Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

6 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
  
collapse section
  
  
 
དབང་བཞི་པའི་རྟོགས་པའི་ཉམས་མྱོང་གོམས་པས་ཐུགས་ཀྱི་འགྲོ་དོན་མཛད་ཚུལ།
  
  
expand section
 


6 occurrences of བྱམས་པ་གླིང་
[Clear Hits]

 
previousདབང་བཞི་པའི་རྟོགས་པའི་ཉམས་མྱོང་གོམས་པས་ཐུགས་ཀྱི་འགྲོ་དོན་མཛད་ཚུལ།next

དབང་བཞི་པའི་རྟོགས་པའི་ཉམས་མྱོང་གོམས་པས་ཐུགས་ཀྱི་འགྲོ་དོན་མཛད་ཚུལ།


MLP003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་ཤེར་དབང་ཞུ་བདེའི་ཡེ་ཤེས་ཀྱི་དཔེས་དབང་བཞི་པ་དོན་གྱི་ཡེ་ཤེས་ཀྱི་རྟོགས་པའི་ཉམས་མྱོང་རིམ་གྱིས་གོམས་པས་གཙོ་བོར་ཐུགས་ཀྱི་འགྲོ་དོན་མཛད་ཚུལ་ནི། དགུང་ལོ་སོ་བརྒྱད་པ་ཁྲག་སྐྱུགས་ཞེས་པ་ཆུ་མོ་ཕག་ལོ་ཁྲུམས་ཀྱི་ཟླ་བ་ལ་གསང་བ་ཡེ་ཤེས་ཀྱི་ཌཱཀྐི་མ་སྒྱུ་འཕྲུལ་ངོ་མཚར་གྱི་རྣམ་རོལ་དུ་འཆར་བའི་རང་གཟུགས་ནུས་འབྱིན་ས་ལེ་སོགས་སྐྱེས་རབས་ཀྱི་ཕྲེང་བར་སྨོན་ལམ་གྱི་འབྲེལ་པས་མཚམས་སྦྱར་ནས། བདེ་ཆེན་ཡེ་ཤེས་འདྲེན་པའི་ལམ་གྱི་ཕོ་ཉར་ཡོངས་སུ་གྲུབ་སྟེ། ཤེས་རབ་ཨེ་དབྱིངས་སུ་ཐབས་མཆོག་རོལ་པའི་རྗེས་ཆགས་ཀྱི་རླུང་གཡོས་པས་དམར་ཆ་འབར་བའི་དྲོད་ཀྱིས། དཀར་ཆ་ཝཾ་ཡིག་བདུད་རྩིར་ཞུ་བ་དགའ་བཞིའི་འགྲོས་ཀྱིས་རླུང་སེམས་དབུ་མར་འགགས་པའི་ཞུ་བདེ་ཁྱད་པར་ཅན་ལ་བརྟེན་ནས་དོན་གྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་དབྱེར་མེད་བདེ་བ་ཆེན་པོ་མཆོག་གི་ཏིང་ངེ་འཛིན་བརྙེས་པས་རྟོག་པའི་སྤྲིན་ཚོགས་མི་རྟོག་ནམ་མཁའི་རྡོ་རྗེ་ཉིད་དུ་གྲུབ་ཅིང་། དེའི་ཚེ་མནལ་ལམ་འོད་གསལ་ཡེ་ཤེས་ཀྱི་སྣང་བ་ལ་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་སྐུ་མདོག་དམར་མོ་འོད་ཟེར་འཕྲོ་བ་འཛུམ་ཁྲོ་གཟི་མདངས་རྒྱས་པའི་སྐུའི་རྣམ་པ་གཟིགས་པས་ཐུགས་


