Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
ཚེ་སྒྲུབ་པའི་ཏིང་ངེ་འཛིན་གྱི་དོགས་སེལ་དུ་སྨོས་པ་འོད་ཀྱི་ཐུར་མ།
  
  
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousཚེ་སྒྲུབ་པའི་ཏིང་ངེ་འཛིན་གྱི་དོགས་སེལ་དུ་སྨོས་པ་འོད་ཀྱི་ཐུར་མ།next

ཚེ་སྒྲུབ་པའི་ཏིང་ངེ་འཛིན་གྱི་དོགས་སེལ་དུ་སྨོས་པ་འོད་ཀྱི་ཐུར་མ།


LT36_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་པའི་ཏིང་ངེ་འཛིན་གྱི་དོགས་སེལ་དུ་སྨོས་པ་འོད་ཀྱི་ཐུར་མ་བཞུགས་སོ།། །།


LT36_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བརྫུ་སྦོམ་ཡོར་སྦུབས་བརྟོལ་ནས། །ཕྲ་ཞིབ་རྣམ་དཔྱོད་པདྨ་བྱེ། །དམ་པའི་འདུན་པ་མཛེས་བྱེད་པ། །དམ་པ་གང་དེར་ཕྱག་བྱར་འོས། །ཟབ་མོའི་དོན་ལ་དཔྱོད་པའི་བློ་གྲོས་ཀྱིས། །ལྔ་བརྒྱ་ཐ་མའི་བསྟན་པ་ཐག་བསྲིང་བས། །ཡི་རངས་ཨུཏྤལ་དབྱར་གྱི་དགའ་ཚལ་བཞིན། །གྲོལ་བ་གང་དེས་བདེན་ཚིག་སྦྲང་རྩི་སྐྱུགས། །དེའང་གཞན་དྲིང་མི་འཇོག་བར་སྔ་འགྱུར་བསྟན་པ་སྣང་བྱེད་མཚུངས་ཟླ་བྲལ་བ་རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་གིས། གར་དབང་ཚེ་སྒྲུབ་ཀྱི་དོགས་གནས་དྲིས་ལན་ཏུ་འདི་སྐད་དུ། སྤྱིར་གསར་རྙིང་གི་ཚེ་སྒྲུབ་འདི་རྣམས་ཀྱི་བསྙེན་དམིགས་ལ་འདྲ་མིན་སྣ་ཚོགས་ཤིག་སྣང་ཕྱིར་དཔྱད་གཞི་ཆེ་སྟེ། འདི་ལྟར་ཁ་ཅིག་ལས་ནི། རང་ཉིད་ལྷར་གསལ་བའི་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་འཁོར་འདས་ཀྱི་ཚེ་བཅུད་འབྱུང་བའི་དངས་མ་དང་


LT36_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐམས་ཅད་བསྡུས་ནས་རང་ལ་བསྟིམས་པས་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་པ་དང་། ཁ་ཅིག་ལས་ནི་ཐུགས་སྲོག་ལས་འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་བསྡུས། ཡང་འོད་ཟེར་མར་འཕྲོས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ནས་ཚེ་ལྷའི་གོ་འཕང་ལ་བཀོད་དེ་སླར་འདུས་པ་ཐུགས་སྲོག་ལ་ཐིམ་པས་རང་ཉིད་ཀྱང་གཟི་བྱིན་མཆོག་ཏུ་འབར་ཏེ་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བསམ་པ་དང་། ཡང་འགའ་ཞིག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་སེམས་ཅན་རྣམས་ཀྱིས་ཡེ་ཤེས་ཀྱི་ཚེ་གཞོམ་ཞིག་དང་བྲལ་བ་རྡོ་རྗེ་ལྟ་བུ་ཐོབ་པར་བྱས་པའི་རྗེས་སུ་དེ་དག་གི་འཇིག་རྟེན་པའི་ཚེའི་ལྷག་མ་ཐམས་ཅད་རང་ལ་བསྡུས་ཤིང་བསྟིམས་པས་རང་ཉིད་ཀྱང་འཆི་མེད་ཀྱི་ཚེ་དང་ལྡན་པར་གྱུར་བར་བསམ་པ་དང་། ཁ་ཅིག་


