མྱང་འདས་བཤད་པ།
མྱང་འདས་བཤད་པ། བཞི་པ་ཚིག་དོན་བཤད་པ་ལ་གཉིས། ཡོན་ཏན་སོ་སོའི་སྒོ་ནས་བསྟོད་པ་དང་། བསྡུས་ཏེ་ཕྱག་འཚལ་བའོ། །དང་པོ་ལ། གཞི་ཤེས་ཀྱིས་ཉེར་ཞིར་འཁྲིད་པའི་ཡོན་ཏན་དང་ལྡན་པའི་སྒོ་ནས་བསྟོད་པ། ལམ་ཤེས་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པའི་
སྒོ་ནས་བསྟོད་པ། རྣམ་མཁྱེན་གྱིས་ཆོས་འཁོར་རྫོགས་པར་བསྐོར་བའི་བདག་རྐྱེན་བྱེད་པའི་སྒོ་ནས་བསྟོད་པའོ། །དང་པོ་ནི། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། གང་ཟག་ཉན་ཐོས་དང་། དེར་མ་ཟད་རང་སངས་རྒྱས་ཀྱང་སྟེ། འབྲས་བུ་རང་དོན་དུ་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཆོས་ཅན། ཁྱོད་ཀྱིས་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་པའི་ཐབས་ཡོད་དེ། གཞི་ཐམས་ཅད་གང་ཟག་གི་བདག་གི་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་གཞི་ཤེས་གང་ཡིན་པ་ཉིད་ཀྱིས་ཐོབ་པར་མཛད་པའི་ཕྱིར། ཤེས་བྱ་ཆོས་ཅན། རང་རྒྱལ་རྩ་ཚིག་གང་གིས་བསྟན་པ་ཡོད་དེ། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པའི་གཞི་ཤེས་ཀྱི་ཡོན་ཏན་བརྗོད་པའི་ཚིག་གི་རིམ་པ་གཅིག་གིས་བསྟན་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་ཚུལ་ཡོད་དེ། དེའི་རྣམས་ཞེས་པའི་རྣམས་སྒྲའི་མང་ཚིག་གིས་རང་རྒྱལ་དེ་ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་སྟེ་ཤུགས་ལ་བསྟན་པའི་ཕྱིར། ཤེས་བྱ་ཆོན་ཅན། དགྲ་བཅོམ་གཉིས་ལ་སྤངས་རྟོགས་ཀྱི་ཁྱད་པར་མེད་པ་མ་ཡིན་ཏེ། རང་རྒྱལ་དགྲ་བཅོམ་དེས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པ་དང་། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པ་དང་། སྲིད་མཐའི་ཚེ་གཞན་གྱི་མན་ངག་ལ་མི་ལྟོས་པ་སོགས་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གི་སྒོ་ནས་ཅིག་ཤོས་ལས་ལྷག་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །བྱང་འཕགས་ཀྱི་རྒྱུད་ཀྱི་མྱང་འདས་མི་གནས་པའི་མྱང་འདས་ཡིན་ཏེ། སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་
འདས་ཡིན་པའི་ཕྱིར། ཟེར་ན། མི་འཐད་པར་ཐལ། དེ་སྲིད་ཞིའི་མཐའ་ལ་མི་གནས་པའི་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་སྤངས་པ་མཐར་ཐུག་མ་ཡིན་པའི་ཕྱིར་དང་། དེ་ཐེག་ཆེན་གྱི་མྱང་འདས་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་རྒྱུད་ལྡན་གྱི་བྱང་འཕགས་ཐེག་ཆེན་གྱི་མྱང་འདས་ལ་གནས་པ་མ་ཡིན་པའི་ཕྱིར། དེར་ཐལ། དེས་ཐེག་ཆེན་གྱི་མྱ་ངན་མ་བཅོམ་པའི་ཕྱིར། ཁ་ཅིག །ཉོན་སྒྲིབ་སྤངས་པ་གཞིར་བཅས་ལ་འཁོར་བར་འཆིང་བྱེད་ཀྱི་ཕུང་པོའི་ལྷག་མ་ཡོད་པའི་ཆ་ནས་ལྷག་བཅས་དང་། མེད་པའི་ཆ་ནས་ལྷག་མེད་དུ་འཇོག་ཟེར་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་འཁོར་བར་འཆིང་བྱེད་ཀྱི་ཕུང་པོའི་ལྷག་མ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེདེས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཟད་པར་སྤངས་པའི་ཕྱིར། ཁ་ཅིག །ཉོན་སྒྲིབ་སྤངས་པ་གཞིར་བཅས་ལ། སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་དམན་པའི་སོ་སོར་བརྟགས་འགོག་དེ། དམན་པའི་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། དམན་པའི་ལྷག་བཅས་མྱང་འདས་དེ་སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་དམན་པའི་སོ་སོར་བརྟགས་འགོག་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པ་མ་ཡིན་པའི་ཕྱིར། དེ་ཟག་བཅས་མ་ཡིན་པའི་ཕྱིར། དེ་ཟག་མེད་ཡིན་པའི་ཕྱིར། ཁ་ཅིག །ཉོན་སྒྲིབ་ཟད་པར་སྤངས་པ་གཞིར་བཅས་ལ་ཕུང་པོའི་ལྷག་མ་དང་བཅས་ཀྱི་སྒོ་ནས་དེ་གཉིས་འཇོག་
ཟེར་ན། ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཕུང་པོ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་རྣམ་ཤེས་ཀྱི་ཕུང་པོ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་གཙོ་སེམས་ཡོད་པའི་ཕྱིར། ཁ་ཅིག །སྐུ་ཚེའི་འདུ་འབྱེད་བཏང་བ་དང་བཏང་བའི་དགྲ་བཅོམ་པའི་རྒྱུད་ཀྱི་མྱང་འདས་གཉིས་པོ་དེ་རིམ་པ་བཞིན་དུ་ཡིན་ཟེར་ན། སྐུ་ཚེའི་འདུ་འབྱེད་བཏང་བའི་དགྲ་བཅོམ་པ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྲོག་དབང་དང་མི་ལྡན་པའི་དགྲ་བཅོམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པ་ཡིན་ན་སྲོག་དབང་དང་ལྡན་པས་ཁྱབ་པའི་ཕྱིར། ཁ་ཅིག །ཀུན་འབྱུང་སྤངས་པ་གཞིར་བཅས་ལ། སྡུག་བསྔལ་ཟད་པར་མ་སྤངས་པ་དང་། དེ་ཟད་པར་སྤངས་པའི་ཆ་ནས་མྱང་འདས་གཉིས་འཇོག་ཟེར་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པས་ཀུན་འབྱུང་ཟད་པར་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ལས་ཀྱི་ཀུན་འབྱུང་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་བརྩེ་བའམ་ལས་ཀྱི་དབང་གིས་འཁོར་བར་གནས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། འདོད་ཆགས་བྲལ་བའི་གནས་པ་ནི། བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། ཉོན་སྒྲིབ་མ་ལུས་པར་སྤངས་པའི་སོ་སོར་བརྟགས་འགོག །མྱང་འདས་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་མྱང་འདས། ལྷག་བཅས་མྱང་འདས། ལྷག་མེད་མྱང་འདས། མི་གནས་པའི་མྱང་འདས་དང་བཞིར་ཡོད། དང་པོ་ནི། ཆོས་ཉིད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་ལྟ་བུ། ཉོན་སྒྲོབ་ཟད་པར་སྤངས་
ཤིང་། སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་དམན་པའི་རྒྱུད་ཀྱི་བྲལ་བ་དེ། དམན་པའི་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད། སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བྲལ་བ་ཙམ་ཁ་སྤོས་ནས་དམན་པའི་ལྷག་མེད་མྱང་འདས་ཀྱི་མཚན་ཉིད། སྒྲིབ་གཉིས་མ་ལུས་པར་སྤངས་པའི་སོ་སོར་བརྟགས་འགོག །མི་གནས་པའི་མྱང་འདས་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། དམན་པའི་མྱང་འདས་གཉིས་ཞེས་ཞིབ་ཆ་མི་དགོས་ཏེ། ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་གང་རུང་ཡིན་ན་དམན་པའི་མྱང་འདས་ཡིན་པས་ཁྱབ་པའི་ཕྱིར། ཟེར་ན། ཐེག་ཆེན་གྱི་མྱང་འདས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལྷག་མེད་མྱང་འདས་ཡིན་པའི་ཕྱིར། གཞན་ཡང་། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ལྷག་བཅས་མྱང་འདས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར། དེར་ཐལ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་བྱང་སེམས་ཀྱི་མྱང་འདས་ཡིན་པར་ཐལ། དེ་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་མྱང་འདས་ཡིན་པའི་ཕྱིར། ཟེར་ན། དེ་ཐེག་ཆེན་གྱི་མྱང་འདས་ཡིན་པར་ཐལ། དེ་ཐེག་ཆེན་གང་ཟག་ཀྱི་རྒྱུད་ཀྱི་མྱང་འདས་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །གཟུགས་སྐུ་གཉིས་ལྷག་བཅས་མྱང་འདས་དང་། ངོ་བོ་ཉིད་སྐུ་ལྷག་མེད་མྱང་འདས་ཡིན་ཏེ། སློབ་དཔོན་ཀླུའི་བཤེས་གཉེན་གྱིས། ཕུང་པོར་བཅས་པ་མྱ་ངན་འདས།
ཐུབ་སྐུ་ཉིད་ལ་བརྗོད་པ་ཡིན། ཕུང་པོ་ཀུན་དང་བྲལ་བའི་ཕྱིར། ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་གསུངས་པའི་ཕྱིར་ན། དེ་ནི་སྒྲས་བསྟན་པ་ལ་དགོངས་ཀྱི། འོ་ན། གཟུགས་སྐུ་གཉིས་ཆོས་ཅན། མྱང་འདས་མ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁ་ཅིག །སྲོག་དབང་དང་མི་ལྡན་པའི་དགྲ་བཅོམ་པ་ཡོད་པར་ཐལ། ཤི་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། འདས་པའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཤི་བའི་སངས་རྒྱས་ཡོད་པར་ཐལ། འདས་པའི་སངས་རྒྱས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་འཕགས་པས་འཆི་བདག་གི་བདུད་བཅོམ་པའི་ཕྱིར། ཁ་ཅིག །དམན་པའི་མྱང་འདས་ཀྱིས་མྱང་འདས་ཀྱི་གོ་མི་ཆོད་དེ། སངས་རྒྱས་ཐོབ་པར་མྱང་འདས་མི་འཐོབ་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས་གསུངས་པའི་ཕྱིར་ན། དེ་ནི་མི་གནས་པའི་མྱང་འདས་ལ་དགོངས་པ་ཡིན་ལ། དེ་ལྟར་ན་ཐེག་དམན་དགྲ་བཅོམ་པས་དགྲ་བཅོམ་པའི་གོ་མི་ཆོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་མེད་པར་ཐལ། དེས་དེའི་གོ་མི་ཆོད་པ་གང་ཞིག །ཐེག་ཆེན་དགྲ་བཅོམ་པ་གསོད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་རྣམས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་འགྲོ་བ་སྟེ། རིགས་ཅན་གསུམ་མཐའ་དག་གི་དོན་སྒྲུབ་པར་མཛད་པའི་ཐབས་ཡོད་དེ། །ལམ་གསུམ་ཐམས་ཅད་བདེན་པའི་སྐྱེ་བ་མེད་པར་རྟོགས་པའི་ལམ་ཤེས་ཀྱི་ངོ་བོ་གང་ཡིན་པ་ཉིད་ཀྱིས་སྒྲུབ་པར་མཛད་པའི་ཕྱིར། །
སྨྲས་པ། མཁས་མང་གཞུང་བརྒྱའི་དགོངས་དོན་ཆུ་གཏེར་ཆེ། རྒྱལ་བ་གཉིས་པའི་ལེགས་བཤད་བཅུ་གཉིས་བདག །འཁྲུལ་མེད་ལུང་དང་རིགས་པའི་རྟ་བདུན་གྱིས། །རྒྱལ་བསྟན་འཆི་མེད་ལམ་དུ་དྲངས་པ་ན། །གཟུར་གནས་བློ་ཡི་སྦྲང་རྩིའི་རྒྱལ་མཚན་ཚལ། །ཅིག་ཅར་རབ་བཞད་ལོག་སྨྲའི་ཨུཏྤལ་དཀར། །ཟུམ་པའི་ངལ་བ་སྟེར་བ་མཉམ་བྱས་ཚེ། །དྲེགས་ལྡན་མེ་ཁྱེར་མི་སྨྲའི་གནས་སུ་ཡིབ། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །