Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་བསྙེན་སྒྲུབ་སོགས་ཀྱི་གསལ་བྱེད་འཆི་མེད་དགའ་སྟོན།
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་བསྙེན་སྒྲུབ་སོགས་ཀྱི་གསལ་བྱེད་འཆི་མེད་དགའ་སྟོན།next

ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་བསྙེན་སྒྲུབ་སོགས་ཀྱི་གསལ་བྱེད་འཆི་མེད་དགའ་སྟོན།


JKT013_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་བསྙེན་སྒྲུབ་སོགས་ཀྱི་གསལ་བྱེད་འཆི་མེད་དགའ་སྟོན་ཅེས་བྱ་བ་བཞུགས་སོ།། །།


JKT013_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷུ འདིར་ཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་རྣལ་འབྱོར་ལ་བརྟེན་ནས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འདོད་པས་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། བསྙེན་པ། སྒྲུབ་པ་སྒྲུབ་ཆེན་ནོ། །དེ་ལ་དང་པོ་ལྷ་ཉེ་བར་བསྙེན་པ་ནི། འདིའི་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས་གནས་དབེན་ཞིང་ཡིད་དང་མཐུན་པར། ཚེ་སྒྲུབ་པ་ལ་ཤིས་པའི་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམ་པའི་སྔ་དྲོའི་ཆར་གནས་ཁང་ཕྱག་དར་ལེགས་པར་བྱ། རང་གི་མདུན་དུ་སྐུ་རྟེན་བྲིས་འབུར་གང་རིགས་རབ་གནས་ཅན་བཀྲམ་པའི་སྤྱན་སྔར་སྨན་རག་གཏོར་གསུམ་ཕྱི་མཆོད་དང་བཅས་པ་བཤམ། གཞན་ཡང་


JKT013_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བ་སྐྱབས་སེམས་ནས་བགེགས་ལ་གཏོར་མ་སྦྱིན་པའི་བར་ལས་བྱང་གི་དཀྱུས་ནས་འབྱུང་བ་བཞིན་བྱས་རྗེས། བགེགས་གཏོར་ཕྱིར་དོར་བ་དང་མཉམ་དུ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས། སྒོ་དྲུང་དུ་ཐོ་བརྟན་པོར་བཙུགས་ལ་རྒྱལ་ཆེན་ཐོ་འཛུགས་སྤྱི་ལྟར་བྱ་ཞིང་ཤིས་པ་རྒྱས་པར་བརྗོད། ནང་དུ་ལོག་ལ་སྲུང་འཁོར་ཤིན་ཏུ་གསལ་བར་བསྒོམ་པ་སོགས་ནས་བཟླས་པའི་བར་དཀྱུས་ནས་འབྱུང་བ་ལྟར་ཉམས་སུ་བླང་། བཟླས་དམིགས་ནི། རང་གི་ཐུགས་ཀར་པད་ཟླའི་གདན་ལ་མི་འགྱུར་བའི་ཐུགས་སྲོག་ཧཱིཝཡིག་དམར་པོའི་མཐར་སྔགས་ཕྲེང་དམར་གསལ་གཡས་སུ་བཀོད་པ་ལས། ཛབ་སྐུལ་དང་


JKT013_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་རྐྱེན་གྱིས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། སྲིད་ཞིའི་དྭངས་བཅུད་ཐམས་ཅད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་སྤྱན་དྲངས་ཏེ་ཐུགས་སྲོག་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ། སྣང་གྲགས་རིག་གསུམ་ཚེ་དཔག་མེད་རིགས་ལྔའི་སྐུ་གསུང་ཐུགས་ཀྱི་གསལ་སྣང་ལ་དྲན་པ་ཉེ་བར་བཞག་སྟེ་བཟླས་པ་ཅི་ནུས་སུ་བྱ། དེ་ལྟ་བུའི་རིམ་པས་ཐུན་བཞིའི་རྣལ་འབྱོར་ལ་བརྩོན། དེའང་ཐོར་ཐུན་གྱི་མགོར་སྔོན་འགྲོ་རྣམས་རྒྱས་པར་བྱ། གཞན་རྣམས་ལ་སྐྱབས་སེམས་ཀྱི་རྗེས་ཏིང་ངེ་འཛིན་རྣམ་གསུམ་ལ་འཇུག །མཆོད་བསྟོད་མདོར་བསྡུས་ཙམ་གྱིས་ཆོག །བཟླས་པ་ལ་གཙོ་བོར་དྲིལ། ཐུན་སོ་སོའི་མཐར་ཡིག་བརྒྱ་དང་དབྱངས་གསལ་རྟེན་སྙིང་སྤེལ་ཚིག་ཅན་བདུན་རེ་བཟླ་ཞིང་མཆོད་བསྟོད་ཀྱང་བྱ། ཉེར་བསྡུའི་རྣལ་འབྱོར་གྱིས་འོད་གསལ་ལ་འཇུག་ཅིང་དེའི་ངང་ལས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་བསྔོ་སྨོན་ཤིས་བརྗོད་བཅས་སྤྱོད་ལམ་ལ་འཇུག་པ་དང་། སྲོད་ཐུན་གྱི་མཐར་གྲུབ་ན་ཚོགས་མཆོད་རེ་གཏོང་། ཉེར་བསྡུའི་མཐར་གཉིད་ཀྱི་འོད་གསལ་ལ་འཇུག ཐོ་རངས་དཔའ་བོ་དང་རྣལ་འབྱོར་མའི་ཌ་དྲིལ་


JKT013_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྔགས་ཀྱི་སྒྲས་གཉིད་ལས་སད་པར་མོས་ཏེ་ཐུན་མཚམས་ཀྱི་ལྷར་ལྡངས་ནས་ཐོར་ཐུན་གྱི་རྣལ་འབྱོར་ལ་བརྩོན། བཟའ་བཏུང་ཐམས་ཅད་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་ལྷ་མཆོད་པའི་བསམ་པས་རོལ། གཞན་མཚམས་ཀྱི་སྤང་བླང་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པས་སྔགས་འབུམ་ཕྲག་ལྔ་ཁ་སྐོང་དང་བཅས་པ་འགྲོ་བར་བྱའོ། །གཉིས་པ་བར་དུ་དངོས་གྲུབ་བསྒྲུབ་པ་ནི། བསྙེན་པ་ཐོར་ཐུན་ལ་གྲུབ་པར་བྱས་ནས། དགོངས་ཐུན་ནས་བརྩམས་ཏེ་མགོ་བཟུང་། དེའང་མདུན་དུ་སྟེགས་བུའི་དབུས་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་སྟེང་དུ་ལྡིང་ཁྲིའི་ཁར་རྣམ་བུམ་བཅུད་ལྡན་ཙམ་མམ། དངོས་གྲུབ་བླང་བའི་དོན་དུ་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་བཅས་བཤམ། གང་ལྟར་ཡང་མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱ། སྐྱབས་འགྲོ་ནས་བཟླས་པའི་བར་ལས་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་གསལ་གདབ། བཟླས་པའི་ཚེ་ཛཔྲ་ཁང་དབྱེ་བར་མོས་ན། དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་རྗེས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཨྃ་བྷྲཱུྃ་ཧཱུྃ་ཛྲིཾ་ཁྃ་ཛཿཧཱུྃ་བྃ་ཧོཿཕཊ་ཛཿ ཞེས་བརྗོད་པས་བདག་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་


JKT013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པའི་བདག་མདུན་གཉིས་ཀའི་ཐུགས་ཀར་པད་ཟླའི་གདན་ལ་ཐུགས་སྲོག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། མདུན་གྱི་ཡེ་ཤེས་པ་རྣམས་ལ་ཐིམ་པས་དགྱེས་པ་མཆོག་ཏུ་བསྐྱེད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་བཟླ། སྐབས་སུ་བསྙེན་པའི་སྐབས་ཇི་སྐད་བཤད་པའི་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པའང་བྱ། ཚེ་འགགས་བྱེད་པར་སྒོ་ན། །མདའ་དར་གཡབ་ཅིང་འོག་གི་སྐུལ་ཚིག་བརྗོད་པ་དང་མཉམ་དུ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ལྷ་མོ་མགྱོགས་མའི་ཚོགས་དང་བཅས་པ་སྤྲོས་པས་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པས་བསྡུས་ཏེ་བདག་དང་བསྒྲུབ་བྱ་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བཅུད་ལེན་དུ་གྱུར་པར་བསམས་ཏེ། ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་