LT36_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་གི་ཚེ་ཉམས་པ་དང་། ལྷ་འདྲེ་མི་གསུམ་གྱིས་བརྐུས་ཤིང་ཕྲོག་པ་དང་། འབྱུང་བའི་ཁམས་སུ་ཡལ་བ་ཐམས་ཅད་རང་ཉིད་ལྷའི་ཏིང་འཛིན་ལ་གནས་པའི་ཐུགས་སྲོག་གི་འོད་ཟེར་གྱིས་བཀུག་ནས་ཚེ་རྟེན་ལ་བསྟིམས་བའི་ལུགས་སོགས་མང་དུ་སྣང་ཞིང་། དེ་དག་ལས་དང་པོ་ལྟར་ན་སྤྱིར་བརྣབ་སེམས་ལ་མི་དགེ་བའི་ལས་ཀྱིས་ཁྱབ་མིན་དང་། མ་ཟད་དེ་ལྟར་དམིགས་པས་གཞན་གྱིས་ཚེ་ལ་གནོད་པ་དང་། རང་གི་ཚེ་ལ་ཕན་པ་སོགས་ཡོད་དམ་མེད། ཡོད་ཚེ་ཐེག་ཆེན་གྱི་སྡེ་སྣོད་རྣམས་སུ་སེམས་ཅན་མང་པོའི་ཆེད་དུ་གཅིག་གི་ཚེ་སྲོག་སོགས་བཏོང་བ་ནི་ལས་གནག་ཀྱང་རྣམ་སྨིན་དཀའ་བར་བཤད་ནས་གནང་ལ། སེམས་ཅན་གཅིག་གི་ཆེད་དུ་མང་པོའི་ཚེ་སྲོག་སོགས་གཏོང་བ་ནི་མ་གནང་ཞིང་དེ་དང་དེ་མཐུན་པར་རྒྱལ་སྲས་ཞི་བའི་ལྷས་སྤྱོད་འཇུག་ཏུའང་། ཆུང་ངུའི་ཕྱིར་ནི་ཆེ་མི་བཏང་། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་པས་ན། ཚུལ་འདི་དེ་དག་དང་འགལ་པར་འགྱུར་བའི་ཕྱིར་དང་། གལ་ཏེ་གཞན་གྱི་ཚེ་ལ་གནོད་པ་མེད་ན་ནི་རང་གི་ཚེ་ལ་ཕན་པའང་མེད་པར་མཚུངས་ཏེ། དེ་གཉིས་ཀ་དམིགས་པའི་བྱེ་བྲག་ཙམ་ཡིན་པ་ལ་ཁྱད་མེད་ཅིང་། དེ་ལྟར་ན་དགོས་པ་མེད་པའི་སྟེང་དུ། དེ་དུས་ཀྱི་སེམས་པའི་ཁྱད་པར་དེ་བརྣབ་སེམས་སུ་ཡང་འགྱུར་བའི་ཕྱིར་རོ། །དེ་ལ་ཁོ་ན་རེ། དེ་ལྟར་


LT36_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀྱང་སེམས་བསྐྱེད་ཁྱད་པར་ཅན་གྱིས་ཟིན་པ་ལ་འགལ་བ་མེད་དེ་ཞེ་ན་ཡང་། དེ་ལ་སེམས་བསྐྱེད་ཁྱད་པར་ཅན་དེ་ཅི་ལྟ་བུ་ཞིག་ཡོད་པ་ཡང་སྨྲ་དགོས་སོ། །ལུགས་གཉིས་པ་ལྟར་ན་ཡང་གནོད་བྱེད་དེ་དག་མེད་ཀྱང་དོན་གཉིས་བྱས་པའི་བསོད་ནམས་ཀྱིས་རང་གི་ཚེ་བསོད་འཕེལ་བར་བྱས་པ་ཙམ་དུ་ཟད་པའི་ཕྱིར་མདོ་ལམ་དང་ཡང་ཁྱད་མེད་དུ་འགྱུར་ལ། གལ་སྟེ་ལྷའི་རྣལ་འབྱོར་སྒོམ་དུ་ཡོད་པས་ཁྱད་པར་དུ་བྱས་སོ་ཞེ་ན་ཡང་། དེ་ཙམ་གྱི་རྣལ་འབྱོར་སྒོམ་པ་ནི་ཐེག་ཆེན་གྱི་མདོ་སྡེ་རྣམས་སུའང་བཤད་དེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་སོགས་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ། །དེས་ན་འདིར་ཡང་སྔགས་རྒྱུད་ལས་བཤད་པའི་ལྷའི་རྣལ་འབྱོར་ཁྱད་པར་ཅན་ཞིག་འཆད་རྒྱུ་ཡོད་དགོས་སོ། །ལུགས་གསུམ་པ་དང་བཞི་པ་དག་ནི་སྔགས་གཞུང་ལས་སྒྲོལ་བའི་སྐབས་སུ་བཤད་པའི་ཚེ་ཁྲུས་ཀྱི་དགོངས་པ་དེ་དང་མཚུངས་པར་སྣང་མོད། དེ་ལྟ་ནའང་ལུགས་དོ་ཐམས་ཅད་ཀྱང་གསར་རྙིང་གི་ཚེ་སྒྲུབ་ཚད་ལྡན་རྣམས་སུ་ཇི་རིགས་པར་བཤད་འདུག་པའི་ཕྱིར་


