སྟོན་པ་ཆེན་པོ་སངས་རྒྱས་གཙོ། །དྲག་པོ་ཆེན་པོ་འཇིགས་པའི་གཟུགས། །མཉམ་པ་ཉིད་ཀྱི་དོན་སྟོན་ཞིང་། །ཞིང་ཡངས་སེམས་ཅན་འདུལ་དོན་དུ། །རྟོག་པ་མེད་པའི་ཁྲོ་བོར་འབྱུང་། །ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས། །དཔག་ཏུ་མེད་པའི་འཁོར་གྱིས་བསྐོར། །
བདག་ཅག་དཔལ་གྱི་འཁོར་དུ་འདུད། །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ལས་བྱ་བར་དམ་བཅས་སོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དྲེགས་པ་ཅན་འདུལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མཉམ་པ་ཉིད་ལ་གནས་པ་ལས། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་ཀུན་ཏུ་མ་རུངས་པར་གྱུར་པ་ལ། འདུལ་བར་དགོངས་ནས། མ་རུང་སེམས་ཅན་ཁྱོད་ལྟ་བུ། །མ་རུང་མནར་བའི་སྡིགས་ཅན་ཁྱོད། །ཐར་པ་ཆེན་པོ་ཐོབ་བྱའི་ཕྱིར། །ང་ཡི་འཁོར་དུ་འདུ་བར་གྱིས། །ཞེས་གསུངས་པས། བཀའ་ཉན་དུ་མ་འདོད་དོ། །དཔལ་རྡོ་རྗེ་གཞོན་ནུའི་ཐུགས་ལ་དགོངས་ཏེ། གཏོགས་དང་གྲོགས་རྣམས་བྲལ་བའི་ཕྱིར། །ཀློང་དྲུག་ལྷ་དབྲལ་དགུག་བསྡིམ་བྱ། །དཔྲལ་བའི་ཀློང་དང་སྤྲོ་བའི་ཀློང་། །དགུག་པའི་ཀློང་དང་བཅིང་བའི་ཀློང་དང་སྨྱོ་བའི་ཀློང་། །བསྡུ་བའི་ཀློང་དང་བསྟབ་པའི་ཀློང་། །ཀློང་དུ་གྱུར་པའི་ལས་བྱའོ། །ཧ་ས་ཡ་ར་ཧ་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། ཤཱི་གྷྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ལ་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཛཿཧཱུཾ་བཾ་ཧོཿ། ཨངྐུ་ཤ་ཛ། ཅེས་བསྡིམས་པས་བགེགས་ཀྱི་རྒྱལ་པོ་བརྒྱལ་ལོ། །དེ་ནས་ཡང་དཔལ་རྔོམ་བརྗིད་ཀྱི་རྒྱལ་པོ་དེས། སྐུ་བསིག་ཅིང་ཤིན་ཏུ་རྔམ་པའི་སྒྲས། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ།སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཏྲི་ཛ་ཛ་ཛཿཧཱུཾ་བཾ་ཧོཿ། སྟྭམྦྷ་ཡ་ནན། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཅེས་པས་བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཀུག་ནས་ཧཱུཾ་པ་ར་བིདྱཱན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་
བནྡྷ་ཧཱུཾ་ཕཊ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། སུ་རུ་སུ་རུ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། མུ་རུ་མུ་རུ་བཛྲ། ཀྲོ་དྷ་ཀྲོ་དྷ་བཛྲ། ཛ་ཡ་ཏུ་ཛ་ཡ་ཏུ་བཛྲ། རཀྴ་དུ་མཱ་ར་ཡ་བཛྲ། གནས་སྐབས་སྦྱར་བའི་སྔགས་རྣམས་ལ། །སྒྲོལ་གནས་ཆོ་ག་དེ་བཞིན་སྦྱར། །ཚིག་དྲུག་དཀྱུས་ཀྱི་སྐོས་བཏབ་ནས། །ཚིག་གསུམ་བསྟབ་པའི་གནས་བསྟན་ནས། །ཚིག་དྲུག་དམ་ཅན་གནད་ལ་དབབ། །བྱ་བའི་ལས་བཞིས་ཀུན་ཀྱང་རྫོགས། །སྔགས་གསུམ་བཟླས་པས་དྲོད་གསུམ་སྐྱེ། །ཞེས་གསུངས་སོ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཙཀྲ་ཡེ་ཨོཾ་བྷྲཱུཾ་ཧཱུཾ་བྷྲཱུཾ་ཏྲཾ་བྷྲཱུཾ་ཏྲི་བྷྲཱུཾ་ཧ་བྷྲཱུཾ། སརྦ་ཨཱ་ར་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། མཚོན་དང་དུག་ལ་སོགས་པ་དང་། །སྡུག་བསྔལ་བསྐྱེད་པ་ལ་སོགས་བྱ། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ན། །ལྷ་ཡང་རུང་སྟེ་རླག་པར་འགྱུར། །ཁ་ཐཾ་ཁ་ཐཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཧ་ཧ། ཡབ་ཡུམ་བར་དུ་བརྡུང་བྱ་ཞིང་། །དངོས་པོ་ཤ་ཁྲག་ལྷ་ཡི་སྐུར། །བསྟབས་པས་དགྱེས་པའི་སྟན་གནས་གྱུར། །ཉི་ཤུ་རྩ་གཅིག་སྔགས་རྣམས་ཀྱིས། །དཀར་ནག་མཚམས་སུ་གདབ་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། བགེགས་བཏུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མཉམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམིགས་པ་མེད་པའི་ཏིང་འཛིན་འདི། །ཏིང་འཛིན་རྒྱལ་པོར་སྟོན་པར་འགྱུར། །མ་ནོར་མ་བཅོས་དབྱིངས་ཉིད་ལས། །དེ་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །དངོས་