MLP003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིགས་སྐྲག་དང་དགྱེས་པའི་སྣང་བ་ཕན་ཚུན་འགྲན་པ་ལྟར་བཟོད་མེད་དུ་འབར་བ་ལས། དེའི་ཐུགས་གསང་སྒོ་ཕྱེ་བ་ལྟ་བུའི་ནང་ཆེས་ཡངས་པའི་ཞིང་ཁམས་ནགས་ཀླུང་རི་བྲག་མེ་ཏོག་གི་ཚལ་སོགས་ངོ་མཚར་བཀོད་པས་མཛེས་པའི་དབུས་ན། ཡེ་ཤེས་ཀྱི་ཌཱ་ཀི་ནཱི་པདྨ་ཅན་མཛེས་སྡུག་རྒྱས་པའི་འགྱུར་བག་དང་ལྡན་པ། སྐུ་དང་ཆ་ལུགས་རྣམ་འགྱུར་སྣ་ཚོགས་པའི་འཁོར་ཚོགས་དུ་མའི་དབུས་སུ་དགྱེས་པར་རོལ་ཞིང་། གླུ་གར་རོལ་མོའི་སྒྲ་སྙན་འཁྲོལ་ཞིང་རྩེད་འཇོའི་རྣམ་འགྱུར་གྱིས་སྒྱུ་འཕྲུལ་འགག་མེད་དུ་འཆར་བའི་གསལ་སྣང་གི་ངང་ལ་ཐུགས་འདྲེས་ཏེ་རྟོག་མེད་དུ་ཆམ་གྱིས་སོང་བའི་མཐར། འཁོར་རྣམས་གཅིག་ལ་གཅིག་ཐིམ་གྱིས་གཙོ་མོ་ཉིད་ལ་བསྡུས་ཤིང་། དེ་ཉིད་ལ་དགྱེས་པ་ཆེན་པོའི་རྗེས་ཆགས་ཀྱི་རོལ་མོས་སྙོམས་པར་ཞུགས་པའི་ཚེ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་རྣོ་ལ་ངར་བ་གསལ་རིག་རྗེན་ནེ་བའི་གཤིས་མཁའ་ཁྱབ་སྤྲོས་བྲལ་རང་རིག་གི་ངོ་བོར་རྟོགས་པའི་ཡེ་ཤེས་ལ་དབང་འབྱོར་ཞིང་། སླར་ཡང་སྐུ་ལུས་དྭངས་གསལ་སྒྲིབ་ཐོགས་མེད་པ་ཤེལ་ལྟར་དྭངས་པར་རྟེན་རྩའི་ཕོ་བྲང་དུ་བརྟེན་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་འགྲོ་འོང་བྱེད་པའི་ཚུལ་གྱིས་ཞུ་བདེའི་ཡེ་ཤེས་འབར་བའི་ཤེས་ཉམས་དང་། འོད་གསལ་གྱི་རང་གདངས་སྒྱུ་ལུས་ཀྱི་དཀྱིལ་འཁོར་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སྐུ་དང་ཡིག་འབྲུ་ལ་སོགས་པའི་རྣམ་པ་པྲ་ཕབ་པའི་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་ཤར་བའི་སྣང་ཉམས་རབ་འབྱམས་ཀྱི་ངང་ནས། ཤེས་རབ་མ་འོད་ཀྱི་གོང་བུ་དཀར་གསལ་ཝཾ་ཡིག་དམར་པོས་མཚན་པར་ཞུ་བ་ཡུད་ཀྱིས་སྐུ་ལ་ཐིམ་པས། སྟོང་ཉམས་ནམ་མཁའ་ལྟར་དྭངས་པའི་མཐར། གཉིད་འཐུག་གི་འོད་གསལ་བདེ་སྟོང་ཟུང་འཇུག་གི་ཉམས་ཤིན་ཏུ་བརྟན་པ་ལ་ཡུན་རིང་གནས་པའི་ངང་ནས་སད་པར་གྱུར་ཅིང་། སད་ནས་ཀྱང་ཞག་འགའི་བར་ཐུགས་ལ་བདེ་སྟོང་གི་ཉམས་དང་སྟོང་གཟུགས་ཀྱི་རོལ་པ་རྩོལ་མེད་དུ་འཆར་བ་བྱུང་། དེ་ལྟར་རླུང་སེམས་དབུ་མར་འགག་པའི་ཞུ་བདེ་ཁྱད་པར་ཅན་ཐོབ་པ་དེ་ཉིད་རིམ་གྱིས་གོམས་པས་གཏུམ་མོ་འབར་བའི་སེམས་ཉིད་དང་རོ་གཅིག་ཏུ་འདྲེས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་


MLP003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོར་གྱུར། དེ་དང་རྗེས་ཆགས་ཀྱི་རྐྱེན་གྱིས་འཛག་མེད་ཀྱི་ཞུ་བདེ་ཤར་བའི་སྐད་ཅིག་གཉིས་པར་ཞུ་བདེའི་རྟེན་ཐིག་ལེ་དེ་ཡང་འབྱུང་ལུས་སུ་སྣང་བ་དག་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་པོར་གྱུར་པས། བརྟེན་པ་སེམས་ཀྱི་བདེ་བའང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོར་གྱུར་ཏེ། ལས་རླུང་འབྱུང་འཇུག་དང་ཉི་ཟླའི་རྒྱུ་བ་འཕོ་མེད་དུ་དགའཁོར་འདས་གཉིས་འཛིན་གྱི་འཁྲི་བ་གཞི་དབྱིངས་སུ་ཆོད། སྣང་སྲིད་ཐམས་ཅད་དག་པར་རབ་འབྱམས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་འབྱམས་ཀླས་པར་ཤར་བས་མ་དག་པའི་ལས་སྣང་ནུབ། ཆོས་ཐམས་ཅད་ཀྱི་རང་བཞིན་ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་བྱང་ཆུབ་པས་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད། རྣམ་རྟོག་གི་འཆིང་བའི་སྤྲིན་ཚོགས་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་མཉམ་ཡངས་ཁྱབ་བརྡལ་ཆེན་པོའི་ངང་རང་གྲོལ་བས་ཐུགས་ཀྱི་འགྲོ་དོན་ལ་ཤས་ཆེར་སྤྱོད་པའི་དུས་ཡིན་པའི་ཕྱིར། དེ་ཕྱིན་ཆད་ནས་སྤྱིར་གདུལ་བྱའི་བློ་དང་བསྟུན་པའི་ཆོས་བཀའ་ཟབ་རྒྱས་རིས་མེད་དུ་སྩོལ་བ་ཡིན་ནའང་ཁྱད་པར་ཟབ་ཁྲིད་ཀྱི་གདམས་པ་ཉིད་གོ་ཡུལ་གྱི་ཚིག་བཤད་ཙམ་མིན་པར་ལྟ་སྒོམ་གྱི་མྱོང་བ་མངོན་སུམ་རིག་ཐོག་ཏུ་ངོ་སྤྲོད་པར་མཛད་པས་སྐལ་ལྡན་རྣམས་རང་བྱུང་གི་ཡེ་ཤེས་ཞལ་བལྟ་བ་ལ་བཙན་ཐབས་སུ་དཀྲི་བའི་ཕྲིན་ལས་ཁོ་ན་གཙོ་བོར་བདག་གིར་བཞེས་པས། ཐུགས་རྗེའི་བྱིན་རླབས་གདུལ་བྱའི་རྒྱུད་ལ་ཞུགས་པས། དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་སྐྱོ་ཤས་དང་། ངེས་འབྱུང་དང་། དག་སྣང་གི་མོས་གུས་ཕུལ་དུ་བྱུང་བ་མངའ་བའི་སྐལ་ལྡན་གྱི་འདུས་པ་མང་དུ་འཚོགས་ཏེ། དེ་ཡང་མཁའ་འགྲོ་སྙིང་ཐིག་གི་ཁྲིད་མོ་ཆེས་མཚོན་ཁྲིད་ཞུ་མི་མང་དུས་ཉིས་བརྒྱ་ཙམ་དང་། ཕལ་ཆེར་བརྒྱ་ཕྲག་ཙམ། ལྔ་བཅུ་དང་། བཞི་བཅུ་ཙམ་ནས། ཉུང་དུས་བཞི་ལྔ་རེའི་མཐའ་བརྟེན་པའི་བར་གྱི་ཚོགས་པ་ནར་མར་འབྱུང་ཞིང་། དེའང་ཉིན་རེ་བཞིན་ཁྲིད་ཁག་གི་གྲངས་ཀྱང་། ཟབ་ཁྲིད་ཐ་དད་པ་མང་དུས་ཁག་ལྔ་རེ་ཙམ་དང་། ཐ་ནའང་གཉིས་གསུམ་རེའི་བར་འབྱུང་བ་ལས། ད་ལྟའི་ཆུ་མོ་སྦྲུལ་ལོ་འདི་ཡན་ཆད་ལ་ཟབ་ལམ་གྱི་ཁྲིད་ཇི་ལྟར་འདེབས་པར་མཛད་པའི་གྲངས་ཞམ་རིང་རྣམས་ཀྱིས་ཟིན་ཐོར་


MLP003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་པ་རགས་ཙམ་ཞིག་འདིར་ཕྱོགས་གཅིག་ཏུ་བསྡོམས་ནས་བཀོད་པ་ལ། སྔ་འགྱུར་བཀའ་མའི་སྐོར་ལ། གཉན་དཔལ་དབྱངས་ནས་བརྒྱུད་པའི་སྒྱུ་འཕྲུལ་ལམ་རིམ་གྱི་ཁྲིད། འདུས་པ་མདོའི་ཐེག་རིམ་གྱི་ཁྲིད། རྫོགས་ཆེན་སེམས་སྡེའི་གཞུང་ཁྲིད་དང་། ཨ་རོ་སྙིང་ཐིག་གི་ཁྲིད་རྣམས་ཚར་གཉིས་རེ། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དབང་དོན་གྱི་ཁྲིད་ལྔ། ཀུན་མཁྱེན་ཆེན་པོའི་ལུགས་སྒྱུ་འཕྲུལ་ཟབ་ལམ་གྱི་ཁྲིད། ན་རག་དོང་སྤྲུགས་ཀྱི་ཁྲིད། ཀློང་སྡེ་རྡོ་རྗེ་ཟམ་པའི་ཁྲིད་རྣམས་གསུམ་རེ། གཏེར་མའི་སྐོར་ལ། རང་གཏེར་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ངེས་དོན་སྙིང་པོའི་ཁྲིད་ཉིས་བརྒྱ་དང་བདུན་ཅུ་དོན་དགུ། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་རྩ་ཁྲིད་ཉི་ཤུ་རྩ་བརྒྱད། ཁྱད་པར་གྱི་རྫོགས་རིམ་གྱི་ཁྲིད་བཅོ་ལྔ། རྨི་ལམ་གྱི་ཁྲིད་གཉིས། གཅོད་ཁྲིད་བརྒྱད། འཕོ་ཁྲིད་སུམ་བརྒྱ་དང་ལྔ་བཅུ་ང་ལྔ། ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་བདུན་ཅུ་དོན་བརྒྱད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་དྲུག་ཅུ་རེ་བདུན། གཏུམ་མོ་ཟབ་རྒྱ་བཅུ་གཅིག་པའི་ཁྲིད་ཉི་ཤུ་རྩ་བཞི། ཐབས་ལམ་བདེ་ཆེན་སྙིང་པོའི་ཁྲིད་བཅུ་གཅིགཟབ་དོན་ཐུགས་ཀྱི་རྫོགས་རིམ་ཨ་ཏིའི་ཁྲིད་བཞི། དུས་གསུམ་སངས་རྒྱས་མའི་གསོལ་འདེབས་དང་སྦྱར་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་སུམ་བརྒྱ་དང་དྲུག་ཅུ་རེ་གཉིས། གཏེར་རྙིང་ལ། བི་མ་ལའི་སྙིང་ཐིག་མ་བུའི་ཁྲིད་བཅུ་དགུ། མཁའ་འགྲོ་སྙིང་ཐིག་གི་ཁྲིད་བཞི་བཅུ་ཞེ་གཅིགཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཁྲིད་ཉི་ཤུ་རྩ་བརྒྱད། བཀའ་བརྒྱད་བདེ་འདུས་ཀྱི་བསྐྱེད་རིམ་གྱི་ཁྲིད་དང་། ཉང་གཏེར་ཁྲོས་ནག་གི་ཁྲིད་གཉིས་བཞི་རེ། ཆོས་དབང་བླ་མ་གསང་འདུས་ཀྱི་ཁྲིད། པད་གླིང་ཀུན་བཟང་དགོངས་འདུས་ཀྱི་ཁྲིད། ནོར་བུ་རྒྱ་མཚོའི་ཁྲིད། ཚེ་ཁྲིད་རྡོར་ཕྲེང་གི་ཁྲིད། སངས་རྒྱས་གླིང་པའི་རྫོགས་ཆེན་སྙིང་པོ་གསེར་ཞུན་གྱི་ཁྲིད། རྫོགས་ཆེན་ཡང་ཏི་ནག་པོའི་ཁྲིད་རྣམས་ཚར་གསུམ་རེ། འཇམ་དཔལ་རྫོགས་ཆེན་གྱི་ཁྲིད་བདུན། བྱང་གཏེར་ཡང་ཐིག་གཅེས་སྒྲོན་གྱི་ཁྲིད་བཅུ། ཕག་མོ་ཟབ་རྒྱའི་གཏུམ་མོའི་ཁྲིད་ལྔ། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཁྲིད་བཅུ་དྲུགབྱང་གཏེར་བླ་མ་སྐུ་གསུམ་མའི་ཁྲིད་བཞི། ཉི་ཟླ་སངས་རྒྱས་ཀྱི་


