Nitartha Digital Library
Tibetan
 
previousའདུལ་བའི་ལག་ལེན་རིན་ཆེན་སྒྲོན་མེ།no next

འདུལ་བའི་ལག་ལེན་རིན་ཆེན་སྒྲོན་མེ།

འདུལ་བའི་ལག་ལེན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། ཕུལ་བྱུང་ཐུགས་བསྐྱེད་རྩ་བ་རབ་བརྟན་ཚོགས་གཉིས་མཛེས་པའི་ཡལ་གས་སྤྲས། །བསམ་ཡས་ཡོན་ཏན་འདབ་མས་ཕྱུག་ཅིང་སྐུ་གསུམ་འབྲས་བུའི་ཁུར་གྱིས་ལྕི། །སྣ་ཚོགས་ཉོན་མོངས་ཚ་གདུང་སྐྱོོབ་མཛད་གཅིག་ཏུ་དགེ་བའི་བསིལ་གྲིབ་ཅན། །བཅོམ་ལྡན་ཐུབ་དབང་ལྷ་ཡི་ལྷ་ལ་སྒོ་གསུམ་གུས་པས་བསྟོད་པར་བགྱི། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་རིམས་ནད་ཚོགས། །གང་ཞིག་བསྟེན་ན་ཡིད་ཀྱིས་མཐར་བྱས་ཏེ། །འཕོ་མེད་བདེ་བའི་དབུགས་དབྱུང་སྦྱིན་མཛད་པ། །ཆོས་འདུལ་བདུད་རྩིའི་གཏེར་ལ་བདག་ཕྱག་འཚལ། །མཁྱེན་པས་རྒྱལ་བ་རྒྱ་མཚོའི་ཆོས་མཛོད་འཛིན། །བརྩེ་བས་རིས་བྲལ་འགྲོ་ལ་བུ་བཞིན་དགོངས། །ནུས་པས་དཔག་དཀའི་འཁོར་བའི་མཐའ་བསྙིལ་བ། །འཇམ་དབྱངས་བླ་མའི་ཞབས་པད་སྤྱི་བོས་མཆོད། །གདུལ་དཀའི་འགྲོ་ལ་ཐུགས་བརྩེའི་གཞན་དབང་གིས། །རྡུལ་བྲལ་ཞི་བའི་ལམ་བཟང་ལེགས་འདོམས་པ། །སྡོམ་གསུམ་བཀའ་དྲིན་སྩོལ་བའི་དྲིན་ཆེན་རྗེ། །འདྲེན་མཆོག་བླ་མའི་ཚོགས་ལ་ཕྱག་བགྱིའོ། །ཚོགས་གཉིས་ཆུ་གཏེར་ཆེན་པོ་ལས་འོང་གཞན་ཕན་ཐུགས་བསྐྱེད་ཤིང་རྟས་དྲངས། །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་བརྩེ་ཆེན་རི་བོང་གཟུགས་ཀྱིས་མཚན། །རྣམ་གསུམ་སྡེ་སྣོད་ལྷ་ཡི་ལམ་ཞུགས་ལུང་དང་རིགས་པའི་འོད་ཕྲེང་ཅན། །བློ་གསལ་གདུལ་བྱའི་ཀུནྡའི་གཉེན་གྱུར་དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །ཐུབ་པ་མཆོག་གི་བསྟན་པའི་སྒོར་ཞུགས་ནས། །སྤང་བླང་འབྱེད་པར་འདོད་པའི་གྲོགས་དག་ལ། །ཕན་པར་བསམས་ནས་བླ་མའི་གསུང་བཞིན་དུ། །ལེགས་པར་བརྗོད་པ་འདི་ལ་གསན་པར་ཞུ། །དེ་ལ་འདིར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་གང་ཟག་གིས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་སློབ་དགོས་ཤིང་། དེའི་ནང་ནས་ཀྱང་ཐོག་མར་ལྷག་པ་ཚུལ་ཁྲིས་ཀྱི་བསླབ་པ་ལ་སློབ་དགོས་པར་གསུངས་པས། དེ་ལ་འཇུག་པར་འདོད་པ་དག་གིས་ལག་ཏུ་ལེན་པའི་རིམ་པ་མདོ་ཙམ་བརྗོད་ན། དང་པོ་སྡོམ་པ་བླང་བའི་ཐབས། བར་དུ་སྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཐབས་བསྟན་པ་དང་གསུམ་ལས། དང་པོ་ལ། སྡོམ་པའི་ངོ་བོ། ཆོ་གའི་རབ་དབྱེ། ཐོབ་པའི་མཚམས། གཏོང་བའི་རྒྱུ་སོགས་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། ལག་ཏུ་ལེན་པའི་རིམ་པ་ནི་སྡོམ་པ་འབོག་པའི་ཆོ་ག་རྣམས་སུ་གསལ་བས་མ་སྤྲོས་སོ། །འདིར་སྡོམ་པ་སྐྱེ་མི་སྐྱེ་ལ་དོགས་པ་ཅུང་ཟད་དཔྱད་ན། ཁ་ཅིག་གི་བསམ་པ་ལ། འགྲེང་ཡུལ་འདུན་སོགས་ཕུལ་བ་མིན། །མ་རྫོགས་ཉམས་དང་མཚམས་མེད་མིན། །སྡིག་པ་ཐ་དད་འཁྲུལ་བཅས་མིན། །མཚམས་མཚན་དཀོན་མཆོག་གཞན་མིན་པའོ། །ཞེས་པའི་ཁ་སྐོང་གི་ཆོས་བཅུ་གསུམ་པོ་གང་རུང་དང་མི་ལྡན་ན་དེ་དག་གིས་ལས་ཀྱི་ཆོ་ག་བྱས་ཀྱང་ལས་མི་འཆག་པར་གསུངས་ལ། བསྡམ་བྱའི་ཉེས་པ་ཙམ་གྱིས་ཀྱང་ཁ་སྐོང་གི་ཆོས་དང་མི་ལྡན་པར་འགྱུར་བས། ད་ལྟའི་དགེ་སློང་རྣམས་ལ་བསྡམ་བྱར་མ་ཟད་བཤགས་བྱའི་ཉེས་པས་ཀྱང་མ་གོས་པ་མི་རྙེད་པས་དེ་དག་གིས་ལས་བྱས་ཀྱང་ལས་མི་འཆག་པའི་ཕྱིར་དང་། བསྒྲུབ་བྱས་ཆོ་ག་ཡོངས་རྫོགས་ཀྱི་དོན་མི་ཤེས་པས་སྡོམ་པ་མི་སྐྱེ། དེས་ན་ད་ལྟའི་དགེ་ཚུལ་སློང་རྣམས་ནི་མིང་ཙམ་མོ་སྙམ་ན། མ་ཡིན་ཏེ། ལས་གྲལ་དུ་འདུས་པའི་དུས་སུ་དགེ་སློང་རྣམས་ཀྱིས་ལྟུང་བ་བསྡམ་འོས་རྣམས་བསྡམས་བཤགས་འོས་རྣམས་བཤགས། བྱིན་གྱིས་བརླབ་འོས་རྣམས་གསོལ་བའི་ལས་ཀྱིས་བྱིན་གྱིས་རློབས་པར་བྱེད་ལ། དེ་དག་བྱས་པས་ལྷག་མ་མན་ཆད་ཀྱི་ལྟུང་བས་ལས་ལ་སྒྲིབ་པ་འདག་པར་འགྱུར་ཏེ། མདོ་རྩར་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་གསུངས་པས་སོ། །གཞན་ཡང་ཁྱིམ་པས་མཁན་པོ་བྱས་ཀྱང་བསྒྲུབ་བྱས་ཁྱིམ་པར་མ་ཤེས་ནས་སྡོམ་པ་སྐྱེ་བར་གསུངས། ཡུལ་གྱི་ངོས་ནས་དེ་ལྟར་ཡིན་ཡང་། བསྒྲུབ་བྱའི་ངོས་ནས་མི་སྐྱེའོ་སྙམ་ན། མ་ངེས་ཏེ། ཞུ་བར་བཙུན་པ་མཐའ་འཁོབ་པ་འཕགས་པའི་སྐད་དུ་བསྙེན་པར་རྫོགས་པ་བགྱིས་པ་དང་། མཐའ་འཁོབ་པས་འཕགས་པའི་སྐད་དུ་མ་འཚལ་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། དེ་སྟེ་གསུང་རབ་འདི་དང་ལྡན་ཞིང་ཁམས་ལེན་པའི་སེམས་ཡོད་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ་ཞེས་པ་ལ་སོགས་པར་གསུངས་ཤིང་། མདོ་རྩར་གླེན་པ་ལ་སྐྱེ་ལ་ཉེས་བྱས་སུ་གསུངས་པས་སོ། །དེས་ན་སྔོན་གྱི་མཁན་སློབ་ལྟ་བུ་རྙེད་དཀའ་ཡང་། བསླབ་བྱ་བསྲུང་སྡོམ་ལ་བརྩོན་པའི་མཁན་སློབ་སོགས་རང་རང་གི་བྱ་བའི་ལས་མི་རྨོངས་པ་དག་གིས། སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ལག་ལེན་ལྟར་བྱས་ཤིང་། བསྒྲུབ་བྱས་ཀྱང་ཡུལ་འདི་དག་ལས་སྡོམ་པ་བླངས་ཏེ་བསྲུང་སྙམ་པ་ཡོད་ན་སྡོམ་པ་སྐྱེ་མི་སྐྱེ་ཐེ་ཚོམ་མི་ཟ། ཆོ་ག་འཁྲུག་པ་ལེན་སེམས་ལོག་པ་སོགས་ཀྱིས་སྡོམ་པ་མི་སྐྱེ་བའང་ཡོད་མོད་མཐའ་གཅིག་ཏུ་ཞེན་པར་མི་བྱའོ། །གལ་ཏེ་སྡོམ་པ་ཙམ་སྐྱེ་བ་ཡོད་ཀྱང་སོ་ཐར་གྱི་སྡོམ་པ་ནི་མེད་དེ། དེང་སང་གི་རབ་བྱུང་ཕལ་ཆེར་ལ་ངེས་འབྱུང་གི་བསམ་པ་མེད་པའི་ཕྱིར་ཞེ་ན། མི་འཐད་དེ་མྱང་འདས་ཀྱི་བསམ་པ་བརྟན་པོ་རྒྱུན་ཆགས་སུ་མེད་ནའང་། སྡོམ་པ་ལེན་པའི་ཚེ་མཁན་སློབ་ཀྱིས་མྱང་འདས་ཀྱི་བསམ་པ་དགོས་སོ་ཞེས་བརྡ་སྤྲད་པས་ངེས་འབྱུང་གི་བསམ་པ་སྐྱེ་བ་ཡོད་པའི་ཕྱིར། ལེགས་པར་བརྡ་སྤྲད་པས་སྡོམ་པ་ཐོབ་པའི་དུས་ཤེས་པ་བཞིན་ནོ། །ངེས་འབྱུང་གི་བསམ་པ་བརྟན་པོ་མེད་ན་དེ་ཙམ་གྱིས་གོ་མི་ཆོད་སྙམ་ན། དེ་ལྟར་ན་ཀུན་དགའ་བོའི་ཚ་བོ་གཉིས་དང་། གཅུང་དགའ་བོཆོས་ཅན། ངེས་འབྱུང་གི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་མ་ཡིན་པར་ཐལ། ངེས་འབྱུང་གི་བསམ་པ་བརྟན་པོ་མེད་པར་གསུངས་པའི་ཕྱིར། འདོད་ན་ཧ་ཅང་ཐལ་ལོ། །ཡི་གེས་འཇིགས་པས་ཞིབ་པར་གཞན་དུ་བཙལ་ལོ། །གཉིས་པ་བར་དུ་བསྲུང་བའི་ཐབས་བསྟན་པ་ལ་དྲུག །གང་ཟག་གཞན་ལ་བསྟེན་ནས་བསྲུང་བ་དང་། རང་གི་བསམ་པ་ཕུན་ཚོགས་ཀྱིས་དང་། རྐྱེན་དགོས་དང་ལྡན་པའི་ཚེ་ཐབས་ཁྱད་པར་ཅན་གྱིས་དང་། སྤང་བྱ་ངོ་ཤེས་ནས་དང་། བསླབ་པ་ཡོངས་སྦྱོང་གི་སྒོ་ནས་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའོ། །དང་པོ་ལའང་གསུམ་སྟེ། གནས་འཆའ་བའི་ཚུལ། གནས་ལ་བསྟེན་པའི་ཚུལ། དེ་ལྟར་བསྟེན་པའི་དགོས་པའོ། །དང་པོ་ནི། རང་ཉིད་བསྙེན་པར་རྫོགས་ནས་ལོ་བཅུའི་བར་དུ་གནས་ལ་བསྟེན་དགོས་ཤིང་། དེ་ཡང་མཁན་པོ་ཡོད་ན་གནས་སུ་གྱུར་ཟིན་པས་གནས་འཆའ་བའི་ཆོ་ག་མི་དགོས་པར་བསྟེན་པས་ཆོག །མེད་ན་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ལྔ་ཕྲུགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་གམ། དུས་དབང་གིས་དེ་ལྟ་བུ་མ་རྙེད་ན་སྤང་བླང་གི་གནས་འདོམས་པར་བྱེད་པའི་དགེ་སློང་བཟང་པོ་ཞིག་ལ་གནས་འཆའ་སྟེ། དེ་ཡང་ཡུལ་གྱི་སྒྱིད་པ་ལ་བཟུང་ནས་མགོ་བོས་རྐང་པ་ལ་གཏུགས་པའི་ཕྱག་བྱས་དེ་ངག་ཏུ། བཙུན་པ་དགོངས་སུ་གསོལ། བདག་མི་འདི་ཞེས་བགྱི་བ་བཙུན་པ་ལ་གནས་འཆའ་བར་གསོལ་ན། བཙུན་པས་བདག་ལ་གནས་སྩོལ་ཅིག །བདག་བཙུན་པ་ལ་གནས་འཆའ་ཞིང་མཆིས་སོ་ཞེས་ལན་གསུམ་བརྗོད། དགེ་ཚུལ་གྱིས་ཀྱང་དེ་བཞིན་བྱ། འོན་ཀྱང་སློབ་དཔོན་གཅིག་གིས་དགེ་ཚུལ་གཅིག་ལས་ལྷག་པ་མི་བཞག་པར་གསུངས། གཉིས་པ་ནི། མདོ་རྩར། གནས་པས་གནས་ལ་མ་ཞུས་པར་བྱ་བར་མི་བྱའོ་ཞེས་གསུངས་པ་ལྟར་དམིགས་བསལ་འགའ་ཞིག་མ་གཏོགས་པ་བྱ་བ་ཐམས་ཅད་ཞུ་ཞིང་། དཔོན་སློབ་གཉིས་ཀ་ཡོན་ཏན་མཉམ་པར་མ་གྱུར་གྱི་བར་དུ་སློབ་པ་སྟེ་ཞིབ་པར་མདོ་རྩར་བལྟའོ། །གསུམ་པ་ནི། དེ་ལྟར་བླ་མས་བསྟན་པ་བཞིན་དུ་སློབ་མས་ཉན་ན། མཚོ་ལ་གནས་པའི་པདྨ་ལྟར་ཡོན་ཏན་འཕེལ་བར་འགྱུར་ཏེ། སྐྱེས་རབས་ལས། དམ་པའི་སྐྱེ་བོ་སུས་ཀྱང་མི་བསྲིང་སྟེ། །དུལ་བའི་ཚུལ་གྱིས་དགེ་ལ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་ན་ཡང་འགོས་པར་འགྱུར། །ཞེས་དང་། གཞན་ཡང་མདོ་བསྟན་བཅོས་རྣམས་ལས་མང་དུ་གསུགས་པས་ཚུལ་འདི་ཉིད་གནད་དམ་པར་རྟོགས་པར་བྱ་སྟེ། སློབ་དཔོན་མི་དགོས་པའི་རང་བྱུང་གི་སངས་རྒྱས་གཉིས་ལས་མ་གསུངས་པས་སོ། །གཉིས་པ་ནི། ཉེས་པ་འབྱུང་བའི་རྒྱུའི་གཙོ་བོ་མི་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་རྣམས་ཡིན་པས། དེ་དག་གི་གཉེན་པོར་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། འཇུག་ལྡོག་གི་གནས་ལ་གཟོབ་པའི་བག་ཡོད། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་བརྟག་པའི་ཤེས་བཞིན་རྣམས་བསྟེན་དགོས་ཏེ། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །ཞེས་དང་། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་ནས། །བསོད་ནམས་དག་ནི་ཉེས་བསགས་ཀྱང་། །རྐུན་པོས་འཕྲོག་བཞིན་ངན་འགྲོར་འགྲོ། ཞེས་སོགས་གསུངས་པས་སོ། །དེས་ན་རང་གི་བློ་གྲོས་ཀྱི་ཅི་ལྕོགས་འདུལ་བའི་སྡེ་སྣོད་རྣམས་ལ་ཐོས་བསམ་བྱེད་དགོས། དེ་ཙམ་མ་ནུས་ནའང་སོར་མདོ་ཙམ་ཤེས་པར་བྱ་དགོས་ཏེ། སེམས་མ་བསྲུངས་ན་བསླབ་པ་བསྲུང་མི་ནུས་ཤིང་བསྲུང་བྱ་མ་ཤེས་ན་ཉེས་པ་མི་ཁེགས་པས་སོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བར། དེ་ནས་རབ་ཏུ་བྱུང་བ་ཡིས། །དང་པོར་བསླབ་ལ་རབ་གུས་བྱ། །སོ་སོར་ཐར་པ་འདུལ་བཅས་པ། །མང་ཐོས་དོན་གཏན་ཕབ་ལ་སྒྲིམས། །ཞེས་སོ། །གསུམ་པ་ལ་བཞི་སྟེ། དུས་དྲན་གྱི་ངོ་བོ། དེ་བརྟེན་དགོས་པའི་འཐད་པ། གཞི་གང་ལ་བརྟེན་པ༑ཚུལ་ཇི་ལྟར་བརྟེན་པའོ། །དང་པོ་ནི། སྟོན་པས་བཅས་པ་མཛད་པ་རྣམས་ལས་གང་དང་འགལ་ནའང་བཅས་ལྡན་རབ་བྱུང་གི་རྟེན་ལ་ཉེས་པར་འགྱུར་བ་ཡིན་མོད། རྐྱེན་དགོས་དང་ལྡན་ན་འགའ་ཞིག་ལ་ལྟུང་བ་མི་འབྱུང་བའི་དུས་ཡོད་དེ། དཔེར་ན་རྩྭ་སྔོན་གཅོད་པ། མེ་ཏོག་འཐོག་པ་སོགས་ལ་དགེ་སློང་ལ་ལྟུང་བ་བྱུང་ཡང་། མཆོད་རྟེན་ལ་བྱི་དོར་བྱ་བའི་བསམ་པ་དང་། སྟོན་པ་མཆོད་པའི་བསམ་པས་དེ་དག་བྱས་པ་ལ་ཉེས་པ་མེད་དེ་ས་གའི་ལྷས། དགེ་སློང་ལ་ནི་མི་དགེ་བས། །ལྟུང་བར་འགྱུར་གྱི་སེམས་དགེ་ན། །མཆོད་རྟེན་སྐུ་ལས་སྐྱེས་པ་ཡི། རྩྭ་སྔོན་འཐོག་པར་བྱེད་བཞིན་དུ། །ཇི་ལྟར་དད་པའི་སེམས་ཀྱིས་ནི། །སྟོན་པ་ལ་ནི་མཆོད་འདོད་པས། །མེ་ཏོག་ཕྲེང་བ་སྤེལ་བའི་ཕྱིར། །འཐོག་པ་དེ་ལ་དེ་ཙམ་མིན། །ཞེས་སོགས་གསུངས་པ་ལྟ་བུའོ། །དེས་ན་རྐྱེན་དགོས་དེ་འདྲ་བ་བྱུང་བའི་ཚེ་གནང་བ་ཡིན་པས་ཉེས་པ་མེད་དོ་སྙམ་ནས་དྲན་དགོས་པའི་དོན་ཡིན་ནོ། །གཉིས་པ་ནི། སྟོན་པས་དཀའ་ཞིང་འཚེར་བའི་ཚེ་ངའི་བསླབ་པ་ཐམས་ཅད་ལ་བག་ཡངས་ཡོད་ཀྱིས་གསུངས་ནའང་། ཇི་ལྟར་ཡོད་མ་གསུངས་པས་དེས་ན་དུས་དྲན་བརྟེན་དགོས་པ་ཡིན། གལ་ཏེ་དུས་ཡོད་ན་དེའི་ཚེ་དུས་དྲན་མ་བྱས་ཀྱང་ཉེས་པ་མི་འབྱུང་ངོ་སྙམ་ན། མ་ཡིན་ཏེ་མདོ་རྩར། བསླབ་པ་ཐམས་ཅད་ལ་དུས་དག་ཡོད་ཀྱི་བྱིན་གྱིས་མ་བརླབས་པ་ལ་མ་ཡིན་ནོ། །ཞེས་གསུངས་པས་སོ། །འོ་ན་མེ་རེག་སོགས་བྱ་བ་གང་དང་གང་ལ་འཇུག་པ་དེ་དང་དེའི་ཚེ་དུས་དྲན་པ་དགོས་སམ་ཞེ་ན། སྤྱིར་དགོས་མོད། འོན་ཀྱང་དང་པོར་བྱ་བ་འདི་དང་འདི་ལ་དུས་དྲན་བརྟེན་ནོ་སྙམ་ནས་དུས་རིང་དུ་བྱིན་གྱིས་བརླབས་ན། ཕྱིས་འཕྲལ་དང་འཕྲལ་ལ་མ་དྲན་ཡང་ཉེས་པ་ཁེགས་པར་སེམས་ཏེ། ལུང་ལས། མཁན་སློབ་སོགས་ཀྱི་དོན་དུ་མེ་ལ་རེག་པ་གནང་བའི་ཚེ་དགེ་སློང་རྣམས་ཀྱིས་དང་པོ་དུས་དྲན་པར་བྱས་ཀྱང་། ཡང་ཡང་བརྗེད་ནས་མེ་ལ་རེག་པས་འགྱོད་ནས་གསོལ་བས། དུས་རིང་དུ་བྱིན་གྱིས་བརླབ་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། བཀག་པ་ལས་རྐྱེན་སྟོབས་ཀྱིས་གནང་བ་ཡོད་པ་ཞིག་སྟེ། དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་པ་རྣམས་ནི་རང་འདོད་ཀྱི་འཁྲི་བ་ཟད་པའི་བྱང་སེམས་ལ་གནང་བའི་དུས་སྲིད་ཀྱང་། གཞན་ལ་སྲོག་ལ་བབ་ཀྱང་མ་གནང་། བཅས་པའི་ཁ་ན་མ་ཐོ་པ་ལས་ཆང་མ་གཏོགས་པ་གཞན་རྣམས་གནང་བའི་དུས་ཡོད་དེ། ནད་པ་ལ་གནང་བས་སོ། །བཅས་རང་གི་ཁྱད་པར་ནི་རབ་དབྱེ་ལས། རང་བཞིན་ཁ་ན་མ་ཐོ་བ། །སྐྱེ་བོ་ཀུན་ལ་སྡིག་པར་འགྱུར། །བཅས་པའི་ཁ་ན་མ་ཐོ་བ། །བཅས་པ་ཕྱིན་ཆད་ལྟུང་བར་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །རྐྱེན་དགོས་ཁྱད་པར་ཅན་མེད་ན་སླ་ཆོས་མི་བྱ་སྟེ། ཆོ་ག་བཙན་པོ་ཡོད་ན་བག་ཡངས་ལ་བརྟེན་པར་མི་བྱ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ནངས་པར་བཟའ་བཏུང་སོགས་བྱ་བ་གང་ལ་ཡང་མ་ཞུགས་པའི་ཐོག་མར། ད་ལྟ་དུས་དབང་གིས་གནང་བའི་རྐྱེན་ཅན་གྱི་བསླབ་བྱ་འདི་དག་སྲུང་བར་ནི་མི་ནུས་ཤིང་། མ་བསྲུངས་ན་ཉེས་བྱས་ཕྲ་མོ་རེས་ཀྱང་ཡུན་རིང་པོར་དམྱལ་བར་སྡུག་བསྔལ་མྱོང་དགོས་པར་གསུངས་པས། སྟོན་པ་ཐུགས་རྗེ་ཅན་གྱིས་མི་མཁྱེན་པ་མེད་ཅིང་སྟོན་པ་འདི་སྙིང་རྗེ་ཆེ་བ་ཡིན་པས། གནང་བ་ཞུ་བར་བྱའོ་སྙམ་པས། སྟོན་པའི་སྐུ་བརྙན་བྲིས་འབུར་གང་རུང་ཡོད་ན་དེའི་མདུན་དང་། མེད་ནའང་རུང་སྟེ༑ཇི་སྐད་དུ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས་པ་ལྟར་སངས་རྒྱས་རྣམས་གདུལ་བྱ་འདུལ་བའི་དུས་ལས་ནམ་ཡང་མི་ཡོལ་བས། འདིར་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པའི་མོས་གུས་བསྐྱེད་ནས་ཕྱག་གསུམ་འཚལ་ཞིང་། ཐལ་མོ་སྦྱར་ལ་ཙོག་པུར་འདུག་ཅིང་། ངག་ཏུ། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བས། དེ་རིང་གི་གནས་སྐབས་སུ་ཆོས་ལྡན་གྱི་བྱ་བ་དང་། གཞན་གྱི་དོན་དང་། རྐྱེན་དབང་གིས་གླུ་གར་དང་རོལ་མོ་ལ་སོགས་པ་བྱེད་དམ་བྱེད་དུ་འཇུག་པ་དང་། མེ་ལ་རེག་གམ་རེག་ཏུ་འཇུག་པ་དང་། ས་བོན་བཅོམ་པ་དང་བཅོམ་དུ་གཞུག་པ་དང་། སྐྱེ་བ་གཅོད་པ་དང་གཅོད་དུ་འཇུག་པ་དང་། ས་རྐོ་བ་དང་རྐོར་བཅུག་པ་དང་། ལག་ཉ་དང་མཚམས་བཙོས་དང་རྗེན་བཙོས་དང་ཞག་ལོན་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། གསོག་འཇོག་བྱས་ཏེ་ཟ་བ་ལ་སོགས་པ་མདོར་ན་དགེ་སློང་གི་ཁྲིམས་ཉིས་བརྒྱ་བཅུ་རྩ་གསུམ་ལས། དུས་དྲན་བརྟེན་དུ་རུང་བ་རྣམས་སྟོན་པ་ཐུགས་རྗེ་ཅན་གྱིས་བདག་ལ་གནང་བར་མཛད་དུ་གསོལ། །ཞེས་བརྗོད། དགེ་ཚུལ་ཡིན་ན་གཞན་འདྲ་བ་ལ། བདག་ཤཱཀྱའི་དགེ་ཚལ་མིང་འདི་ཞེས་བགྱི་བས་དེ་རིང་གི་གནས་སྐབས་སུ་ཆོས་ལྡན་གྱི་བྱ་བ་དང་། རང་གཞན་གྱི་དོན་དང་། རྐྱེན་དབང་གིས་གླུ་གར་དང་རོལ་མོ་ལ་སོགས་པ་བྱེད་དམ་བྱེད་དུ་འཇུག་པ་དང་། ཕྱི་དྲོའི་ཁ་ཟས་ཟ་བ་ལ་སོགས་པ་མདོར་ན་དགེ་ཚུལ་གྱི་བསླབ་པར་བྱ་བ་རྣམས་ལས་དུས་དྲན་བརྟེན་དུ་རུང་བ་རྣམས་སྟོན་པ་ཐུགས་རྗེ་ཅན་གྱི་གནང་བར་མཛད་དུ་གསོལ། །ཞེས་དེ་ལྟར་བརྗོད་པས། སྟོན་པས་བདག་ལ་གནང་བ་བྱིན་སྙམ་དུ་ཡིད་ཆེས་བསྐྱེད། ད་ལྟ་སངས་རྒྱས་ཀྱི་བསྟན་པ་ནུབ་ལ་ཉེ། སེམས་ཅན་གྱི་བདེ་སྐྱིད་ཟད། མི་སྲུན་པའི་སྐྱེ་བོས་གང་བའི་དུས་འདིར། སྔོན་གྱི་དགེ་སློང་ལྟ་བུ་མི་འབྱུང་བས། འདི་ལྟ་བུའི་ཐབས་དུ་མས་བསླབ་བྱ་བསྲུང་སྡོམ་ལ་མ་འབད་ན་ཉིན་རེ་བཞིན་ཉེས་ལྟུང་གི་ཆར་འབབ་པར་འདུག་པས་ཚུལ་འདི་ལྟ་བུ་ལ་བརྩོན་པར་ཀུན་ལ་སྙིང་ནས་གསོལ་བ་འདེབས་སོ། །མི་ལུས་ཐོབ་ཀྱང་མི་ཚེ་གཡེང་བས་ཟད། །དམ་ཆོས་ཐོས་ཀྱང་ཡིད་ཆེས་ནོར་གྱིས་དབུལ། ཁ་བཤད་ཤེས་ཀྱང་ཉམས་སུ་མ་ལོན་པ༑༑སྐལ་ངན་བདག་ནི་ལྷར་བཅས་སྙིང་རྗེའི་གནས། །ཞེས་ཀྱང་སྨྲས་སོ། །བཞི་པ་ལ། དགེ་ཚུལ་གྱི་བསླབ་བྱ་ནི་བྱེ་བྲག་བཤད་པ་ལས། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་རྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །སྤང་བ་ཟ་དང་ས་བོན་འཇིག །ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་སྟེ། །བཅུ་གཉིས་རྣམས་ནི་མ་གཏོགས་པ། །ཞེས་གསུངས་པའི་འཆང་བ་ལ་གཉིས་སུ་ཕྱེ་བའི་བཅུ་གསུམ་དང་། འདུལ་འཛིན་རྣམས་ཀྱིས་རུང་མཐུན་སྦྱར་བ། ཟླ་འཇོག་གསོག་འཇོག་དགོན་པར་འབྲལ། །མ་སྨྲས་འདུན་བསྒྱུར་མ་རྫོགས་ཉལ། །ཞེས་པ་དྲུག་དང་བཅུ་དགུ་ལས་གཞན་དགེ་སློང་གི་བསླབ་བྱ་གང་དང་འགལ་ན་དགེ་ཚུལ་ལ་ཡང་ཕྱོགས་མཐུན་གྱི་ཉེས་པ་བསྐྱེད་ཅིང་། བླང་འདས་ཀྱི་རྐང་གྲངས་ཙམ་ནི་ཉེས་ལྟུང་སྤྱི་བཤགས་སུ་གསལ་བས་འདིར་མ་སྨོས་ལ། དགེ་སློང་གིས་ཤེས་ནས་སྤང་བར་བྱ་བ་ལ་ལྟུང་བ་སྡེ་ལྔ་ལས། འདི་དག་གི་དབྱེ་བ་ཞིབ་ཏུ་བཤད་ན། བསླབ་པ་འཆའ་བའི་སྙད་ཀ་གླེང་གཞི། བཅས་པ་མཛད་པའི་རྒྱུ་མཚན། ལྟུང་བའི་རྒྱུ་ཚོགས། གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་ཡན་ལག་གི་མཚན་ཉིད། ཡན་ལག་ཚང་ན་སྦོམ་པོ་དང་ཉེས་བྱས་སུ་འགྱུར་ཚུལ། ལྟུང་བའི་སྦོམ་པོའི་ལྕི་ཡང་སོགས་དུ་མ་ཡོད་ཅིང་། སྡེ་ལྔར་མ་འདུས་པའི་སྦོམ་པོ་དང་ཉེས་བྱས་ཀྱང་དུ་མ་ཡོད་མོད། རྒྱས་པར་བཤད་ན་ཡི་གེ་མང་བས་འཇིགས་པས། འདིར་ཚིག་ཚོགས་ཉུང་བ་ལ་འབད་པར་བྱས། དེ་ལ་སྤྱིའི་གྲངས་ལ་ངེས་པ་བསྐྱེད་པའི་ཕྱིར་སྡོམ་ཚིག་བཀོད་ནས་འབྱུང་ཉེ་བ་འགའ་ཞིག་བྱེ་བྲག་ཏུ་འཆད་པའི་དབང་དུ་བྱས་ཏེ། དེ་ལ་སྡེ་ཚན་དང་པོའི་སྡོམ་ཚིག་ནི། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་བསད་པར་མི་བྱ་བ། །རྫུན་དུ་སྨྲ་དང་བཅས་པ་ནི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་སོ། །དེ་དག་ལས་ཁྱད་པར་དུ་མ་བྱིན་ལེན་གྱི་ཕམ་པ་འདི་ཉིད་འབྱུང་ཉེ་བ་ཡིན། རིན་ཐང་གི་ཚད་ལ་དུ་མ་གསུངས་མོད། དངུལ་སྐྱ་ཞོ་གང་གི་བརྒྱད་ཆ་བརྐུས་ན་ཕམ་པར་གསུངས་པས་རིན་ཐང་ཚང་སླ། དངོས་པོ་དམན་པ་རྩྭ་ཤིང་ལྟ་བུ་ཡིན་ཡང་རིན་ཐང་ཚང་ན་ཕམ་པར་འགྱུར་ཏེ། དགེ་སློང་ནོར་ཅན་གྱིས་ཤིང་བརྐུས་ནས་བཅས་པས་སོ། །བསམ་པའི་ཁྱད་པར་འཇིག་རྟེན་ན་རྐུ་བ་དངོས་ཀྱི་ཐ་སྙད་མི་བྱེད་པ། གཞན་གྱི་རྫས་བརྙས་ཏེ་ཕྱིར་མི་སྦྱིན་པ་དང་། རང་གི་ནོར་རྐུན་པོས་ཁྱེར་བ་ཕྱིས་ཕྱིར་འཕྲོག་ན་ཕམ་པར་གསུངས་པ་དང་། གདེང་ཡོད་བཞིན་དུ་སྐུགས་བཙུག་སྟེ་ནོར་ཐོབ་ན་ཕམ་པར་ལུང་རྣམ་འབྱེད་ལས་གསུངས་ཞེས་མཚོ་ཊཱིཀ་ཏུ་བཤད། སྡེ་ཚན་གཉིས་པའི་སྡོམ་ནི། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང་། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་སོ། །སྨྱན་གྱི་ལྷག་མ་འདི་ཁྱོ་ཤུགས་འཐབ་པར་འགྱུར་པ་བསམ་བཟང་དུ་རློམ་ནས་འདུམ་པར་བྱས་ནའང་འབྱུང་ཞིང་། འདི་དང་འདི་གཉེན་དུ་བྱས་ན་ཅི་འོང་ཟེར་ནས་དྲི་བ་ལ། དེ་ལྟར་བྱས་ན་ལེགས་ཚུལ་སོགས་བརྗོད་མི་ཉན་པར་འདུག་ལགས། སོ་ཐར་དང་ལུང་དུ་མ་ངེས་པ་གཉིས་ཞེས་འབྱུང་ཡང་། དང་པོ་ཕམ་ལྷག་ལྟུང་བྱེད་གསུམ་དུ་མ་ངེས་ཤིང་། གཉིས་པ་ལྷག་མ་དང་ལྟུང་བྱེད་གཉིས་སུ་མ་ངེས་པས་མདོ་རྩར་སྡེ་ཚན་ཟུར་དུ་མ་མཛད་པས། འདིར་ཡང་སྡེ་ཚན་ལྔར་བྱས་པའི་གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས། ཞག་གི་ཆད་ལས་དང་འབྲེལ་བ་སྤང་ལྟུང་གི་སྡེ། བཤགས་པ་ཙམ་དང་འབྲེལ་བ་ལྟུང་བྱེད་འབའ་ཞིག་པའི་སྡེའོ། །དང་པོ་ལ་དཀའ་གནད་སྤྱིར་བཤད་པ། ངོ་བོའི་གྲངས་སྡོམ་གྱིས་བསྟན་པ་གཉིས་ལས། དང་པོ་ནི། འདིར་ཤན་གྱི་མཐའ་ཅུང་ཟད་དཔྱད་ན། རྫས་ཤན་སྤྱིའི་ངོ་བོ། བྱེ་བྲག་སོ་སོའི་ཤན་བརྡེག་ཚུལ། ལྟུང་ཤན་བརྡེག་ཚུལ། ཤན་འདྲེ་བའི་དུས། གང་གིས་གང་ལ་བརྡེག་པ་ལྔ་ལས། དང་པོ་ནི། ཤན་རྡེག་བྱེད་ཀྱི་རྫས་ལ་བདག་འཛིན་ཞགས་པ་དེས། བརྡེག་བྱའི་རྫས་ལ་གོས་པར་བྱས་ནས་བརྡེག་བྱ་དེས་རང་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་དུས་མིན་ཡང་གཞན་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་རིགས་སུ་བྱེད་པའོ། །གཉིས་པ་ལ། གོས་ལྷུང་བཟེད་སྨན་ཤན་བརྡེག་ཚུལ་ལོ། །དང་པོ་ལ་འཆང་འཇོག་གི་ཤན་བརྡེག་ཚུལ་གཉིས་ལས། དང་པོ་ནི། འདིར་རྫས་ཤན་དང་ཞག་ཤན་སོ་སོར་མ་ཕྱེ་བར་ཐུན་མོང་དུ་དཔེར་བརྗོད་ན། དཔེར་ན་ཚེས་གཅིག་ལ་འཁོར་གསུམ་ཁེབས་པའི་གོས་ཚད་དང་ལྡན་པའམ་ཁ་སྐོང་གི་རེ་བ་མེད་ན་ཁྲུ་གང་གི་ཚད་དུ་ལངས་པའི་གོས་རྙེད་པ་བྱིན་གྱིས་མ་བརླབས་པར་བཞག་ན༑ཚེས་གཉིས་ནས་བཅུའི་བར་གང་རུང་ལ་གོས་གཉིས་པ་རྙེད་པ་དེ་ལ་བྱིན་རླབས་བྱས་རུང་མ་བྱས་རུང་། ཚེས་བཅུ་གཅིག་གི་སྐྱ་རེངས་ཤར་ཚེ། སྔ་མས་རང་སྟོབས་དང་ཕྱི་མས་གཞན་སྟོབས་ཀྱིས་ལྟུང་བ་གཉིས་བསྐྱེད་པ་ལྟ་བུའོ། །འོན་ཀྱང་རྫས་ཤན་ལ་གོས་སྔ་ཕྱིའི་བར་དུ་ཞག་གིས་མ་ཆོད་ཀྱང་ཤན་བརྡེག་པ་ཡོད་དོ། །གཉིས་པ་ནི། ཆོས་གོས་རྣམ་གསུམ་གང་རུང་མེད་པའི་གང་ཟག་གིས། ཁ་སྐོར་གི་རེ་བ་དང་བཅས་ཏེ་ཁྲུ་གང་གི་ཚད་དང་ལྡན་པའི་གོས་ཚེས་གཅིག་ལྟ་བུ་ལ་རྙེད་ནས་བྱིན་གྱིས་མ་བརླབས་པར་བཞག །ཚེས་གཉིས་ནས་སུམ་ཅུའི་བར་ལ་དེ་ལྟ་བུའི་གོས་གཉིས་པ་རྙེད་པ་བྱིན་གྱིས་བརླབས་མ་བརླབས་གང་ལྟར་ཡང་རུང་སྟེ། སོ་གཅིག་པའི་སྐྱ་རེངས་ཤར་ཚེ་ཟླ་འཇོག་གི་ལྟུང་བ་གཉིས་བསྐྱེད་པའོ། །འདི་ལ་རིགས་ལོག་ཤན་འབྱུང་བ། རིགས་ལོག་ཤན་མི་འབྱུང་བ། རིགས་མི་བཟློག་ཤན་མི་འབྱུང་བ། རིགས་མི་བཟློག་ཤན་འབྱུང་བའི་མུ་བཞི་ཡོད་པ་ཅུང་ཟད་བཤད་ན། དང་པོ་ནི། ཚེས་གཅིག་ལ་ཁྲུ་གང་གི་ཚད་དུ་ལངས་པའི་གོས་གཅིག་རྙེད། གཉིས་ནས་བཅུའི་བར་གང་རུང་ལ་གོས་ཡོངས་རྫོགས་རྙེད་ནས་ཁ་སྐོང་གི་རེ་བ་ཆད་ན། གོས་སྔ་མ་དེ་རིགས་ལོག་ཤན་འབྱུང་གི་གོས་ཡིན་ཏེ༑སྔར་ཟླ་འཇོག་གི་གོས་རིགས་ཡིན་པ་ལ་ད་ཞག་བཅུ་པའི་གོས་རིགས་སུ་གྱུར་པ་དང་། ཚེས་བཅུ་གཅིག་པའི་སྐྱ་རེངས་ཤར་ཚེ་གོས་སྔ་ཕྱི་རིམ་བཞིན་རང་སྟོབས་དང་གཞན་སྟོབས་ཀྱིས་འཆང་ལྟུང་བསྐྱེད་པས་སོ། །གཉིས་པ་ནི། ཚེ་གཅིག་གི་སྔ་དྲོའི་དུས་སུ་ཁྲུ་གང་གི་ཚད་དུ་ལངས་པའི་གོས་རྙེད་ནས། ཕྱི་དྲོའི་དུས་སུ་གོས་ཡོངས་རྫོགས་རྙེད་ན་གོས་སྔ་མ་རིགས་ལོག་ཤན་མི་འབྱུང་བའི་ཡིན་ཏེ། ཁ་སྐོང་གི་རེ་བ་ཆད་པས་རིགས་ལོག་ལ། ཉིན་གཅིག་ལ་རྙེད་པ་ཞག་ཤན་མི་བརྡེག་པས་སོ། །འོན་ཀྱང་རྫས་ཤན་མི་བརྡེག་པའི་ངེས་པ་མེད་དོ། །གསུམ་པ་ནི། ཚེས་གཅིག་ལ་ཚད་སྔ་མ་ལྟ་བུའི་གོས་རྙེད་དེ་ནས་ཁ་སྐོང་གི་གོས་གཞན་མ་རྙེད་ན། ཞག་སོ་གཅིག་པའི་སྐྱ་རེངས་ཤར་ཚེ་གོས་དེ་རིགས་མ་ལོག་ཤན་མི་འབྱུང་གི་གོས་ཡིན་ཏེ། ཁ་སྐོང་གི་རེ་བ་མ་ཆད་པ་དང་ཤན་བརྡེག་བྱ་མེད་པས་སོ། །བཞི་པ་ནི། ཚེས་གཅིག་ལ་གོས་སྔར་ལྟ་བུ་རྙེད་ནས་ཚེས་གཉིས་ནས་སུམ་ཅུའི་བར་གང་རུང་ལ་གོས་ཁྲུ་གང་གི་ཚད་དུ་ལངས་པ་གཞན་ཞིག་རྙེད་ན། སྔ་མ་དེ་རིགས་མ་ལོག་ཤན་འབྱུང་གི་གོས་ཡིན་ཏེ། ཁ་སྐོང་གི་རེ་བ་མི་ཆད་པས་དང་ཤན་བརྡེག་བྱ་ཡོད་པས་སོ། །གཉིས་པ་ནི། གོས་དང་ལྷུང་བཟེད་འདོན་པ་བརྗེས་ནས་ཞག་བཅུ་པའི་སྐབས་ལྟར་ཤེས་པར་བྱའོ། །གསུམ་པ་ལ་ཐུན་ཚོད་དུ་རུང་བའི་དང་། ཞག་བདུན་པའི་སྨན་ཤན་བརྡེག་ཚུལ་གཉིས་ལས། དང་པོ་ནི། སྔ་དྲོའི་དུས་སུ་ཐུན་ཚོད་དུ་རུང་བའི་སྨན་རྙེད་པ་བྱིན་གྱིས་བརླབས་ནས་བཞག །དེ་དང་ལྷན་ཅིག་ཏུ་རྙེད་པ་ཡིན་ན་བྱིན་གྱིས་མ་བརླབས་པ་དང་། ཕྱིས་ནས་རྙེད་པ་ཡིན་ན་བྱིན་གྱིས་བརླབས་ཀྱང་རུང་ཐུན་ཚོད་ཀྱི་མཐའ་ལས་འདས་ཚེ་སྔར་བྱིན་གྱིས་བརླབས་པ་དེས་རང་སྟོབས་དང་། གཞན་རྣམས་ཀྱིས་ཤན་སྟོབས་ཀྱི་གསོག་འཇོག་གི་ལྟུང་བ་བསྐྱེད་པའོ། །གཉིས་པ་ནི། ཚེས་གཅིག་ལ་བུ་རམ་གྱི་སྨན་རྙེད་པ་བྱིན་གྱིས་བརླབས་ནས་བཞག །དེ་དང་མཉམ་དུ་རྙེད་པ་ཡིན་ན་བྱིན་གྱིས་མ་བརླབས་པ་དང་། ཉིན་ཕྱི་མ་རྣམས་སུ་རྙེད་པ་བྱིན་གྱིས་བརླབས་པ་ཡིན་ཡང་རུང་སྟེ། ཞག་བརྒྱད་པའི་སྐྱ་རེངས་ཤར་ཚེ་དང་པོ་བྱིན་གྱིས་བརླབས་པ་དེས་རང་སྟོབས་དང་། གཞན་རྣམས་ཀྱིས་ཤན་སྟོབས་ཀྱིས་ལྟུང་བ་བསྐྱེད་པའོ། །འདིར་རྫས་ཤན་དང་ཞག་ཤན་སོ་སོར་མ་བཤད་ཀྱང་ཤེས་སླའོ། །གསུམ་པ་ནི། རང་ལ་སྤང་ལྟུང་གང་བྱུང་བ་དེའི་རྒྱུར་གྱུར་གྱི་དངོས་པོ་སྤང་དགོས་སུ་གནས་པའི་ཤན་དེས་ཕྱིས་རྙེད་ཀྱི་ཡོ་བྱད་རིགས་མཐུན་མི་མཐུན་ཐམས་ཅད་སྤང་བར་བྱ་དགོས་པ་ཉིད་དུ་བྱེད་པ་ཡིན། འོ་ན་བཤགས་པ་བྱེད་པའི་ཚེ་ཕྱིས་རྙེད་ཀྱི་རྫས་ཐམས་ཅད་སྤང་དགོས་སམ་ཞེ་ན། གོས་ཁྲུ་གང་བས་དམན་པ་དང་། རིན་ཐང་དེ་ཙམ་མི་རི་བ་དང་། ལྷུང་བཟེད་ཚད་ལུས་ཆུང་བ། ཟས་མགུལ་དུ་མིད་པ་མི་མངོན་པའི་ཆུང་ངུ་རྣམས་སྤང་མི་དགོས་ཏེ། སྤང་རིན་མེད་པའི་ཕྱིར་ཞེས་རིན་ཕྲེང་དུ་གསུངས། ལྟུང་ཤན་འདི་ལུང་རིགས་གཏེར་མཛོད་དུ། ཡོ་བྱད་ལ་ཞེན་པའི་དབང་གིས་བྱུང་བ་ཕྱིར་བཅོས་མ་བྱས་པ་ལ་བརྟེན་ནས་ལྟུང་བའི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་སྐྱེད་བྱེད་ཀྱི་ནུས་པ་འཕེལ་བའི་སྟོབས་ཀྱིས་ལྟུང་བ་ཕྱི་མའི་ནུས་པ་གོང་འཕེལ་བྱེད་པ་ཡིན་ཞེས་གསུངས། དེས་ན་ལྟུང་བ་བྱུང་ནས་འཕྲལ་དང་འཕྲལ་ལ་བཤགས་པ་མ་བྱས་ནས་ཡུན་རིང་དུ་ལུས་ན་བཤགས་པས་འདག་དཀའ་ཞེས་གསུངས་པའི་གནད་དེ་ལགས་སོ། །བཞི་པ་ནི། རྫས་ཤན་འདྲེ་དུས་ཤན་བརྡེག་བྱ་དེ་ནམ་གྲུབ་པ་ན་ཡིན་ཞིང་། ལྟུང་ཤན་འདྲེ་དུས་ཕྱིས་རྙེད་ཀྱི་རྫས་གྲུབ་མ་ཐག་ཏུ་ཡང་ན་ལྟུང་བ་ཕྱི་མ་བྱུང་བ་ན་ཡིན་ནོ། །ལྔ་པ་ནི། གོས་འཆང་བ་ཟླ་འཇོག་ལྷུང་བཟེད་འཆང་བ་གསུམ་གྱི་སྐབས་བཅས་རིགས་མཐུན་པ་དགོས་པས། གོས་ཤན་གྱིས་ལྷུང་བཟེད་ལ་མི་བརྡེག་ལ། གསོག་འཇོག་གི་སྐབས་སུ་ནང་ཚན་རིགས་མཐུན་དགོས་པས་བུ་རམ་གྱི་ཤན་གྱིས་བུ་རམ་ལ་བརྡེག་གི་མར་ལ་མི་བརྡེག །དེ་ཡི་རྒྱུ་མཚན་འདི་ནད་པ་ལ་གནང་བས་ཅུང་ཟད་བག་ཡངས་མཛད་པ་ལགས། བྱིན་གྱིས་མ་བརླབས་པས་བརླབས་པ་ལ་བརྡེག་པའི་སྐབས་སུ་སྔ་མ་དང་དུས་མཉམ་པས་བརྡེག་གི་ཕྱི་མས་མི་བརྡེག་མ་བརླབས་པ་ནང་མཉམ་པ་ལྟ་བུ་ལ་བརྡེག་པའི་སྐབས་སྔ་མས་ཕྱི་མ་ལ་བརྡེག་གི་དུས་མཉམ་པས་ཀྱང་མི་བརྡེག །སྨན་བྱིན་གྱིས་བརླབས་པས་མ་བརླབས་པ་དང་བརླབས་པ་བརྡེག་གི། བྱིན་གྱིས་མ་བརླབས་པས་གཞན་ལ་མི་བརྡེག་པ་ཡིན། ལྟུང་ཤན་རྡེག་བྱེད་སྤང་ལྟུང་གང་རུང་ཡིན་པས། དེའི་རྒྱུར་གྱུར་གྱི་དངོས་པོ་སྤང་དགོས་སུ་གནས་པའི་ཤན་དེས། བརྡེག་བྱ་ཕྱིས་རྙེད་ཀྱི་དངོས་པོ་རིགས་མཐུན་མི་མཐུན་གྱི་ཡོ་བྱད་རྣམས་སམ། ཡང་ན་ལྟུང་བ་སྔ་མས་སེམས་རྒྱུད་ལ་ཡོད་པའི་ལྟུང་བ་ཕྱི་མ་གཞན་ལའོ། །འདི་དག་གི་ལུང་སྦྱོར་རྣམས་ཡི་གེས་འཇིགས་པས་མ་བཀོད་ཀྱང་། ནོར་འཁྲུལ་མེད་པས་ཡིད་ཆེས་མཛད་འཚལ། མདོར་ན་སྤང་ལྟུང་བྱུང་བའི་རྒྱུར་གྱུར་གྱི་རྫས་དེ་རྒྱུན་དུ་བཅངས་ན། དེ་ཕྱིན་ཆད་ཞག་རེ་ལ་ལྟུང་བ་རེ་འབྱུང་བར་གསུངས་པས་གོང་དུ་བཤད་པའི་ཤན་འཇུག་མི་འཇུག་གི་དབྱེ་བ་ལ་མཁས་པར་བྱས་ནས། རང་དབང་བའི་གོས་ཁྲུ་གང་བ་ཡན་ཆོད་བསམ་པ་ཐག་པས་གཞན་ལ་བསྔོ་བའམ། འཆད་འགྱུར་བཞིན་བྱིན་གྱིས་བརླབས་པ་སོགས་མ་བྱས་ན། ལྟུང་བ་འབྱུང་རུང་གི་གོས་གྲངས་བཅུ་དང་ལྡན་པའི་དགེ་སློང་ཞིག་ལ་ལོ་རེ་བཞིན་འཆང་ལྟུང་འདི་ཁོ་ན་ལའང་སུམ་སྟོང་དྲུག་བརྒྱ་རེ་ཙམ་ཉུང་མཐའ་འབྱུང་བར་འདུག་པས་ཉེས་པ་འདི་དག་མི་འབྱུང་བའི་ཐབས་ལ་ཅིས་ཀྱང་བརྩོན་དགོས། དེ་ལྟར་མི་བྱེད་པར་དེ་འདྲའི་ཆོས་བརྒྱད་བྱས་པས་ཅི་ཡང་མི་འོང་ཟེར་བ་དེ་འདྲ་མི་གསུང་བར་ཞུ། གཉིས་པ་ལའང་བཅུ་ཚན་གསུམ་གྱི་དང་པོ་ནི། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་སོ། །གཉིས་པ་ནི། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང་། །མངོན་མཚན་ཅན་དང་ཉོ་ཚོང་ངོ་། །ཞེས་སོ། །འདིའི་དང་པོ་གསུམ་རྩོལ་སྒྲུབ་མ་བྱས་པར་རྙེད་ན་ལྟུང་བ་མེད་དེ། གཞན་ལས་རབ་ཏུ་ཐོབ་པ་ནི། །ཅི་བདེ་བར་ཡང་ཡོངས་སུ་སྤྱད། །ཅེས་སོ། །རྩོལ་སྒྲུབ་བྱས་ན་ནི་དངོས་པོ་བཟང་པོ་གཞན་གྱིས་སྟན་བྱས་ནའང་ལྟུང་བ་སྐྱེད་དོ། །གསེར་དངུལ་གྱི་སྤང་བ་འདི་རུང་བ་བྱས་ན་མི་འབྱུང་ལ། དགོས་ཆེད་གང་ལ་ན། ཆོས་གོས་ལམ་རྒྱགས་ནད་པ་ཡི། །སྨན་གྱི་རྒྱུར་ནི་མ་གཏོགས་སོ། །ཞེས་པ་ལྟར་རོ། །དེ་ཅི་ལྟར་བྱ་ན། རུང་བ་བྱེད་པའི་ཚུལ་གསུམ་མདོ་རྩར་གསུངས་ཏེ། དང་པོ་ནི་སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་བཅུག་ནས་དེ་ལ་ཡིད་གཏད་དེ་འཆང་བ་དང་། གཉིས་པ་ནི་ཞལ་ཏ་བ་བདག་པོར་མོས་སུ་བཅུག་ནས་འཆང་བའོ། །གསུམ་པ་སྔགས་ཀྱིས་རུང་བ་བྱེད་ཚུལ་ནི། རིན་པོ་ཆེ་དངོས་དང་དེར་སྨོས་པ་ཟངས་སོགས་ལའང་བྱིན་བརླབ་བྱ་བར་གསུངས་པས། རྫས་དེ་དགེ་སློང་གི་མདུན་དུ་བཞག །ཡུལ་རྟེན་གཉིས་ཀ་འགྲེངས་ཏེ་ཡུལ་རང་གི་མདུན་གྱི་བར་སྣང་ལ་ལག་པ་བརྐྱངས་ནས། བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། ངག་ཏུ་བརྗོད་པ་བཞིན་ཡིད་ཀྱིས་བསམ་མོ༑༑ཡུལ་དགེ་སློང་མེད་ན་མདུན་དུ་འཕགས་པ་མཽ་གལ་བུ་ལྟ་བུ་བཞུགས་པར་བསམ་ལ་ལྷ་དགོངས་སུ་གསོལ་ཞེས་བརྗོད་གཞན་ནི་འདྲ། དགེ་ཚུལ་ཡིན་ན་བདག་ཤཱཀྱའི་དགེ་ཚུལ་ཞེས་འདོན་པ་བརྗེ་བ་མ་གཏོགས་འདྲ། དགེ་ཚུལ་གྱིས་དུས་དྲན་བྱེད་པ་དང་རུང་བ་བྱེད་པའི་ཚུལ་འདི་དག་རང་བཟོ་ཡིན་ནོ་ཞེ་ན། འདི་ལ་རྒྱུ་མཚན་ཡོད་དེ་སྤྱིར་དགེ་སློང་ལ་བག་ཡངས་ཡོད་ན་དགེ་ཚུལ་ལའང་བང་ཡངས་འབྱུང་རིགས་པ་དང་། དགེ་ཚུལ་གྱི་བསླབ་བྱ་རྣམས་ལ་ཉེས་མེད་ཀྱི་དུས་མང་དུ་གསུངས་པས་དེས་ན་དུས་དྲན་བརྟེན་དགོས་ལ། སྔགས་ཚིག་གང་ཏུ་བརྗོད་པ་འདི་རང་གི་དྲན་པ་གསོ་བའི་ཐབས་ཁྱད་པར་ཅན་ཡིན་པས་སོ། །འདིས་ཡིད་གཏད་ཡུལ་དེ་རབ་ཏུ་བྱུང་བ་མ་ཡིན་པ་ཞིག་དགོས་སོ༑༑གཞན་དགེ་སློང་གིས་འཆང་མི་རུང་བ་ཐག་པ་ཁྲ་བོ་སོགས་ཀྱང་ཁྱིམ་པ་ལ་ཡིད་གཏད་དེ་འཆང་བར་གསུངས་སོ། །གནང་བ་ཇི་ལྟར་ཡོད་ཅེ་ན། ཀཱ་རི་ཀཱ་སུམ་བརྒྱ་པ་ལས། ཆོས་སྒྲོག་བྱེད་པའི་གླུ་ལ་ཉེས་པ་མེད། །སྟོན་པའི་ཡོན་ཏན་སྒྲོག་པའང་དེ་བཞིན་ནོ། །ཞེས་དང་། ནད་པས་དབེན་པར་འདུག་ནས་བསྐུ་བྱ་སྟེ། །དད་ལྡན་གང་གིས་རྐང་པར་སྤོས་བྱུག་ན། །སྦྱིན་བདག་གིས་ནི་ལྐོག་ཏུ་བཀྲུ་བར་བྱ། །ཞེས་དང་། ཁྱིམ་པས་རིན་ཆེན་འོད་འབར་བྱས་བྱིན་ནའང་། །མི་རྟག་ཉིད་དུ་བསྒོམས་ལ་འདུག་པར་བྱ། །ཞེས་དང་། ནད་པ་ལ་ནི་མཁས་པའི་ལུང་ཉིད་དུས། །ཕོངས་པ་ལ་ནི་དུས་མིན་མེད་པ་ཡིན། །དངུལ་དང་གསེར་གྱི་རྣམ་པར་ལེན་བྱེད་ན། །ཉེས་བྱས་འགྱུར་རོ་གོས་དང་རྒྱགས་ཕྱིར་དང་། །ལུས་ཀྱི་ཕྱིར་དང་དེ་བཞིན་སྨན་ཕྱིར་དང་། །ཆོས་དང་ལྡན་པའི་ཕྱིར་ནི་ཉེས་པ་མེད། །ཅེས་སོགས་གསུངས་ལ་དེའི་འགྲེལ་པ་འོད་ལྡན་དུ་རྒྱུ་མཚན་དང་བཅས་ཏེ་གསུངས་པས་ཤེས་པར་འདོད་ན་དེར་བལྟ་བར་བྱའོ། །ཉོ་ཚོང་བྱེད་པའི་ལྟུང་བྱེད་ལ། མངོན་མཚན་ཅན་དང་ཉོ་ཚོང་གི་ལྟུང་བ་འདི་གཉིས་ཀྱི་ཁྱད་པར་ནི། ཁེ་འདོད་པས་པ་ཎ་སོགས་སྐྱེད་དུ་གཏོང་བ་དང་པོ། གཞན་གང་ཡང་རུང་བ་ཉོ་ཚོང་བྱེད་པ་ཕྱི་མ་ཡིན། ཡང་ན་རིན་པོ་ཆེ་མངོན་མཚན་ཅན་སྐྱེད་དུ་གཏོང་བ་དང་པོ་དང་གཞན་འབྲུ་སོགས་ཀྱི་ཉོ་ཚོང་བྱེད་པ་ཕྱི་མ་ཡིན་ནོ། །སྤྱིར་ཉོ་ཚོང་བྱེད་པ་བཀག་ཀྱང་དམིགས་བསལ་དགེ་འདུན་གྱི་ཆེད་དམ། རང་གི་ཆོས་གོས་སོགས་ཉོ་དགོས་ཤིང་ཐབས་གཞན་གྱིས་མི་འགྲུབ་ན་རང་གི་བློ་ཚོད་ཀྱིས་རིན་ཐང་བཏབ་ནས་ཕ་རོལ་པོ་ལ་འདི་ཙམ་གྱིས་ཆོག་གམ། ཞེས་ལན་གསུམ་བརྗོད་ནས་ཉོ་བ་ལ་ཉེས་པ་མེད་དེ། གལ་ཏེ་ཉོ་བྱེད་སྒྲིན་པོ་འགའ་མེད་ན། །ཚིག་ནི་གསུམ་གྱི་བར་དུ་བརྗོད་པར་བྱ། །ཞེས་སོ། །དེ་ལས་གཞན་ཁེ་འདོད་པས་ཉོ་ཚོང་བྱེད་ན་ལྟུང་བར་འགྱུར་ལ། གཡོ་ཚོང་བྱས་ནས་ཁེ་ཐོབ་ན་བརྐུས་པ་དངོས་ཡིན་པར་གསུངས་པས་ཕམ་པ་ཡང་འབྱུངས་བས་དེས་ན་འདི་ལ་སྐྱོན་དུ་ལྟ་བ་ལས་ཡོན་ཏན་དུ་རློམ་པར་མི་བྱ། གསུམ་པ་ནི། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། །དགོན་པ་བ་དང་རས་ཆེན་དང་། །བསྔོས་པ་དང་ནི་གསོག་འཇོག་གོ། ཞེས་སོ། །ལྷུང་བཟེད་བྱིན་གྱིས་བརླབས་པ་ནི། སྨན་ཅུང་ཟད་བླུགས་ལ་ཡུལ་རྟེན་གཉིས་ཀའི་ལག་གཡོན་འོག་དང་གཡས་པས་སྟེང་ནས་བཀབ་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོངགི་སྣོད་འདི་སློང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བརྗོད་ཅིང་ཐབས་ལེགས་བྱའོ། །གསོག་འཇོག་གི་སྤང་བ་འདིའི་གླེང་གཞིར་ཞག་བདུན་པ་གསོག་འཇོག་བྱས་པ་ལ་བརྟེན་ནས་བཅས་པར་མཛད། བམ་པོ་ལྔ་བཅུ་པ་ལས་ཞག་བདུན་པ་ལས་སྨན་གཞན་རང་དུས་ལས་འདས་པར་བཅངས་ནའང་ཉེས་བྱས་སུ་གསུངས། མཁས་པ་གཞན་ནི་སྨན་གཞན་གྱིས་ཀྱང་ལྟུང་བ་འདི་སྐྱེད་པར་བཞེད་དོ། །འདིའི་ཉེས་པ་མི་འབྱུང་བའི་ཐབས་ལ་དུས་དྲན་བརྟེན་པ་དང་། རུང་ཁང་བྱིན་གྱིས་བརླབས་ན་དེར་མཚམས་བཙོས་དང་ཞག་ལོན་དང་གསོག་འཇོག་བྱས་པའི་ཉེས་པ་ཁེགས་པར་གསུངས་པས། དེའི་ཚུལ་ལ་དགེ་འདུན་གྱི་རུང་ཁང་བྱིན་གྱིས་རློབ་པའི་ཚུལ་གཞན་དུ་ཤེས་ལ། འདིར་གང་ཟག་གི་རུང་ཁང་བྱ་ཚུལ་འདུལ་འཛིན་སྔ་མའི་ཕྱག་ལེན་བཞིན་བརྗོད་ན། བཟའ་བཅའི་རིགས་རྣམས་རུང་ཁང་དུ་འཇོག་ཡུལ་ཡོད་ཚེ་རང་གིས་དགེ་སྦྱོར་བྱ་བའི་མཚམས་ཁང་བྱིན་རླབས་བྱ་མི་རུང་ཡང་། འཇོག་ཡུལ་མེད་ན་གཉིས་ཀར་བྱིན་རླབས་བྱ་དགོས། དེ་ཡང་ཡུལ་རྟེན་གཉིས་ཀ་མཆིལ་ལྷྭམ་ཕུད་ནས་ཡུལ་དེ་བསླབ་པ་རྒན་ན་ཕྱག་གསུམ་བྱ། གཞོན་ན་ཐང་ཤད་བྱས་ནས་གཉིས་ཀ་འགྲེངས་ཏེ་ཡུལ་དེ་མཁན་པོ་ཡིན་ན་དེ་དང་སློབ་དཔོན་ཡིན་ན་སློབ་དཔོན་ཞེས་བརྗོད། མིན་ན་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་རུང་ཁང་བྱིན་གྱིས་བརླབ་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་གྱིས་ཤིག་ཅེས་བརྗོད། དེ་ཉིད་ཀྱིས་བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མི་འདི་ཞེས་བགྱི་བ་བསླབ་པ་ལ་མ་གུས་པ་མ་ལགས་སོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན། གཟིགས་པ་དང་ལྡན་པ་དེ་རྣམས་ཀྱིས་རུང་བའི་ཁང་པ་དང་ཟས་ཀྱི་ཁང་པར་ཡོངས་སུ་ལོངས་སྤྱོད་པར་མཁྱེན་ཅིང་གཟིགས་པ་དེ་ལྟར་ན་འདི་བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ། དེས་བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་པར་གྱུར་ཅིག་ཅེས་ལན་གསུམ་བརྗོད། ཐབས་ལེགས་བྱས། དེ་ནས་གཏང་རག་གི་ཕྱག་ནས་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་རུང་ཁང་བྱིན་གྱིས་རློབ་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས་ཞེས་དང་། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་བྱས་པ་ལ་རྗེས་སུ་ཡི་རང་ཞེས་བརྗོད། གཉིས་ཀས་ཁྲིམས་ཀྱི་ཚུལ་ཁྲིམས་སོགས་བརྗོད། དེ་ཡང་རུང་ཁང་གི་ཡིན་པའི་དགེ་སློང་མེད་པར་ཞག་གཅིག་འདའ་བར་བྱས་ན་འདིའི་རང་བ་བག་ཡངས་སུ་འགྱུར་བར་རིན་ཕྲེང་དུ་གསུངས། གཉིས་པ་ལྟུང་བྱེད་ཀྱི་སྡེ་ལ་བཅུ་ཚན་དགུ་ལས། དང་པོ་ནི། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་སོ། །གཉིས་པ་ནི། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་སོ། །ས་བོན་དང་སྐྱེ་བ་འདི་འཇིག་པའི་ལྟུང་བྱེད་འདི་གཞོམ་བྱའི་རྫས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྟུང་བ་འབྱུང་ཡང་རུང་བ་བྱས་ན་ཉེས་པ་མེད། དེ་ཡང་གྲོ་ནས་ལྟ་བུ་ལ་མེས་རུང་བ་བྱ་ཚུལ་ནི། དེ་དག་ཕུང་པོར་བྱས་ཏེ་ཕྱོགས་གཉིས་སམ་གསུམ་ནས་མེས་རེག་ཙམ་བྱས་ན་དེ་དགེ་སློང་གིས་བཅོམ་ཡག་ཉེས་པ་མེད། འོན་ཀྱང་དགེ་སློང་གིས་རུང་བ་བྱས་ན་དེ་ལ་ལྟུང་བ་ཡོད་པར་བཤད། རྗེན་བཙོས་སུ་ཡང་འགྱུར་རོ། །དེས་ན་རུང་བ་བྱ་ཚུལ་ནི། དེ་དག་ཕུང་པོར་བྱས་ཏེ་ཕྱོགས་གཉིས་སམ་གསུམ་ནས་མེས་རེག་ཙམ་བྱས་ན་དེ་དགེ་སློང་གིས་བཅོམ་ཡང་ཉེས་པ་མེད། འོན་ཀྱང་དགེ་སློང་གིས་རུང་བ་བྱས་ན་དེ་ལ་ལྟུང་བ་ཡོད་པར་བཤད། རྗེ་བཙོས་སུ་ཡང་འགྱུར་རོ། །དེས་ན་རུང་བ་བྱེད་པ་པོ་དགེ་ཚུལ་མན་ཆད་ཅིག་དགོས། སྦྱིན་བསྲེག་གི་རྫས་ལ་རུང་བ་མ་བྱས་ཀྱང་ཐེག་པ་གོང་འོག་གི་ཁྱད་པར་དང་། དགོས་པ་དང་དགག་བྱ་ཆེ་ཆུང་གིས་ཉེས་པ་མེད་པར་གསུངས། རུང་བ་བྱས་ནའང་ཡོན་ཏན་ལས་ཅི་ཡོད། །མེས་རུང་བ་འདི་བྱེད་དུ་བཅུག་པ་ལ་ཉེས་པ་མེད་དམ་སྙམ། མདོ་རྩར། རུང་བར་བྱེད་པ་ཡོད་ན་སྔོ་བསྐྲབ༵་པར་བྱེད་དུ་གཞུག་གོ། ཞེས་ཁང་ཐོག་གི་སྔོ་འཐོག་ཏུ་བཅུག་པ་ལ་ཉེས་པ་མེད་པར་གསུངས་པས་སོ། །གསུམ་པ་ནི། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་སོ། །འདི་དག་འབྱུང་མི་ཉེ་ཡང་བསྲུང་སེམས་མེད་ན་ལྟུང་བ་མ་བྱུང་བ་ཙམ་དུ་ཟད་ཀྱིས་སྲུང་བའི་ཕན་ཡོན་ཐོབ་དཀའ་སྙམ་མོ། །བཞི་པ་ནི། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབ་པ་དང་། །འདུས་དང་དུས་མིན་གསོག་འཇོག་དང་། །ཁ་ནས་མི་དང་བསོད་པ་ཉིད། །ཅེས་སོ། །སྤང་ཟའི་ལྟུང་བྱེད་འདི་ལྷག་པོར་བྱས་ན་མི་འབྱུང་། །དེའི་ཚུལ་ནི། ཡུལ་དགེ་སློང་ཟས་ཀྱི་གནས་མ་བཏང་བ་ཞིག་དགོས། རང་ཉིད་ཀྱིས་ཟས་རུང་བ་བྱིན་ལེནབྱེད་པ་དེ་ཡུལ་གྱི་མདུན་དུ་བཞག་པ་ཕྱག་བྱས་ནས། མདུན་ཐད་དྲང་པོར་འདུག་ཅིང་། བཙུན་པ་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཆལ་མ་འཚལ་ལགས་ཤིང་སྤང་བར་བགྱིས་པ་ལས། བཟའ་བར་བྱ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ་ཞེས་ལན་གཅིག་བརྗོད། ཡུལ་གྱིས་ཟས་དེ་ལག་ཏུ་བླངས་ཤིང་ཁམ་གཉིས་སམ་གསུམ་ཟོས་ནས། ཅི་བདེར་གསོལ་ཅིག་ཅེས་བརྗོད་ནས་དེ་ལ་སྦྱིན། ཡུལ་དེ་ཟས་སྤངས་ཟིན་ན་མི་ཟ་བར་ཚིག་ཙམ་གྱིས་ལྷག་པོར་བྱ། ལྷག་པོར་བྱས་པའི་ཟས་དེ་ཟས་སྤངས་པ་གཞན་གྱིས་ཀྱང་བཟའ་རུང་བར་གསུངས། །འོན་ཀྱང་ནད་པ་དང་མུ་གེའི་དུས་སུ་ལྷག་པོར་མ་བྱས་ཀྱང་ཉེས་པ་མེད་པར་གསུངས་སོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ལ། ཟན་དང་ཤིང་ཐོག་སོགས་དུས་རུང་གི་བཟའ་བཅའི་རིགས་ལས་སྨན་གཞན་གསུམ་ནི་བྱིན་གྱིས་བརླབས་ན་ཕྱི་དྲོ་ཡང་བཟའ་རུང་ས་སྟེ། སྟོན་པས་གྲོང་ཁྱེར་བཟའ་བྱེད་དུ་ཁྱིམ་བདག་ལུག་ལ་སོགས་པ་བཏུལ་བའི་ཚེ། ལུག་གིས་ཞལ་ཟས་བཞེས་པར་གསོལ་བ་ན། དུས་ཡོལ་གྱི་དུས་མིན་གྱི་ཟས་སྟ་གོན་གྱིས་གསུངས། དུས་མིན་དུ་རུང་བ་ཅི་ལགས་ཞུས་པས་མར་དང་བུ་རམ་དང་། ཧགས་དང་ཤ་ཁ་ར་དང་། བཏུང་བའོ། །ཞེས་གསུངས་པས་སོ། །ཞོ་ནི་འཐུང་དུ་མི་རུང་སྟེ། །ཨུ་པ་ལི་ཞོ་ནི་སྔ་དྲོ་བའོ། །ཞོའི་ཁ་ཆུ་ནི་ཕྱི་དྲོ་བའོ། །ཞེས་གསུངས་ཤིང་། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་གྱི་རུང་བ་དག་དང་བཅུ། །ཞེས་མི་རུངབའི་གཞི་བཅུའི་ཡ་གྱལ་ཀྱང་ཡིན་པས་སོ། །གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་འདི། གསོག་འཇོག་གི་ཉེས་པ་ཁེགས་ན་མི་འབྱུང་བས། སྔར་བཤད་པ་ལྟར་དུས་དྲན་སོགས་ལ་འབད། ལག་ཉ་སོགས་ཀྱི་ཉེས་པ་མི་འབྱུང་བའི་ཐབས་སུ་ཟན་གཅོད་པར་བྱེད་པའི་ཚུལ་ལ། བསམ་པ་བདག་ལྟུང་བ་དང་བཅས་ཏེ་གསོན་པ་བས་དེང་ཉིད་ཤི་བ་སླའོ་སྙམ་པ་དང་སྨོན་འཇུག་གི་སེམས་གཉིས་གསལ་བཏབ་ནས་སྤྱོར་བ་ཉིན་དང་པོར་ཟན་འབད། ལག་ཉ་སོགས་ཀྱི་ཉེས་པ་མི་འབྱུང་བའི་ཐབས་སུ་ཟན་གཅོད་པར་བྱེད་པའི་ཚུལ་ལ། བསམ་པ་བདག་ལྟུང