མེད་གསལ་བའི་ཡེ་ཤེས་ལས། །དེ་ལས་སེམས་ཀྱི་འབྲས་བུ་བསྐྱེད། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །དེ་ནས་ཕུར་བུའི་བྱང་ཆུབ་སེམས། །རྒྱུ་འབྲས་གཉིས་ཀ་མྱ་ངན་འདས། །དེ་ནས་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་གཅིག །བྱང་ཆུབ་སེམས་ནི་སྔོན་དུ་བསྟན། །ཁམས་གསུམ་ཡེ་ཤེས་སྐྱེད་པའི་ཕྱིར། །བསྒྲུབ་པའི་ཡེ་ཤེས་ཚོན་གང་བ། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ཀྱང་། །སྐུ་དང་ལྡན་པར་རབ་བསྐྱེད་ཅིང་། །ཁམས་གསུམ་ཁྲོ་བོས་གང་བར་མཛད། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །ཤིན་ཏུ་བརྗིད་པའི་ཡེ་ཤེས་ཀྱིས། །སྐུ་ཡི་ཚོགས་ཀྱིས་རབ་བརྒྱན་ཅིང་། །ཐུགས་ལ་འབར་བའི་སྲོག་ཀྱང་ཞུགས། །དབུ་ལ་རྫོགས་པའི་རིགས་ལྔས་བསྲུང་། །ཉི་ཟླ་རི་རབ་ཕུར་པའི་རྒྱན། །ཁྲོ་བོ་མང་པོས་གཟིར་མནན་ནས། །ཡུམ་ནི་རྣམ་པར་གྲོལ་བའི་ཐུགས། །སྲིད་པའི་ཕུར་བུ་རྟོགས་པ་ཡིས། །སྲིད་པ་གསུམ་ཡང་ཐེབས་ཞེས་བྱ། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམ་རྔམས་གཟུགས་ནི་གློག་ལྟར་འབར། །མེ་དཔུང་གསུམ་གྱིས་ཁམས་གསུམ་བསྲེགས། །ཉེས་བྱེད་གསུམ་ཡང་སྲིད་པར་སྒྲོལ། །ཁམས་གསུམ་དུས་གཅིག་དབང་བསྐུར་ནས། །རབ་ཏུ་སྲོག་གི་གོར་ཤར་བ། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །དུས་གཅིག་ལེ་བརྒན་འབར་བར་སྨིན། །རྫོགས་ལྡན་དུད་ཀ་གསལ་ཕྱིར་རོ། །མཐིང་ག་ཉི་ཟླ་དཀྱིལ་འཁོར་བསྒོམ། །ལག་ཏུ་བླངས་ཏེ་དྲིལ་ནས་ཀྱང་། །ཁམས་གསུམ་སྡུག་བསྔལ་བསྒྲལ་བར་འགྱུར། །ཡུམ་བཞིའི་ཕྱག་རྒྱས་བྱིན་བརླབས་ཤིང་། །དེ་ནས་ཨ་ལས་རྣམ་པར་དག །སྲིད་པ་གསུམ་དུ་གསལ་འཚེར་ནས། །འཁོར་བ་གསུམ་ནི་མྱ་ངན་འདས། །འདི་ན་བྱང་ཆུབ་སེམས་ཀྱི་ཁྲུས། །བྱང་ཆུབ་སེམས་ཀྱི་ཁྱད་པར་ལས། །ཁྲོ་བོ་ཕུར་བུས་རབ་བརྒྱན་ཅིང་། །ཁམས་གསུམ་དབང་བསྐུར་ཡང་དག་གྲུབ། །དེ་ནས་ཡུལ་སེམས་གཉིས་སུ་མེད། །བསྐྱོད་པ་མེད་པའི་རི་རབ་ཀྱིས། །མཁའ་ཡི་གཏུན་ཁུང་བདེ་
གཤེགས་གནས། །གཏིང་དཔག་མེད་པའི་དབྱིངས་ཉིད་དུ། །ལྷ་ཡང་རུང་སྟེ་ཉོན་མོངས་བསྒྲལ། །སྲིད་པའི་ཕུར་པས་ཐེབས་ཤེས་བྱ། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཁྲོ་བོ་འབར་བའི་གཏུན་ཚོགས་ཀྱིས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས། །ཁམས་གསུམ་མ་ལུས་བསྒྲལ་ཞེས་བྱ། །རྣམ་པར་ཤེས་པའི་ཡེ་ཤེས་མཆོག །སྲོག་དང་ཐུགས་ཀྱིས་བྱིན་བརླབས་ནས། །བྱང་ཆུབ་སེམས་ཀྱི་ཕུར་བུ་འདིས། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །མཉམ་པའི་རྒྱལ་པོས་ཡང་དག་བསྒྲལ། །རྟོག་འཛིན་མེད་པའི་དབང་ཕྱུག་དེ། །དཔའ་བོ་ཆེན་པོས་བཏུལ་བ་བཞིན། །ཤིན་ཏུ་བསྒྲལ་ཏེ་དགྱེས་བསྟར་ན། །ཟ་བྱེད་ཀུན་ལ་སྟོབ་པར་མཛོད། །ཧ་ཧ་དགྱེས་པས་དགྱེས་པར་མཛོད། །ཕཊ་ཕཊ་ཀྱིས་ནི་དཀྱིལ་འཁོར་སྤྲོ། །ཧཱུཾ་ཧཱུཾ་དགྱེས་པས་དབང་དུ་སྡུད། །ཁཱ་ཧི་ཁཱ་ཧིས་དགྱེས་པས་ལྷག་མེད་བཞེས། །རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །རབ་ཏུ་གསོར་ཏེ་དྲིལ་ནས་ཀྱང་། །ཁམས་གསུམ་འཁོར་བ་བསྒྲལ་བར་བྱ། །སེམས་ཀྱི་ཡུལ་རྣམས་བསྒྲལ་ནས་ནི། །ཡེ་ཤེས་སྐུ་ཡིས་ཁྱབ་གདལ་ནས། །འཛིན་ཆགས་ཐམས་ཅད་རྣམ་པར་གྲོལ། །དེ་ནི་དེ་བཞིན་གཤེགས་པའི་མཐུ། །བྱང་ཆུབ་སེམས་ལས་འོད་འཕྲོས་པས། །ཁམས་གསུམ་དེ་བཞིན་རོལ་པའི་སྐུ། །མ་ལུས་ཕུར་པས་ཐེབས་ཞེས་བྱ། །གང་ཞིག་གནོད་པའི་མཆོག་རྣམས་ལ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནས། །རྡོ་རྗེ་ཕུར་པ་མང་ཤར་ཅིང་། །དེ་ཡིས་ཚོགས་བརྒྱད་དག་པར་བྱ། །བདག་དང་གསུམ་དུ་ལྡན་ནས་ཀྱང་། །བྱང་ཆུབ་སེམས་ལས་རྣམ་སྤྲོས་ཏེ། །ཕུང་པོ་རྡུལ་དུ་བཤིགས་ནས་ཀྱང་། །ཤ་ཁྲག་ཁམས་གསུམ་གང་བར་དམིགས། །ཧཱུཾ་གིས་རབ་ཏུ་ནམ་མཁའ་གང་། །ཕཊ་ཀྱིས་ཀུན་ཏུ་གཏོར་བྱས་ཏེ། །རྡོ་རྗེ་ཡེ་ཤེས་ཚོན་གང་གིས། །ཁམས་གསུམ་རབ་ཏུ་གང་གནས་ཀྱང་། །ཧོ་ཡིས་རབ་ཏུ་དགའ་བ་ཡིས། །སྙིང་པོ་འདི་སྐད་ཅེས་བརྗོད་དོ། །རབ་རྒྱུད་མཆོག་སེམས་རབ་ཏུ་གསལ་བའི་ཕྱིར། །མཉམ་ཉིད་རིག་པའི་རྩལ་ལས་བདག་ཉིད་གྲོལ། །དེ་ཕྱིར་ཧཱུཾ་གིས་དྲངས་ནས་ནི། །ཕུང་པོ་གཟི་ལྡན་ཐོབ་ནས་ཀྱང་། །བསྡུས་པའི་ཐིག་ལེ་ཆེན་པོར་