JKT013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ སྟེང་འོག་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ན༔ འབྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་འཕྲོག་དང་གཞོམས་པའི་ཚེ་ཁུག་ཅིག འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡིད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང་༔ ཧུད་ཀྱིས་འདྲོག་པའི་ཚེ་དང་གཡང་ཁུག་ཅིག ཚེ་ཁུག་གཡང་སྐྱོབས་དངོས་གྲུབ་བདག་ལ་སྩོལ༔ འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་སྡུས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨཱ་ཡུཛྙཱ་ན་བིནྡྲ་བྷྲཱུྃ་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བཛྲ་ཨཱ་ཡུ་ཥེ་ཨཱ་ཡུཛྙཱ་ན་སིདྡྷི་ཨཱ་ཧཱུྃ༔ ཞེས་གདུང་ཤུགས་དང་བཅས་ཏེ་བསྐུལ། ཐུན་བསྡུ་བ་ན་མཆོད་བསྟོད་ཡི་གེ་བརྒྱ་པ་དང་། ཛཿཧཱུྃ་བྃ་ཧོཿས་མདུན་གྱི་ཡེ་ཤེས་པ་རྟེན་དང་བརྟེན་པར་བཙས་པ་རང་ལ་ཐིམ་ནས་གསལ་བརྟན་གྱི་གཟི་བྱིན་མཆོག་ཏུ་འབར་བར་བསམས་ལ་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཤིན་ཏུ་བརྟན་པར་བྱའོ། །གཞན་རྗེས་ཆོག་དང་། ལས་བྱང་རྒྱས་བསྡུས་བྱ་ཚུལ་སོགས་བསྙེན་པའི་སྐབས་ལྟར་ལས། སྒྲུབ་པའི་སྐབས་འདིར་ཐུན་བཞིའམ་སྲོད་ཐུན་གྱི་མཇུག་ཏུ་ཚོགས་མཆོད་རེ་ངེས་པར་བྱ། དེ་ལྟ་བུའི་རིམ་པས་སྔགས་འབུམ་ཕྲག་ལྔ་ཁ་སྐོང་དང་བཅས་པ་


JKT013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཟླའོ། །གསུམ་པ་ཐ་མ་སྒྲུབ་པ་ཆེན་པོའི་ཚུལ་གྱིས་དངོས་གྲུབ་བླང་བ་ནི། གྲུབ་ན་དབང་རྫས་རྣམས་ཚོགས་པར་བཤམ། ཞག་བདུན་ལ་སོགས་པར་ཐུན་བཞིའི་རིམ་པས་ལས་བྱང་གི་གཞུང་རྒྱས་པར་བསྲངས་ཏེ་ཚོགས་བསྒྲལ་མཆོད་ཡན་གྲུབ་པའི་མཚམས། སློབ་མ་ལ་ཇི་ལྟར་བསྐུར་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་བླངས་མཐར་ལྷག་མ་ནས་བཀྲ་ཤིས་ཀྱི་བར་བྱ། གང་ལྟར་ཡང་སང་གྲོལ་རྒྱའི་དེ་རིང་ནས་མཆོད་གཏོར་གསར་པ་རྒྱ་ཆེར་བཤམ། བཟླས་པའི་སྐབས། ཛཔྲ་ཁང་ཕྱེས་ནས་སྔགས་ཀྱི་འོད་ཟེར་མཆོད་སྤྲིན་གྱི་ཚུལ་དུ་སྤྲོ་བ་ཡན་སྒྲུབ་པའི་སྐབས་ལྟར་ལ། ལྷ་ཚོགས་རྣམས་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱུང་ནས་བདག་ལ་ཐིམ་པས་ཕྲིན་ལས་བཞི། གྲུབ་པ་བརྒྱད། དབང་བཅུ་སོགས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པར་དབང་འབྱོར་པར་བསམས་ཏེ། སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་བཟླ་ཞིང་། གཞན་སྒྲུབ་པའི་དུས་ལྟར་ཉམས་སུ་བླང་ནངས་པར་སྔ་བར་ལངས་ཏེ། སླར་ཡང་མཆོད་གཏོར་གསར་པ་བཤམ། ལས་བྱང་རྒྱས་པར་བཏང་ཞིང་བཟླས་པའི་བར་གོང་དུ་བཤད་པ་བཞིན་གྲུབ་རྗེས། སྐྱ་རེངས་ཤར་བའི་དུས་ན་མདུན་གྱི་


JKT013_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་མཆོད་བསྟོད་དང་། ཡེ་ཤེས་སྐུ་མཆོག་གིས་ནོངས་པ་བཤགས། སྤྲོ་ན་བྱིན་འབེབས་ཀྱིས་སྒྲུབ་རྫས་རྣམས་སླར་ཡང་གཟི་བྱིན་བསྐྱེད། གོང་གི་དམིགས་གནད་དང་། ཧཱུྃ། སྐྱེ་མེད་ཆོས་དབྱིངས་སོགས་གྱི་སྐུལ་ཚིག་བཅས་བུམ་པ་སོགས་གནས་གསུམ་དུ་འཇོག་པ་ན་སྒྲུབ་རྫས་ཀྱི་ལྷ་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། བུམ་ཆུ་དང་། ཚེ་རྫས་སོགས་ལྕེ་ཐོག་ཏུ་མྱོང་ཞིང་། བཅུད་བདུད་རྩིའི་དྭངས་མས་རྩ་ཁམས་ཐམས་ཅད་ཁྱབ་པས་འཆི་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་མོས་ཏེ་རིག་སྟོང་འཛིན་མེད་ཀྱི་རང་ཞལ་ལྷུག་པར་བསྐྱང་། དེ་ནས་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་སྤྱི་དང་། ཁྱད་པར་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་གི་ཆར་དབབ། ཉི་ཤར་གྱི་དུས་རྒྱལ་ཆེན་ཐོ་འགྲོལ་སྤྱི་ལྟར་བྱ། མིག་ཉི་མའི་ཕྱོགས་སུ་བལྟས་པས་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་བཤད་པས་མཚོན། རྟེན་འབྱུང་ལེགས་པའི་མཚམས་སྦྱོར་དང་། གནས་སྲུང་བ་སོགས་གསང་བ་སྤྱིའི་ལུགས་ལྟར་ཤེས་པར་བྱས་ལ་ཉམས་སུ་བླང་ངོ་། །སྦྱིན་སྲེག་བྱེད་ན། མཚམས་དེ་ཉིད་ཀྱི་ཁོངས་སུ་གྲུབ་པ་བྱུང་ཚེ་ཤིན་ཏུ་ལེགས། མ་གྲུབ་ཀྱང་སྐབས་སུ་བབ་པའི་ཚེ་བྱས་ཀྱང་འགལ་བ་མེད་ལ། དེའང་བསྙེན་པའི་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་ཏིལ་ལ་


JKT013_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བཟུང་སྟེ་སྔགས་བསྙེན་སྒྲུབ་ཀྱི་བཅུ་ཆ་འགྲོ་བ་དང་། ཚེ་སྤེལ་བ་སོགས་ཀྱི་ལས་བསྒྲུབ་པ་ལ་རྒྱས་པའི་སྦྱིན་སྲེག་དཱུརླ་དང་ཟས་མཆོག་གི་རྫས་གཙོ་བོར་བཟུང་སྟེ་ཁྲི་ཕྲག་སོགས་བྱ་ཞིང་། ཆོ་གའི་རིམ་པ་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱ། གཞན་ཡང་དབང་གི་སྐབས་སུ་རྒྱས་པར་སྤྲོ་ན། སྦྱོར་བའི་སྐབས་ཚེ་རྫས་དང་། ཚེ་མདའ་བཅས་བཤམ། དངོས་གཞི་སྒྲུབ་པའི་དུས་ལྟར་ཚེ་འགུགས་བསྐུལ། སློབ་མ་རྗེས་སུ་བཟུང་བའི་སྐབས་རིག་པའི་དབང་ལྔའི་གོང་དུ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་ཕོག་ལ་ཚེ་འགུགས་བྱ། དབང་བཞི་པའི་མཐའ་རྟེན་གྱི་ཚུལ་དུ་ཚིགས་བཅད་ཇི་ལྟར་རིགས་པ་དང་བཅས་ཚེ་རིལ་དང་ཚེ་ཆང་སྦྱིན། རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་སོགས་ཀྱིས་མངའ་གསོལ་ཞིང་ཤིས་བརྗོད་རྒྱས་པར་སྤེལ་བའང་ཕྱག་ཤྲཱིལེན་དུ་མཛད་ཅེས་འབྱུང་ངོ་། །ཞེས་པའང་བྱ་བྲལ་བ་མཉྫ་གྷོ་ཥས་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


previousཚེ་དཔག་མེད་རིགས་ལྔ་འཆི་མེད་མཆོག་སྦྱིན་གྱི་བསྙེན་སྒྲུབ་སོགས་ཀྱི་གསལ་བྱེད་འཆི་མེད་དགའ་སྟོན།next