Nitartha Digital Library
Tibetan
 
previousགཉིས་པ། བར་དུ་དགེ་བ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གནས་བསྟན་པ།next

གཉིས་པ། བར་དུ་དགེ་བ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གནས་བསྟན་པ།

སྤྱི་དོན་གཉིས་པ་ནང་ཁྱད་པར་གྱི་ལམ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་བར་དུ་དགེ་བའི་ཁྲིད་ཀྱི་རིམ་པ་རྒྱ་ཆེར་བསྟན་པ་ལ། བླ་མ་བརྒྱུད་པའི་རིམ་པ་དང་། གདམས་ཁྲིད་གཉིས་ལས། དང་པོ་ནི། སྤྱིར་གསང་སྔགས་གསར་རྙིང་གི་རྒྱུད་སྡེའི་གནས་མང་དུ་ཐོས་ཤིང་དེ་དག་གི་མན་ངག་ཐམས་ཅད་འདུས་པའི་སྙིང་པོ་ཡིན་པས་བརྒྱུད་རིམ་དུ་མ་དགོད་པ་ཡོད་མོད་ཀྱང་། འདིར་གཙོ་བོའི་དབང་དུ་བྱས་ཏེ་གསང་སྔགས་རྙིང་མ་ངེས་པ་དོན་གྱི་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བླ་མ་བརྒྱུད་རིམ་བསྟན་པ་ནི། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་དང་གསུམ་ལས།

དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པོས་གནས་རིགས་སོ་སོར་མི་མ་ཡིན་གྱི་རིགས་འཛིན་ཐ་དད་ལ་བརྒྱུད་པའོ། །

གཉིས་པ་ནི། ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་ཛས་ཞུས་པ། དེ་ནས་རིམ་པ་བཞིན། ཨིནྡྲ་བྷཱུ་ཏི། སྲས་ཤཱཀྱ་བྷཱུ་ཏི། ཀུ་ཀུ་རཱ་ཛ། ནཱ་གཱརྫུ་ན། པདྨ་སཾ་བྷ་ཝ། བི་མ་ལ་མི་ཏྲའོ། །

གསུམ་པ་ནི། གཉགས་ཀུ་མཱ་ར། རྨ་རིན་ཆེན་མཆོག །ཀྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། གནུབས་སངས་རྒྱས་ཡེ་ཤེས། སྤ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །བེགས་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། མཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། དེས་བསམ་ཡས་པ་ངག་གི་དབང་པོ་ལའོ། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་མཆོག །ཡོན་ཏན་རྒྱ་མཚོའི་ཕ་(༣༥)རོལ་ཕྱིན། །རླབས་ཆེན་འཕྲིན་ལས་དཔག་ཏུ་མེད། །བླ་མ་ཀུན་ལ་ཕྱག་འཚལ་ལོ། །

གཉིས་པ་གདམས་ཁྲིད་རྒྱ་ཆེར་བསྟན་པ་ལ། བྱ་བ། སྤྱོད་པ། རྣལ་འབྱོར། རྣམ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་བསྐྱེད་རྫོགས་བསྟན་པ་དང་བཞི་ལས། དང་པོ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་གསང་སྔགས་གཉིས། འབྲས་བུ་སངས་རྒྱས་བསྒྲུབ་པར་དོན་གཅིག་ནའང་། སྔགས་ཀྱི་ཐེག་པ་བསྒྲུབ་ཚུལ་གྱི་ལམ་ཟབ་ཅིང་རྒྱ་ཆེ་བའི་གནས་ལ་མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་བ་ཆུང་བ་དང་། དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པས་ཁྱད་པར་དུ་འཕགས་པའི་ཕྱིར། གང་ཟག་གཅིག་མྱུར་དུ་འཚང་རྒྱ་བར་བྱེད་པའི་ཐེག་པ་བླ་ན་མེད་པ་སྟེ། དེའང་གང་ཟག་གཅིག་གི་རྒྱུད་ལ་དེ་གཉིས་བསྒྲུབ་པ་ནའང་། མཚན་ཉིད་ཀྱི་ཐེག་པ་སྔགས་སུ་འཇུག་པའི་ལམ་སྟེགས་སྔོན་འགྲོའི་ཆོས་ཡིན་ལ། སྔགས་ལམ་དངོས་གཞིར་འབྱུང་བས། འདིར་དེ་བསྒོམས་པའང་དང་པོར་འཇུག་པའི་སྒོ་ཀྲཱི་ཡའི་ཐེག་པ་ཡིན་ཞིང་། དེའི་ལྷ་ཐུགས་རྗེ་ཆེན་པོ་ལ་སོགས་པ་སྟེ། ཁྲུས་དང་གཙང་སྦྲ་སྔོན་དུ་སོང་བས་འཇུག་པ་ལས། འདིར་ཐུགས་རྗེ་ཆེན་པོ་བསྒོམ་པའི་ཚུལ་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་སྟེང་དུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། རལ་པའི་ཐོར་གཙུག་ཅན། རིན་པོ་ཆེའི་དབུ་རྒྱན་དང་། མགུར་ཆུ་དང་། དོ་ཤལ་དང་། ཕྱག་གདུབ་དང་། ཞབས་གདུབ་ཏུ་བྱས་པ། དར་གྱི་ཤམ་ཐབས་ཅན། རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ཕྲེང་བ། གཡོན་འོག་མ་པདྨ་དཀར་པོ་བསྣམས་པ། ཐུགས་ཀར་པད་ཟླའི་དབུས་སུ་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བ་ལས་འོད་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ལ་ཕོག །སྡིག་སྒྲིབ་ཐམས་ཅད་དག །ཐམས་ཅད་ཡི་གེ་བདུན་པ་བརྗོད་པར་བསམས་ལ། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ། ཞེས་གདངས་སྙན་པོས་བཟླས་པའི་མཐར་ཐུགས་རྗེ་ཆེན་པོའི་སྐུའི་འོད་ཟེར་སེམས་ཅན་ལ་ཕོག་པས་སྟོང་པར་ཡལ། བདག་ཀྱང་སྟོང་པར་ཡལ། ཐུགས་རྗེ་ཆེན་པོའང་དམིགས་པ་མེད་པའི་ངང་ལ་དར་ཅིག་བཞག་ནས་བསྔོ་བ་བྱའོ། །འདི་ནི་སྡིག་སྒྲིབ་སྦྱོང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་ཟབ་བོ། །ཁྲིད་རྐང་དགུ་བཅུ་རྩ་གསུམ་པའོ། །

དེ་ནས་སྤྱོད་པའི་རྒྱུད་ནི། བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་བཞུགས་པ་ཡིན་ཏེ། རེ་ཞིག་རྗེ་བཙུན་མི་གཡོ་བ་བསྒོམ་པ་དང་སྦྱར་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ་གིས་ཆོས་ཐམས་ཅད་སྟོང་པའི་ངང་ལས། པདྨ་དང་ཉི་ཟླའི་སྟེང་དུ་རང་ཉིད་མི་གཡོ་བ་དཀར་པོ་ཞལ་(༣༦)གཅིག་སྤྱན་གསུམ། ཡ་སོས་མ་མཆུ་མནན་པ། སྨ་ར་དང་དབུ་སྐྲ་དམར་སེར་ཅན། ཕྱག་གཡས་རལ་གྲི་སྤྱི་བོར་གདེངས་ཤིང་། གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏད་པ། ཞབས་གཡས་ཀྱི་པུས་མོས་ཉི་མ་ལ་བཙུགས་ཤིང་། གཡོན་པའི་མཐིལ་གྱིས་ཟླ་བ་མནན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་དར་གྱི་ཤམ་ཐབས་ཅན། ཐུགས་ཀར་པདྨ་དང་ཟླ་བའི་དབུས་སུ་ཧཱུཾ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། རང་གི་མདུན་དུའང་དེ་ཁོ་ན་འདྲ་བའི་མི་གཡོ་བ་བསམས་པའི། རང་གི་ཐུགས་ཀའི་ཧཱུཾ་ལ་སྔགས་ཕྲེང་འཁོར་བ་མདུན་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ལྟེ་བ་ནས་རང་གི་ལྟེ་བར་ཞུགས་ཏེ་འཁོར་བའི་འོད་ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཤེས་རབ་དང་། ཏིང་ངེ་འཛིན་དང་། རྟོགས་པ་དང་། ཚེ་དང་། བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་གི་སྙིང་གའི་ཧཱུཾ་ལ་ཐིམ་པས་རང་ཉིད་ཡོན་ཏན་དེ་དག་དང་ལྡན་པར་བསམས་ལ། ༀ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་ཅི་འགྲུབ་ཏུ་བརྗོད་ནས། སྔགས་ཕྲེང་སྙིང་གར་བསྡུས་ཏེ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པའི་ངང་ལ་བསྔོ་བ་བྱའོ། །ཁྲིད་རྐང་དགུ་བཅུ་རྩ་བཞི་པའོ། །

དེ་ནས་རྣལ་འབྱོར་གྱི་རྒྱུད་ནི། བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་དགུག་གཤེགས་བྱས་ནས་དངོས་གྲུབ་འདོད་པ་ཡིན་ཏེ། འདིར་རེ་ཞིག་ངན་སོང་སྦྱོང་བ་དང་སྦྱར་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་པའི་ངང་ལས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་། པདྨ་དང་ཉི་མའི་སྟེང་ན་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་ལས་མེ་དཔུང་འབར་བས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ། རྡོ་རྗེའི་རྭ་བ་གུར་བླ་རེས་གཏམས་ཤིང་སྤྲུལ་པའི་ཁྲོ་བོ་མང་པོ་སྐུ་ལས་འཕྲོ་བར་བསམས་ལ། མཐེ་བོང་དང་གུང་སྲིན་སྦྱར་བ་བཀན། མཐེའུ་ཆུང་གཉིས་སྦྲེལ། མཛུབ་མོ་ཕྱིར་བརྐྱང་ཞིང་། ༀ་བཛྲ་སཏྭ་ཀྲོ་དྷ་ཨཱ་ན་ལཱརྒ་མཧཱ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་བ་བི་དྲ་བ་སརྦ་ཨ་ཕ་ལ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ནཾ་ཧཱུཾ་ཕཊ། ཅེས་པ་གསུམ་གྱིས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། དེ་ནས་དེའི་ཐུགས་ཀར་སྟོང་པའི་ངང་ལས་སེང་གེ་དང་པད་ཟླའི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་དཀར་པོ་ཞལ་བཞི་ཕྱག་གཉིས་མཉམ་པར་གཞག་ཅིང་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྩ་ཞལ་དཀར་བ། གཡས་ཞལ་སེར་བ། གཡོན་ཞལ་དམར་བ། རྒྱབ་ཞལ་ལྗང་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ༀ་ལ་རྩ་རིག་གིས་བསྐོར་བར་བསམས་ལ། (༣༧)འོག་མིན་གྱི་གནས་ནས་དེ་ཁོ་ན་འདྲ་བའི་ཀུན་རིག་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བ་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམས་ལ། སྙིང་གའི་རྩ་རིག་ལས་འོད་འཕྲོས་བདག་དང་འགྲོ་དྲུག་གི་སྒྲིབ་པ་སྦྱངས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་པར་བསམ་ཞིང་། ༀ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི། པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླས་ནས། ཕྱིའི་མཆོད་པ་སྤོས་མེ་ཏོག་ལ་སོགས་པས་མཆོད་དེ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་དེ་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །ཞེས་བསྟོད་ནས། ༀ་བཛྲ་མུཿས་སྤྱན་དྲངས་པའི་ཡེ་ཤེས་པ་འོག་མིན་དུ་གཤེགས། དམ་ཚིག་པ་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་ཏེ་ༀ་གྱི་བར་ཐིམ་ནས། དེ་ཡང་མི་དམིགས་པའི་ངང་ལ་དར་ཅིག་མཉམ་པར་གཞག །དགེ་བ་སེམས་ཅན་དོན་དུ་བསྔོ་བ་བྱ་བའོ། །འདིས་ནི་མཚམས་མེད་པ་ལྔའི་ལས་ཀྱང་འཛད་པར་གསུངས་པས་ཕན་ཡོན་ཤིན་ཏུ་ཆེའོ། །ཁྲིད་རྐང་དགུ་བཅུ་རྩ་ལྔ་པའོ། །

དེ་ནས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གསུམ་ལས། དང་པོ་ཕ་བླ་ན་མེད་པ་ནི། ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་དུ་ཡེ་ནས་སངས་རྒྱས་པའི་དོན་གསལ་འདེབས་པ་ཙམ་དུ་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་ཉམས་སུ་ལེན་པ་ཡིན་ཏེ། དཔལ་གསང་བ་འདུས་པ་ལ་སོགས་པའོ། །འདིར་རྟ་མཆོག་རོལ་པའི་རྒྱུད་དང་སྦྱར་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཧྲཱིཿདང་མཿཡོངས་སུ་གྱུར་པ་ལས། རྟ་མགྲིན་ཡབ་ཡུམ་འཁྲིལ་སྦྱོར་བརྐྱང་བསྐུམ་དུ་བཞུགས་པའི་ཡབ་ཀྱིས་ཕྱག་གཡས་དབྱུག་ཏོ་གདེངས་ཤིང་། གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏད་པ། ཡུམ་གྱིས་ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས་པ། གཉིས་ཀའང་ཞལ་གཅིག་སྤྱན་གསུམ་པ་སྐུ་མདོག་དམར་ཞིང་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡབ་ཀྱི་དབུ་གཙུག་ན་རྟ་མགོ་ལྗང་ཞུར་ལས་རྟ་སྐད་ཕྱོགས་མཚེར་བ། ཞིང་ཆེན་གྱི་གཡང་གཞི་དང་སྟག་གི་ཤམ་ཐབས་དང་ཐོད་ཕྲེང་གི་སེ་རལ་ཁ་འཕྱངས་པ། སྐུ་ཆེ་ལ་ཡན་ལག་རགས་པ། སྐུ་ལས་བསྐལ་པའི་མེ་འབར་བས་སྟོང་ཁམས་ཐམས་ཅད་སྲེག་པར་བྱེད་པ། ཐུགས་ཀར་པདྨ་(༣༨)དང་ཉི་ཟླའི་སྟེང་ན་ཧཱུཾ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསམས་ལ། ཡེ་ཤེས་པ་བསྟིམས་ནས། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམས་ལ། སྙིང་གའི་ཧཱུཾ་ལས་མེའི་ཚ་ཚ་དང་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པ་འཕྲོས་ཏེ་སྟོང་ཁམས་ཐམས་ཅད་གཡོ་བ་ལྡེག་པ་མེར་བ་འཁྱམས་པར་བསམས་ལ། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པ་ཅི་འགྲུབ་བཟླས་པའི་མཐར། དེ་དག་ཐམས་ཅད་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ་ནས། དེ་ཡང་བི་ན་དྷུའི་བར་མི་དམིགས་པ་ཆོས་ཉིད་ཀྱི་ངང་དུ་བཞག་ནས་བསྔོ་བ་བྱའོ། །ཁྲིད་རྐང་དགུ་བཅུ་རྩ་དྲུག་པའོ། །

དེ་ནས་བླ་ན་མེད་པ་ནི། ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་སངས་རྒྱས་པའི་དོན་བསྐྱེད་རྫོགས་བདེ་བ་ཆེན་པོས་ཉམས་སུ་ལེན་པར་འདོད་དོ། །དཔལ་བདེ་མཆོག་འཁོར་ལོ་ལ་སོགས་པའོ། །འདིར་ཧེ་རུ་ཀ་གལ་པོ་དང་བསྟུན་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ། ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བས། པདྨ་དང་ཉི་ཟླའི་སྟེང་དུ་རང་ཉིད་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བགྲད་པ། མཐིང་ནག་གཡས་དཀར་གཡོན་དམར་སྤྱན་གསུམ་གསུམ་དང་ཞལ་མཆེ་བ་གཙིགས་པ། ཕྱག་དྲུག་གཡས་ཀྱི་དང་པོ་རྡོ་རྗེ། བར་མ་བྷནྡྷ། ཐ་མ་ཐང་གཤོལ། གཡོན་དང་པོ་དྲིལ་བུ། བར་མ་ཁ་ཊྭཱཾ་ག །ཐ་མ་རྔ་ཆུང་བསྣམས་པ། ཡུམ་བཛྲ་ཀྲོ་དྷཱི་ཤྭ་རི་མ་མཐིང་ག་ཞལ་གཅིག་ཕྱག་གཉིས། གཡས་ཁུ་ཚུར་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་བྷནྡྷ་ཁྲག་གིས་བཀང་བ་ཡབ་ལ་སྟོབས་པ། ཞབས་གཉིས་བཅོམ་ལྡན་འདས་ཀྱི་བརླ་ལ་འཁྲིལ་པ། གཉིས་ཀའང་རིན་པོ་ཆེ་དང་། རུས་པ་དང་། མི་མགོའི་ཕྲེང་བ་ལ་སོགས་པས་བརྒྱན་པ། དཔལ་གྱི་ཆས་བརྒྱད་ཀྱིས་བརྗིད་པ། མེ་རི་འབར་བའི་ཀློང་ན་བཞུགས་པའི་གཙོ་བོའི་ཐུགས་ཀར་པདྨ་ཉི་ཟླའི་དབུས་སུ་རྡོ་རྗེ་ནས་ཙམ་པ་རྩེ་དགུ་པའི་དབུས་ཀྱི་སྲོག་ཤིང་ལ་ཧཱུཾ། རྭ་བརྒྱད་ལ་ནང་དུ་བལྟ་བའི་རུ་ལུ་འབྲུ་བརྒྱད་སྤུས་བྲིས་པ་ཙམ་འོད་འབར་བ་རེ་རེ་བསམས་ལ། ཡེ་ཤེས་པ་བསྟིམས་ནས་ཡི་གེ་གསུམ་གྱིས་རྒྱས་གདབ། མི་བསྐྱོད་པ་ཚོན་གང་བས་དབུ་བརྒྱན་པར་བསམས་ལ། ཧཱུཾ་དང་རུ་ལུ་འབྲུ་བརྒྱད་ལས་སྔགས་ཕྲེང་འཐོན་ནས་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཏེ། སྐུའི་དབྱིབས་བརྒྱུད་མཁའ་གསང་ནས་ཐུགས་ཀའི་ཧཱུཾ་གི་ཞབས་ལ་ཐིམ་ཞིང་འཁོར་བའི་འོད་ཀྱིས། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས། དཔལ་ཆེན་པོའི་གོ་འཕང་ལ་བཀོད་དོ། །འཕགས་པ་མཆོད། དངོས་གྲུབ་ཀྱི་དབྱིག་ཐམས་ཅད་བསྡུས་ནས་སྙིང་གའི་རུ་ལུ་ལ་ཐིམ་པར་བསམ་ཞིང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླས་སོ། །དེ་ནས་རྫོགས་པའི་རིམ་པ་གཉིས་ལས། སྣང་བཅས་བསྒོམས་ན། སྙིང་གའི་རུ་ལུ་ཕྲ་མོ་དེ་ཉིད་ལ་སེམས་མ་ཡེངས་པར་དར་ཅིག་བཟུང་བས། དེ་ཡང་ཡིད་ལ་(༣༩)མེད། གཞན་ཡང་མེད་པར་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་བས་དེའི་ངང་ལ་གློད་ནས་བསྒོམ་མོ། །སྣང་མེད་ནི། སྣང་བ་ཐམས་ཅད་ཚུར་འདུས་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཐུགས་ཀའི་རྡོ་རྗེ་ལ་ཐིམ། དེ་ཡང་རུ་ལུ་འབྲུ་བརྒྱད་ལ་ཐིམ། དེ་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་འ་ལ་ཐིམ། འ་ཁོག་པ་ལ་ཐིམ། ཁོག་པ་ཟླ་ཚེས་ལ་ཐིམ། ཟླ་ཚེས་བིན་དྷུ་ལ་ཐིམ། བིན་དྷུ་ཆོས་ཀྱི་དབྱིངས་སུ་ཐིམ་པས། བལྟར་མེད་བསམ་དུ་མེད་པའི་ངང་ལ་གཞག་གོ། །རྗེས་བསྔོ་བ་བྱའོ། །ཤིན་ཏུ་ཟབ་ལམ་མོ། །ཁྲིད་རྐང་དགུ་བཅུ་རྩ་བདུན་པའོ། །