་བ་དང་བཅས་ཏེ་གསོན་པ་བས་དེང་ཉིད་ཤི་བ་སླའོ་སྙམ་པ་དང་སྨོན་འཇུག་གི་སེམས་གཉིས་གསལ་བཏབ་ནས་སྦྱོར་བ་ཉིན་དང་པོར་ཟན་གཅོད་ཅིང་ཇ་ཡང་མི་བཏུང་། ཉིན་གཉིས་པ་ཟན་སྤར་གང་དང་ཇ་ཕོར་པ་གང་བཏུང་། །ཉིན་གསུམ་པ་ལ་ཟན་སྤར་དོ་དང་ཇ་ཡང་ཕོར་པ་དོ་བཏུང་། བཞི་པ་ལ་ཇི་ཙམ་གྱིས་ཆོག་པ་དེ་ཙམ་བཟའ་ཞིང་བཏུང་ངོ་། །དེ་ཡང་ལྟོ་འདུན་གྱིས་མ་ཡན་པར་ལུས་ཀྱི་སྲིན་བུ་གསོ་བ་ཆོས་དང་སྒྲུབ་པའི་རྟེན་འཚོ་བ་ལ་དམིགས་ནས་ལོངས་སྤྱད་པར་གསུངས་པས་བཏུང་བ་མ་བཅད་ན་ཟན་གཅོད་ཀྱི་གོ་མི་ཆོད་པ་མ་ཡིན། རྒྱ་ཇའི་བཏུང་བ་འདི་འདུལ་འཛིན་སྔ་མ་འགའ་ཞིག་ཐུན་ཚོན་དུ་རུང་བའི་སྨན་གྱི་ཁོངས་སུ་གཏོགས་པར་བཞེད་ཅིང་། ལུང་ལས་ཟན་བཅད་པར་གསུངས་ཀྱི་བཏུང་བ་བཅད་པར་མ་གསུངས། འདིས་གསོག་འཇོག་གི་ཉེས་པའང་ཁེགས་པས། དེས་ན་གསོག་འཇོག་གི་ཉེས་པ་འབྱུང་བའི་གཞི་ཐམས་ཅད་སྤང་དགོས་པས་ཇ་མི་བཏུང་བའི་གནད་དེ་ཡིན་པར་གསུངས། ཟན་གཅོད་བྱེད་པ་པོ་དགེ་ཚུལ་ཡིན་ན་བཏུང་བ་བཅད་མི་དགོས། དགེ་ཚུལ་གྱིས་ཟན་གཅོད་བྱེད་དགོས་པར་གཞུང་ནས་དངོས་སུ་མ་གསུངས་ཀྱང་དོན་གྱིས་ཐོབ་པས་རྒྱུན་དུ་དགུང་གཅོད་མི་ནུས་པ་རྣམས་ཀྱིས་ཟན་གཅོད་བྱས་ན་ལེགས། གཉིས་པ་དེའི་ཕན་ཡོན་ནི་ཤིང་ཐོག་སོགས་རུང་བ་མ་བྱས་པ་དང་། བྱིན་ལེན་མ་བྱས་པ་ཟ་བ་དང་། ལ་ཕུག་སོགས་རྩ་བའི་རིགས་དབྱུང་ནས་འཚེད་པ་སོགས་བྱེད་པ་དང་། ཕྱི་དྲོ་ཟ་བ་རྣམས་ལ་ཉེས་པ་མེད་པར་གསུངས་སོ། །འོན་ཀྱང་འདི་དག་ཟས་མེད་ཅིང་ཤིན་ཏུ་བཀྲེས་པའི་དུས་ལྟ་བུ་ལ་གནང་བ་ཡིན་གྱི་སྐབས་ཐམས་ཅད་དུ་མ་ཡིན་ནོ། །བྱིན་ལེན་བྱེད་པའི་ཚུལ་ནི། བྱིན་ལེན་སྟོབས་པ་པོ་ཟས་དེ་གྱེན་དུ་འདེགས་ནུས་པའི་བསྙེན་པར་མ་རྫོགས་པ་ཞིག་གིས་མདུན་ཐད་དྲང་པོར་ཟས་དེ་བཟུང་ནས། རང་གི་ལག་པ་གཉིས་གན་རྐྱལ་དུ་བཀན། སེམས་ལག་པ་དང་འབྲེལ་བའི་ལྷུང་བཟེད་སོགས་ཀྱིས་འདི་ནི་སྦྱིན་པའོ། །བདག་ནི་ལེན་པའོ་སྙམ་ནས་ལེན་པ་ཡིན། དམིགས་བསལ་བྱིན་ལེན་བྱས་པའི་ཟས་གཞན་མེད་ཅིང་། བྱིན་ལེན་སྟོབ་པ་པོའང་མེད་ན། རང་དབང་བའི་ཟས་བླངས་ཏེ་སྒྲ་མི་སྙན་གྱི་དུས་སུ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པ་ཉེས་པ་མེད་དེ། ཞུ་བར། བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབས་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །དེའི་རྒྱུ་མཚན་ཡང་ཡུལ་དེར་ལོངས་སྤྱོད་ལ་ང་ཁྱོད་པ་དང་། དགེ་སྡིག་གི་བྱེད་པོ་སེམས་ཡིན་པའི་གནད་ཀྱིས་སོ། །བྱིན་ལེན་འཇིག་པའི་རྒྱུ་ནི། འཕྲོག་དང་འདྲིལ་དང་རེག་པ་དང་། །བསྔོས་དང་དགེ་སློང་མིན་གྱུར་དང་། །ངོ་བོ་གྱུར་དང་སྐྱེ་བ་གྱུར། །དོར་བ་ཡིས་ནི་བྱིན་ལེན་འཇིག །ཅེས་པ་ལྟར་རོ། །ལྔ་པ་ནི། སྲོག་ཆགས་དང་བཅས་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམས་དཀྲུག་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཅེས་སོ། །དྲུག་པ་ནི། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་གཏམ་སྨྲ། །དགེ་ཚུལ་ཁ་དོག་མ་བསྒྱུར་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་སོ། །ནུབ་ལྷག་ཉལ་གྱི་ཉེས་པ་འགོག་པ་ལ་རང་དང་བསྙེན་པར་མ་རྫོགས་པ་གཉིས་ཀྱི་བར་དུ་ཁྲུ་ཕྱེད་དང་དགུའམ་གནས་ཁང་སྤྱོད་ལམ་བཞི་ཤོང་བའི་ཚད་ཙམ་གྱིས་བར་ཆོད་ན། ཉེས་པ་མི་འབྱུང་བར་གསུངས། རྐྱེན་དང་གིས་ལྷན་ཅིག་ཉལ་དགོས་པ་བྱུང་ན་སྐ་རགས་དང་ཐག་པས་སམ་ས་ལ་རི་མོ་བྲིས་ཏེ་བར་བཅད་ན་ནུབ་ལྷག་གི་ཉེས་པ་ཐུབ་པར་སྔོན་གྱི་འདུལ་འཛིན་འགའ་ཞིག་བཞེད་ཅེས་ཐོས་ནའང་། འདི་གནས་བརྟན་པ་དང་མང་བཀུར་སྡེ་པ་གཉིས་ཀྱི་ལུགས་ཡིན་པས་སྡེ་པ་ཐ་དད་ཡིན་པའི་ཕྱིར་ཉེས་པ་ཁེགས་མི་ཁེགས་ཁ་ཚོན་ཆོད་དཀའ་མོད། །འོན་ཀྱང་བསླབ་བྱ་ཡལ་བར་བོར་བ་དང་ནི་གཏན་མི་མཚུངས་ཏེ་ཁྱད་གསོད་མ་བྱས་པའི་ཕྱིར་རོ། །དེས་ན་ཀྱེན་དེ་ལྟ་བུའི་ཚེ་སྐ་རགས་སོགས་ཀྱིས་བར་གཅོད་པ་དེ་ལེགས་པར་སེམས་སོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་འདི། །གོས་ཁྲུ་གང་བ་ཡན་ཆད་ཅི་ཡང་རུང་བ་ཚོན་གྱིས་ཁ་བསྒྱུར་བའི་གོས་གཞན་གྱིས་གཡོགས་མ་མེད་པར་གྱོན་ན་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་ཙམ་ལ་ཁ་མ་བསྒྱུར་བའི་གོས་ལོངས་སྤྱོད་ནའང་ལྟུང་བ་འདི་འབྱུང་བ་ཡིན། །འདིའི་བཅས་པ་མཛད་པའི་རྒྱུ་མཚན་ཁྱིམ་པ་དང་རྟགས་འདྲེ་བ། བྱ་བ་མ་ཡིན་པར་བྱེད་པ། གཞན་མ་དད་པར་གྱུར་པ་རྣམས་ཡིན་པས་དགག་བྱ་རྫོགས་མི་རྫོགས་དཔྱད་ནས་རང་གི་ཇི་ནུས་ཀྱིས་སྤང་བླང་བྱེད་པ་དང་། སྟོན་པ་སྙིང་རྗེ་ཆེ་བ་ཡིན་པས་དུས་དྲན་བརྟེན་པ་གལ་ཆེ། རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་ནི་ནོར་བུ་ལ་སོགས་པའི་རིན་པོ་ཆེ་དངོས་དང་དེར་སྨོས་པ་དུང་ལ་སོགས་པའི་རོལ་མོ་དང་། རལ་གྲི་སོགས་མཚོན་ཆ་ལའང་རེག་ན་ལྟུང་བ་དེར་འགྱུར་བས་འདི་འབྱུང་ཉེ་བས་བག་ཡོད་མཛད་འཚལ། གལ་ཏེ་རེག་དགོས་པའི་རྐྱེན་བྱུང་ན་དཀོན་མཆོག་མཆོད་པ་དང་། ཡོ་བྱད་ཆུད་ཟ་བ་སྐྱོབ་པའི་བསམ་པ་དང་མ་འབྲལ་བ་ཞིག་དགོས་སོ། །བདུན་པ་ནི། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྡངས་བྱེད་དང་། །སྤེད་དང་གདེང་མེད་གཞི་མེད་དང་། །སྐྱེ་པ་མེད་པར་ལམ་འགྲོ་བའོ། །ཞེས་སོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ནི། བུདམེད་བདག་པོས་སྲུང་བའམ། །རང་ལ་ཁྲིམས་གྲོགས་གཞན་ཡོད་ན་ལྟུང་བ་འདི་མི་འབྱུང་ཡང་། །ནུབ་གཉིས་ལས་ལྷག་པར་ཉལ་ན་ནུབ་ལྷག་གི་ལྟུང་བ་འབྱུང་ཞིང་། དེ་ཁྱོ་ཤུགས་ལྟ་བུ་ཡིན་ན་ཉལ་ཤོམ་གྱི་ཁྱིམ་ན་འདུག་པའི་ལྟུང་བའང་འབྱུང་ཉེའོ། །བརྒྱད་པ་ནི། རྐུ་དང་ཉི་ཤུ་མ་ལོན་དང་། །རྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་སོ། །དགུ་པ་ནི། ཟས་བཅས་སྐྱེ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བརྡལ་དང་གདིང་དང་གཡན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་སོ། །བཞི་པ་སོར་བཤགས་ཀྱི་སྡེ་ནི། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པར་མཛད་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་སོ། །ལྔ་པ་ཉེས་བྱས་ཀྱི་སྡེ་ནི། ཤམ་ཐབས་ལ་ནི་རྣམ་པ་བདུན། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོངས་ལ་སོགས་པ་རྣམ་ལྔ་དང་། །ལུས་ལ་སོགས་པ་རྣམ་པ་ལྔ། འདུག་པར་བྱ་བ་དགུ་དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོངས་ལ་སོགས་པ་རྣམ་ལྔ་དང་། །ལུས་ལ་སོགས་པ་རྣམ་པ་ལྔ། འདུག་པར་བྱ་བ་དགུ་དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེ་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་པ་ལྟར་རོ། །ལྔ་པ་བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་ལ་གསུམ། །གསོ་སྦྱོང་། དབྱར་གནས། དགག་དབྱེའོ། །དང་པོ་ལ། སྒྲ་དོན་དབྱེ་བ་ཕན་ཡོན་གསུམ། །དང་པོ་ནི། གཉེན་པོ་བསླབ་པ་གསོ་ཞིང་སྤང་བྱ་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཞེས་བྱའོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ཞི་གནས་ཀྱི་གསོ་སྦྱོང་ནི། ལས་སྒྲིབ་སྦྱོང་བའི་ཆེད་དུ། གཞི་ཚུལ་ཁྲིམས་རྣམ་དག་ལ་བརྟེན་ནས་སྡེ་སྣོད་ལ་ཐོས་བསམ་བྱས་ཏེ། དེའི་དོན་བསྒོམ་པའི་ཉམས་ལེན་ཏེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ། །གཉིས་པ་མཐུན་པའི་གསོ་སྦྱོང་ལ་ལྔ་སྟེ། དེའང་ཚེ་འདིའི་ཟག་པ་འཕེལ་བའི་རྐྱེན་ལ། ལྟུང་བ་གནོད་པ་རྩོད་པ་བཀྲ་མི་ཤེས་པ་བཞི་ལས། དང་པོའི་གཉེན་པོ་དུས་ཀྱི་སྒོ་ནས་བཅུ་བཞི་དང་བཅོ་ལྔ་པ་གཉིས་གསུངས་ཏེ། དེའང་ཧོར་ཟླ་དང་པོ་གསུམ་པ་ལྔ་པ་བདུན་པ་དགུ་པ་བཅུ་གཅིག་པ་རྣམས་ཀྱི་མར་ངོ་ལ་བཅུ་བཞི་པ་དང་། དུས་གཞན་བཅོ་བརྒྱད་པོ་རྣམས་ལ་བཅོ་ལྔ་པ་བྱ་བ་ཡིནནོ། །ཕྱི་མ་གསུམ་གྱི་གཉེན་པོར་རིམ་བཞིན་གནོད་པ་བཟློག་པ། རྩོད་པ་བསྡུམ་པ། བཀྲ་ཤིས་པའི་གསོ་སྦྱོང་རྣམས་དབྱེ་བར་མཛད་དོ། །འདིར་སྐབས་སུ་མཁོ་བ་འདུན་དག་འབུལ་ཚུལ་དང་། གསོ་སྦྱོང་བྱིན་རླབས་ཀྱི་སྔགས་འདིར་བྲི་ན། དེ་ཡང་འདུན་དག་གཉིས་གཅིག་ཆར་འབུལ་བའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གསོ་སྦྱོང་ཡང་ཡོངས་སུ་དག་གོ། འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་བརྗོད། དེ་ཡང་འདུན་པ་འབུལ་བ་ནི་ལས་ལ་འདུན་པ་འགྲུབ་པའི་ཕྱིར་དང་། ཡོངས་དག་འབུལ་བ་ནི་བདག་ཉིད་ཀྱི་གསོ་སྦྱོང་ཉམས་སུ་མྱོང་བའི་ཆེད་ཡིན་པར་གསུངས། གསོ་སྦྱོང་བྱིན་གྱིས་རླབས་པ་ནི། གསོ་སྦྱོང་གི་ཚེ་རང་ལས་གཞན་མེད་ན་འདུག་ལ། ལྷ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ༑བདག་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ། ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་གྱི་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོར་ཐར་པའི་མདོ་འདོན་པའང་གདོན་པར་བགྱིའོ། །ལན་གསུམ་བརྗོད་ཅིང་བསམ་མོ། །གྲོགས་དགེ་སློང་གཞན་ཡོད་ན་དེའི་མདུན་དུ་བྱིན་གྱིས་བརླབས། །དགེ་ཚུལ་ཡིན་ན་གཞན་འདྲ་བ་ལ་དགེ་འདུན་གྱི་ཚོགས་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་བྱ་ཞིང་བགྱིའོ་ཞེས་བརྗོད། དགེ་ཚུལ་གྱི་གསོ་སྦྱོང་བྱིན་རླབས་བྱེད་པ་འདི་ངེས་པར་དགོས་ཏེ། གསོ་སྦྱོང་མ་བྱས་ན་ཉེས་བྱས་འབྱུང་བར་འོད་ལྡན་ལས། དགག་དབྱེ་ལས་ཉམས་པ་ནི་སྡོམ་པ་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་ཞིང་དེ་བཞིན་དུ་གསོ་སྦྱོང་ལས་ཉམས་པའང་ཡིན་ནོ་ཞེས་གསུངས་ལ། གསོ་སྦྱོང་བྱིན་གྱིས་བརླབས་ན་ཉེས་པ་མི་འབྱུང་བའི་ཕྱིར། གསོ་སྦྱོང་བྱིན་རླབས་བྱེད་པའི་ཐོག་མར་ཕྱིར་བཅོས་རེ་མཛད་ན་ལེགས་པར་སེམས། གསོ་སྦྱོང་བྱིན་རླབས་ཙམ་ཡང་མ་གྲུབ་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་ཚིགས་བཅད་གཉིས་ཙམ་བརྗོད་པས་ཀྱང་གསོ་སྦྱོང་གི་གོ་ཆོད་པར་མཁས་པ་ཕལ་ཆེར་བཞེད་དོ། །གསུམ་པ་ནི་བསླབ་གསུམ་གོང་འཕེལ་དུ་བྱེད་པའི་སྒོ་ནས་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཐོབ་པ་དང་། ཁྱད་པར་དུ་སྟོན་པའི་བཅས་པ་དང་མཐུན་ཞིང་། ས་ཕྱོགས་བཀྲ་ཤིས་པ་དང་། ཡུལ་དེ་ན་གནས་པའི་སྐྱེ་བོ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གསུངས་སོ། །གཉིས་པ་དབྱར་གནས་པ་ལ་དགོས་པ་ནི། ཐོས་བསམ་བསྒོམ་གསུམ་འཕེལ་བ། གཙུག་ལག་ཁང་རལ་གྲུམ་བཅོས་པ། རང་གཞན་གྱི་ལུས་སྲོག་ལ་གནོད་པ་དང་། གཞན་གྱིས་ཁ་ཟེར་བ་དང་། དོན་དང་བྱ་བ་མང་བ་རྣམ་སྤང་བ་དང་། སྟོན་པའི་བཅས་པ་དང་མཐུན་པ་སྟེ། མདོར་ན་འདི་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་འགྲུབ་པའི་ཆེད་དུའོ། །གསུམ་པ་དགག་དབྱེ་ལའང་དགོས་པ་ནི། ཚུལ་ཁྲིམས་རྣམ་པར་དག་པའི་ཆེད་དུ། ལྟུང་བ་གླེང་དྲན་ལ་བརྟེན་ནས་ལྟུང་བ་ལ་བཤགས་སྡོམ་བྱེད་པ་དང་། ཆོས་རྣམ་པར་དག་པའི་ཆེད་དུ་ལྟུང་བའི་ངོ་བོ་འབེལ་གཏམ་གྱི་སྒོ་ནས་གཏན་ལ་འབེབས་པའི་ཕྱིར། བྱེ་བྲག་རྫས་ཀྱི་དགག་དབྱེའི་དགོས་པ་ནི་རྙེད་པའི་སྒོ་དབྱེ་བའི་ཆེད་དུ་སྟེ། དགག་དབྱེ་བྱས་པའི་དགེ་འདུན་ནི་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ཡིན་པས་སོ། །གཞི་གསུམ་དེ་དག་ཇི་ལྟར་བྱ་བའི་ཚུལ་ནི་ཞིབ་པར་ཆོ་གར་རྟོགས་པར་བྱའོ། །དྲུག་པ་བདེ་བར་གནས་པའི་རྐྱེན་བརྟེན་པའི་སྒོ་ནས་བསྲུང་བ་ལ་གསུམ། གོས་མཐའ་གཉིས་སུ་མ་ལྷུང་བ། སྨན་མཐའ་གཉིས་སུ་མ་ལྷུང་བ། གནས་མལ་མཐའ་གཉིས་སུ་མ་ལྷུང་བའོ། །དང་པོ་ལ་བག་ཡངས་དང་འབྲེལ་བ་སྲ་བརྐྱང་། དམིགས་བསལ་དང་འབྲེལ་བ་ཀོ་ལྤགས། གོས་གཞི་དངོས་དང་གསུམ་ལས། ཕྱི་མ་ཅུང་ཟད་བཤད་ན་ལྔ་སྟེ། རུང་བ་དང་མི་རུང་བའི་དབྱེ་བ། རྒྱུ་རུང་བ་ལས་བཟོ་ཚུལ། ཡོ་བྱད་གསུམ་གྱི་དབྱེ་བ་བྱིན་རླབས་དང་བཅས་པ། བྱིན་རླབས་འཇིག་པའི་རྒྱུ། མཐའ་གཉིས་སྤང་བར་གདམས་པའོ། །དང་པོ་ནི། རྒྱུ་མི་རུང་བ་ལང་དང་མ་ཧེ་དང་རི་དྭགས་ཀྱི་བལ་སོགས་ཀྱིས་བྱས་པ་དང་དབྱིབས་དང་། ཚད་མི་རུང་བ་རྣམས་སོ། །རྒྱུ་རུང་བ་ནི། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏམ་པ་དང་དུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་པ་ལྟར་རོ། །གཉིས་པ་ནི། རུང་བའི་གོས་རྙེད་པ་དེའང་། རྒྱ་སྐྱེགས་ལེབ་རྒན་རྩི་དང་བཙོད། །སྨན་ཤིང་རྩི་དང་མཐིང་ཤུན་མཚལ། །སིནྡྷུ་ར་དང་གུར་གུམ་སྟེ། །འདི་ནི་ཚོན་ཆེན་བརྒྱད་དུ་འདོད། །ཅེས་པ་དེ་དག་མ་ཡིན་པར། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཞེས་པ་དེ་དག་གིས་ཁ་བསྒྱུར་བའོ། །འོན་ཀྱང་བོད་འདིར་སྔོན་པོ་ཁྱིམ་པའི་གོས་ཡིན་པས། །འདུལ་བ་ཡུལ་དུས་དང་བསྟུན་ཟེར་བ་ལྟར་འདུལ་འཛིན་སྔ་མ་རྣམས་དེའི་ཚབ་ཏུ་བཙོད་ཀྱིས་ཁ་བསྒྱུར་བའི་གོས་བསྟེན་པར་མཛད་པ་ཡིན་པར་གསུངས། དེ་ལྟར་ཁ་བསྒྱུར་ནས་སྣམ་སྦྱར་ལ་ངེས་པར་དྲས་དྲུབ་དགོས། གཞན་རྣམས་ལ་དྲས་དྲུབ་དགོས་པའི་ངེས་པ་མེད་དེ། རྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་ནི་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱིས་སྐྱོ་བ་འཕེལ་ཕྱིར་ཏེ། །ཞེས་གསུངས་སོ། །སྣམ་སྦྱར་ལ་སྣམ་ཕྲན་དང་གླེགས་བུའི་གྲངས་ཀྱི་དབྱེ་བས། སྣམ་ཕྲན་དགུ་པ་ནས་ཉེར་ལྔའི་བར་དགུ་འབྱུང་བའི། དང་པོ་གསུམ་གླེགས་བུ་ཕྱེད་དང་གསུམ་པ། འབྲིང་གསུམ་ཕྱེད་དང་བཞི་པ། རབ་གསུམ་ཕྱེད་དང་ལྔ་པ་ཡིན་ལ། དེ་ཡང་ཉེར་ལྔ་པ་ལ་དཔེ་མཚོན་ན། དབུས་སུ་སྣམ་ཕྲན་གཅིག་ལ་གླེགས་བུ་ཕྱེད་པ་འོག་ཏུ་འབྱུང་བའི་བཅད་ཁ་ཐུར་བསྟན། གཡས་སུ་དེའི་འགྲམ་ནས་སྣམ་ཕྲན་བཅུ་གཉིས་ཀྱི་གླེགས་བུ་ཕྱེད་པ་སྣམ་ཕྲན་གོང་འོག་ཏུ་རེས་མོས་ཀྱི་བསྟན་པའི་ཕྱོགས་སུ་བཅད་ཁ་འགྲོ་བའམ། ཡང་ན་གླེགས་བུའི་འགྲོས་དེ་བཞིན་ལ་བཅད་ཁ་རྣམས་ཐུར་བསྟན་ཁོ་ན་བྱས་ཀྱང་ཆོག་གསུངས། སྣམ་ཕྲན་དང་གླེགས་བུ་ཐམས་ཅད་བྱ་སྤུ་ནོན་གྱི་ཚུལ་དུ་སྦྱར་ཞིང་། གཡོན་ཕྱོགས་ཀྱི་སྣམ་ཕྲན་རྣམས་ཀྱང་དེ་བཞིན་དུ་བྱས་ལ། མཐར་ཇི་ལྟར་རིགས་པའི་ལྕགས་རིས་བསྐོར་རོ། །དེ་ཡང་ཆེ་ཚད་དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ཁྲུ་ལང་དང་། ཆུང་ཚད་དེ་བས་ཁྲུ་ཕྱེད་ཕྱེད་ཕྲི་བ་འབྲིང་དེའི་བར་རོ། །བླ་གོས་ནི་སྣམ་ཕྲན་བདུན་པ་གླེགས་བུ་ཕྱེད་དང་གསུམ་པ་ཚད་སྣམ་སྦྱར་དང་མཉམ་མོ། །མཐང་གོས་སྣམ་ཕྲན་ལྔ་པ་གླེགས་བུ་ཕྱེད་དང་གཉིས་པ། ཆེ་ཚད་དཔངས་སུ་ཁྲུ་དོ་པ། སྲིད་ཁ་ལྔ་པ་ཡིན་ཀྱང་དེ་ལྟར་བྱས་ན་གཡས་གཡོན་དུ་ཆགས་བསྡུ་རྒྱུ་མེད་པས་རལ་ཁ་དཔུང་ཆད་ཡུལ་དུ་དུས་དང་འཚམས་པར་ལྷན་ཆོག་གསུངས། འདི་རྣམས་ཀྱི་ཚལ་བུའི་ཚད་སོར་བཞིའམ་གཉིས་དང་ཕྱེད་དང་གསུམ་ཡང་རུང་ངོ་། །གདིང་བ་གླེགས་བུ་ཕྱེད་དང་གཉིས་པ་མཐའ་ལྕགས་རིས་བསྐོར་ལ་ཞེང་དུ་ཁྲུ་དོ་སོར་དྲུག །སྲིད་དུ་ཁྲུ་གསུམ་མོ་འདི་རྡུལ་ཁྲུས་གཞལ་དགོས་པར་གསུངས། གསུམ་པ་ལ་གསུམ་གྱི་དང་པོ་འཚོ་བའི་ཡོ་བྱད་བཅུ་གསུམ་ནི། ས་གི་ལྷས། ཆོས་གོས་དྲས་པ་གསུམ་དང་ནི། །རྡུལ་གཟན་ཤམ་ཐབས་གཉིས་གཉིས་དང་། །གཡན་པ་དགབ་དང་གདིང་བ་དང་། །རས་ཆེན་དང་ནི་སྐྲ་བཟེད་དང་། །གདོང་དང་ལག་པ་ཕྱི་བ་སྟེ། །འདི་དག་བཅུ་གསུམ་དབྱེ་བར་འདོད། །ཅེས་པ་ལྟར་རོ། །དེ་དག་བྱིན་གྱིས་བརླབས་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ཡུལ་རྟེན་གཉིས་ཀས་མཆིལ་ལྷམ་ཕུད་ཅིང་ཡུལ་རྒན་ན་ཕྱག་དང་གཞོན་ན་ཕྱག་ཤད་བྱ། རང་ཉིད་ཀྱིས་ལུས་འདུད་པ་དང་བཅས་ཏེ། དགེ་སློང་འདུལ་བ་འཛིན་པ་ཆེན་པོ་འཚོ་བའི་ཡོ་བྱད་བྱིན་གྱིས་རློབ་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ་ཞེས་དང་། གཞན་རྣམས་ལ་མཁོ་བའི་ཡོ་བྱད་ཅེས་སོགས་ཁ་བསྒྱུར། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ་ཞེས་བརྗོད། གཉིས་ཀ་འགྲེངས་ཏེ་སྣམ་སྦྱར་སོགས་ཕྱི་ནང་མ་ལོག་པར་བཞི་བལྟབ་བྱས་པའི་སྣེ་གཅིག་ཡུལ་གྱི་ཕྲག་པ་གཡོན་པར་བཀལ་གཅིག་གཉིས་ཀའི་ཐལ་མོའི་བར་དུ་བཟུང་ནས། གཉིས་པ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་བརྗོད་ཅིང་ཐབས་ལེགས་བྱ། བླ་གོས་སོགས་ལ་མིང་བརྗེ་བ་མ་གཏོགས་འདྲའོ། །གསུམ་པ་ནི། ཕྱག་བྱས་ཏེ་དགེ་སློང་འདུལ་བ་འ་ཛིན་པ་ཆེན་པོ་འཚོ་བའི་ཡོ་བྱད་བྱིན་གྱིས་རློབ་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ཞེས་དང་། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བརྗོད། མགོར་སྙན་གསན་ཞུ་བ་གནང་བ་སྦྱིན་པ་དང་མཇུག་ཏུ་བཀའ་དྲིན་བརྗོད་ཅིང་ཡི་རང་བྱ་བ་འདི་རྣམས་མཁོ་ཡོ་སོགས་ཡོ་བྱད་གཞན་དང་། སྨན་བྱིན་རླབས་དང་། ཕྱིར་བཅོས་སོགས་ལའང་སྐབས་དང་སྦྱར་ནས་བརྗོད་ཤེས་པར་བྱའོ། །འདིའི་སྦྱོར་བ་དང་རྗེས་ཀྱི་ཚུལ་འོག་མ་རྣམས་ཀྱི་སྐབས་སུ་དྲན་པར་བྱའོ། །སྣམ་སྦྱར་དངོས་མེད་པར་རྒྱུ་བྱིན་རླབས་བྱེད་དགོས་ན༑དེར་རས་སོགས་ཁྲུ་གང་བ་ཡན་ཆད་ཁ་བསྒྱུར་བ་ཞིག་སྔར་ལྟར་བཟུང་། དགོངས་གསོལ་དང་བཅས་ཏེ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ་འཚལ་ན་སྣམ་པྲན་དགུ་པ་ལ་སོགས་པ་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པ་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་བཅང་ངོ་དྲ་བོ་སྡེ་བོ་བཟུང་གདབ་བོ་དྲུབ་བོ་ཁ་བསྒྱུར་རོ་ཡང་ན་འདི་ལ་ལྷན་ཐབས་གླན་ནོ་རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ་ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། དེ་བཞིན་དུ་བླ་གོས་ལ་སྣམ་ཕྲན་བདུན་པ་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པ་བགྱིའོ་ཞེས་དང་། མཐང་གོས་ལ་སྣམ་ཕྲན་ལྔ་པ་གླེགས་བུ་ཕྱེད་དང་གཉིས་པ་ཞེས་འདོན་པ་བསྒྱུར་ནས་བརྗོད། །འཚོ་ཡོ་ཕྲན་ཚེགས་ཞྭ་སྐ་རགས་སྨན་ཕོར་མཆིལ་ལྷམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པའོ། །དེའི་བྱིན་རླབས་ནི་གཞན་སྔར་བཞིན་ལ། གོས་འདི་ཞྭར་བྱིན་གྱིས་བརླབ་བོ་ཞེས་དང་སྐ་རགས་དང་མཆིལ་ལྷམ་གཉིས་ལ་རིགས་འགྲེའོ། །ཡོ་བྱད་འདི་སྨན་ཕོར་དུ་སོགས་དེ་ཡང་ཀུན་སློང་རང་གི་ཡིན་པའི་འདུ་ཤེས་ཀྱིས་འཆང་། གལ་ཏེ་རྐྱེན་དག་གིས་ཆོས་གོས་གསུམ་དང་བྲལ་ན་འབྲལ་སྤང་མི་འབྱུང་བའི་ཐབས་སུ་རང་གི་ཆོས་གོས་དེའི་བྱིན་རླབས་ཕྱུང་ནས། གོས་གཞན་ལ་བྱིན་རླབས་བྱེད་པ་ཡིན་ལ། དེ་ཡང་ཆུང་ངུ་ཁྲུ་གང་བ་ལྟ་བུ་ལ་བྱིན་རླབས་མི་ཆགས་པར་གསུངས། བྱིན་རླབས་ཕྱུང་ཚུལ་རངགི་ཆོས་གོས་དེ་མདུན་དུ་ཡོད་པར་བསམ་ལ། དགོངས་གསོལ་དང་བཅས་ཏེ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལས་རྐྱེན་དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ། །ལན་གསུམ་བརྗོད། དེ་ནས་གོས་གཞན་ཞིག་ལ་བྱིན་རླབས་བྱེད་དགོས་པར་དེ་རྒྱུ་དང་ཁ་དོག་གིས་མི་རུང་བ་ཡིན་ན་དངོས་དང་རྒྱུའི་བྱིན་རླབས་མི་རུང་ཞིང་། རྐྱེན་དབང་གིས་བྱིན་རླབས་དགོས་པས་དེའི་སྔགས་ནི་གཞན་འདྲ་བ་ལ་མིང་འདི་ཞེས་བགྱི་བས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ་ཞེས་བརྗོད། གཞན་གཉིས་ལའང་དེས་རིགས་འགྲེའོ། །གཉིས་པ་ལྷག་པ་རུང་བ་མ་བགྱིས་པ་རུང་བ་