བསྒོམ། །ཁམས་གསུམ་བྱང་ཆུབ་སེམས་བསྐྱེད་དོ། །འགྲོ་བ་མ་ལུས་དོན་བྱའི་ཕྱིར། །སྤྲོས་པས་ལྗང་གུས་ནམ་མཁའ་ཁྱབ། །དམར་པོ་ཁྲག་གི་ཐུགས་ཀྱང་ལགས། །ལྗང་གུ་ལས་ཀྱི་ས་བོན་ཏེ། །མཐིང་ག་ཧེ་རུ་ཀ་ཡི་ཐུགས། །ཐམས་ཅད་ཀུན་དུ་བརྗིད་འགྲུབ་པས། །དེ་ངེས་སེམས་ཀྱི་ཕུང་པོ་ཚོལ། །ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་ཕྱིར་དུ། །སྲིད་པ་གདར་ཤ་བཅད་ནས་ནི། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །ཧཱུཾ་ཞེས་བྱ་བ་སྐལ་བཟང་ངོ་། །སྲིད་པ་དབང་དུ་བསྡུས་ནས་ཀྱང་། །ཁམས་གསུམ་ཀུན་ལས་འདས་པར་བསྒོམ། །འཇིག་རྟེན་ཀུན་ལས་འདས་པས་ན། །ལྷན་ནེ་བོར་ཡང་བདག་ཉིད་སྦྱོར། །འཇིག་རྟེན་ཀུན་ལས་གྲུབ་པའི་རྒྱལ། །མན་ངག་སྙིང་ཁུ་གསང་བའི་རྫས། །འཛིན་དང་རྟོག་པ་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་སྐད་ཅིག་མ། །སྣང་དང་སྲིད་དང་འཛིན་རྟོག་ཀྱང་། །བསམ་པ་ལས་ཀྱང་མྱ་ངན་འདས། །འཇིག་རྟེན་ལས་ཀྱང་མྱ་ངན་འདས། །བྱང་ཆུབ་སེམས་ཀྱི་གོལ་ས་བཅད། །གྲུབ་མཐའ་འདི་ལ་འཇིགས་མཐའ་མེད། །འདི་ནི་མི་འགྱུར་བྱང་ཆུབ་སེམས། །མྱ་ངན་འདས་པ་རྟོགས་པའོ། །སྒྲིབ་པ་མེད་པའི་མཐར་ཕྱིན་པ། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ། །མི་ནུབ་པ་ལ་རྟག་གནས་ཤིང་། །རྡོ་རྗེ་ཡི་ནི་མཐའ་ལ་ཐུག །བགྲང་ནུས་མེད་པར་ཤིན་ཏུ་དཔག །འདི་ནི་སྙན་གྱི་བུ་ག་ནས། །སྙན་གྱི་བུ་གར་གང་བ་ཡིན། །རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །བྱང་ཆུབ་སེམས་ནི་རྫོགས་སོ་ཞེས། །མན་ངག་སྙིང་པོ་གསལ་བའི་རྫས། །ཐུགས་ཀྱི་དཀྱིལ་འཁོར་ཉིད་བསྐུལ་བ། །མི་ ཟད་གཏེར་དུ་བཞག་པར་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །བསྟན་པའི་སྙིང་པོ་དེ་ལས་མེད། །མན་ངག་བསྟན་པའི་སྙིང་པོ་འདི། །དོན་གྱི་བཅུད་ཕྱུང་སངས་རྒྱས་རྒྱུ། །འདི་ལས་གཞན་ཞེས་བྱ་བ་ནི། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ནོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། ཏིང་ངེ་འཛིན་གཏན་ལ་ཕབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཉིད་ཀྱིས་གདུག་པ་ཅན་ཐམས་ཅད་དུས་གཅིག་ཏུ་བཏུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ནས། །དུར་ཁྲོད་ཆེན་པོ་ཡི་ཀློང་ན། །དུར་ཁྲོད་ཀྱི་ནི་གཞལ་ཡས་ཁང་། །མེ་ལྷ་དྲང་སྲོང་སྲེག་པའི་མཆོག །ལྷོ་ནུབ་སྲིན་པོ་གནས་པའི་ས། །ནུབ་བྱང་རླུང་ལྷ་འཕང་དང་དབྱེ་བ་སྟེ། །བྱང་ཤར་འབྱུང་པོ་དབང་ལྡན་སྒྲོལ་ལ་མཁས། །དཀྱིལ་འཁོར་ཕོ་བྲང་མི་འགྱུར་བརྟན་པའི་མཆོག །གདུག་པ་ཅན་གྱི་མཐུ་འཕྲོག་ཅིང་། །བསྙེན་སྒྲུབ་གཉིས་ཀྱི་ལས་བྱའི་ཕྱིར། །བཀྲ་ཤིས་བྱིན་བརླབས་ཡོད་པ་འམ། །རྐང་གཅིག་པ་འམ་རྐང་གཉིས་པ། །གནོད་པར་ངེས་པའི་ས་དེ་རུ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །བསྲུང་བའི་རིམ་པ་ཚུལ་བཞིན་བྱ། །མཎྜལ་འདོམ་གང་གྲུ་བཞི་ལ། །གོང་དུ་སྨོས་པ་བཞིན་དུ་བྲི། །མ་ཏྲཾ་ཁོག་པར་གནས་བྱས་ནས། །སྐྱེ་མེད་ཐབས་དབྱིངས་ཕུར་པ་ནི། །མཉམ་ཉིད་སྐྱེ་བ་མེད་པས་ཐེབས། །ཐུགས་རྗེའི་ཕུར་པ་ཐུགས་རྗེ་ཡིས། །ལོག་པར་འཁྱམས་པ་རྣམས་ལ་གདབ། །གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་འདི། །རྟོག་ཚོགས་རྡུང་ཕྱིར་ཡུམ་གྱི་མཁའ་ལ་གདབ། །འདུས་བྱས་རྫས་ཀྱི་ཕུར་པ་འདི། །བསྒྲལ་བའི་ཞིང་བཅུར་གྱུར་པ་རྣམས་ལ་གདབ། །འདུས་བྱས་རྫས་ཀྱི་ཕུར་པ་ནི། །མན་ངག་ཉིད་དུ་བཀོལ་བ་བདུན། །མེད་དུ་མི་རུང་དེ་བཞིན་བཤམས། །བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཉུང་དཀར་དང་ནི་ཕུར་བུ་དངོས། །ལྕགས་སྣ་ལྔ་འམ་བདུན་ཀྱང་རུང་། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །བཅུམ་གཞོག་ལ་ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ། །སེང་ལྡེང་ཕུར་པ་སོར་བརྒྱད་ནི། །མཐུ་འཕྲོག་བྱིན་རླབས་ཡོད་པ་ཡིན། །དེ་བཞིན་བྱ་རྒོད་གཤོག་ཕུར་ཡང་། །འགུགས་པར་བྱ་བའི་ནུས་པ་ཡོད། །སེར་པོ་གསེར་རམ་ཡང་ན་ནི། །སྐྱེར་པ་དག་ལ་བྱས་པ་ནི། །ཟིལ་གྱིས་མནན་པའི་ཕུར་པ་ཡིན། །སྐྱེས་པ་དར་མ་རིགས་ཅན་གྱི། །སྦོམ་པོ་མ་ཡིན་ཐུར་མ་ཕྲ་མོ་ཙམ། །ཟངས་སམ་མཛོ་མོ་ཤིང་དག་གིས། །དམར་པོ་དག་ལ་བྱས་པ་ནི། །དབང་དུ་འདུས་པའི་ཕུར་བུར་བསྟན། །ཙནྡན་དག་གམ་རྒྱ་ཤུག་ནི། །གཟི་བྱིན་འཕྲོག་པར་ཡང་དག་བསྟན། །ལྕགས་སམ་ཤིང་ནི་ནག་པོ་ནི། །