དེ་ནས་གཉིས་སུ་མེད་པ་བླ་ན་མེད་པའི་རྒྱུད་ཀྱི་དོན་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་བསྒོམ་པ་ལ། བསྐྱེད་རྫོགས་སྤྱིར་བསྒོམ་པ་དང་། ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་གཉིས་ལས། དང་པོ་ལ། སྐྱེ་བ་བཞིའི་བག་ཆགས་སྦྱོང་ཚུལ་ལ་ལྟོས་ནས་བསྒོམ་ཚུལ་བཞི་ལས། སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མདུན་གྱི་ནམ་མཁར་ཞི་ཁྲོའི་དཀྱིལ་འཁོར་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་དང་སྡོམ་པ་བཟུང་བ་རྣམས་ཡེ་ཤེས་སྐུ་མཆོག་གི་ཚིག་གི་ཕྱིར་སེམས་གཞོལ་བས་བྱས་ཏེ། སླར་ལང་བཛྲ་མུཿས་སྟོང་པའི་ངང་དུ་མཉམ་པར་བཞག་ནས། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེ་འཛིན་བསྒོམས་པའི་ཨ་དཀར་ལས་ལྷའི་ས་བོན་དཀྱིལ་འཁོར་སོ་སོའི་གདན་ལ་བབས་ནས། ལྷར་གྱུར་པའི་ཚུལ་གྱིས་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་པ་བསྟིམ་ནས། མཆོད་པ་དང་། བསྟོད་པ་དང་། འཕྲོ་འདུ་འཛབ་ཀྱི་བཟླས་པའི་བར། རྒྱས་པར་བྱས་ནས་ཚོགས་ལ་རོལ་པའམ་མེད་ཀྱང་རུང་སྟེ། རྫོགས་རིམ་གཉིས་པོ་བསྒོམས་ལ་བསྔོ་བ་བྱའོ། །འདི་དག་རྒྱས་པར་ཞི་བ་རིན་པོ་ཆེའི་དྲྭ་བ་དང་། ཁྲོ་བོ་སྣང་བ་རྒྱན་དུ་བལྟ་བར་བྱའོ། །ཁྲིད་རྐང་དགུ་བཅུ་རྩ་བརྒྱད་པའོ། །

དེ་ནས་མངལ་སྐྱེས་སྦྱོང་བ་རྒྱས་པ་འབྲིང་གི་བསྒོམ་ཚུལ་ནི་སྔར་ལས། བསོད་ནམས་ཞིང་བསམ་སྟེ་མི་དམིགས་པ་བོར་ལ། གཞན་དེ་དང་འདྲ་བར་བསྒོམ་པའོ། །ཁྲིད་རྐང་དགུ་བཅུ་རྩ་དགུ་པའོ། །

དེ་ནས་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱང་བའི་ཕྱིར་བསྡུས་པ་བསྒོམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རྣམས་སོ་སོའི་མཚན་བརྗོད་པ་ཙམ་གྱིས་ཞི་ཁྲོའི་ལྷར་གསལ་བཏབ་པས། འདི་ནི་དབང་རྫོགས་ཞེས་པ་ནས། །ཐམས་ཅད་ལྷ་དང་ལྷ་མོའི་ངང་། །ཞེས་པའི་བར་ལན་ཅིག་བརྗོད་ནས་རང་ཉིད་ཡེ་ནས་ལྷའི་རང་བཞིན་དུ་སངས་རྒྱས་པའི་ངོ་བོར་རྟོགས་པ་ལས། ཐུགས་ཀའི་པདྨ་ཉི་ཟླའི་སྟེང་གི་ཀུན་བཟང་ཡབ་ཡུམ་གྱི་ཧཱུཾ་ལས་འོད་འཕྲོས། མ་རྟོགས་པའི་སེམས་(༤༠)ཅན་གྱི་སྒྲིབ་པ་སྦྱངས། ལྷར་གྱུར། འཕགས་པ་མཆོད། སྔགས་ཀྱི་རང་སྒྲས་འཇིག་རྟེན་ཁྱབ་པར་བསམས་ལ། ༀ་ཨཱཿཧཱུཾ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་ཅི་འགྲུབ་བཟླས་ལ། རྫོགས་རིམ་གཉིས་གང་རུང་བསྒོམས་ནས་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱ་ཐམ་པའོ། །

དེ་ནས་རྫུས་སྐྱེས་ཀྱི་བག་ཆགས་སྦྱང་བ་ཤིན་ཏུ་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གསལ་བཏབ་ནས་སྔགས་བཟླས་ཏེ་རྫོགས་རིམ་བསྒོམས་པ་ལས། སྐབས་འདིར་སེམས་བསྐྱེད་ནས་ནམ་མཁའི་དཀྱིལ་དུ་ཉི་ཟླའི་སྟེང་ན་ཀུན་བཟང་ཡབ་ཡུམ་ཞལ་སྦྱར་རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་མཛད་པ་ལས། འོད་འཕྲོས་སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔའི་ཞིང་ཁམས་སུ་དག་པར་བྱས། འཁོར་འདས་ཐམས་ཅད་རོ་གཅིག་ཡེ་ནས་དག་པའི་སངས་རྒྱས་སུ་གསལ་བཏབ་ལ། ༀ་ཨཱཿཧཱུཾ་ཞེས་ཅི་འགྲུབ་བཟླས་ནས་དེའི་ངང་ལ་གློད་པས་བསམ་མི་ཁྱབ་པའི་འོད་གསལ་འཆར་རོ། །རྗེས་ལ་བསྔོ་བ་བྱའོ། །འདི་ནི་རྒྱལ་བ་གཅིག་བསྒོམས་ཀུན་གྱི་ངང་། །ཞེས་བྱ་སྟེ། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་དབང་ཕྱུག །རང་བྱུང་གདོད་མའི་མགོན་པོ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དམ་པ་བསྒོམ་པའི་ཕྱིར་རོ། །གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟོང་གསལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ཐམས་ཅད་འདི་ཡིས་བསྒོམ་པར་འགྱུར། །ཞེས་གསུངས་སོ། །ཁྲིད་རྐང་བརྒྱ་དང་གཅིག་པའོ། །