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་བརྗོད། ཡིད་གཏད་ཡུལ་དེ་སློབ་དཔོན་སོགས་ཡིན་ན་དེ་དག་གི་མིང་གིས་རུང་བ་བྱ་ཞིང་། གང་ལ་ཡིད་གཏད་པ་དེའི་ཡིན་པར་བསམས་ནས་འཆང་། ལྷག་ཡོ་ཕྲན་ཚེག་ནི་དེ་དག་གི་རྒྱུར་བསྔོས་ཤིང་ཁྲུ་གང་གི་ཚད་དུ་མ་ལོངས་པ་རྣམས་སོ། །གསུམ་པ་མཁོ་བའི་ཡོ་བྱད་ནི་གདན་གཏུར་བུ་དར་རས་སོགས་གོས་སུ་བྱས་པ་དང་མ་བྱས་པ་རྣམས་ཡིན་ལགས། ཁ་དོག་དབྱིབས་ལ་ངེས་པ་མེད་པ་རང་གཞན་ཐུན་མོང་བའི་བསམ་པས་འཆང་དུ་རུང་བ་ཡིན་ནོ། །དེའི་རྒྱུར་བསྔོ་ཞིང་ཁྲུ་ཚད་ལས་ཆུང་བ་རྣམས་ནི་མཁོ་ཡོ་ཕྲན་ཚེགས་སོ། །དེ་བྱིན་གྱིས་བརླབས་པ་ནི། མིང་འདི་ཞེས་བགྱི་བའི་གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མཁོ་བའི་གསོ་སུ་བྱིན་གྱིས་བརླབ་བོ་ཞེས་སམ། ཡོ་བྱད་འདི་སོགས་བརྗོད་པགས་འགག་སོགས་ཀོ་ལྤགས་ལས་བྱས་པ་རྣམས་ཀྱང་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་ན་ལེགས་གསུངས། ཡོ་བྱད་གསུམ་པོའི་བྱིན་རླབས་འདི་རང་གཅིག་པུས་ཀྱང་འགྲུབ་པར་བཤད་དོ། །དར་རས་ཁྲུ་གང་དུ་མ་ལོངས་པ་རྣམས་ཡིད་ཀྱིས་བརྟགས་ཏེ་ཞེན་མེད་དུ་འཆང་བ་ལས་བྱིན་རླབས་མི་དགོས་ཏེ་ཚིག་ལེར། ཁྲུ་ཡི་ཚད་ལས་ཆུང་བ་ལ། །བྱིན་རླབས་ཡིད་བརྟན་མི་དགོས་སོ། །ཞེས་སོ། །བཞི་པ་ནི། འཆང་བ་པོའི་རྟེན་ཉམས་པ་བསླབ་པ་ཕུལ་བ་སོགས་དང་། གཞན་གྱིས་འཕྲོག་པ་སོགས་ཡོ་བྱད་དེ་བརླག་པ་དང་། གཞན་ལ་བྱིན་པ་དང་། སྔགས་ཚིགས་གིས་བྱིན་རླབས་དབྱུང་བ་རྣམས་གསུམ་ཀའི་འཇིག་རྒྱུ་ཡིན་ལ། ཡིད་གཏད་ཡུལ་ཤི་བ་ནི་གཉིས་པའི་བྱིན་རླབས་ཀྱི་འཇིག་རྒྱུ་ཡིན་ནོ། །ལྔ་པ་ནི། ཡོ་བྱད་ངན་ངོན་གྱི་ཆོག་མི་ཤེས་པར་བཟང་མང་ལ་ཞེན་པ་བཀག་པ་ལས་འདས་ཏེ་བཟང་པོ་ལ་ལོངས་སྤྱོད་པར་འདོད་པ་བསོད་ཉམས་ཀྱི་མཐའ་དང་། རྩོལ་མེད་དུ་རྙེད་ཅིང་གནང་ཡང་སྤྱོད་མི་ནུས་པ་ངལ་ཞིང་དུབ་པའི་མཐའ་གཉིས་སྤང་བའི་དབུ་མ་ལ་བརྟེན་པར་གསུངས་སོ། །གཉིས་པ་སྨན་ལ། སྨན་སྤྱིའི་ངོ་བོ། བྱེ་བྲག་སོ་སོའི་མཚན་ཉིད། བྱིན་གྱིས་རློབ་པའི་ཐབས། དེ་ལ་འཇུག་པའི་ཚུལ། ཕོངས་པའི་དུས་ཀྱི་དམིགས་བསལ་ལོ། །དང་པོ་ནི། འདོད་ཁམས་པའི་ལུས་འཚོ་བའི་རྟེན་དུ་གྱུར་པའི་དྲི་རོ་རེག་བྱ་གསུམ་གྱིས་བསྡུས་པའི་ཁམ་ཟས་སོ། །གཉིས་པ་ལ་བཞི་ཡོད་པའི་དང་པོ་དུས་རུང་གི་སྨན་ནི། བཅས་ལྡན་རབ་བྱུང་གིས་རང་གླིང་གི་སྐྱ་རེངས་ཤར་ནས་དགུང་ཚིགས་ཚུན་ཆད་དུ་ལོངས་སྤྱོད་དུ་རུང་བ་ཟན་དང་སྣུམ་ཁར་ལ་སོགས་པའོ། །གཉིས་པ་ཐུན་ཚོད་དུ་རུང་བ་ནི། དགེ་སློང་གིས་ཐུན་ཚད་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་དུ་རུང་བ་ཚགས་ཀྱིས་བཙགས་པའི་རྩབ་མོ་ཐམས་ཅད་དང་བུ་རམ་གྱི་ཁུ་བ་སོགས་ཤིན་ཏུ་སླ་བའོ། །དེ་ཡང་ཉིན་མོའི་ཐུན་ཚོན་གླིང་འདིར་ཉི་མ་ཤར་ནས་མ་ནུབ་ཀྱི་བར་དང་། མཚན་མོའི་ཐུན་ཚོད་སྐར་མ་ཤར་ནས་སྐྱ་རེངས་མ་ཤར་གྱི་བར་རོ། །སྨན་དེ་རང་དུས་ལས་འདས་པར་འཆང་ན་གསོག་འཇོག་ཏུ་འགྱུར་རོ། །གསུམ་པ་ཞག་བདུན་པ་ནི། ཞག་བདུན་གྱི་མཐའ་ཚུན་ཆོད་དུ་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བ་བུ་རམ་དང་འབྲུ་མར་ལ་སོགས་པའོ། །བཞི་པ་འཚོ་བཅང་གི་སྨན་ནི། དགེ་སློང་གི་ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་ནས་འཆང་དུ་རུང་བ་ཙནྡན་ལ་སོགས་པའོ། །གསུམ་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། སྨན་དེ་བྱིན་ལེན་བྱས་ཏེ་ཡུལ་དེ་རྒན་ན་ཕྱག་བྱ། མདུན་དུ་ཙོར་པུར་འདུག་གཉིས་ཀའི་ལག་པ་གཡོན་པར་བཞག་གཡས་པས་སྟེང་ནས་བཀབ་ལ་སྨན་བྱིན་གྱིས་རླབས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ་ཞེས་དང་། ཡུལ་གྱིས་ཆོས་བཞིན་སོགས་བརྗོད། གཉིས་པ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྨན་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དོན་དུ་ཉིན་མོའི་ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་རུང་བར་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། གཞན་གཉིས་ལའང་ཞག་བདུན་བར་བྱིན་གྱིས་བརླབ་བོ་སོགས་རིགས་འགྲེ། གསུམ་པ་ནི་དྲིན་བརྗོད་ཡི་རང་བྱ་བའོ། །བཞི་པ་ལ་བསམ་སྦྱོར་གཉིས་ཀྱི་དང་པོ་ནི། ཆོས་སྒྲུབ་པའི་རྟེན་འཚོ་བ་དང་། ནད་གསོ་བའི་ཆེད་དང་། ལུས་ཀྱི་སྲིན་བུ་ལ་སྙིང་བརྩེ་བ་ལ་སོགས་པའི་བསམ་པས་བཟའ་བར་བྱའོ། །གཉིས་པ་ནི། ཟས་ཀྱི་ཕུད་ཀྱིས་བླ་མ་དང་དཀོན་མཆོག་ཆོས་སྐྱོང་ལ་མཆོད། དེ་ནས་རང་གིས་ལོངས་སྤྱོད་པའི་མཇུག་ཏུ་ལྷག་གཏོར་གྱི་ཚུལ་དུ་ཆང་བུ་རེ་ལྷག་མ་ལ་དབང་བ་རྣམས་ལ་སྟེར་དགོས་པར་གསུངས། ལྔ་པ་ནི། དམིགས་བསལ་མུ་གེའི་དུས་དང་ན་བའི་ཚེ་ལག་ཉ་མཚམས་བཙོས་ཞག་ལོན་རྗེན་བཙོས་གསོག་འཇོག་བརྩམ་ལྡང་ས་བོན་དང་སྐྱེ་བ་འཇིག་པ་སྤང་ཟ་བྱིན་ལེན་མ་བྱས་པར་ཟ་བ་རྣམས་ལ་ལྟུང་བ་མེད་དེ། གནང་བའི་ཕྱིར་རོ་ཞེས་རིན་ཕྲེང་དང་ལུང་རིགས་གཏེར་མཛོད་གཉིས་སུ་གསུངས་པས་དེ་ལྟ་བུའི་ཚེ་དུས་དྲན་བརྟེན་པའི་ཉིད་གལ་ཆེའོ། །གསུམ་པ་ལ་གཉིས། གནས་མལ་གྱི་ཚད། དེ་ལ་ལོངས་སྤྱོད་པའི་ཚུལ་ལོ། །དང་པོ་ནི། གནས་ཁང་ཆུང་ཚད་སྤྱོད་ལམ་བཞི་ཤོང་ཙམ་དང་། ཆེ་ཚད་སྲིད་དུ་ཁྲུ་བཅོ་བརྒྱད་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་ཡིན་ནོ། །མལ་སྟན་གྱི་ཚད་ཞེང་དུ་ཁྲུ་དོ་སོར་དུ་ཁྲུ་ཕྱེད་དང་ལྔ་ཡིན་པར་གསུངས། འདི་མཁོ་བའི་ཡོ་བྱད་དུ་བྱིན་རླབས་བྱེད་པ་ཡིན། གཉིས་པ་ནི། མདོར་ན་རྩོལ་སྒྲུབ་ཆེན་པོས་བསྒྲུབས་པ་འདོད་པ་བསོད་ཉམས་དང་ཡོད་ཀྱང་སྤྱོད་མི་ནུས་པ་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་ནས་ཆགས་ཞེན་མེད་པར་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །རྩ་བའི་ས་བཅད་གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཐབས་བསྟན་པ་ལ། རྩོད་པ་ཕྱིར་བཅོས་ནི་དགོས་པ་ཆུང་བས་དང་། ལྟུང་བ་ཕྱིར་བཅོས་ལའང་ནན་ཏུར་གྱི་སྒོ་ནས་ཕྱིར་བཅོས་ཚུལ་དང་། སྤོ་མགུ་སྤྱད་པའི་སྒོ་ནས་ཕྱིར་བཅོས་ཚུལ་ནི་ལག་ཏུ་ལེན་པ་དཀའ་བས་མ་བྲིས་སོ། །འདི་བཤགས་པས་ཕྱིར་བཅོས་ཚུལ་བཤད་ན། ཡུལ། བསམ་པ། ཆོ་ག །དགོས་པའོ། དང་པོ་ནི། རབ་ལྟུང་བས་གཏན་ནས་མ་གོས་པའི་དགེ་སློང་གི་དྲུང་དུའོ། །འབྲིང་སྡེ་ཚན་དེ་ཉིད་ཀྱིས་མ་གོས་པ། ཐ་མ་གང་བཤགས་པར་བྱ་བའི་ལྟུང་བ་དེས་མ་གོས་པའི་དགེ་སློང་ངོ་། །དེ་ཡང་ཕམ་པའི་སྤོམ་པོ་ལྕི་ཡང་ལྷག་མའི་སྤོམ་པོ་ལྕི་བ་རྣམས་ཀྱི་བཤགས་ཡུལ་དགེ་སློང་དྲུག་དང་ལྔ་ལ་སོགས་པ་དགོས་པར་གསུངས། སྤོམ་པོ་ལྕི་ཡང་ནི་ས་གི་ལྷས། སྐྲག་པར་མི་བྱེད་ལྕི་བ་སྟེ། །གཞན་གྱིས་དེ་ལ་འབད་པ་ཡིས། །བཟློག་ཀྱང་མི་ཉན་རབ་ལྕིར་ཤེས། །གཞན་ལ་ཁྲེལ་ཡོད་ཡང་བ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་ཡང་། །བསམ་པའི་དབྱེ་བས་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི། སྙིང་ནས་བཤགས་པར་འདོད་ཅིང་སྔར་བྱས་ལ་འགྱོད་པ་དང་ཕྱིན་ཆད་མི་བྱེད་སྙམ་པའི་དམ་བཅའ་དང་ལྡན་པའོ། །གསུམ་པ་ནི། སྤྱིར་ཕམ་པ་འཆབ་བཅས་བྱུང་ན། བཤགས་བྱེད་ཚུལ་འདུལ་བ་རང་གཞུང་ལས་མ་གསུངས་ཀྱང་། རྣམ་སྨིན་མི་མྱོང་བའི་ཐབས་སུ་སྤྱི་བཤགས་སོགས་ལ་འབད། འཆབ་མེད་ལ་བསླབ་པ་ནོད་དེ་ཁྱད་པར་གྱི་སྤྱོད་པ་ལྔ་སྤང་། དམན་སྤྱོད་ལྔ་བྱེད་ཅིང་གནས་དགོས་ཀྱང་དེའི་ཚུལ་གཞན་དུ་ཤེས་ལ། ལྷག་མ་བྱུང་ན། སྤོ་མགུ་སྤྱོད་པའི་ཡུལ་དེང་སང་མི་རྙེད་ཀྱང་། ལུང་ལས་གང་ཟག་ཁྱད་པར་ཅན་གྱི་ལྷག་ལྟུང་དགེ་སློང་གཅིག་གི་མདུན་དུ་བཤགས་ཀྱང་ཆོག་པར་གསུངས། མདོ་རྩར་བསམ་པས་ལྟུང་བ་ལས་ལྡང་གི། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསལ་བར་གསུངས་པ་དེས་ན་རང་ག་སྔར་བྱས་ལ་འགྱོད་པ་དང་། ཕྱིན་ཆད་མི་བྱེད་པའི་དམ་བཅའ་ཡོད་ན་དེ་གང་ཟག་ཁྱད་པར་ཅན་ཡིན་པས་དེས་དགེ་སློང་གཅིག་གི་མདུན་དུ་བཤགས་ཀྱང་ལྟུང་བ་ལས་ལྡང་བར་གསུངས། སྤང་ལྟུང་བྱུང་ནས་སྤང་འབྲལ་སྔོན་དུ་འགྲོ་དགོས་པས། སྤང་ལྟུང་ཕོག་པའི་གཞིའི་རྫས་དེ་དང་། དེའི་ཕྱིས་རྙེད་ཀྱི་རྫས་སྤང་འོས་སུ་ཡོད་པ་ཐམས་ཅད་དེ་ཡང་ཡུལ་དགེ་སློང་ཞིག་ལ་བླ་གབ་ཐ་མི་དད་པས་མི་ཆོག་པས་གནས་ཐ་དད་དུ་སྤང་དགོས། དེའི་ཚུལ་རང་གི་གནས་ཁང་དེར་སྤང་ཡུལ་དགེ་སློང་དེ་ཞག་གཅིག་བཞུགས་པའམ། ཡང་ན་རང་གི་ལྡེ་མིག་དེ་ཕུལ་བ་གང་རུང་བྱ། བྱིན་འཕྲོག་ལ་རྫས་དེ་སླར་སྦྱིན། རང་གི་གོས་སོགས་གཞན་ལ་གཡར་པོ་ཞུས་ནས་ཞག་གཅིག་གནས་གཞན་དུ་འདུག །དེའི་ཚེ་ཡང་ཡིག་བརྒྱ་སོགས་བཤགས་པའི་རིགས་ལ་འབད་པ་ཕྱག་ལེན་ཡིན་གསུངས། དེའི་སང་ཉིན་གསོ་སྦྱོང་གི་སྐབས་ཡིན་ཚེ་དགེ་འདུན་གྱི་དབུས་སུ་སྙིང་ནས་ཕྱིར་བཅོས་བྱེད་པ་ཡིན་ན་བཤགས་ཡུལ་དུ་འོས་པའི་དགེ་སློང་ཞིག་ལ་བཤགས་ཡུལ་བཅོལ། ཡུལ་དེས་ཚེ་དང་ལྡན་པ་ཁྱོད་ཅི་འཆགས་ཞེས་དྲི། རང་གིས་སྤང་བའོ་ཞེས་བརྗོད། འོ་ན་སྤང་འབྲལ་སྔོན་དུ་སོང་ངམ། རང་གིས་སོང་ལགས་ཞེས་ལན་གདབ། སྤང་ཡུལ་བཤགས་ཡུལ་གཅིག་ཡིན་ན་དྲི་བ་མ་བྱས་ཀྱང་ཆོག །ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ཐོག་མར་ཡུལ་རྟེན་གཉིས་ཀས་རྒྱུན་ཆགས་གསུམ་པ་རྒྱས་བསྡུས་གང་རུང་འདོན་ཡུལ་དེ་རྒན་ན་ཕྱག་དང་གཞོན་ཐང་ཤད་བྱ། རང་ཉིད་འགྲེངས་ཏེ་འདུད་པ་དང་བཅས་ནས། དགེ་སློང་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ་ཞེས་དང་། ཡུལ་དེས་ཆོས་བཞིན་སོགས་ནས་མཛད་པར་ཞུ་ཞེས་བརྗོད། གཉིས་པ་ནི། ཡུལ་གྱི་མདུན་དུ་ཙོག་པུར་འདུག་ཅིང་། རང་གི་མཁན་པོ་ཡིན་ན་མཁན་པོ་དང་། སློབ་དཔོན་ལ་སློབ་དཔོན་ཞེས་བརྗོད། མིན་ན་བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་སྤང་བ་ལྟུང་བྱེད་ཀྱི་སྡེ་ལས་རྣམ་པར་མ་བརྟགས་པའི་གོས་ཞག་བཅུ་ལས་འདས་པར་འཆང་བའི་ལྟུང་བ་འབྱུང་བའི་ཉེས་པ་དེ་བཙུན་པའི་དྲུང་དུ་མཐོལ་ལོ་བཤགས་སོ༑༑མཐོལ་ཞིང་བཤགས་ནས་བདག་བདེ་བ་ལ་རེག་ཅིང་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། ཡུལ་གྱིས་ཉེས་པ་ལ་ཉེས་པར་མཐོང་ངམ་ཞེས་དྲི་ཞིང་། རང་གིས་མཐོང་ལགས་ཞེས་དང་། ཕྱིན་ཆད་ལེགས་པར་སྡོམ་མམ། རང་གིས་སྡོམ་ལགས་ཞེས་ལན་གདབ་ཅིང་ཐབས་ལེགས་བྱ། ལྷག་མ་ཡིན་ན་ལྷག་མའི་སྡེ་ཚན་ལས་སྨྱན་བྱེད་པའི་ལྷག་མ་བྱུང་སྟེ་ལྟ་བུ་དང་། གཞན་རྣམས་ལ་དེས་རིགས་འགྲེ། དགེ་ཚུལ་ཡིན་ན་བདག་དགེ་ཚུལ་མིང་འདི་ཞེས་བྱ་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ལས་ཕྱི་དྲོའི་ཁ་ཟས་ཟོས་པའི་ཉེས་པ་བྱུང་བའི་ཁ་ན་མ་ཐོ་བ་དེ་སོགས་བརྗོད། གསུམ་པ་ནི། ཕྱག་བྱས་ཏེ་དགེ་སློང་འདུལ་བ་སོགས་ནས་གཏད་པ་བཀའ་དྲིན་ཆེ་ལགས་ཞེས་དང་། ཡུལ་དེས་ཆོས་བཞིན་འདུལ་བ་བཞིན་བགྱིས་པ་ལ་རྗེས་སུ་ཡི་རང་ཞེས་དང་། གཉིས་ཀས་ཁྲིམས་ཀྱི་ཚུལ་ཁྲིམས་སོགས་བརྗོད། ལར་རང་རྒྱུད་ལ་ཉེས་པ་བྱུང་དང་མ་བྱུང་བརྟགས་ནས་བྱུང་ན་དེ་དང་ཞག་ཏུ་མི་འགྲོགས་པར་འཕྲལ་དང་འཕྲལ་ལ་བཤགས་སྡོམ་བྱེད་པ་ཡིན་མོད། དེ་འདྲ་ཐུགས་ཉམས་སུ་བཞེས་པ་དཀོན་པས་སྐབས་སྐབས་སུ་སྤྱི་བཤགས་ཉིད་བྱེད་པ་གནད་དུ་མཐོང་ཞིང་ལར་ལྟུང་བ་གང་བྱུང་བ་རང་མིང་གི་སྨོས་ནས་ཕྱིར་བཅོས་དགོས་པར་གསུངས་པས་འབྱུང་ཉེ་བ་རྣམས་ཀྱི་རང་མིང་གི་སྨོས་ནས་སྤྱི་བཤགས་བྱེད་པའི་ཚུལ་འདི་བདག་ཉིད་ཀྱི་རྣམ་རྟོག་ལགས་ཀྱང་མི་རིགས་པ་མེད་དམ་སྙམ་སྟེ། དེ་ཡང་གསོ་སྦྱོང་གི་ཚེ་ཡིན་ན་སྙན་གསན་ཞུ་བ་སོགས་ཕྱག་ལེན་བཞིན་བྱས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ་མི་ཤེས་པ་དང་མ་གུས་པ་དང་བག་མེད་པ་དང་ཉོན་མོངས་པ་མང་བའི་དབང་གིས་སོ་སོར་ཐར་པའི་བསླབ་བྱ་དང་འགལ་བ། རིན་ཐང་མ་ཚང་བའི་དངོས་པོ་བརྐུས་པ་དང་རྡུལ་ཁྲོད་ཀྱི་ཤ་ཟ་མཐོང་བར་སྨྲས་པ་ལ་སོགས་པ་ཕམ་པའི་སྦོམ་པོ་ལྕི་ཡང་རྣམས་དང་། བསམ་བཞིན་དུ་ཁུ་བ་འབྱིན་པ་དང་ཆགས་སེམས་ཀྱིས་བུད་མེད་ལ་རེག་པ་དང་འཁྲིག་ཚིག་སྨྲས་པ་དང་ཕོ་མོ་གཉེན་དུ་བསྡེབས་པ་དང་གཞི་མེད་དང་བག་ཙམ་གྱིས་དགེ་སློང་ལ་ཕམ་པས་སྐུར་པ་བཏབ་པ་སོགས་ལྷག་མ་བཅུ་གསུམ་དང་། དེ་དག་གི་སྦོམ་པོ་ལྕི་ཡང་རྣམས་དང་། མ་ངེས་པའི་ཆོས་གཉིས་དང་། གོས་རྣམ་བར་མ་བརྟགས་པ་ཞག་བཅུ་ལས་འདས་པར་བཅང་བ་དང་། བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་དང་བྲལ་བ་དང་། སྟན་བྱས་ནས་ལོ་དྲུག་མ་ལོན་པར་སྟན་གཞན་བྱས་པ་དང་། གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་བདག་གིར་བྱས་པ་དང་། ཁེ་འདོད་པའི་བསམ་པས་མངོན་མཚན་གྱི་སྤྱོད་པ་དང་ཉོ་ཚོང་བྱས་པ་དང་། སྨན་གསུམ་གསོག་འཇོག་བྱས་པ་ལ་སོགས་པ་སྤང་བའི་ལྟུང་བ་སུམ་ཅུ་དང་། ཤེས་བཞིན་དུ་རྫུན་སྨྲས་པ་དང་། དགེ་སློང་གི་སྐྱོན་སྨྲས་པ་དང་། དེ་ལ་ཕྲ་མ་བྱས་པ་དང་། དོན་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་བཏོན་པ་དང་། ས་བོན་དང་སྐྱེ་བ་འཇིག་པར་བྱས་པ་དང་། ཟས་སྤངས་ནས་ལྷག་པོར་མ་བྱས་པར་ཟོས་པ་དང་། ཕྱི་དྲོའི་ཁ་ཟས་དང་གསོག་འཇོག་བྱས་པ་དང་བྱིན་ལེན་མ་བྱས་པའི་ཟས་ཟོས་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་བསྡད་པ་དང་། བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ལས་ལྷག་པར་ཉལ་བ་དང་། དགོས་པ་མེད་པར་མེ་ལ་རེག་པ་དང་། ཁ་མ་བསྒྱུར་བའི་གོས་བརྟེན་པ་དང་། རིན་པོ་ཆེ་དང་དེར་སྨོས་པ་ལ་རེག་པ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་ལ་སོགས་པ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པ་བཞི་དང་། ཤམ་ཐབས་ལེགས་པར་མ་བགོས་པ་ལ་སོགས་པ་ཉེས་བྱས་བརྒྱ་དང་བཅུ་གཉིས་དང་། གཞན་ཡང་དེར་མ་འདུས་པ་ཤ་རྗེན་ཟོས་པ་དང་། མནའ་འདོར་བ་ལ་སོགས་པ་སྤོམ་པོ་དང་ཉེས་བྱས་ཀྱི་རིགས་རྣམས་དང་། བཤགས་ཡུལ་ཡོད་བཞིན་དུ་བཤགས་པ་མ་བགྱིས་པ་དང་། ཉེས་པ་བཅབ་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་རང་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཐམས་ཅད། ཕྱོགས་བཅུ་སོགས་ནས་དགེ་འདུན་བཙུན་པ་རྣམས་ཀྱི་དྲུང་དུ། མཐོལ་ལོ་མི་འཆབ་བོ་བཤགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་ཅིང་གནས་པར་འགྱུར་གྱི་མ་མཐོལ་བ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། གནས་བརྟན་གྱིས་མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱའོ། །དགེ་ཚུལ་ཡིན་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ་མི་ཤེས་པ་དང་མ་གུས་པ་དང་བག་མེད་པ་དང་ཉོན་མོངས་པ་མང་བའི་དབང་གིས་སོ་སོར་ཐར་པའི་བསླབ་བྱ་དང་འགལ་བ། དུད་འགྲོ་བསད་པ་དང་། སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་དང་། གཞི་མེད་དང་བག་ཙམ་གྱིས་ཕམ་པས་སྐུར་པ་བཏབ་པ་དང་། ཤེས་བཞིན་དུ་རྫུན་སྨྲས་པ་དང་། བསླབ་གཞི་ཁྱད་གསོད་བྱས་པ་དང་། དགོས་པ་མེད་པར་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་འཆང་བ་དང་། གླུ་གར་དང་རོལ་མོ་བྱས་པ་དང་། ཕྱི་དྲོའི་ཁ་ཟས་ཟོས་པ་དང་། རབ་ཏུ་བྱུང་བའི་རྟགས་ཉམས་ཤིང་ཁྱིམ་པའི་རྟགས་བླང་བ་དང་། གནས་ཀྱི་སློབ་དཔོན་མ་བསྟེན་པ་དང་། དུས་སུ་གསོ་སྦྱོང་མ་བྱས་པ་སོགས་སྒྲུབ་པའི་བླབ་པ་ལ་མ་གནས་པ་དང་། བཤགས་ཡུལ་ཡོད་བཞིན་བཤགས་པ་མ་བགྱིས་པ་ལ་སོགས་པ་སྟོན་པས་མ་གནང་ཞིང་སྤྱད་ན་ཉེས་པར་འགྱུར་བའི་ཁ་ན་མ་ཐོ་བ་གང་རང་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་དེ་དག་ཐམས་ཅད་ཕྱོགས་བཅུ་ན་སོགས་ནས་དགེ་འདུན་བཙུན་པ་རྣམས་ཀྱི་དྲུང་དུ་མཐོལ་ལོ་མི་འཆབ་བོ་བཤགས་སོ་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་ཅིང་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱ། །རྗེས་དྲིན་བརྗོད་ཡི་རང་བྱ་བ་སྔར་དང་མཚུངས་སོ། །ལར་རང་ཉིད་འཆི་ཁ་ལྟ་བུར་འབད་ཀྱང་ལྟུང་བ་བཤགས་ཡུལ་མ་རྙེད་ན་རང་གིས་ཡིད་ཀྱིས་བཤགས་པ་བྱས་པས་ལྟུང་བ་ལས་ལྡང་བར་འདུལ་བར་མདོ་རྩ་བ་ལས་གསུངས་ཏེ། མཐར་དེ་ལ་རྩོལ་བ་བྱས་ཀྱང་རྐྱེན་མ་འབྱོར་ན་ལས་བྱས་པ་དང་འདྲའོ་ཞེས་སོ། །དེས་ན་བཤགས་སྡོམ་བྱས་པས་ཉེས་པ་དག་མི་འདག་རང་ལ་རང་ལས་ཀྱི་བཤགས་ཡུལ་ཁོ་ནའི་དབང་གིས་མ་ཡིན་ཏེ། བཤགས་པ་བྱེད་ལོ་ཙམ་ལ་ཡུལ་བཟང་ཡང་མི་ཕན་པས་སོ། །མདོར་ན་སྐབས་སྐབས་སུ་དགེ་འདུན་ནམ་གང་ཟག་ཅི་རིགས་ཀྱི་མདུན་དུ་བཤགས་པ་བྱེད་ཅིང་། རྒྱུན་དུ་རྡོར་སེམས་སྒོམ་བཟླས་སོགས་ཐེག་པ་གོང་མ་ནས་བསྟན་པའི་ཉེས་ལྟུང་ཕྱིར་བཅོས་ཚུལ་ལ་འབད་པ་གལ་ཆེ་སྟེ། སུམ་ལྡན་གང་ཟག་གི་རྒྱུད་ཀྱི་སོར་སྡོམ་ཡིན་ན་ཐེག་ཆེན་སོ་ཐར་གྱི་སྡོམ་པ་ཡིན་པས་ཁྱབ་པས་སོ། །བཞི་པ་ནི་ལྟུང་བའི་ཉེས་པ་འདག་པའིི་ཆེད་དུའོ། །དེ་ལྟར་ན་མདོར་བསྡུས་པའི་ཚུལ་གྱིས་སྐབས་ཀྱི་བརྗོད་བྱ་རྣམས་བསྟན་ཟིན་ཏོ། །སླར་སྨྲས་པ། འབུམ་ཕྲག་འདུལ་བའི་ཆུ་གཏེར་ཆེན་པོ་ལས། །སྔོན་བྱོན་མཁས་པའི་དེད་དཔོན་གྱིས་བླངས་པའི། །དོན་གཉེར་རེ་བ་སྐོང་བའི་ནོར་བུ་འདི། །མཚུངས་མེད་བླ་མའི་དྲིན་ལས་བདག་གིས་རྙེད། །བསྟན་པའི་ཉི་མ་ནུབ་ཀྱི་རི་རྩེར་མཛེགས། །བདེ་བའི་གོ་སྐབས་སྡུག་བསྔལ་མུན་པས་འཕྲོག །སྐྱེ་ངན་འུག་པས་ཧུམ་སྒྲ་འབྱིན་པ་ཡི། །དུས་འདི་ལེགས་བཤད་སྨྲ་བའི་དུས་མ་ལགས། །འོན་ཀྱང་དམ་པའི་བཞེད་པ་སྐོང་སླད་དང་། །སྤང་བླང་དགྲ་ཟུན་རྣམ་པར་མ་ཕྱེ་བར། །འོལ་ཚོད་མུན་མདའ་འཕེན་པ་བཟློག་པའི་ཕྱིར། །ལག་ལེན་རིན་ཆེན་སྒྲོན་མེ་འདི་སྤྲོས་སོ། །དེ་ལྟ་ན་ཡང་ཆོས་ལ་ཆོག་ཤེས་ཤིང་། །རྣམ་གཡེང་སྙིང་པོར་རེ་བའི་བན་ཆུང་གི། ཐུགས་ལ་ལེགས་བཤད་འདི་འདྲ་མི་འཕྲོད་ཀྱང་། །ཡིད་མཐུན་གྲོགས་པོ་ཁྱེད་ནི་དགྱེས་པར་བསམ། །མཁས་པའི་གསུང་རབ་བཞིན་དུ་ངས་བཤད་ཀྱི། །རང་བློས་གཞལ་བའི་རང་བཟོ་མ་བགྱིས་པས། །འཁྲུལ་བ་མེད་སྙམ་འོན་ཏེ་ནོངས་གྱུར་ན། །གཟིགས་པ་སྒྲིབ་མེད་རྣམས་ལ་གུས་པས་འཆགས། །འདི་བགྱིས་པ་ལས་དུབ་པར་གྱུར་པ་ཡི། །དགེ་བ་གང་ཞིག་བདག་གིས་ཐོབ་པ་དེས། །སྐྱེ་དང་སྐྱེ་བར་བདེ་གཤེགས་མདུན་གནས་ཤིང་། །ཟབ་མོའི་ཆོས་ཉན་སྐལ་པ་ཡོད་པར་ཤོག །དེར་ཡང་ཀུན་མཁྱེན་ཐུབ་པའི་བསྟན་པ་ལ། །དགའ་བའི་སེམས་ཀྱིས་རབ་ཏུ་འབྱུང་བ་དང་། །འདུལ་བ་འཛིན་པའི་མཆོག་ཏུ་ལུང་བསྟན་ཏེ༑༑བསྟན་པའི་རྒྱལ་མཚན་བདག་གིས་འཛིན་པར་ཤོག །དེ་ལྟར་ལག་ལེན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི་ཆུང་ནས་མཐུན་པར་འགྲོགས་པའི་གྲོགས་མཆོག་མཁས་པའི་དབང་པོ་བྱམས་པ་བློ་གྲོས་ཕུན་ཚོགས་ཀྱིས་གསུང་གིས་བསྐུལ་མ་མཛད་ཅིང་། སྡོམ་བརྩོན་དམ་པ་བློ་ལྡན་དངོས་གྲུབ་ལའང་དགོས་པ་སྐབས་སུ་བབ་པ་ལ་བརྟེན་ནས་ལས་ངན་གྱི་རླུང་གིས་བདས་ཏེ་ཉེས་ལྟུང་མི་གཙང་བའི་རྫབ་ཏུ་འཕྱན་པ་ཤཱཀྱའི་དགེ་ཚུལ་ཀུན་དགའ་རྒྱལ་མཚན་གྱིས་རང་ལོ་ཉེར་བརྒྱད་པ། ཡོངས་འཛིན་ཞེས་བོད་པ་ཆུ་བྱི་ལོ་ས་ག་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པ་རེས་གཟའ་ཕུར་བུ་དང་། རྒྱུ་སྐར་གྲོ་བཞིན་འཛོམ་པའི་ཉིན་རེ་ཚེ་གནམ་མཚོ་ཕྱུག་མོར་གྲགས་པའི་ནོར་འཛིན་དཔལ་མོའི་ལྟེ་བ་བཀའ་དྲིན་འཁོར་མེད་ཆོས་རྗེ་བླ་མ་མཆོག་གི་ཐུགས་བསྐྱེད་ལས་བྱུང་བའི་གཙུག་ལག་ཁང་ཕྱོགས་ལས་རྣམ་རྒྱལ་ལྷུན་པོའི་ཉེ་འདབས་སུ་སྦྱར་བའོ།། །།དགེའོ།


previousའདུལ་བའི་ལག་ལེན་རིན་ཆེན་སྒྲོན་མེ།no next