དྲག་པོར་གྱུར་པ་མཐའ་དག་ལ། །རྡུལ་དུ་རླག་པར་རབ་ཏུ་བསྟན། །ཕྱོགས་ཀྱི་ཁྲོ་བོ་བཅུ་པོ་ལ། །བཅུ་ཚན་རེ་འམ་ཡང་ན་བཅུ། །དེ་བཞིན་མང་ཉུང་གྲངས་ཀྱིས་དབྱེ། །མཐིང་ནག་དར་གྱི་ཅོད་པན་གདགས། །ལྷ་འམ་རྫས་གསུམ་སྤྱོད་ཀྱང་རུང་། །མཚན་དང་ལྡན་པའི་བྷནྡྷ་རུ། །ནག་པོའི་འབྲུ་ཡིས་བཀང་ནས་ནི། །རིམ་པར་གཞུག་ཅིང་བྱིན་བརླབ་བྱ། །མཐིང་ནག་དར་གྱིས་ཁ་བཅད་ལ། །བྱིན་བརླབ་དབང་བསྐུར་གཞུང་བཞིན་བྱ། །མི་འགྱུར་ཕོ་བྲང་རྫས་སུ་དགོད། །མེ་ལྷ་དྲང་སྲོང་སྲེག་པའི་སར། །དྲག་པོའི་ཧོམ་ཐབས་གཞུང་བཞིན་བྱ། །ཚེར་མ་ཅན་གྱི་ཤིང་བཅུག་ལ། །མིང་དང་རུས་སུ་བཅས་པ་དང་། །དྲག་པོའི་རྩང་གིས་བསྐོར་བའམ། །བསྲེག་པའི་རྫས་རྣམས་ཀུན་ཀྱང་བཞག །ལྷོ་ནུབ་སྲིན་པོ་གནས་པའི་སར། །དེ་བཞིན་དྲག་པོའི་གྲུ་གསུམ་ལ། །རིམ་པ་བཞིན་དུ་རབ་ཏུ་བསྐོར། །མོན་ནམ་རབས་ཆད་ཐོད་པ་ལ། །གང་ཡིན་མིང་རུས་བྲིས་ནས་ནི། །ཐ་མར་དྲག་པོའི་སྔགས་ཀྱིས་བསྐོར། །གྲུ་གསུམ་དབུས་ཀྱི་སྟེང་དུ་བཞག །ལྡོག་པ་མེད་པར་མཐར་ཕྱིན་པའི། །བརྒྱ་དང་བརྒྱད་ཀྱིས་ཕུར་པར་བསྐོར། །ཐ་མ་དེ་བཞིན་རྩང་གིས་བསྐོར། །ནུབ་བྱང་རླུང་ལྷ་འཕང་དང་དབྱེ་བའི་སར། །དྲག་པོའི་གྲུ་གསུམ་གོང་བཞིན་བྱ། །ཐོད་པ་དུམ་བུ་དྲུག་གམ་བདུན། །མཚན་མ་ངན་པར་གྱུར་པ་ལ། །བྲི་བའི་ཐབས་ནི་གོང་མ་བཞིན། །གང་ཡིན་མིང་རུས་བཅུག་ནས་ནི། །དྲག་པོའི་གྲུ་གསུམ་དབུས་སུ་བཞག །མན་ངག་ཉིང་ཁུ་བསྐོལ་བ་ཡི། །ཕུར་བུ་ཟུར་གསུམ་དབལ་དང་ལྡན། །དྲག་པོའི་གཏོར་མ་སྟེང་དུ་འགོད། །ཁྲག་སྣ་ལྔ་དང་སྙིང་སྣ་ལྔ། །མཚེ་ནག་ཉུང་ནག་རྡོ་དང་མདའ། །དྲག་པོ་ཟོར་གྱི་རྫས་སུ་བཞག །ཐ་མ་དེ་ནི་རྩང་གིས་བསྐོར། །བྱང་ཤར་འབྱུང་པོ་དབང་ལྡན་སྒྲོལ་བའི་སར། །གྲུ་གསུམ་རིམ་པ་གོང་བཞིན་བྱ། །བསྒྲལ་བའི་རིམ་པ་གང་ཡིན་པའི། །སྙིང་གར་རུས་ལ་དཔྲལ་བར་མིང་། །ཡན་ལག་བཞི་ལ་ཡིག་འབྲུ་བཞི། །ཆེ་གེ་མོ་ནི་དབུས་སུ་གཞུག །མཱ་ར་ཡ་ཡིས་ཐ་མ་བསྐོར། །གྲུ་གསུམ་དབུས་སུ་གཞུག་པར་བྱ། །ཐ་མ་རྩང་གིས་དེ་བཞིན་བསྐོར། །དབུས་ཀྱི་ཕོ་
བྲང་དགོད་པ་ནི། །ལིངྒ་བྱ་བའི་རྒྱུ་རྣམས་ལ། །གཟུགས་དང་ལིངྒ་གཞུང་བཞིན་བྱ། །རྣོ་བའི་མཚོན་གྱིས་ལུས་ལ་གཏུག །ལྕགས་ཐག་ནག་པོས་མགུལ་ནས་གདགས། །ཡན་ལག་ལྔ་ལ་ཚོན་སྐུད་ལྔ། །དེ་བཞིན་ཕོ་བྲང་དབུས་སུ་དགོད། །ཐ་མ་རྩང་གིས་དེ་བཞིན་བསྐོར། །བསྙེན་པའི་ཕུར་པས་གཟིར་ལ་བཞག །དེ་ཡི་ཕྱི་རིམ་གྲུ་གསུམ་ལ། །ཁྲོ་བཅུའི་ཕུར་པ་རིམ་བཞིན་དགོད། །སྲས་མཆོག་མི་ཟད་ཕུར་པ་དྲུག །སྒོ་བཞི་སྟེང་འོག་གཉིས་དག་གམ། །ཡང་ན་རིམ་པ་དྲུག་ཏུ་དགོད། །དཔལ་གྱི་གཏོར་མ་གཞུང་བཞིན་བཤམས། །སྲུང་མ་རྣམ་གསུམ་ཐུན་རྫས་བསག །དྲག་པོའི་ལས་སུ་གྱུར་པ་ཡི། །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དྲུག །ཁྱད་པར་བལ་ཚོན་དྲུས་ཀྱིས་གདགས། །སྲུང་མ་རྣམ་གསུམ་ཕྱག་མཚན་དང་། །གཏུན་དང་རྡོ་རྗེ་ཐོ་བ་དང་། །ཐུན་རྫས་སྣ་ཚོགས་དགོད་པར་བྱ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དྲག་པོས་འདུལ་བའི་བྱ་ཐབས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡེ་ཤེས་ལྷ་རྣམས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་སྟེ། །དེ་ཡི་རང་བཞིན་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་རྩིགས་པ་ལ། །གནམ་ལྕགས་གཟེར་གྱིས་དེ་བཞིན་གདབ། །ཞིང་ཆེན་བཞི་ཡི་གདུང་མ་ལ། །གཟའ་ཆེན་བརྒྱད་ཀྱི་ཀ་བ་བཙུགས། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ། །ཉི་ཟླའི་མཐོངས་ཁུང་རྣམ་པར་གསལ། །རྒྱལ་པོ་བཞི་ཡི་སྐྱེས་བུ་ལ། །ཞིང་ཆེན་སྒོ་ཡིས་དེ་བཞིན་བཅད། །ལྷུ་དུམ་བཅད་བོར་རྒྱན་གྱིས་བརྒྱན། །ནང་གི་གྲུ་གསུམ་འབར་བ་དགུ། །སྒོ་དང་རྟ་བབས་རྒྱན་དུ་བྱས། །དབུས་ཀྱི་གྲུ་གསུམ་འབར་བ་ལ། །ཉི་མ་ཟླ་བ་པདྨ་གསུམ། །དྲེགས་པའི་རྒྱལ་པོ་བསྣོལ་མར་གསལ། །མ་ཨ་པ་སཱུརྱ་ཙནྡྲ་མནྜལ། ར་ཏྲི་རུ་ཏྲི་ཏི་ར་བཾ་ཧཱུཾ་ཧཱུཾ། དེ་སྟེང་གཙོ་བོ་ཡབ་ཡུམ་ནི། །སྐུ་མདོག་ཕྱག་མཚན་གོང་དུ་གསལ། །དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཡུམ་ཡང་འཁོར་ལོ་རྒྱས་འདེབས་མ། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །བསྟོད་པ་དག་གིས་རབ་ཏུ་བསྟོད། །དྲེགས་པ་ཕྱོགས་སྐྱོང་གདན་སྟེང་ན། །ཁྲོ་བོ་བཅུ་པོ་བཞུགས་
པར་བསམ། །ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། འཇིགས་བྱེད་ཆེན་པོ་ཁྲོ་བོ་བཅུ་པོ་ཡང་། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མཐིང་དང་དཀར་སྔོ་དམར་བ་དང་། །ལྗང་དང་དཀར་སྔོ་དམར་བ་དང་། །དམར་སྐྱ་ལྗང་སེར་དུད་ཀ་དང་། །དབྱིངས་དང་ཡེ་ཤེས་ཕྱག་རྒྱ་དང་། །རྒྱལ་བྱེད་དཔའ་རྟགས་ཕྱག་མཚན་དང་། །རིགས་ལ་རང་རྟགས་ཕྱག་མཚན་དང་། །ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་ལ། །རྫུ་འཕྲུལ་བཞི་ཡི་ཞབས་ཀྱིས་བཞུགས། །ཟ་བྱེད་ཆེན་མོ་བཅུ་རྣམས་ཀྱང་། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཡུམ་ཆེན་རྣམས་ཀྱི་མཚན་ཉིད་ཀྱང་། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །གཡས་པ་དགྱེས་ཕྱིར་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །མཆེ་བ་ཅན་དང་གཤོག་པ་ཅན། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །གཡས་པ་རང་རྟགས་ཕུར་པ་བསྣམས། །གཡོན་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །ཡང་སྤྲུལ་སུམ་སྤྲུལ་བསམ་མི་ཁྱབ། །རྡོ་རྗེ་བྲག་ཆེན་གཏམས་པ་ཡི། །ས་གཞི་ཆེན་པོའི་གདན་སྟེང་འདིར། །སྒྲོལ་བྱེད་སྲས་མཆོག་རྣམ་པར་བསྒོམ། །ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། སྐུ་མདོག་དང་ཕྱག་མཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་སྔགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དང་པོ་གཉིས་མེད་བྱང་སེམས་བསྟན། །གཉིས་པ་རིག་པ་སོ་སོར་བསྟན། །གསུམ་པ་དྲག་པོའི་འཛབ་དགོངས་བསྟན། །བཞི་པ་སྐུ་གསུང་ཐུགས་སུ་བསྟན། །ཡང་དག་ཉིད་ལ་ཡང་དག་པ། །རྟོགས་པར་བྱ་སྟེ་རྣམ་པར་བསྒོམ། །ཡང་དག་རྟོགས་ན་བདེ་ཆེན་ཐོབ། །དག་པར་བརྟགས་ན་ཀུན་ཀྱང་རྟོགས། །མང་པོར་བཟླས་ན་ཀུན་ཀྱང་འགྲུབ། །དམ་ཚིག་བསྲུང་ན་དངོས་གྲུབ་མྱུར། །བྱང་ཆུབ་སེམས་ཀྱི་ཕུར་པ་འདི། །བདག་གི་དོན་དུ་རྟོགས་པར་བགྱི། །སྟོང་གསུམ་མ་ལུས་སེམས་ཅན་ཀུན། །རྡོ་རྗེ་ཕུར་པས་མ་རིག་འཇོམས། །ཤེས་པའི་བླ་མེད་ཐར་པའི་ཐབས། །མུན་པ་འཇོམས་པའི་ཤེས་རབ་འོད། །བག་ཆགས་སྤྱོད་པ་ཁྲུས་ཀྱི་ཆུ། །འཁོར་
བ་འཇོམས་པ་འཇིགས་པའི་གཙོ། །ཡང་དག་ས་ཡི་རྡོ་རྗེ་དང་། །ཁྲོ་བར་བཅས་པའི་ངང་གིས་འདུལ། །མ་རྟོགས་པ་ཡི་སེམས་ཅན་ལ། །ཞི་བ་དབང་དང་དྲག་པོ་དང་། །རྒྱས་པ་ལ་སོགས་མང་དུ་བསྟན། །མ་ནོར་ཚུལ་བཞིན་བསྒྲུབ་པས་ནི། །དབང་པོ་མངོན་གསུམ་ཁུག་པར་འགྱུར། །བདག་དང་ལྷ་དང་གཟས་པ་གསུམ། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །སྟོང་པའི་རང་བཞིན་གཉིས་སུ་མེད། །ཉོན་མོངས་སྲོག་དབུགས་རྩ་རྣམས་བཅད། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། ། ཤིང་ཡང་མིན་ནམ་ཤིད་རྒྱང་ཚེ་མཐུད་ལྟ་བུར་འགྱུར། །དོན་གྱི་ཕུར་པ་རྣམ་བཞི་ཡང་། །སྐབས་དང་སྦྱར་ཏེ་རྟོགས་པར་བགྱི། །ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་ཀུན་ལ་ཁྱབ། །ཕུར་ནི་ཐམས་ཅད་གཙོ་བོའི་མཆོག །པ་ནི་ཐམས་ཅད་འཁོར་གྱི་ཚུལ། །ཕུར་ནི་ཐམས་ཅད་སྐྱེ་བ་མེད། །པ་ནི་རོལ་པ་འགག་པ་མེད། །ཕུར་ནི་བྱང་ཆུབ་སེམས་སུ་གཅིག །པ་ནི་ཐམས་ཅད་དེ་རུ་སྒྲུབ། །བསྙེན་པ་བྱ་བ་རབ་ཏུ་གཅེས། །དོན་གྱི་རྩ་བ་ལྷ་ཡི་སྐུ། །ཞི་བ་དབང་དང་དྲག་པོ་དང་། །རྒྱས་པ་ལ་སོགས་རྣམ་པ་བཞི། །དོན་དང་བསྟུན་ཞིང་ཤེས་པར་བྱ། །ལྗགས་ལ་གནས་པའི་ཡི་གེ་དང་། །ཐུགས་ལ་གནས་པའི་ཡི་གེ་གཉིས། །ཁ་དོག་རིགས་ལས་ཤེས་པར་བྱ། །འཕྲོ་བས་འདུལ་བ་བྱིན་རླབས་ནི། །སྐབས་དང་གནས་སྐབས་ཤེས་པར་བྱ། །བདག་དང་གཞན་གྱི་དོན་རྣམས་ཀྱང་། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཤིན་ཏུ་ཕྲ་ལ་རབ་སྦྱངས་ན། །བློ་ཡི་རྟོགས་པས་ཁ་ཕྱེ་ནས། །རིག་འཛིན་ས་ལ་རྣམ་པར་འགྲོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དགོངས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དྲག་པོའི་ལས་རྣམས་བསྟན་པའི་ཕྱིར། །བསྒྲལ་བའི་ཞིང་བཅུ་བསྒྲལ་བའི་ཕྱིར། །བསྟན་པ་གཉན་པོ་འཇིག་པ་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་པ། །ཞེ་སྡང་མེ་ལྟར་འབར་བ་དང་། །གཏི་མུག་མུན་ལྟར་འཐིབས་པ་དང་། །ཕྲག་དོག་རླུང་ལྟར་འཚུབ་པ་དང་། །ང་རྒྱལ་བསེ་ལྟར་མཁྲེག་པ་དང་། །འདོད་ཆགས་སྤྱིན་ལྟར་འཛིན་པ་དང་། །དོན་མེད་ལོག་པར་འཁྱམས་པ་དང་། །མི་ཤེས་ཚུལ་འཆོས་བྱེད་པ་དང་། །