LT36_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགལ་མེད་དུ་འཆད་ཤེས་པའི་གནད་ཅིག་ནི་ཡོད་དགོས་པར་སྣང་ངོ་། །འདིར་དཔྱད་པར་བྱས་པའང་གཞན་དགག་པའི་ཆེད་དུ་བྱས་པ་ནི་མ་ཡིན་ཏེ་དེང་སྐབས་ཆོ་གའི་ལག་ལེན་ཕྲ་མོ་ཙམ་རོ་ལ་ནོར་མ་ནོར་གྱི་དགག་སྒྲུབ་བྱེད་མཁན་ནི་མང་པོ་འདུག་ཀྱང་། འདི་རིགས་ཀྱི་དམིགས་གནད་གལ་ཆེན་རྣམས་ལ་བརྟགས་དཔྱད་བྱེད་མི་ཆེར་མི་སྣང་བའི་ཕྱིར་དོགས་སློང་ལྟ་བུར་བརྗོད་པ་ཡིན་པའི་ཕྱིར། དེ་མདུན་ནས་ཀྱང་དགོངས་དཔྱད་ཞིབ་འཇུག་གནང་བའི་བཀའ་དྲིན་སྐྱོང་བར་ཞུ། ཞེས་གསུང་སོ། །དེའི་རྟོག་པ་བསལ་བ་ལ་སྤྱི་དང་ཚིག་གི་འཛེར་ཕྱུང་བའོ། །དང་པོ་ནི། སྤྱིར་ཚེ་སྒྲུབ་བསྐྱེད་བཟློས་བྱེད་པ་ཞིག་ཡིན་ན་སྔགས་ལ་བརྟེན་པས་ཁྱབ་སྟེ། གསང་སྔགས་རྣམས་དང་བདེ་ཆེན་གྱི་ཡེ་ཤེས་ཏེ་སྔགས་སྒྲུབ་པའི་རྒྱུད་ཀྱི་སྦྱོར་བ་ལ་ལས་དང་དངོས་གྲུབ་སྒྲུབ་པའི་རྒྱུད་གཉིས་སུ་ཡོད་པ་ལས། ཚེ་སྒྲུབ་པ་ནི་ཁྱད་པར་བརྒྱད་ལྡན་གྱི་ལས་བསམ་གཏན་སྦྱིན་སྲེག་འཁྲུལ་འཁོར་སྦྱོར་བ་ཕལ་པ་བཞི་ལས་བསམ་གཏན་གྱི་ལས་ཀྱི་བྱེ་བྲག་ཙམ་ཡིན་པའི་ཕྱིར་རོ། །ནང་པའི་སྔགས་རྒྱུད་ཡིན་ན་ཐེག་ཆེན་ཡིན་པས་ཁྱབ་ཅིང་། ཐེག་པ་ཆེན་པོ་པ་ནི་སྙིང་རྗེ་ཆེན་པོ་ཡི་རངས་ཡོངས་བསྔོ་བྱང་ཆུབ་ཀྱི་སེམས་སོགས་ཁྱད་པར་གྱི་ཆོས་དང་ལྡན་པ་གཞིར་


LT36_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དགག་བྱ་དང་དགོས་པའི་དབྱེ་བ་སྐབས་ཕྱེད་པས་ཐབས་མཁས་ཀྱི་སྤྱོད་ཡུལ་ཡངས་པ་ཅན་ཡིན་ན། གསང་སྔགས་སྤྱོད་པ་སྨོས་ཅི་དགོས་ཏེ་དེར་འཇུག་པའི་གང་ཟག་དབང་པོ་རྣོ་ཞིང་དབང་གིས་སྨིན་པ་དམ་ཚིག་སྲུང་བ་སྟེ་མཚན་ཉིད་གསུམ་ལྡན་ཞིག་གིས། ཐབས་མང་། ཐབས་ལ་མ་རྨོངས། ཐབས་དཀའ་བ་མེད་པའི་ལམ་སྒྲུབ་པ་ན། ལས་ཀྱི་རྒྱུད་རྣམས་དེ་གསུམ་གྱི་ཡན་ལག་ཕྲ་མོ་ཙམ་ཡིན་པས། ཐབས་ཤེས་ཀྱི་ཁྱད་པར་གྱིས་ཉོན་མོངས་རྣམས་ཀྱང་ཡེ་ཤེས་སུ་བསྒྱུར་ན་ཡིད་བྱེད་ཕྲ་མོ་བྱང་ཆུབ་ཀྱི་ལམ་དུ་འགྱུར་པ་སྨོས་ཅི་དགོས་ཏེ། རྡོ་རྗེ་སེམས་དཔའི་གནས་འདུག་སྟེ། །ཐམས་ཅད་ཟོས་ཤིང་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེར་ལྡན་པ་སྨོས་ཅི་དགོས། ཞེས་སོགས་མང་དུ་གསུངས་སོ། །གཉིས་པ་ནི་ཚེ་བཅུད་སྡུ་བའི་སེམས་པ་བརྣབ་སེམས་སུ་འགྱུར་བ་མ་ངེས་ཏེ། བརྣབ་སེམས་ནི་ཉོན་མོངས་གསུམ་གང་རུང་དང་འགྲོགས་པའི་སེམས་བྱུང་གཞན་གྱིས་བདག་ཏུ་བཟུང་བའི་ནོར་ལ་ཆགས་པས་དངོས་བརྒྱུད་ནས་བདག་གིར་བྱེད་པ་ཡིན་ལ། འདི་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་གནས་སྐབས་ཚེའི་བར་ཆད་ཞི་ཞིང་། མཐར་ཐུག་ཚེ་དཔག་མེད་པའི་གོ་འཕང་མངོན་དུ་