MLP003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་སྙན་རྒྱུད་མའི་ཁྲིད་བརྒྱད་ཅུ། རྒྱ་ཅན་དྭངས་མ་བཅུད་འདྲེན་གྱི་ཚེ་ཁྲིད་ཚར་གཉིས། ནཱ་རོ་མཁའ་སྤྱོད་མའི་རྣལ་འབྱོར་ཁྲིད་བཅུ་གཅིགརྩ་དབུ་མའི་ཁྲིད་བཅུ་བདུན། མ་གཅིག་གི་གཅོད་ཁྲིད་ལྔ་བཅུ་ང་གསུམ། བློ་སྦྱོང་དོན་བདུན་མའི་ཁྲིད་ཚར་གསུམ། སྙིང་པོ་དོན་གསུམ་གྱི་ཁྲིད་དང་། ཀར་ལུགས་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་གཉིས་རེ། བཀའ་གདམས་ལྷ་བཞིའི་ནང་གི་སྒྲོལ་མའི་ཁྲིད་ཚར་གཅིག་རྣམས་སོ། །གཞན་ཡང་བསྙེན་སྒྲུབ་བྱེད་མི་རྣམས་ཀྱི་དམིགས་སྐོར་ལྗགས་ཁྲིད་དུ་མཛད་པའི་ཡི་དམ་མང་པོའི་ལྷ་ཁྲིད་དང་། དེ་དག་དང་རྗེས་འབྲེལ་གྱི་ངག་བཟླས། འགོག་བཟླས། རྡོ་རྗེའི་བཟླས་དམིགས། རྗེས་གཞིག་གི་རྣལ་འབྱོར་དང་། ཕྲ་ཐིག་གི་རྫོགས་རིམ། གདུལ་བྱའི་བློ་དང་འཚམས་པའི་གྲུབ་མཐའ་རིས་མེད་ཀྱི་བླ་མའི་རྣལ་འབྱོར་དང་ཡི་དམ་གྱི་ལྷ་ཡི་སྒོམ་བཟླས་མང་པོ། འོད་དཔག་མེད་ཀྱི་ཉལ་སྒོམ་དང་། སྤྱན་རས་གཟིགས་ཀྱི་དམར་ཁྲིད་སོགས་ཁྲིད་ཆུང་ཆོས་ཐུན་རེ་རེ་གཉིས་གཉིས་སུ་མཛད་པ་མཐའ་ཡས་པ་ཞིག་སྣང་མོད་ཀྱང་། ཕྲན་ཚེགས་རྣམས་ཟིན་ཐུན་དུ་མ་འཁོད་པས་འདིར་འགོད་པར་མ་ནུས་ཤིང་། སླད་ནས་ཀྱང་རང་གནས་རང་བྱུང་གི་ཡེ་ཤེས་ཞལ་བལྟ་བ་ལ་དཀྲི་བའི་ཟབ་ལམ་གྱི་གདམས་ཁྲིད་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སྟོན་པར་མཛད་པའི་དོན་ལ་བསྙེལ་བ་མ་མཆིས་པ་ཡིན་ནོ། །དེ་ལྟར་ཟབ་ལམ་གྱི་ཁྲིད་འདེབས་པར་མཛད་པ་རྣམས་ཀྱང་། ཟོག་མའི་འུར་ཁྲིད། འདོད་པོ་ཆེའི་སྤུངས་ཁྲིད། ཆེན་པོའི་མོལ་ཁྲིད། གོ་ཡུལ་ཅན་གྱི་དཔྱད་སྒོམ་རྣམས་དང་། ཁྲིད་དཔེ་བློ་ལ་བཟུང་བའི་བཤར་སྦྱངས་ལྟ་བུ་མ་ཡིན་པར། གདུལ་བྱའི་བློ་དང་འཚམས་པར་སོ་སོའི་ཉམས་མྱོང་གི་སྣེ་ནས་ཁྲིད་མཁས་པས། སྒོམ་བློ་བསམ་གཏན་གྱི་འཆིང་བས་མ་བཅིངས་པར། རིག་པ་རྗེན་ལ་འབུད་པའི་གནད་ཀྱིས་གཞི་ཐོག་ནས་བསླང་སྟེ་བཞི་ཆ་གསུམ་བྲལ་གྱི་ཆོས་སྐུ་གཅེར་མཐོང་མཛུབ་ཚུགས་སུ་རང་ངོ་སྤྲོད་པར་མཛད་པའི་ཐབས་ལ་མཁས་པའི་ཕྱིར། བཙན་ཐབས་སུ་ངོ་འཕྲོད་པར་འགྱུར་ལ། དེའི་གནད་ཀྱི་རྗེ་འདི་ལ་ཁྲིད་ཞུས་པ་ལ་དགེ་སྦྱོར་གྱི་སྣེ་མ་ཟིན་པ་མི་འབྱུང་ཞིང་། གནས་སྐབས་ཁྲིད་གྲྭར་འདུ་བའི་