དེ་ནས་ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་ལ། བྱིན་རླབས་དངོས་གྲུབ་ཀྱི་གནད། སྔོན་འགྲོ་ལམ་སེལ་གྱི་གནད། དངོས་གཞི་ཁྱད་པར་གྱི་གནད་དང་གསུམ་ལས། དང་པོ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་པའི་ངང་ལས་རང་ཉིད་ལྷར་བསྐྱེད་པའི་སྤྱི་བོར་བླ་མའི་རྣལ་འབྱོར། ཡབ་ཡུམ་འཁྲིལ་སྦྱོར་ཅན་དཔའ་བོ་མཁའ་འགྲོ་ཟུང་འཇུག་མཛད་པར་བསྒོམས་ལ། མཆོད་པ་དང་། བསྟོད་པ་དང་། གསོལ་བ་བཏབ་ནས། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་ལུས་ངག་ཡིད་གསུམ་ལ་ཐིམ། དབང་དང་པོ་གསུམ་ཐོབ། དེ་ཐམས་ཅད་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པར་བསམས་ལ་དར་ཅིག་གློད་ལ་བཞག །རྗེས་ལ་བསྔོ་བ་བྱའོ། །འདི་ནི་བྱིན་རླབས་དངོས་སུ་བབ། རྟོགས་པ་ཤུགས་ལས་འཆར། ལམ་གྱི་བར་ཆད་སེལ། གེགས་དང་གོལ་ས་ཆོད། དངོས་གྲུབ་རྣམ་གཉིས་ཐོབ་པའི་ཕྱིར་རབ་ཏུ་གསང་བའི་གནད་དོ། །ཁྲིད་རྐང་བརྒྱ་དང་གཉིས་པའོ། །

དེ་ནས་སྔོན་འགྲོ་ལམ་སེལ་གྱི་གནད་ལ་གསུམ་ལས། རྩ་སྦྱང་པ་སྟོང་རའི་གནད་ནི། སྔོན་འགྲོ་བཤད་མ་ཐག་པ་ལྟར་བསྒོམས་ལ། འཁོར་ལོ་བཞིའི་དབུས་ན་རོ་རྐྱང་ཀུན་འདར་མ་གསུམ་ཀ་བའི་(༤༡)ཚུལ་དུ་ཡོད་པའི་ནང་སྦུག་མ་སྟོང་སང་ངེ་བ་ལ་དམིགས་པ་འཛིན་པ་ཡིན་ཏེ། གཙོ་མོ་དབུ་མའི་ནང་ཕྲུ་མ་ཕུས་བཏབ་པ་ལྟ་བུ། དང་པོ་མདའ་སྨྱུག་གི་ནང་ཙམ། དེ་ནས་སྤོས་དོང་ཙམ། དེ་ནས་བཞོ་ཟོའི་ནང་ཙམ། དེ་ནས་ལུས་ཐམས་ཅད་དབུ་མའི་ནང་ཙམ་དུ་བསྒོམ་མོ། །འདིས་ནི་རླུང་སེམས་ཐམས་ཅད་ངང་གིས་དབུ་མར་ཚུད་པའི་གནད་དོ། །ཁྲིད་རྐང་བརྒྱ་དང་གསུམ་པའོ། །

དེ་ནས་རླུང་སྦྱང་བ་སྲོག་གི་གནད་ནི། དེ་ལྟར་དབུ་མ་དང་འཁོར་ལོ་བཞི་སྟོང་པར་གསལ་བའི་གཡས་གཡོན་གྱི་རོ་རྐྱང་ཡར་སྣ་གཉིས་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང་། མར་སྣ་གཉིས་ལྟེ་བའི་འོག་སོར་བཞིའི་ཆ་སྤུ་ན་གུའི་ཐད་ནས་དབུ་མར་གུག་པའི་སྣ་ཚུད་པར་བསམས་ལ། རླུང་རོ་བུས་ནས་ཕྱིར་འཕང་དུས་ནད་དང་སྡིག་སྒྲིབ་ཐམས་ཅད་ཕྱིར་སངས། ནང་དུ་འདྲེན་དུས་སྣོད་བཅུད་བརྟན་གཡོའི་འཇིག་རྟེན། སངས་རྒྱས་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བཅས་པ་རླུང་གི་རྣམ་པས་སྣ་བུག་ནས་རོ་རྐྱང་གི་ནང་ལ་བྱུང་བ་དབུ་མའི་ནང་དུ་ཚུད་པ་ལ་དམིགས་པ་བཟུང་ནས། འཇམ་རླུང་དལ་བུས་འཛིན་ཅིང་། རང་བབ་ཀྱི་འབྱུང་རྔུབ་ལས་ཆ་བབས་སུ་འཛིན་པ་ནི་གནད་ཡང་དག་པའོ། །དེ་ལྟར་བྱས་པས་རླུང་སྐྱོན་མེད་པར་ངང་གིས་རླུང་ཟིན་ཅིང་འབྱོངས་པའི་གནད་དོ། །ཁྲིད་རྐང་བརྒྱ་དང་བཞི་པའོ། །