LT36_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཆེད་དུ་ལམ་བསྒོམ་པར་བགྱིའོ་སྙམ་པའི་ཀུན་སློང་ཉོན་མོངས་པ་ཅན་མ་ཡིན་པ་དང་། འཁོར་འདས་ཀྱི་ཚེ་བཅུད་སྡུད་པར་མོས་པ་ཙམ་ལས་དེ་རྣམས་ཀྱི་བཅུད་དང་འཚོ་བ་ལ་ཆགས་ཤིང་བརྣབ་པའི་འདུ་ཤེས་དང་མི་ལྡན་པ་མ་ཟད། རྗེས་བསྒོམ་བཟླས་ཀྱི་དགེ་བ་བྱང་ཆུབ་ཏུ་བསྔོ་ཡི་ཚེ་བཅུད་འཕྲོག་གོ་སྙམ་པའི་ཡི་རངས་མེད་པས། རྣམ་པ་བརྣབ་སེམས་ལྟར་སྣང་དུ་ཆུག་ཀྱང་སྦྱོར་དངོས་མཇུག་གསུམ་གྱི་ལས་མ་རྫོགས་པ་ནི་མི་དགེ་བ་མི་འགྱུར་བའི་སྟེང་དུ། སེམས་བསྐྱེད་ཀྱི་ཁྱད་པར་གྱིས་བྱང་ཆུབ་སྒྲུབ་བྱེད་མཆོག་ཏུ་གྱུར་པ་ཉིད་དེ། ཐབས་མཁས་ཀྱི་སྦྱོར་སྒྲོལ་བཞིན་ནོ། །གཞན་ཡང་མངོན་པ་ལས། བརྣབ་སེམས་ལ་སོགས་ལས་མིན་ཀྱང་། །ཡིད་ཀྱི་ཉེས་སྤྱད་རྣམས་གསུམ་མོ། །ཞེས་ཡིད་ཀྱི་ལས་གསུམ་ཀུན་འགྲོ་ལྔའི་སེམས་པ་ཡིན་པས་ལས་ཀྱི་ལམ་ཡིན་གྱི་ལས་མ་ཡིན་པར་བཤད་པ་དང་། འདོད་སྤྱོད་ཀྱི་སྲེད་པ་ཐམས་ཅད་བརྣབ་སེམས་མ་ཡིན་པའི་མཚན་གཞི། འཁོར་ལོས་སྒྱུར་རྒྱལ་དང་སྒྲ་མི་སྙན་པ་དག་འཇོག་ན་མཁས་པ་ཆེན་པོའི་གསུང་དེ་ཅུང་ཟད་རྩིང་བར་སེམས་སོ། །གཞན་ལ་མི་གནོད་པས་རང་ལ་མི་ཕན་པའི་ངེས་པའང་མེད་དེ། ནད་གདོན་ཞི་བའི་དམིགས་པ་བྱས་ན་རང་ལ་མི་གནོད་ཀྱང་གཞན་ལ་ཕན་པའི་ཕྱིར་རོ། །གཞན་ཏུ་ན་ལོག་ལྟ་བྱས་པས་སངས་རྒྱས་


LT36_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་མཉེས་པ་མེད་པའི་ཕྱིར་ལོག་ལྟ་མཁན་ལ་སྡིག་པའི་འབྲས་བུ་མི་འབྱུང་བར་འགྱུར་རོ། །དེས་ན་དམིགས་པའི་ཚུལ་དེས་གཞན་ལ་གནོད་པ་མེད་ཀྱང་རང་ཕན་པ་མི་འགལ་ཏེ་འཁོར་འདས་སེམས་ཀྱི་ཆོ་འཕྲུལ་དུ་བཤད་པའི་ཕྱིར། འཚང་རྒྱ་བ་ན། སྤྱི་མཐུན་ཏུ་ལས་སྣང་མ་ཟད་ཀྱང་རང་ངོ་ལ་ཟད་པར་སྣང་བ་མི་འགལ་བ་བཞིན་དང་། སྨན་སྔགས་ནོར་བུ་བསམ་གཏན་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའ་ལ་དངོས་སུ་བཟར་མེད་ཀྱང་ཟས་ཟའི་ཏིང་ངེ་འཛིན་བསྒོམ་པས་འཆི་བསླུ་བ་བཞིན་ནོ། །ཆུང་ངུའི་ཕྱིར་ཆེ་མི་གཏོང་གསུངས་པ་དང་ཡང་མི་འགལ་ཏེ། སློབ་དཔོན་དཔལ་དབྱངས་ཀྱིས་གསང་སྔགས་སྤྱོད་པའི་ཆོ་ག་ཡིས། ཚེ་ལ་དབང་བའི་རིག་འཛིན་འཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་འགྲུབ་པར་བཤད་པ་ཡིན། ཅེས་གསུངས་པ་ལྟར་རིག་པ་འཛིན་པའི་ཚེ་དངོས་སུ་མ་ཐོབ་ཀྱང་བསམ་སྦྱོར་དེ་ལ་ཞུགས་པའི་ཕྱིར་དང་། ཆེན་པོ་ནི་བྱང་ཆུབ་སྒྲུབ་པ་སྟེ། དེ་གཏོང་པའི་སེམས་པ་མེད་པའི་ཕྱིར་རོ། །དོན་གཉིས་བྱས་པའི་བསོད་ནམས་ཀྱིས་ཚེ་སྤེལ་བ་མདོ་ལུགས་དང་ཁྱད་མེད་དུ་འགྱུར་བའང་མ་ངེས་སྟེ། ཡུལ་སྟོང་ཉིད་ངོ་བོ་ཙམ་གཅིག་ཀྱང་ཡུལ་ཅན་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་དེ་མཆོག་ཏུ་གྱུར་པ་བཞིན། བསྒྲུབ་བྱ་བསོད་ནམས་


