Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

23 occurrences of བརྒྱུད་གསུམ་
[Clear Hits]


  
 
  
  
  
  
  
  
  
  
དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་ལེགས་སོ་གསུམ་གྱི་དོན་ཁྲིད་ཀྱི་བསྡུས་དོན།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
 
 
  
  
  
  
  
 
  
  
  
 
  
  
 
  
 
 
  
  
  
 
  
 
  
  
  
 
  
 
  
  
 
  
 
  
  
  


23 occurrences of བརྒྱུད་གསུམ་
[Clear Hits]

 
previousདགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་ལེགས་སོ་གསུམ་གྱི་དོན་ཁྲིད་ཀྱི་བསྡུས་དོན།next

དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་ལེགས་སོ་གསུམ་གྱི་དོན་ཁྲིད་ཀྱི་བསྡུས་དོན།


JKT015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་ལེགས་སོ་གསུམ་གྱི་དོན་ཁྲིད་ཀྱི་བསྡུས་དོན་བཞུགས་སོ། །ན་མོ་གུ་རུ་བྷྱ༔ དགོངས་གཏེར་སྒྲོལ་མའི་ཟབ་


JKT015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་གི་ལེགས་སོ་གསུམ་གྱི་དོན་ཁྲིད་ལ་གཉིས། ལོ་རྒྱུས་དང་། གདམས་པ། དངོས་སོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། འབྲས་བུ་འགྲུབ་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། ལེགས་སོ་དང་པོ་སོགས་སོ། །གཉིས་པ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་ཉམས་ལེན་ནོ། །དང་པོ་ནི། དེ་རྣམས་སོགས། གཉིས་པ་ལ་གསུམ། ལེགས་སོ་དང་aཔོ་ཐོག་མར་དགེ་བ་སྔོན་འགྲོ་ལྷ་མི་དང་ཉན་རང་ཐེག་པའི་ཁྲིད། ལེགས་སོ་གཉིས་པ་བར་དུ་དགེ་བ་ཐེག་ཆེན་སྤྱིའི་ཁྲིད། ལེགས་སོ་གསུམ་པ་ཐ་མར་དགེ་བ་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་ཁྲིད་དེ། དང་པོ་ལ་གཉིས། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ་ལྷ་མིའི་ཐེག་པའི་ལམ། སྐྱེས་བུ་འབྲིང་དང་ཐུན་མོང་བ་ཉན་རང་ཐེག་པའི་ལམ་མོ། །དང་པོ་ནི། དེ་ནས་ཉམས་ལེན་སོགས། གཉིས་པ། །མཐོ་རིས་སོགས། གཉིས་པ་ལེགས་སོ་བར་པ་སྐྱེས་བུ་ཆེན་པོའི་ལམ་རིམ་ལ་གཉིས། ཀུན་རྫོབ་བྱང་སེམས་ལ་བློ་སྦྱོང་ཚུལ་དང་། དོན་དམ་བྱང་སེམས་ཞི་ལྷག་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྡུག་བསྔལ་ཅན་གྱི་སོགས། གཉིས་པ་ལ་གསུམ། རྟེན་ཞི་གནས་བསྒོམ་བརྟེན་པ་ལྷག་མཐོང་བཙལ། །དེ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླང་བའོ། །དང་པོ་ནི། ཁྱད་པར་སོགས། གཉིས་པ་