བནྡི་མནའ་ཟན་དམ་ལོག་དང་། །འདི་བཅུ་བསྒྲལ་བའི་རིམ་པ་ཡིན། །ངེས་པར་ཁུགས་པར་བྱ་བའི་ཕྱིར། །རྟེན་དང་འདྲེལ་བའི་ཀློང་གིས་དབྱེ། །སྤྲུལ་པ་ཁམས་གསུམ་དག་པའི་ཕྱིར། །སྐུ་གསུམ་སྤྲུལ་པའི་ཀློང་གིས་དབྱེ། །གང་དུ་འབྲོས་པའི་དབང་མེད་པར། །ཕྱག་རྒྱ་བཞི་ཡི་ཀློང་གིས་དགུག །ངེས་པར་རྟེན་ལ་དབབ་པའི་ཕྱིར། །དབབ་པར་བྱ་བའི་ཀློང་གིས་བསྡིམ། །རྟེན་ལ་གནས་པར་བྱ་བའི་ཕྱིར། །བཅིང་བར་བྱ་བའི་ཀློང་གིས་སྡོམས། །ཉོན་མོངས་ཤ་མདངས་དབྱེ་བའི་ཕྱིར། །སྒྲོལ་བ་གནས་ཀྱི་ཀློང་གིས་གདབ། །སྐྱེ་མེད་ཆོས་ཀྱི་དོན་མཐོང་ཕྱིར། །དོན་དམ་ཆོས་ཀྱི་བདེན་པ་བདར། །འཁོར་བའི་གནས་སུ་མི་འཁོར་ཕྱིར། །ཐུན་མཚོན་དྲུག་གི་ཀློང་གིས་གདབ། །ལྷ་རྣམས་དགྱེས་པར་བྱ་བའི་ཕྱིར། །བརྡུང་དང་སྡུག་བསྔལ་བསྐྱེད་པ་དང་། །བྱང་ཆུབ་སེམས་ཀྱི་ཀློང་གིས་བསྟབ། །འཁོར་བའི་གནས་སུ་འཁྱམས་པ་ལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྐྱེ་བ་མེད་པའི་དོན་མཐོང་བས། །ཀློང་ཞེས་རྒྱལ་བས་དེ་ལྟར་གསུངས། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་པས། །སྟོང་གསུམ་མ་ལུས་ཀུན་བཀང་ནས། །བདེ་བར་གཤེགས་པའི་ཐུགས་རྗེ་ཡི། །གང་གིས་འདུལ་བའི་དོན་བསྟན་ནས། །ཀློང་དྲུག་ལྷ་དབྲལ་དགུག་བསྡིམ་བྱ། །བྱིན་བརླབས་དབང་བསྐུར་བྱས་ནས་ནི། །ཉི་ཤུ་རྩ་གཅིག་ཀཱི་ལ་ཡ། །ཀླད་ལ་བསྐོར་ཞིང་བཟླས་པར་བྱ། །ཨོཾ་ལཾ་ཧཱུཾ་ཡཾ་སྟམྦྷ་ནན། མོ་ཧ་གྷ་ཡ། བྷ་ག་ཝཱན། ཤི་ཀྲི་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན། བཛྲ་ཀཱི་ལི་ཀཱི་ལ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། ཧཱུཾ་པ་ར་བིདྱན་ཧཱུཾ་ཕཊ།སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷན་དྷ་བྷན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། མ་ཐ་མ་ཐ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། དྲག་པོ་རྫས་དང་དྲག་པོ་སྔགས། །དྲག་པོ་ལྷ་དང་དྲག་པོ་དཀྱུས། །མཐར་གནས་དྲུག་གིས་ངེས་པར་བརྡེབ། །རྡོ་རྗེ་ཁྲོས་པ་རྩ་
བའི་རྒྱུད་ལས། ཞིང་བཅུ་བསྒྲལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྲས་མཆོག་ལྔ་བསྒྲུབ་པར་བྱ་བ་བསྟན་ཏེ། དོན་དམ་སྐྱེ་མེད་ཆོས་དབྱིངས་ལས། །སྐྱེ་བའི་ཆོ་འཕྲུལ་སྐུར་སྟོན་པ། །དབྱིངས་དང་ཡེ་ཤེས་བྱིན་བརླབས་ལས། །ཆུ་ལ་ཆུ་བུར་རྡོལ་བ་འདྲ། །ཧཱུཾ་ཨེ་ཡཾ་ར་ཀེཾ་རཾ་བྷྲཱུཾ། ཛཿཧཱུཾ་བཾ་ཧོཿ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། བི་ཏ་ཡ་བི་ཏ་ཡ་བིད་ཧཱུཾ་ཕཊ། ན་མཿསནྟ་བི་ཤོ་ཏ་ཡ་བི་བིད་ཧཱུཾ་ཕཊ།མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། འཇིགས་བྱེད་སྲས་མཆོག་རྣམ་པ་ལྔ། །གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ན། །དུག་གསུམ་བསྒྲལ་བའི་ཞིང་ཆེན་ལ། །རཱུ་ཏྲ་བསྣོལ་བའི་གདན་སྟེང་དུ། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་ཟུར་གསུམ་དཔལ་གྱིས་བཞུགས། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། སྲས་མཆོག་ལྔ་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དམ་ཚིག་དམ་པ་འདི་དག་མཆོག་ཏུ་བསྟན་ཏོ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །སླད་ནས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །དེ་ཕྱིར་དམ་ཚིག་ཐེག་ཆེན་འདི། །ཕྱི་རབས་སྔགས་འཆང་རྣམས་ཀྱིས་སྲུང་། །དམ་ཚིག་འདི་ནི་ས་གཞི་འདྲ། །ས་ལ་སྐྱེ་འཁྲུངས་ཀུན་སྐྱེད་ལྟར། །དམ་ཚིག་གཞི་ཡི་ས་གཞིས་ནི། །སྐུ་དང་ཡེ་ཤེས་སྐྱེད་པར་བྱེད། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་དམ་ཚིག་ལྔ་རྣམས་ལས། །མ་འདས་བསྲུངས་ན་སངས་རྒྱས་ཡིན། །དེ་ལས་འདས་ན་སེམས་ཅན་ཡིན། །དམ་ཚིག་གཞུང་བཞིན་བསྲུང་བ་ལ། །དམ་ཅན་རྣམས་ཀྱིས་བསྒོ་བ་ཉན། །གལ་ཏེ་བསྒོ་བ་མ་ཉན་ན། །དམ་ཅན་ཉིད་ཀྱང་རླག་པར་འགྱུར། །ལྷ་ཡང་འདས་ན་མྱོས་འགྱུར་ན། །རྣལ་འབྱོར་འདས་ན་སྨོས་ཅི་དགོས། །དམ་ཚིག་འདི་ནི་གཙོ་ཡིན་ཞེས། །དཔའ་བོ་ཆེན་པོས་ཡང་དག་བཤད། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །བྱ་རུ་མི་རུང་སྣ་ཚོགས་བྱེད། །སློབ་དཔོན་བཀའ་སླུ་སྨོད་པ་དང་། །ལུ་གུ་རྒྱུད་
ལ་དབྱེན་འདོགས་དང་། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས། །གཞན་ནས་དངོས་གྲུབ་ཐོབ་འདོད་པ། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །རྫས་དང་ལག་ཆ་མངོན་བསྟན་ནས། །ཕ་རོལ་གཞན་ལ་སྡིག་བྱེད་ཅིང་། །མན་ངག་གཏིང་ནས་མ་ཐོབ་པར། །ཨ་ཚར་ཁ་ཡིས་ངོམ་པ་དང་། །རིག་པའི་རྩལ་དང་མ་ལྡན་པར། །ཁ་ནས་ལྷ་སྲིན་གཉན་འབོད་པ། །འདི་རྣམས་ཉམས་པའི་སྔ་རྟགས་ཡིན། །མཚན་དང་ལྡན་པའི་རིག་མ་ལ། །ཕྲད་ནས་སྦྱོར་བ་མ་བྱས་དང་། །ལས་ངན་སྐྱོན་ཅན་མཚན་རྫོགས་པ། །བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །རྩ་བ་གསུམ་པོ་ཉམས་གྱུར་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བཅུ་འོང་། །ཕྱི་མ་ན་རག་དམྱལ་ཁམས་སྐྱེ། །འདིར་ཡང་ནད་དང་སྡུག་བསྔལ་ཆེ། །མཛེ་དང་ནད་དང་སྡུག་བསྔལ་སྣ་ཚོགས་འོང་། །མ་ཚོགས་སྟོང་གིས་སྙིང་ནས་འདྲེན། །ཤ་ཟན་སྟོང་གིས་ཤ་རུས་འབྲལ། །འཇིག་རྟེན་མ་མོ་མཁའ་འགྲོ་ཡང་། །དམ་ཚིག་ཉམས་པའི་བདུད་དུ་འབབ། །མ་མོ་ཀུན་ཀྱང་གཤེད་དུ་འོང་། །ཚེ་དང་སྲོག་ལ་བར་ཆོད་བྱེད། །དམ་ཚིག་འདི་ལ་མི་གནས་ན། །བརྩམས་པ་མི་འགྲུབ་མྱ་ངན་ནོན། །དམ་ཚིག་བསྲུངས་པའི་ཡོན་ཏན་ནི། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་གྲུབ་ཐོབ། །མཁའ་འགྲོ་མང་པོ་འཁོར་ཞིང་འདུ། །དངོས་གྲུབ་རྣམ་གསུམ་རིམ་བཞིན་ཐོབ། །ཚེ་དང་བསོད་ནམས་དབང་ཐང་འཕེལ། །ལྷ་སྲིན་ཀུན་ཀྱང་དེ་བཞིན་བཀུར། །དགྲ་བགེགས་ཀུན་ཀྱང་གཞོམ་ཞིང་འདུལ། །བསྟན་པ་ཀུན་ཀྱང་དར་ཞིང་བསྲུང་། །དམ་ཚིག་འདི་དག་གཙོར་ལེན་ན། །གྲུབ་པར་འགྱུར་བ་གདོན་མི་ཟ། །དམ་ཚིག་བསྲུང་བའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་ཕ་ལྟར་ཁུར། །ཡུམ་གྱི་དབང་མོ་མ་ལྟར་ཁུར། །མཆེད་དང་ལྕམ་དྲལ་སྤུན་ལྟར་བརྩེ། །ཉིན་དང་མཚན་དུ་དུས་མེད་པར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །མ་ཡེངས་གསལ་བའི་དོན་བརྩོན་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །མཉན་བསམ་
ཐོས་པ་རྒྱ་བསྐྱེད་ནས། །འདུ་འཛིའི་དབང་དུ་མི་གཏོང་བར། །རྟག་ཏུ་སྒྲུབ་ལ་བརྩོན་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཕ་རོལ་དམ་ཉམས་དགྲ་བོ་ལ། །དམོད་བཙུག་ཁ་ཚོ་མི་ཟེར་བར། །གསང་ཞིང་བསྟུན་ནས་ལས་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དབང་རྣམ་པར་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲོག་དང་ལུས་ལ་མི་འཛེམ་ཞིང་། །ནོར་དང་དད་པས་མཉེས་བྱས་ནས། །འཁོར་གསུམ་ཡོངས་སུ་དག་བྱས་ཏེ། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །བཀའ་དང་འཁོར་ལོ་བུམ་པ་དང་། །བསྐྱེད་དང་རྫོགས་པའི་རིམ་པ་དང་། །ཕན་དང་ནུས་པའི་བྱིན་རླབས་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །སློབ་དཔོན་ཇི་བཞིན་མཉམ་བཞག་ནས། །བསྙེན་པའི་རྫས་རྣམས་བསགས་བྱས་ལ། །ཕུར་བུ་བུམ་པ་ལ་སོགས་དང་། །སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །སྤོས་དང་སྙིང་པོ་ལྔ་དག་དང་། །ཁ་རྒྱན་མགུལ་ཆིངས་དེ་བཞིན་བཤམས། །བསྙེན་པ་ཚུལ་བཞིན་བྱས་ནས་ནི། །ཕུར་པ་འགུལ་ཞིང་འབར་ཀྱང་རུང་། །སྐུ་གཟུགས་བཞད་ཅིང་འགུལ་བ་དང་། །བུམ་པ་ནམ་མཁར་འདུག་ནས་ནི། །དཀྱིལ་འཁོར་ལས་ལ་དེ་བཞིན་བཤམས། །རིན་ཆེན་ཟུར་བརྒྱད་དཀྱིལ་འཁོར་དུ། །དར་དཀར་ཡོལ་གྱིས་དྲེས་པ་རུ། །རྫས་དང་ལག་ཆ་ཀུན་བཀྲམ་ནས། །སློབ་མ་ལྔའམ་གཅིག་ཀྱང་རུང་། །གདོང་གཡོགས་དར་གྱིས་རབ་དཀྲིས་ལ། །དག་པའི་ཁྲུས་ཀྱིས་བཀྲུ་བྱས་ནས། །རིན་ཆེན་སྣ་ཚོགས་སྙིམ་པ་བཀང་། །རྡོ་རྗེ་ཡེ་ཤེས་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རིང་བདག་ལ་དབང་སྐུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །མ་ལུས་གཞུང་བཞིན་བསྒྲུབས་ནས་ནི། །སྐུ་གསུང་ཐུགས་ཀྱི་ཕུར་པ་བཞིན། །ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། །བདག་གི་དད་པས་འཇུག་པར་བགྱི། །འཇོམས་བྱེད་རྡོ་རྗེ་ཆེན་པོ་ཡིས། །བདག་ལ་
དབང་མཆོག་དེ་རིང་སྩོལ། །ང་ནི་ཡེ་ཤེས་རྡོ་རྗེ་སྟེ། །ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །འཇོམས་བྱེད་རྡོ་རྗེ་ཆེན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འཇོམས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྣམ་རྟོག་གཞོམ་ཕྱིར་ཡེ་ཤེས་གསལ། །སངས་རྒྱས་བདག་ལ་དབང་ལྡན་ཤོག །ཨེ་མ་ཧོ་རིགས་ཀྱི་བུ་ཁྱོད་ཀྱིས། །གང་ལ་ཕོག་པ་ཡི་དམ་ལྷ། །མེ་ཏོག་དམ་པ་དོར་བར་གྱིས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །གཡོན་ནས་ཡུམ་གྱིས་ཡབ་ལ་འཁྱུད། །ཕྱག་གིས་བུམ་པ་རབ་ཏུ་བླངས། །ཡེ་ཤེས་དབང་གི་ཆུ་བོ་འདི། །ཉོན་མོངས་མ་གོས་དཀར་ལ་འཚེར། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྤྱི་བོར་བུམ་པའི་དབང་བསྐུར་བས། །ཉོན་མོངས་གསུམ་དང་དུག་གསུམ་སྦྱངས། །དབང་གི་ཆུ་བོ་རྒྱུན་བཞིན་འབབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། དབང་བསྐུར་ཡི་དམ་ལྷར་བསྐྱེད་ལ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྐྱེད། །སྐུ་དང་གསུང་དང