LT36_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ཙམ་གཅིག་ཀྱང་སྒྲུབ་བྱེད་སྔགས་ཀྱི་ཐབས་དམིགས་པ་གྲོགས་སྤྱོད་པ་སྟེ་རྒྱ་ཆེ་བ་གསུམ་སོགས་དུ་མས་ཁྱད་པར་དུ་བྱས་པའི་ཕྱིར་དང་། ལྷའི་རྣལ་འབྱོར་ངོ་བོ། བྱེད་ལས་ཆོ་ག་སོགས་ཁྱད་པར་བཞིའམ་དྲུག་སོགས་སུ་རྡོ་རྗེ་འཛིན་པ་རྣམས་ཀྱིས་འབྱེད་པའི་ཕྱིར་མདོ་ལུགས་ལས་ཁྱད་པར་དུ་མས་འཕགས་པ་རྟོགས་སླ་བར་ཟད། སྤྱིར་རྣམ་པ་མཚུངས་པ་ཙམ་གྱིས་དེ་དེར་མི་འགྱུར་ཏེ་མདོ་བཀླག་པ་དང་སྔགས་བཟླ་བ་བཞིན་ནོ། །ལས་ཕྲན་ཚེགས་སྒྲུབ་པའི་ཆོ་ག་མདོ་དང་རྣམ་པ་མཚུངས་ཀྱང་སྐྱོན་ཏུ་འགྱུར་བ་མ་ཡིན་ཏེ་གཙོ་བོའི་ཡན་ལག་ཡིན་པའི་ཕྱིར། མདོའི་ལམ་དུ་ཉན་ཐོས་དང་མཚུངས་པའི་སྤྱོད་པ་ཡོད་ཀྱང་སྐྱོན་ཏུ་མི་འགྱུར་བ་བཞིན་ནོ། ལུགས་གསུམ་པ་ཚེ་ཁྲུས་ཀྱི་དགོངས་པ་དང་མཚུངས་པ་ཙམ་ཡིན་ཀྱང་། བཞི་པ་མི་མཚུངས་ཏེ། དེ་ནི་བསྒྲལ་བྱའི་ཚེ་སྲོག་འཕྲོག་པ་ཡིན་ལ། འདིར་ནི་རང་གི་བླ་ཚེ་གཞན་གྱིས་འཕྲོག་པ་སོགས་བསྡུ་བ་ཡིན་པའི་ཕྱིར་རོ། །སྤྱིར་མདོ་སྔགས་འགལ་མེད་ཀྱི་གནད་ཤེས་ན་དེ་དག་ཐམས་ཅད་འགལ་མེད་དུ་སྒྲུབ་ནུས་པ་ཡིན་མོད། བྱེ་བྲག་ཏུ་འཇིག་རྟེན་པ་དང་རྣལ་འབྱོར་པའི་སྤྱོད་ཡུལ་མི་མཉམ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། གོང་མ་གོང་མ་རྣམས་ཀྱིས་གནོད། ཅེས་པ་ལྟར་འོག་མ་འོག་


