Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
པྲ་ཁྲིད་ཉམས་རིམ་བཞི་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   


 
previousཔྲ་ཁྲིད་ཉམས་རིམ་བཞི་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

པྲ་ཁྲིད་ཉམས་རིམ་བཞི་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

པྲ་ཁྲིད་ཉམས་རིམ་བཞི་པ་བཞུགས། །རྒྱ་གར་སྐད་དུ། སན་ཏི་མ་ཧཱ་ས་མ་ཏི་ཀྲ་མ་སྲ་ཏི་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཏིང་ངེ་འཛིན་གྱི་རིམ་པ་པྲ་ཁྲིད་ཉམས་ཀྱི་མན་ངག་ཞེས་བྱ་བ། སྐྱེ་ལུགས་གསུམ་ལྷུན་གྲུབ་གསུམ་དུ་རོ་གཅིག་པས་མཉམ་པ་ཉིད་ཀྱི་དོན་ལ་མངའ་བརྙེས་བས་རྒྱལ་པོ་ལེགས་པའི་བདག་ཉིད་པས་དཔལ་བླང་དོར་མེད་པས་ཀུན་ཏུ་བཟང་པོའི་དོན་དེ་ལ་མཇལ་ཞིང་གོམས་པས་ཕྱག་འཚལ་ལོ། ༈ །ངེས་པ་བྱ་བྲལ་རྫོགས་པའི་ལུང་དང་ལྡན་པའི་སློབ་དཔོན་དགའ་རབ་གྱིས། །བླང་དོར་རྩོལ་སྒྲུབ་རྒྱུ་འབྲས་སུ་འདོད་པ་ལས་གྲོལ་བས་ཤིན་ཏུ་རྣལ་འབྱོར་པ་གང་ཟག་དབང་པོ་ཡང་རབ་ཡི་དོན་ཆེད་དུ། །སྤྲོས་པ་དང་བྲལ་བས་བྱང་དེས་ཐམས་ཅད་ལ་ཁྱབ་པས་ཆུབ་རང་གསལ་བ་སེམས་ཀྱི་དོན་གོ་བར་སྟོན་པའི་པྲ་ཁྲིད་ཀྱིས། །མ་གཏང་ཡོངས་བྲལ་དུ་བསྒོམ་པའི་ཉམས་ཀྱི་རིམ་པ་བཞི་བསྟན་པར་བྱའོ། །ཞེས་འཆད་པར་ཞལ་གྱིས་བཞེས་ནས་རྩོལ་༼ལས་དང་པོ་པ་ལ་རེས་གནས་རེས་མི་གནས་༽པར་གོ་ཆ་གྱོན། ༈ དང་པོ་གནས་པའི་ཏིང་ངེ་འཛིན་ཡེ་ཤེས་གསང་བ་ལས་དང་པོ་གནས་པའི་ཏིང་ངེ་ཞེས་དྲང་། །གཉིས་པ་ལ་ནི་དེ་གོམས་ནས་མི་གཡོ་བར་གནས་པའི་ཏིང་ངེ་འཛིན། །གསུམ་པ་མཉམ་པ་ཉིད་མཉམ་བཞག་ཡོངས་ལ་བོར་ལ་རྗེས་ཐོབ་མདའ་ལྟར་བཙའ་དུ་སྦྱོར། །བཞི་པ་དེ་ཚད་དུ་ཕྱིན་པས་རྩོལ་སྒྲུབ་ལས་གྲོལ་ཏེ་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། ༈ །ལས་དང་པོ་ལས་འཁོར་བའི་འདུ་འཛི་གཡེང་བ་སྤངས་ནས་ནི། །གྲོང་ལས་རྒྱང་གྲགས་ཀྱིས་དཔགས་པའི་དགོན་པར་མན་ངག་གིས་མངོན་སུམ་པར་རྟོགས་པའི་དོན་ལ་མ་ཡེངས་པར་མཉམ་པར་བཞག་པའི་ཚེ། །བྱིང་རྒོད་ལ་སོགས་པ་སྐྱོན་གྱི་ཚོགས་རྣམས་མ་བྱུང་བར། །ཇི་སྲིད་དུ་གནས་པ་དེ་ཙམ་ལ་གནས་པའི་ཉམས་ཤེས་བྱའོ། ༈ །དེ་ཡང་དཔེར་ན་དཔེ་སྐྱེས་བུ་འཇིགས་པ་དང་བཅས་པ་ཞིག །ལམ་ལ་ཤིན་ཏུ་བགྲོད་པའི་ཚེ། །རང་ཡུལ་སྣང་བ་མཐོང་སློབ་ན། །སྡུད་པ་ལས། དགོན་པའི་ལམ་ནི་དཔག་ཚད་མང་པོར་ཞུགས་པའི་མི། །གནག་རྫི་མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་མཐོང་ན། །འདི་དག་གྲོང་དང་གྲོལ་ཁྱེར་ཉེ་བའི་རྟགས་སྙམ་སྟེ། །དབུགས་ཕྱིན་རྙེད་པར་འགྱུར་ཞིང་ཆོམ་རྐུན་འཇིགས་པ་མེད། །ཅེས་པ་དང་མཐུན་ནོ། །འཇིགས་པའི་རང་གི་མཚན་ཉིད་རྟོགས་ཤིང་དེའི་དོན་གོམས་པ་ཅུང་ཟད་ཡོད་པས་རེ་དོགས་དང་བྲལ་བའོ། །དེ་ཡང་ཁྱུང་ཆེན་ལས། གཟའ་བའི་ཡུལ་དང་བྲལ་བས་རེ་དོགས་མེད། །ཅེས་སོ། །རྟོག་པ་མེད་དང་འདྲ་སྣང་བ་སྒྱུ་མར་ཤེས་པས་ཞེས་པ་རང་ལོག་སྟེ་འཁོར་བའི་ཆོས་ལ་སྐྱོ་བ་༡དང་། །མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ། །རང་གི་གནས་ལ་མི་ཆགས་ཤིང་། །ཐག་རིང་གཞན་དུ་འགྲོ་བར་འདོད་དོ། ༈ །འབྲས་བུ་རྣལ་འབྱོར་པ་ལུས་དེ་འགོག་པ་འཆི་བའི་ཚེ། །ངེས་པར་མི་ལུས་ཐོབ་ནས་ནི། །ཆོས་སྤྱོད་པ་དང་ལྡན་གྱུར་པས། །སྐྱེ་བ་ཕྱི་མ་དེའི་ཚེ་ཆོས་ཉིད་བདེན་པ་མཐོང་ངོ་། ༈ །གནས་པ་གོམས་པས་འདིར་ཇི་སྲིད་མཉམ་པར་ངོ་བོ་བཞག་པ་དེའི་ཚེ། །བྱིང་རྒོད་ལ་སོགས་པའི་སྐྱོན་གྱི་ཚོགས་རྣམ་པ་རང་སར་འགེག་ནས། །རང་བྱུང་གི་ཡེ་ཤེས་རང་ཤར་པའི་དྲོད་ལུས་སེམས་བདེ་བ་དང་ལྡན། །དུས་ཉིན་མཚན་འདས་ཀྱི་བར་དུ་ཁྱད་པར་གནས་སོ། ༈ །མི་རྟོགས་ཐིག་ལེ་སྤྲོས་བྲལ་གྱི་ངང་ལ་གནས་པ་ནི། །རྦ་རླབས་ཀྱིས་མ་བསྐྱོད་རྙོག་པ་དྭང་བའི་དཔེ་རྒྱ་མཚོ་ཆེན་པོ་དང་། །རླུང་གིས་མི་གཡོ་ལྷན་ནེ་གསལ་བ་ཏིལ་གྱི་མར་མེ་འདྲ་བ། །དེ་ནི་ཡེ་ཤེས་བདེ་བའི་རང་ཤར་གྱི་དྲོད་ཅེས་བྱ་བར་དགོངས་སོ། ༈ །རླུང་གནས་པའི་དྲོད་ཀྱིས་ལུས་ཀྱི་ཟུངས་བྱས་པས་དེ་ཚེ་ཟས་དང་གོས་ཀྱི་རྟགས་འདུ་ཤེས་ཆུང་། །སྟེ་ཅུང་ཟད་ཀྱིས་ཚིམ། ཉོན་མོངས་ལ་སོགས་ཆགས་སྡང་རྣམས་མངོན་དུ་རྒྱུ་བ་ཟིལ་གྱིས་ནོན་པས་ཆུང་། །འཁྲུལ་པ་དག་ལ་སྙིང་རྗེ་དང་ཕན་སེམས་གོང་མ་ལས་འཕེལ་ནས་རབ་ཏུ་ཆེ། །ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟར་མཐོང་། སངས་རྒྱས་ལ་ཆོས་ཉན། ཡིད་དུ་འོང་བས་མེ་ཏོག་སྣ་ཚོགས་འཐོར། ལྷ་སྲིན་སྡེ་བརྒྱད་བྲན་བཞིན་ལས་བྱེད། བྱང་ཆུབ་ཆེན་པོའི་མཆོད་རྟེན་ལས་འཛེག་པ། རྨི་ལམ་རྟགས་བཟང་རབ་ཏུ་འབྱུང་། །སྟེ་བདུད་དང་ཆ་དབྱེ་བ་དགོས་སོ། ༈ །འབྲས་བུ་དེ་ལྟ་བུ་ཡི་རྣལ་འབྱོར་པ་ལས་ད་དུང་རང་དབང་མེད་པའི་སྐྱེ་ཤི་མངའ་བས། །འབྱུང་བ་ལྔ་ལས་གྲུབ་པའི་ལུས་པོ་ཞིག་པའི་ཚེ། །ལྷ་ཡི་ལུས་སུ་སྐྱེས་ཏེ་འབྲེལ་པའི་ཤུགས་ཀྱིས་རང་སེམས་རྟོགས་ནས་རིག་འཛིན་ཆེན་པོ་འཐོབ། །སྟེ། སློབ་དཔོན་ཨཱཪྱ་དེ་བས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་པས། དེ་ལྟའི་ཚེ་ཉིད་མ་འཕོས་པ་ལ་བག་ལ་ཉལ་ཟད་ནས་མངོན་སངས་རྒྱས། ༈ །ཚེ་མ་འཕོས་ན་མཉམ་པ་ཉིད་དུ་འཆར་བའི་ངོ་བོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རང་རྒྱུད་དུ་མ་གྲུབ་པས། །ཇི་ལྟ་བུར་ཡང་མ་གཟིགས་ཏེ། །འཁོར་འདས་དང་མཉམ་རྗེས་ཐམས་ཅད་མཉམ་པ་ངོ་བོ་ཉིད་དུ་གསལ། །ལོ་ཟླ་འདས་ཀྱང་དེ་བཞིན་དུ་ཁྱད་པར་གནས་སོ། ༈ །མཉམ་ཉིད་མི་གཡོ་ཆོས་ཀྱི་སྐུ་སྟེ་སྣང་ལ་ངོས་གཟུང་མེད་པ། །བཟུང་བས་དཔེ་མི་ཟིན་ཆུ་ཟླ་འདྲ། །རྟོག་མེད་མཉམ་ཉིད་དེ་ཉིད་ནི། །མ་བརྩལ་བར་མཐར་ཕྱིན་པས་ཁྱུང་ཆེན་ནམ་མཁར་ལྡིང་དང་མཚུངས། །འཚོ་བ་མེད་པས་མི་འཇིགས་པས་ཡོ་བྱད་འདུ་ཤེས་ཐམས་ཅད་འགོག །དགེ་མི་དགེ་ལ་རྣམ་རྟོག་མེད། །ཉོན་མོངས་སྒྲིབ་པ་བག་ལ་ཉལ་དང་བཅས་པས་རྣམ་པར་དག །བག་ཆགས་ཀྱི་འོས་ཀ་འགྱུར་ཏེ་ཉམས་ཀྱི་རྨི་རྟགས་ཐ་མལ་པ་ཐམས་ཅད་རྒྱུན་ཆད་དེ་དག་སྣང་སྣ་ཚོགས་འབྱུང་སྟེ་འདིར་བདུད་དང་ཆ་དབྱེ་མི་དགོས། །མཉམ་པ་ཉིད་ཀྱི་ངོ་བོ་གོམས་པ་ལས། །ལུས་མ་དོར་བར་ལམ་ལ་གནས་པ་དང་ས་ཡི་འབྲས་བུ་རིགས་འཛིན་ཐོབ། །དེ་ཡང་བགྲོད་དུ་མེད་པ་སྟེ། །དེ་ཚེ་དེ་ཉིད་ལ་མངོན་སངས་རྒྱས། ༈ །ཡེ་ཤེས་ལྷུན་གྱིས་གྲུབ་པ་རང་གི་ངོ་བོ་ནི་མཉམ་རྗེས་ལས་འདས་ཏེ་ཆོས་ཀྱི་སྐུའོ། ༈ །དཔེ་ནི་དཔེ་མེད་ནམ་མཁའ་དང་འདྲའོ། ༈ །རྟགས་ནི་གཟུགས་སྐུ་གཉིས་ཀྱི་སངས་རྒྱས་ཀྱི་རྫུ་འཕྲུལ་སྣ་ཚོགས་འབྱུང་སྟེ་བདུད་དང་ཆ་བརྟག་དགོས་མི་དགོས་ཀྱི་ཐ་སྙད་མེད་དོ། ༈ །འབྲས་བུ་སངས་རྒྱས་དེ་ཉིད་དོ། །རྫོགས་པ་ཆེན་པོ་པྲ་ཁྲིད་ཉམས་ཀྱི་པྲ་ཁྲིད་ཀྱི་རིམ་པ་ཞེས་བྱ་བ་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། ༈ །།ལྷ་རྗེ་བདེ་གཤེགས་ཀྱི་འགྲེལ་པ་ལས་བསྡུས་ཏེ། མཆན་བུ་སེའི་བནྡེ་འབྱུང་ལྡན་གྱིས་བཏབ་བོ།། །།


previousཔྲ་ཁྲིད་ཉམས་རིམ་བཞི་པ་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next