་ཐུགས་ཀྱི་དབང་། །ཕན་པའི་དབང་དང་ནུས་པའི་དབང་། །དུར་ཁྲོད་དབང་དང་དམ་རྫས་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཕུར་པའི་དབང་དང་འདེབས་པའི་དབང་། །དྲག་པོའི་ལས་སུ་གྱུར་པ་ཡི། །ཀུན་ཀྱང་མ་ལུས་དབང་དུ་བསྐུར། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །གསང་བའི་དབང་རྣམས་བསྐུར་བའི་ཕྱིར། །དབང་གི་སྟེགས་བུ་རབ་བརྩེགས་ལ། །ཤ་རྩི་དཀར་ལ་ལྕང་ལོའི་སྐྲ། །པདྨའི་མཆུ་ལ་སོ་ཚགས་དམ། །སྨིན་མཚམས་བར་ཡང་མ་ཆད་པར། །ཚེས་བརྒྱད་ཟླ་བའི་མིག་འདྲ་བ། །སློབ་དཔོན་གནང་བའི་ཐུགས་རྗེ་བསྐྱེད། །ཡུམ་གྱིས་དུས་གསུམ་བདེ་གཤེགས་བསྐྱེད། །ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་ག་ཡ་ཧོ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ། དེ་བཞིན་བྱང་སེམས་ཕབ་ནས་ནི། །
ཇི་ལྟར་འཇུག་པ་བཞིན་དུ་བསྐུར། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དབང་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཚོགས་སྒྲུབ་པ་རྣམ་པར་སྤྲོས་ཏེ། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདིར། །འབྱོར་པ་ཕུན་སུམ་ཚོགས་བྱས་ལ། །བྱིན་རླབས་ཚོགས་ཀྱི་དཀྱིལ་འཁོར་དུ། །བསམ་པ་དག་གིས་རབ་བསམ་ལ། །སྣོད་ནི་ཨ་ལས་རྣམ་པར་དག །བཅུད་ནི་ཧཱུཾ་ལས་བསམ་པར་བྱ། །ཡཾ་གིས་འབར་བའི་མེ་བསྐྱོད་ནས། །རཾ་གྱི་མེ་ཡིས་ཨ་ཞུ་ནས། །བཅུད་ཀྱི་ཧཱུཾ་ལ་ཐིམ་པར་གྱུར། །ཧཱུཾ་ནི་རྣམ་པར་ཞུ་གྱུར་ནས། །ཕྱོགས་བཅུར་འོད་ཟེར་འཕྲོས་པ་ལས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །སླར་འདུས་བདུད་རྩི་ཉིད་དུ་གྱུར། །བདུད་རྩི་བྱིན་རླབས་ཆེན་པོ་ཡིས། །ཡེ་ཤེས་ལྷ་ལ་མཆོད་པར་དབུལ། །བདག་ལ་བདག་མཆོད་མཉམ་ཉིད་ཐིམ། །འོད་ཟེར་གསུམ་དུ་རྣམ་པར་གསལ། །དཀར་དམར་ནག་པོའི་འོད་དང་གསུམ། །དབུལ་དང་བཤགས་པ་བསྟབ་པར་བྱ། །དགུག་དང་བཅིང་དང་བསྒྲལ་བ་དང་། །རིམ་པ་བཞིན་དུ་རྫོགས་པར་བྱ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་རྣམ་པར་བསྡུས་ནས། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དྲི་ཡི་རྒྱལ་པོ་ལྔ་ཡིས་བྱུག །མཐིང་ནག་གྲུ་གསུམ་ནག་པོ་ལ། །དྲག་པོ་ཧཱུཾ་གིས་མཚན་པ་བྲི། །སྒོ་དང་རྟ་བབས་དེ་བཞིན་ནོ། །ལྕགས་སམ་སེང་ལྡེང་ཕུར་པ་ལ། །མཐིང་ནག་དར་གྱི་ཅོད་པན་ཅན། །ཉུང་དཀར་རྒྱལ་པོ་དག་དང་ནི། །གུ་གུལ་སྦྱར་བ་ལ་སོགས་པ། །དབང་བསྐུར་རིམ་པར་བྱས་ནས་སུ། །དྲག་པོ་གྲུ་གསུམ་དབུས་སུ་དགོད། །ཤ་ཁྲག་སྣ་ཚོགས་གཏོར་མ་དང་། །རིམ་པ་བཞིན་དུ་སྐུར་བསྐྱེད་བྱ། །མཆོད་པ་དབུལ་ཞིང་ཕྲིན་ལས་བཅོལ། །སྒྲུབ་ཆེན་ལས་རྣམས་བྱས་ནས་ནི། །ཀློང་གི་བྱ་བའི་ལས་བྱས་ནས། །བསྟབ་ཅིང་བསྲེགས་ཏེ་འཕང་བ་དང་། །མནན་ཏེ་ལས་བཞིས་མཐའ་བརྟུལ་བྱ། །ཚེ་བསྡིམ་བཀྲ་ཤིས་གཏོར་མ་བཏང་། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དཔའ་བོ་གཅིག་པ་སྒྲུབ་པའི་
ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཉུངས་ཀར་གུ་གུལ་རཀྟ་གསུམ་སྒྲུབ་པ་གསུངས་ཏེ། མཚན་མ་ངན་པའི་ཐོད་པ་རུ། །གསུམ་པོ་སོ་སོར་བླུག་བྱས་ལ། །ཚེར་མའི་ཤིང་གིས་ཁ་བཅད་ལ། །དཀར་ནག་སྦྲ་ནི་ཕུབ་བྱས་ལ། །ལམ་པོ་ཆེ་ཡི་རྒྱ་གྲམ་དུ། །མ་གྲུབ་བར་དུ་དེ་བཞིན་བྱ། །གཞན་ཡང་གྲུ་གསུམ་མཐིང་ནག་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྲིལ་ཤག་ཛྭ་ལ་ནི་ཧཱུཾ་ཕཊ། དུ་བ་རླངས་དང་མེ་འོད་དང་། །འགུལ་དང་ཁོལ་བ་ལ་སོགས་འབྱུང་། །དེ་བཞིན་རྟགས་ལ་ཕེབས་པ་དང་། །ཉུངས་ཀར་དབང་པོ་རྣམ་ལྔར་བྲབ། །དྲི་ཆེན་དྲི་ཆུ་རྐྱེན་ལས་བསྐྱེད། །བདུད་ཀྱི་ཉི་མ་བཀྲ་མི་ཤིས། །ངན་པའི་དུས་སུ་འདི་དག་སྒྲུབ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྫས་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཨེ་མ་ཧོ་ཕྱོགས་བཅུ་དུས་བཞིར་ནི། །སྐྱེ་བ་མེད་པའི་ཆོས་ཉིད་ལས། །ལོག་པར་འཁྱམས་པ་བསྒྲལ་སླད་དུ། །དྲག་པོ་རྩ་བའི་རྒྱུད་འདི་གསུངས། །སྐལ་ལྡན་ཡང་རབ་བློ་ཅན་དང་། །ཐེག་པ་མཆོག་ལ་རྟོགས་པ་ཆེ། །རྩོལ་བ་ཆེ་ཞིང་ཤེས་རབ་རྣོ། །བསམ་པ་དག་པར་གྱུར་པ་ལ། །རྒྱུད་འདི་ཡོངས་སུ་གཏད་པར་བྱ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་ངམ་འདྲེ་ས་ལེས་བསམ་ཡས་ཀྱི་མཆིམས་ཕུ་དགེ་གོང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པའོ།། །།