LT36_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བློར་མི་ཤོང་བ་མང་པོ་ཞིག་གོང་མ་གོང་མར་བསྟན་ཏེ། འོན་ཀྱང་དོན་དམ་དེ་ཁོ་ན་ཉིད་ཀྱི་ཡུལ་དང་མ་འགལ་ཕྱིན་ཀུན་རྫོབ་ཐབས་ཀྱི་སྤྱོད་པ་ཅིར་ཡང་རུང་བ་དང་། ལྷག་པའི་བསམ་པས་ཟིན་ན་ཐམས་ཅད་བྱང་ཆུབ་ཀྱི་རྒྱུར་ཡང་འགྱུར་བས་འགལ་བ་ལྟར་སྣང་ཡང་འགལ་མེད་དུ་གྲུབ་པ་ཡིན་ཏེ། སེམས་ཀྱི་སྒྲིབ་སྦྱོང་ལས། བསམ་པ་བཟང་པོས་མཆིལ་ལྷྭ་མ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་གྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་དེ་ལྟར་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། ཅེས་དང་། སྡོམ་པ་ཉི་ཤུ་པར། སྙིང་རྗེ་ལྡན་ཕྱིར་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། ཅེས་དང་། བརྩེ་ལྡན་གཞན་གྱི་དོན་མཐོང་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། ཞེས་ཐུན་མོང་ཐེག་པ་ལས་ཀྱང་གསལ་བར་བསྟན་ན། སྔགས་སུ་གང་ཞིག་གཞན་གྱིས་བྱས་ན་ངན་འགྲོ་བར་འགྱུར་བ་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཐབས་མཁས་པས་སངས་རྒྱས་ཀྱི་རྒྱུར་སྒྲུབ་པར་བྱེད་དེ། ཐབས་ཆེན་ཡང་དག་ལྡན་པ་ཡིས། །རྣལ་འབྱོར་འཇིག་རྟེན་དོན་སྒྲུབ་པ། །དེ་ལ་བྱ་བ་མི་བྱ་མེད། །ཤེས་རབ་ཐབས་དང་ལྡན་པ་ལ། །སྡིག་པར་གྲགས་པ་ཡོངས་མེད་དོ། །ཞེས་སོགས་ལུང་མང་ངོ། །དེས་ན་ལས་ཕྲན་གྱི་དམིགས་པ་ཙམ་དུ་མ་ཟད། །སྦྱོར་བ་སོགས་འདོད་ཡོན་ལམ་དུ་བྱེད་པའི་ཐབས་དང་


LT36_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སྤྱོད་སྒྲོལ་བའི་ལས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་རྣམས་ཀྱིས། ལམ་གྱི་གྲོགས་དང་འགལ་རྐྱེན་གང་བྱེད་གང་ཟག་ལ་རགས་ལས་པར་མཐོང་སྟེ། སེམས་ཀྱི་སྒྲིབ་སྦྱོང་ལས། རྣམ་ཤེས་ངན་པས་འདོད་པ་བསྟེན། །འདོད་པས་འཆིང་བ་ཉིད་དུ་འགྱུར། །དེ་ཉིད་མཁས་པས་བསྟེན་བྱས་ན། །འདོད་པས་ཐར་པ་རབ་ཏུ་སྒྲུབ། །འོ་མས་དུག་ནི་ཞི་འགྱུར་བ། །འཇིག་རྟེན་ཀུན་ལ་རབ་ཏུ་གྲགས། །དེ་ཉིད་སྦྲུལ་གྱིས་འཐུང་བ་ན། །དུག་ནི་ཤིན་ཏུ་འཕེལ་བར་འགྱུར། །ཇི་ལྟར་ངང་པས་འོ་མ་ནི། །ཆུ་ལས་འཐུང་བར་བྱེད་པ་ལྟར། །དེ་བཞིན་མཁས་པས་དུག་བཅས་ཡུལ། །སྦྱངས་ནས་སྤྱད་པས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་གང་ཟག་གི་རྒྱུད་ཀྱི་ཁྱད་པར་གྱིས་འགའ་ཞིག་ལ་ཡོན་ཏན་སྐྱེད་པ་དེ་འགའ་ཞིག་ལ་སྐྱོན་བྱེད་པར་འགྱུར་བ་ནི། ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་ན་གླ་རྩིར་འགྱུར་ལ། གླང་པོ་ཕལ་པས་ཟོས་ན་ལྕི་བར་འགྱུར་བའི་དཔེས་བསྟན་ཏོ། །དེས་ན་ཡུལ་གང་ཡང་རང་བཞིན་ཤེས་པས་ལོངས་སྤྱད་དེ་ཐབས་ཤེས་ཀྱིས་ཟིན་ན་གྲོལ་བའི་རྒྱུར་འགྱུར་ལ། རང་བཞིན་མ་ཤེས་པར་ཞེན་པས་བསྟེན་ན་འཆིང་བའི་རྒྱུར་འགྱུར་བས། སྦྱོང་བ་ཐབས་ལམ་མཁས་ན། །ཇི་སྐད་དུ། འདོད་ཆགས་ཀྱིས་ནི་གདུངས་པ་རྣམས། ངང་པ་ཕུག་རོན་ལ་སོགས་དང་། །བོང་བུ་འདོད་ཆགས་ཅན་རྣམས་ཀྱི། །སྐྱེ་གནས་