JKT015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་ཡི་སོགས། གསུམ་པ་ནི། དབྱེར་མེད་སོགས། གསུམ་པ་ལེགས་སོ་ཐ་མ་མྱུར་ལམ་རྡོ་རྗེ་ཐེག་པ་ལ་བསླབ་པའི་ཚུལ་ལ་གསུམ། ཕྱི་བྱ་སྤྱོད་ལྟར་བསྙེན། ནང་རྣལ་འབྱོར་རྒྱུད་ལྟར་བསྒྲུབ་། གསང་བ་རྣལ་འབྱོར་བླ་མེད་ལྟར་སྒྲུབ་པ་ཆེན་པོས་ལས་ལ་སྦྱར་བའོ། །དང་པོ་ནི། ཆོས་རྣམས་སོགས། གཉིས་པ་ནི། ནང་ལྟར་སོགས། གསུམ་པ་ལ་གཉིས། ཁྱད་པར་གྱི་སྔོན་འགྲོ་དང་། དངོས་གཞིའི་རྣལ་འབྱོར་བཞིའི་བྱེ་བྲག་གོ །དང་པོ་ནི། ཁྱད་པར་གསང་བའི་སོགས། གཉིས་པ་ལ་བཞི། དང་པོའི་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོའོ། །དང་པོ་ནི་བསྐྱེད་པའི་རིམ་པ་སྟེ། དེ་ནས་སྒྲུབ་པ་ཆེན་པོ་སོགས། གཉིས་པ་ནི། ཤེས་རབ་རྣམ་པར་གྲོལ་བའི་ལམ་རྒྱུ་དུས་ཀྱི་ལྟ་བ་བསྐྱང་བ་སྟེ། འདི་ལ་གཉིས། ཐབས་ཀྱིས་སེམས་བཟུང་བ་དང་། གཉུག་མའི་ངང་བསྐྱང་བའོ། །དང་པོ་ནི། ལུས་གནད་སོགས། གཉིས་པ་ནི། དེ་གོམས་སོགས། གསུམ་པ་ནི། ཐབས་ངེས་པའི་ལམ་སྟེ། འདི་ལ་གསུམ། སྔོན་འགྲོ་རླུང་སྦྱང་བ་དང་། དངོས་གཞི་ཕོ་ཉའི་མྱུར་ལམ་བསྟེན་པ། གཏུམ་མོའི་དྲོད་ཀྱིས་བོགས་འདོན་པའོ། །དང་པོ་ནི། ཁ་སྦྱོར་སོགས། གཉིས་པ་ནི། རྩ་རླུང་སོགས། གསུམ་པ་ནི། བོགས་འདོན་


JKT015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། བཞི་པ་ནི་མཚན་མེད་འོད་གསལ་གྱི་རྫོགས་རིམ་སྟེ། འདི་ལ་གསུམ། རྟེན་གྱི་གཞི་བཅའ་བ། དེ་ཉིད་སྙིང་གི་བུམ་ཅན་གྱིས་བརྟན་པར་བྱ་བ། བརྟེན་པ་དཔེ་དོན་གྱི་འོད་གསལ་ལ་མཉམ་པར་བཞག་པ་དངོས་སོ། །དང་པོ་ནི། སྙིང་གའི་ཧཱུཾ་སོགས། གཉིས་པ་ནི། རླུང་གི་སོགས། གསུམ་པ་ནི། རང་བྱུང་སོགས། འདི་ལ་གསར་འགྱུར་སྒྲོལ་མ་རྣལ་འབྱོར་མའི་རྫོགས་རིམ་ལས། གཏུམ་མོ་མན་ཆད་རྣལ་འབྱོར་ཆེན་པོར་བཞག་ནས། གཏུམ་མོ་བསྒོམ་པ་ལུས་མི་ཤིགས་པའི་རྣལ་འབྱོར། སྣོད་བཅུད་དྭངས་མ་བསྡུ་བ་ངག་མི་ཤིགས་པའི་རྣལ་འབྱོར། ཐིག་ལེ་ལ་སེམས་བཟུང་ཞིང་རླུང་སྦྱོར་གྱིས་བརྟན་པ་ཡིད་མི་ཤིགས་པའི་རྣལ་འབྱོར་ཞེས་གསུངས་ཀྱང་། དོན་གྱི་གནད་གཅིག་པར་ཡོད་དོ། །གསུམ་པ་འབྲས་བུ་འགྲུབ་ཚུལ་གྱིས་དོན་བསྡུ་བ་ནི། མཚོན་བྱེད་སོགས་སོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་ཤུ་བྷཾ། །


previousདགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་ལེགས་སོ་གསུམ་གྱི་དོན་ཁྲིད་ཀྱི་བསྡུས་དོན།next