MLP003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་ཡང་། ཆོས་བརྡ་བྱུང་བ་དང་རིམ་གྱིས་འདུས་ཏེ། ཆོས་ཐུན་རྣམས་རིམ་པར་སྩོལ་བ་ལས། ཁྲིད་ཁག་རྟིང་མ་རྣམས་སྒུག་པའི་ཚེའང་རང་རང་གི་སྡེ་ཚན་འདུས་ནས་དད་པ་དང་གདུང་ཤུགས་ཀྱིས་གསོལ་འདེབས་འུར་དིང་དིང་འདོན་པས་ཐམས་ཅད་སྣང་བ་འགྱུར་འགྲོ་བ་དང་། རྗེ་བཙུན་འདིའི་ཞབས་དྲུང་དུ་སེམས་ཁྲིད་ཐོབ་པ་ཐམས་ཅད་ཀྱང་། སྤྱོད་རྩིང་ཁ་ལྟ་མཁན་དུ་མི་འགྲོ་བར་སྐྱོ་ཤས་དང་ངེས་འབྱུང་བྱམས་སྙིང་རྗེའི་ལྷག་བསམ་དག་སྣང་དང་མོས་གུས། རྒྱུ་འབྲས་ཀྱི་བླང་དོར་རྣམས་ལ་བློ་འབྱོངས་པས་སེམས་རྒྱུད་དུལ་ཞིང་། ཁྱད་པར་སྐལ་ལྡན་ཟབ་ལམ་གྱི་རྟོགས་པ་ངོ་འཕྲོད་པས་ཉམས་མྱོང་ལ་དྲོད་ཚད་ཐོབ་པ་མང་དུ་ཐོན་པ་ཡིན་ནོ། །དེ་ལྟར་བླ་མ་དམ་པའི་བྱིན་རླབས་ཐུགས་རྒྱུད་ལ་ཞུགས་པས་སྒྲོ་འདོགས་མཚན་མའི་སྤྲོས་པ་ཐམས་ཅད་ནང་ནས་ཆོད་དེ། འཁོར་བའི་ས་བོན་འབྱིན་པའི་འཇུག་པ་ཟད་ཅིང་། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་སྐུ་གསུང་ཐུགས་རོ་མཉམ་པའི་བདག་ཉིད་ཅན་དུ་གྱུར་པས་ཕྲིན་ལས་ཀྱི་འགྲོ་དོན་མཁའ་མཉམ་ཁྱབ་བརྡལ་དུ་སྤྱོད་པའི་དུས་ཡིན་པའི་ཕྱིར། མཛད་སྤྱོད་ཐམས་ཅད་རང་དོན་གྱི་འཁྲི་བ་ལས་རྣམ་པར་གྲོལ་ནས་བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་སུ་གཅགས་པའི་སྙིང་སྟོབས་རྨད་དུ་བྱུང་བས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་འགྲན་ཟླ་དང་བྲལ་བ་བདག་གིར་བཞེས་པའི་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས་སྙན་པའི་གྲགས་པ་ཟླ་རེ་ཞག་རེས་ཇེ་ཆེ་ཇེ་ཆེར་སོང་ནས་ཕྱོགས་ཀྱི་འཁོར་ལོར་ཡོངས་སུ་ཁྱབ་པས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དང་། འཇིག་རྟེན་གྱི་མི་ཆེན་སོགས་ཆེ་དགུ་ཐམས་ཅད་ཀྱིས་ཀྱང་ཞབས་ལ་བཏུད་ཅིང་གསུང་གི་བདུད་རྩི་བཞེས་པས་མཚོན་ཞལ་སློབ་ཏུ་གྱུར་པའི་སྐལ་ལྡན་གྱི་གྲངས་ནི་བགྲང་བར་མི་སྤྱོད་པ་ཡིན་ཏེ། དེ་ལྟར་ཡང་རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་ལས། རིགས་སྲས་རྟ་མགྲིན་སྤྲུལ་པ་ནི༔ རྡོ་རྗེའི་མིང་གིས་འགྲོ་དོན་སྤྱོད༔ དམ་ལྡན་ཆོས་བདག་སློབ་མ་ནི༔ ད་ལྟའི་མངའ་བདག་ཡབ་སྲས་སོགས༔ ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་