LT36_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་གྱི་སྲིན་སོགས་སྐྱེ། ཞེས་དྲན་པ་ཉེར་བཞག་ཚིགས་ལེ་ལས་གསུངས་པ་ལྟར་དང་། སྒྲོལ་བ་མངོན་སྤྱོད་ཐབས་ལ་མ་མཁས་ན། འཇམ་དཔལ་རྩ་རྒྱུད་ལས་གཤིན་རྗེ་གཤེད་གྲུབ་པའི་བྲམ་ཟེ་ཙ་ན་ཀ་དམྱལ་བར་ལུང་བསྟན་པ་ལྟ་བུ་ཤིན་ཏུ་མང་སྟེ། དེང་སང་ནི་དུས་ཀྱི་དབང་གིས་གང་ཟག་བློ་དམན་ཅིང་འདོད་པའི་དབང་དུ་གྱུར་པས། ཕྱུགས་བདག་སོགས་ཀྱི་སྔགས་རྒྱུད་ལ་སྤྱོད་པ་ནི་ཆེར་མེད་ཅིང་། རིག་པ་འཛིན་པའི་སྡེ་སྣོད་ལ་ཆུ་བཞིན་ཏུ་སྙེགས་པའི་ཁུལ་བྱེད་ཀྱང་། ལྟ་བསྒོམ་སྤྱོད་པ་སྤྱིར་འཁྲུལ་པ་དང་། ཁྱད་པར་ཞེ་སྡང་གིས་ཀུན་ནས་བསླངས་པའི་མངོན་སྤྱོད། འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་དབང་སྡུད། གཏི་མུག་གིས་ཀུན་ནས་བསླངས་པའི་མུན་སྒོམ། བདག་འཛིན་གྱི་གྲོགས་སུ་གྱུར་པའི་གཅོད་ལོག་སོགས་མཐའ་མེད་པ་ཞིག་རང་གཞན་ཀུན་ལ་དར་བའི་དུས་འདིར། སྐྱེས་བུ་དམ་པ་རང་ངོས་ནས་ཐེ་ཚོམ་གྱི་སྦུབས་གྲོལ་བ་གཞིར་བྱས། ཐོས་བསམ་རྣམ་དཔྱོད་ཀྱི་མིག་དང་བྲལ་ཡང་སྔགས་མཐོང་བའི་མཆོག་ཏུ་འཛིན་པ་རྣམས་ལ་དོགས་སློང་གསུང་གི་བདུད་རྩི་བསྩལ་བ་ངོ་མཚར་མིག་གི་དགའ་སྟོན་ཏུ་གྱུར་ཏེ། རང་གཞན་ལ་ཕན་པར་འདོད་པས་དོན་གནས་རྒྱས་པར་སྤྲོས་ན་འཇེབས་ཀྱང་


LT36_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེས་འཇིགས་ཏེ་མདོ་ཙམ་དུ་སྨོས་པའོ། །རྣམ་དཔྱོད་ཁྱད་པར་མཐའ་ཡས་ཀྱང་། །དྲང་པོར་སྨྲ་ལ་ཉེས་མེད་པས། །ལུང་བཞིན་བཤད་པའི་ཟེར་ཐིགས་ཀྱིས། །མུན་སྒོམ་ཀུནྡའི་རྒྱ་གྲོལ་ཤོག། ཅེས་པ་འདིའང་། རྒྱལ་སྲས་མཆོག་དེས་སྨིན་གླིང་རྗེ་བཙུན་མ་ལ་ཕུལ་བའི་ཡི་གེ་མཐོང་བས་སྤྲོ་བ་ཆེན་པོ་བརྟས་ཏེ། ས་སྤྱོད་དགའ་ལྡན་གྱི་ཆོས་གྲ་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་ཏུ་བླུན་སྒོམ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྨྲས་པ་དགེ། །།


previousཚེ་སྒྲུབ་པའི་ཏིང་ངེ་འཛིན་གྱི་དོགས་སེལ་དུ་སྨོས་པ་འོད་ཀྱི་ཐུར་མ།next