དེ་ནས་ཐིག་ལེ་སྦྱང་བ་རྩོལ་བའི་གནད་ནི། གཏུམ་མོའི་རྣལ་འབྱོར་བསྒོམ་པ་སྟེ། རླུང་བསྒོམས་པ་ཡན་ཆད་སྔར་བཞིན་བྱས་པའི་ལྟེ་བའི་ཐད་སྤྲུལ་པའི་འཁོར་ལོའི་དབུས་དབུ་མའི་ནང་ནས། མེའི་དྭངས་མ་རྒྱ་ཁབ་ཀྱི་རྩེའམ་ཉུངས་ཀར་གྱི་ཡང་ཞུན་ཙམ་ལ། ཨ་ཤད་ཀྱི་རྣམ་པ་ཅན་རེག་བྱ་ཤིན་ཏུ་ཚ་བ་ཞིག་བསྒོམས་ལ། རོ་རྐྱང་གི་རླུང་དབུ་མའི་མར་སྣར་ཞུགས་པའི་དྭངས་མ་དེས་སྤར་བས་མེ་རྟ་རྔའི་ཉག་ཙམ་འབར་བ། དབུ་མའི་ནང་བདེ་ཆེན་འཁོར་ལོའི་ཐད་ཀའི་དཀྱིལ་ན་ཧཾ་མགོ་ཐུར་དུ་བལྟ་བ་སྲན་མའི་གའུ་ཙམ་ལ་རེག་པས། ཐིག་ལེ་དཀར་དམར་གྱི་ཐིགས་པ་ཕྲ་མོ་མར་བབ། ལྟེ་བའི་མེའི་གསོས་བྱས། དེ་བས་ཀྱང་མེ་ཆེར་འབར་བ་བཞིན། ཧཾ་ལས་ཐིགས་པ་ཆེར་བབས་པས་དབུ་མའི་ནང་ཁེངས། དྭངས་མ་འཁོར་ལོ་བཞིའི་རྩ་འདབ་སྟོང་པ་རྣམས་གང་བ་ལ་མ་ཡེངས་པར་བསྒོམས་པས། ལུས་སེམས་བདེ་བ་ཆེན་པོ་ངང་གིས་འཆར་རོ། །ཁྲིད་རྐང་བརྒྱ་དང་ལྔ་པའོ། །

དེ་ནས་དངོས་གཞི་ཁྱད་པར་གྱི་གནད་ལ། ཡས་བསྟན་གྱི་ཡེ་ཤེས། མས་བསྟན་གྱི་ཡེ་ཤེས། ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་གསུམ་ལས། དང་པོ་ལ་བཞི་ལས། བདེ་ཆེན་འཁོར་ལོའི་མན་ངག་ནི། འཁོར་ལོ་བཞིའི་དབུས་ན་དབུ་མ་ཡེ་ཤེས་ཀྱི་རྩ་ལ། དྭངས་མའི་དྭངས་མ་དཀར་དམར་འདྲེས་པ་ཉུངས་འབྲུ་ཙམ་གྱི་རྟེན་ལ། འོད་ལྔའི་གོང་བུ་སྲན་མ་རྡོག་པོ་ཙམ་རེ་བསམས་པའི་སྤྱི་གཙུག་གི་དྭངས་མ་ཉུངས་འབྲུ་ཙམ་ལ་མགྲིན་པའི་དྭངས་མ་འོད་དང་བཅས་པའི་དྲོད་(༤༢)ཀྱིས་བཞུ་བས། བྱང་ཆུབ་སེམས་ཀྱི་ཐིགས་པ་སྐྲའི་ཉག་ཙམ་བབ་པས་སྤྱི་བོའི་རྩ་འདབ་དང་། མགྲིན་པའི་རྟེན་གྱི་དྭངས་མ་ལ་ཞུགས། ཚད་མེད་པའི་བདེ་བས་ཁྱབ་པར་བསམས་ལ་འཇམ་རླུང་རང་ཞིར་བཟུང་ངོ་། །ཁྲིད་རྐང་བརྒྱ་དང་དྲུག་པའོ། །

དེ་ནས་སྙིང་གའི་འོད་དང་དྭངས་མའི་དྲོད་ཀྱིས་མགྲིན་པའི་རྟེན་གྱི་དྭངས་མ་ཞུ་བས། ལོངས་སྤྱོད་འཁོར་ལོའི་རྩ་འདབ་དང་སྙིང་གའི་རྟེན་ལ་ཞུགས། ཟག་པ་མེད་པའི་བདེ་བ་སྐྱེས་པར་བསམ་མོ། །ཁྲིད་རྐང་བརྒྱ་དང་བདུན་པའོ། །

དེ་ནས་ལྟེ་བའི་འོད་དང་ཐིག་ལེའི་དྲོད་ཀྱིས་སྙིང་གའི་རྟེན་གྱི་དྭངས་མ་ཞུ་བས། ཆོས་ཀྱི་འཁོར་ལོའི་རྩ་འདབ་དང་། ལྟེ་བའི་རྟེན་གྱི་ཐིག་ལེ་ལ་ཞུགས། མཆོག་ཏུ་བདེ་བའི་ཡེ་ཤེས་སྐྱེས་པར་བསམ་མོ། །ཁྲིད་རྐང་བརྒྱ་དང་བརྒྱད་པའོ། །