MLP003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་སུམ་ཅུ་ལྔ༔ རང་དོན་གྱུར་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱི་འབྲེལ་པ་སྟོང་ཚོ་གཉིས༔ སྨོན་ལམ་འབྲེལ་པ་ཁྲི་ཕྲག་ལྔ༔ ལས་ཀྱིས་འབྲེལ་པ་དྲུག་ཅུ་བདུན༔ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ བཟང་པོའི་འབྲེལ་ཅན་ཁྲི་ཕྲག་གཉིས༔ ཞེས་སོགས་གསུང་ཤིང་། ཐུགས་ཐིག་གི་ལུང་བྱང་ལས། དེ་སོགས་རྩ་བའི་ཆོས་བདག་ལྔ་པོ་ལ༔ འཁོར་གྱི་ཚུལ་དུ་རིག་འཛིན་བུ་བཅུ་གཅིག༔ གདམས་པས་སྨིན་གྲོལ་ནུས་པ་སུམ་ཅུ་ལྔ༔ ཕྱིར་མི་ལྡོག་པའི་ས་ཐོབ་དཔག་མེད་འབྱུང་༔ ཞེས་དང་། གབ་རྒྱ་ཅན་གྱི་ལུང་བྱང་དུ། རྩ་བའི་ཆོས་བདག་དྲུགསྐུ་ལྔ་མཚོན་པ་ཕྱིའི་ཆོས་བདག་ལྔ། ཕ་རོལ་ཕྱིན་དྲུག་མཚོན་པ་ནང་གི་ཆོས་བདག་དྲུགཚད་མེད་བཞི་མཚོན་པ་གསང་བའི་ཆོས་བདག་བཞི་རྣམས་སོ་སོའི་སྤྲུལ་གཞི་དང་མཚན་ཟུར། ཡུལ་ཕྱོགས་སོགས་ཀྱི་སྒོ་ནས་ལུང་གསལ་བར་བསྟན་ཅིང་། ཡང་གབ་རྒྱ་ཅན་གྱི་ལུང་བྱང་སྙིང་གཏམ་གསང་བའི་ཡི་གེ་ལས་ཀྱང་། འགྱུར་མེད་རྩ་བའི་ཆོས་ཀྱི་བདག༔ བྱང་སེམས་རིག་འཛིན་རྣམ་པར་ལྔ༔ ཚུལ་བཞིན་དྲོད་ཐོབ་བཅུ་གཅིག་སྟེ༔ གཞན་དོན་ནུས་པ་སུམ་ཅུ་ལྔ༔ ཕྱིར་མི་ལྡོག་པའི་ས་ཐོབ་པ༔ ལས་དང་ལྡན་པ་བརྒྱ་ཕྲག་གཅིག༔ ཅེས་དང་། ཡང་དེ་ལས། ལས་ལྡན་ཆོས་ཀྱི་བདག་པོ་དང་༔ འཆུག་མེད་རྟེན་འབྲེལ་འགྲིག་གྱུར་ན༔ མཛད་པ་ཕྲིན་ལས་མཐར་ཕྱིན་ཅིང་༔ ཕན་དང་བདེ་བ་དཔག་མེད་འབྱུང་༔ འགྲོ་དོན་ལྷག་མ་ཀོང་ཁམས་དང་༔ དབུ་རུའི་ཕྱོགས་རྣམས་ཀུན་ལ་དར༔ ཁྱད་པར་གཡོ་རུ་གཙང་མའི་སར༔ འདི་ཉིད་འཆད་ཅིང་སྒྲུབ་པའི་སྡེ༔ ཚོམ་བུ་གཅིག་ཏུ་འདུས་པ་དག༔ བརྩོན་པས་བསྒྲུབ་ན་འགྲུབ་འགྱུར་ཞིང་༔ མ་འོངས་བསྟན་པ་ཆེར་འཕེལ་ཏེ༔ བོད་ཀྱི་བདེ་སྐྱིད་གོང་དུ་སྤེལ༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟར་སྐལ་ལྡན་ཆོས་ཀྱི་བདག་པོར་རྡོ་རྗེའི་ཚིག་གིས་ལུང་བསྟན་པའི་དོན་རྣམས་ཀྱང་། གབ་རྒྱ་ཅན་ལས། ང་དང་ཁྱོད་བར་འཕྲིན་པ་གཞན་མེད་པས༔ གདུང་ཤུགས་གསོལ་བ་ཐོབ་ཅིག་ལུང་སྟོན་འགྱུར༔ ཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཀཱ་རའི་ཡེ་ཤེས་ཀྱི་སྐུས་བླང་དོར་གྱི་གནས་རྣམས་དངོས་སུ་འདོམས་


MLP003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་རྗེ་གཏེར་ཆེན་བླ་མ་དམ་པ་ཉིད་ཀྱི་འདི་དང་འདིའོ་ཞེས་ངོས་འཛིན་པར་མཛད་པ་ལས། རང་བློར་ངེས་པ་རྣམས་སོ་སོའི་མཚན་ནས་སྨོས་པ་སྐབས་སུ་བབས་ནའང་ཡི་གེའི་འཇིགས་པས། འདིར་ཞལ་སློབ་ཏུ་གྱུར་པ་ཡོངས་ལ་གྲགས་ཆེ་བ་འགའ་ཞིག་སྨོས་ན། གཙོ་བོར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་མཁྱེན་ཅིང་། ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ཀྱི་མཚན་ཉིད་སྒྲིབ་བྲལ་དུ་གཟིགས་པའི་ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོས་སྨིན་གྲོལ་གདམས་པའི་བདུད་རྩི་མཐའ་ཡས་པ་ཞིག་དགྱེས་པ་ཆེན་པོས་གསན་ཏེ། མི་ཕྱེད་པའི་ཐུགས་ཀྱི་དྭངས་བ་ཆེན་པོས་གསུང་གི་ཆ་ཤས་ཕྲ་མོ་རེ་ཙམ་ལའང་ཚད་མར་འཛིན་པའི་སྒོ་ནས་ཏི་ཤྲཱིར་བཀུར་བའི་བསྟོད་སྔགས་ཆེན་པོ་མཛད་ལ། དེས་མཚོན་ཏེ་གོང་གི་ཁྲི་ལ་མངའ་དབང་བསྐུར་བ་གོང་ཞབས་རྒྱ་ཕེབས་དང་། ས་སྐྱ་པ་གདན་ས་གོང་མ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས། འོག་མ་རྩེ་གདོང་ཁྲི་ཆེན་བསོད་ནམས་བསྟན་འཛིན་དང་བདག་ཆེན་རྒྱན་པ་ཁུ་དབོན་གསུམ། ལྷ་གཟིགས་ཕག་མོ་གྲུབ་པ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས། སྟག་ལུང་ཞབས་དྲུང་རྣམ་རྒྱལ་ལེགས་གྲུབ་དང་། བཀྲ་ཤིས་ཆོས་རྒྱལ་ཁུ་དབོན། མ་ཐང་ངག་གི་དབང་ཕྱུགའབྲི་གུང་པ་དཀོན་མཆོག་ཆོས་གྲགས། ཆབ་མདོ་འཕགས་པ་ལྷ་སྐུ་ཕྲེང་ལྔ་པ་རྒྱལ་བ་རྒྱ་མཚོ། སྒམ་པོ་སྤྲུལ་པའི་སྐུ་བཟང་པོ་རྡོ་རྗེ་དང་། དེའི་སྤྲུལ་པའི་སྐུ་འབྲུག་པ་མི་ཕམ་དབང་པོ་སྟེ་བླ་ཆེན་འགྲན་ཟླ་དང་བྲལ་བ་རྣམས་དང་། མི་དབང་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་སངས་རྒྱས་རྒྱ་མཚོས་མཚོན་གངས་ལྗོངས་ཁྲིམས་ཀྱི་བདག་པོ་སྡེ་སྲིད་ན་རིམ་བཞི། སྐྱིད་ཤོད་ཞབས་དྲུང་རྡོ་རྗེ་རྣམ་རྒྱལ། ཁྲི་དཔོན་སྣ་དཀར་རྩེ་པ་དང་། གླིང་པ། ལྷ་རྒྱ་རི་པ། བྱ་ས་ཁྲི་དབོན། ཐོན་པ་མདོ་མཁར་པ་སོགས་དཔོན་ཆེན་དང་དཔོན་སྐྱ་སྟེ་མི་ཆེན། བསྟན་པ་གསལ་བར་མཛད་པའི་བཤེས་གཉེན་སྐུའི་སྲས་ཞབས་དྲུང་སྐུ་མཆེད་རྣམས་དང་། གསུང་གི་སྲས་སུ་འབྲེལ་བ་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་ཀུན་བཟང་པདྨ་ཕྲིན་ལས། ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་སྐུ་ཕྲེང་སྔ་རྟིང་། གསུང་སྤྲུལ་ཀུན་བཟང་རྡོ་རྗེ།


MLP003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཆེན་སྤྲུལ་སྐུ་ཀུན་དགའ་བསོད་ནམས། ཉང་སྟོན་བློ་མཆོག་རིག་པའི་རྡོ་རྗེ། རྒྱ་སྟོན་འོད་གསལ་རང་གྲོལ། དེའི་སྤྲུལ་སྐུ་ལྕེ་སྟོན་ངག་དབང་ཀུན་བཟང་རང་གྲོལ། དཔལ་རི་སྤྲུལ་སྐུ་ངག་དབང་ཀུན་བཟང་པདྨ། ཐང་འབྲོག་སྤྲུལ་སྐུ་ཀུན་བཟང་ལེགས་གྲུབ་པདྨ་བཞད་པའི་རྡོ་རྗེ། བྲེས་སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པ། བོན་ལུང་པ་ལེགས་ལྡན་ཚུལ་ཁྲིམས། མེ་རག་བླ་མ་པདྨ་འཕྲིན་ལས་དབང་ཕྱུགཟུར་ཡང་འུག་གི་ཞབས་དྲུང་། འབྲོ་སྒྲོལ་མ་པ། གཏེར་ཁ་གོང་འོག་གི་གདུང་བརྒྱུད། ཀོང་པོ་དང་རོང་པ་རྫོགས་ཆེན་སྤྲུལ་སྐུ། མདོ་ཁམས་པ་པདྨ་རིག་འཛིན། ཀཿཐོག་རྒྱལ་སྲས་པ། བླ་མ་ཁྱབ་བདལ། བ་ཟལ་བླ་མ་ཡེ་ཤེས་སོགས་ད་ལྟའི་དུས་ཀྱི་རྙིང་མའི་བསྟན་འཛིན་ཕལ་མོ་ཆེ་ཞལ་སློབ་ཏུ་མ་གྱུར་པ་མེད་ལ། གཞན་ཡང་ངམ་རིང་མཁན་ཆེན་ཆག་པ་ཆོས་འཕེལ། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ་དང་། ཞལ་སྔ་ནས་ངག་དབང་བསྟན་འཛིན། དེ་མོ་སྤྲུལ་པའི་སྐུ། རྟ་ཚག་རྗེ་དྲུང་། དཱ་ལི་ཧོ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོ། སྤྱན་ཡས་མཁན་པོ་ཆོས་previous hit ་སྐུ་སྐྱེ། གླིང་སྟོད་ཁྲི་ཆེན་ཉི་ཐང་སྤྲུལ་སྐུ། བྱམས next hit་གླིང་མཁན་པོ་ངག་དབང་ཤེས་རབ། ར་སྒྲེང་མཁན་པོ་བློ་བཟང་ཆོས་གྲགས། རི་བོ་བདེ་ཆེན་མཁན་པོ་ངག་དབང་དཀོན་མཆོགཆབ་ནག་མཁན་པོ་ངག་དབང་བློ་གསལ་མཆོག་གྲུབ། རྒྱལ་མཁན་པོ་ངག་དབང་དཔལ་མགོན་སོགས་དགེ་ལུགས། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་དང་། འཇམ་དབྱངས་བསྟན་འཛིན། མཉྫུ་ཤྲཱི་སྟེ་མཁན་ཐོག་གསུམ། གནས་གསར་རྗེ་དབོན་བློ་གསལ་མཆོག་ལྡན་སྐུ་མཆེད། ངོར་མཁན་ཆེན་ཐར་རྩེ་པ་དང་། མི་ཉག་པ་ཚུལ་ཁྲིམས་དཔལ་བཟང་། གྲྭ་ཐང་མཁན་པོ་ངག་དབང་བསྟན་འཛིན་ཕུན་ཚོགས་ཁུ་དབོན། སྐྱེ་ཆུ་མཁན་པོ་ངག་དབང་འཇམ་དཔལ། གནས་འཛི་བླ་མ་བྱམས་པ་ཕུན་ཚོགས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། སྐྱེད་ཚལ་གོང་གི་མཁན་རབས་གསུམ་དང་འོག་གི་གཉིས། གསེར་མདོག་ཅན་མཁན་པོ་སོགས་ས་ལུགས། ཡོངས་འཛིན་ཀུན་དགའ་ལྷུན་འགྲུབ་སྐུ་ཕྲེང་སྔ་རྟིང་། དྲེའུ་ལྷས་སྤྲུལ་པའི་སྐུ་མངའ་རིས་རྒྱལ་སྲས་པ། བདག་པོ་སྤྲུལ་སྐུ། ཁམས་པ་སྤྲུལ་སྐུ། བསམ་གཏན་རྫོང་སྤྲུལ་སྐུ་སོགས་