དེ་ནས་སྙིང་གའི་འོད་དང་རྟེན་གྱི་དྭངས་མའི་དྲོད་མར་སོང་། ལྟེ་བའི་རྟེན་གྱི་དྭངས་མ་ཞུ་བའི་དྭངས་མ་རླངས་ཀྱི་ཚུལ་དུ་རགས་པ་མ་ཡིན་ཕྲ་ལ་དྭངས་པར་སྤྲུལ་པའི་འཁོར་ལོའི་རྩ་འདབ་དང་། རོ་རྐྱང་དབུ་མའི་ནང་ཀུན་ཁྱབ་པར་ཞུགས་པས་ཉེ་བར་ཞི་བའི་བདེ་བས་ཁྱབ་སྟེ། དགའ་བ་བཞིའི་ཡེ་ཤེས་སྐྱེས་པར་བསམ་མོ། །ཁྲིད་རྐང་བརྒྱ་དང་དགུ་པའོ། །

དེ་ནས་མས་བསྟན་གྱི་ཡེ་ཤེས་ལའང་བཞི་ལས། དང་པོ་སྙིང་གའི་འོད་ལས་ཟེར་འཕྲོས་ཏེ་ལྟེ་བར་སོང་བས་ཐིག་ལེ་རྟེན་དང་བཅས་པ་ཇེ་ཕྲ་ཇེ་ཆུང་ལ་ཡར་འདུས་སྙིང་གའི་འོད་དང་ཐིག་ལེ་ལ་ཐིམ་པའི་ངང་ལ་གཞག་གོ། །ཁྲིད་རྐང་བརྒྱ་དང་བཅུ་པའོ། །

དེ་ནས་འོད་ཟེར་མགྲིན་པར་འཕྲོས་ཇེ་ཕྲ་ལས་སྙིང་གར་འདུས་པའི་ངང་ལ་གཞག་གོ། །ཁྲིད་རྐང་བརྒྱ་དང་བཅུ་གཅིག་པའོ། །

དེ་ནས་ཡང་འོད་ཟེར་སྤྱི་བོའི་ཐིག་ལེ་རྟེན་དང་བཅས་པ་ལ་ཕོག་པས། ཇེ་ཕྲ་ཇེ་ཆུང་ལས་སྙིང་གར་འདུས་པའི་ངང་ལ་གཞག་གོ། །ཁྲིད་རྐང་བརྒྱ་དང་བཅུ་གཉིས་པའོ། །

དེ་ནས་སྙིང་གའི་རྩ་འདབ་ཀྱི་དྭངས་མ་ལ་འདུས། དེ་ཡང་བརྟེན་པ་ཐིག་ལེ་སྲན་མ་ཙམ་ལ་འདུས། འོད་ལྔ་པོའང་དབུས་ཀྱི་མཐིང་ག་ནམ་མཁའ་ལྟ་བུའི་ངང་དུ་འདུས། དེ་ཡང་གདངས་ཇེ་ཕྲ་ལས་མཐར་ཡིད་ལ་མི་བྱེད་པ་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་དག་པའི་ངང་ལ་མཉམ་པར་གཞག་གོ། ། ཁྲིད་རྐང་བརྒྱ་དང་བཅུ་གསུམ་པའོ། །

དེ་ནས་ཀུན་ཏུ་བཟང་མོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི། དེའི་ཚེ་ལུས་རི་རྒྱལ་ལྟར་མི་གཡོ། ངག་ལྐུགས་པ་ལྟར་མི་བརྗོད། སེམས་ནམ་མཁའ་ལྟར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ལ། རང་གསལ་དྭངས་དང་བཅས་པའི་རིག་པ་གསལ་དྭངས་ཕྱེད་པའི་སྣང་ཆ་ནི་ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། དེ་གཉིས་དབྱེར་མེད་རིག་པ་ཕྱི་ནང་བར་མེད་དུ་ཕྱམ་གདལ་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀུན་བཟང་ཡབ་ཡུམ་ཟུང་འཇུག་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཞེས་བྱའོ། །ཚུལ་(༤༣)འདི་ནི་སྒྱུ་འཕྲུལ་དོན་གྱི་རྫོགས་རིམ་བླ་ན་མེད་པའི་མཐར་ཐུག་ངེས་པ་དོན་གྱི་བཅུད་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་གནད་བསྟན་པའོ། །ཁྲིད་རྐང་བརྒྱ་དང་བཅུ་བཞི་པའོ། །

ཚུལ་འདི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ། །ཟབ་ཅིང་རྒྱ་ཆེ་གསང་བ་མཆོག་གི་གནས། །མྱུར་དུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན། །སྐལ་བཟང་སྐྱེ་བོས་དང་དུ་བླང་བར་མཛོད། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །གསང་སྔགས་རྡོ་རྗེ་ཐེག་ལ་རབ་ཞུགས་ཏེ། །ཉིན་མཚན་རིམ་གཉིས་འཁོར་ལོའི་བཞོན་པ་ཡིས། །དངོས་གྲུབ་ཡིད་བཞིན་གླིང་དུ་ཕྱིན་པར་ཤོག །སྣ་ཚོགས་ཁམས་ཅན་འཁོར་བའི་རང་བཞིན་དང་། །གཉིས་མེད་མྱ་ངན་འདས་པ་རོ་གཅིག་ཏུ། །ནམ་ཞིག་ནུས་ལྡན་ཐབས་ཀྱིས་འདྲེས་པའི་ཚེ། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་ཆར་འབེབས་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས། བར་དུ་དགེ་བ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གནས་བསྟན་པ་སྟེ་གཉིས་པའོ།། །།


previousགཉིས་པ། བར་དུ་དགེ་བ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གནས་བསྟན་པ།next