MLP003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ལུགས། ཏྲེ་བོ་སྤྲུལ་པའི་སྐུ་བློ་བཟང་ཆོས་དབང་། རྒྱལ་སྲས་རིན་ཆེན་གྲུབ་མཆོགལྷ་ཕུ་སྤྲུལ་སྐུ་མཆེད་སོགས་ཀར་ལུགས། སྦྱོ་ར་འཇིགས་མེད་གྲུབ་པ་ཡབ་སྲས། བསམ་སྡིངས་པ་བདེ་ཆེན་ཕྲིན་ལས་མཚོ་མོ། མངོན་དགའ་རྗེ་དབོན་ནམ་མཁའ། དིང་རི་བ་བློ་གྲོས་བརྟན་པ་སོགས་བོ་ལུགས། ཀུན་སྤང་ལྷ་བཙུན་རྡོ་རྗེ། གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ། བྱ་རྒོད་པ་ཆོས་སྐྱོང་རྒྱལ་མཚན། རྩེ་ཆེན་འཁྲུལ་ཞིག་རིག་འཛིན་རྣམ་རྒྱལ། ཆོས་སྐུ་ཀློང་ཡངས་འོད་གསལ། གྲུབ་རྒྱ་དགེ་སློང་གྲུབ་དབང་འགྱུར་མེད་ཀློང་གྲོལ་སོགས་ནང་ལ་མཆོག་ཏུ་གཞོལ་བའི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་སྟེ། མདོར་ན་བདག་ཉིད་མཉམ་རྗེས་ཁོར་ཡུག་གི་ཏིང་ངེ་འཛིན་འོད་གསལ་ཡེ་ཤེས་ཀྱི་ཐུགས་ལས་ནམ་ཡང་མི་གཡོ་བཞིན་ཏུ་བཤད་སྒྲུབ་ཀྱི་ཕྲིན་ལས། དབུས་གཙང་ཁམས་ཀོང་ལྷོ་མོན་མངའ་རིས་སོགས་ནས་དད་འདུས་ཀྱི་སྐལ་ལྡན་མཆོག་དམན་མཐའ་ཡས་པ་རྣམས་སོ་སོའི་ཇོ་དང་འཚམས་པའི་དབང་ཁྲིད་བཤད་ལུང་ཡོངས་སུ་རྫོགས་པ་དང་། དབང་རྐྱང་ལུང་རྐྱང་ཙམ་གྱི་ཆོས་སྒོ་དུ་མས་ཀྱང་བསྟན་པ་གསལ་བར་མཛད་ཅིང་། དེར་མ་ཟད་ཞལ་མཐོང་བ་དང་། གསུང་གི་ཆ་ཤས་ཐོས་པ་དང་། ཟང་ཟིང་ཙམ་གྱིས་བསྙེན་བཀུར་བ། འཕྲལ་གྱི་བྱ་བ་རིགས་པ་དང་མི་རིགས་པའི་བསླབ་བྱའི་གནས་འདོམས་པར་མཛད་པའི་གདུལ་བྱར་ཇར་གྱུར་ཟིན་དང་། སླད་ནས་འབྱུང་འགྱུར་ཐམས་ཅད་ཀྱང་རྗེ་ཉིད་ཀྱི་སྨོན་ལམ་གྱི་མཐུས་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་སུ་རིག་འཛིན་གྱི་གྲལ་དུ་འགྱུར་ངེས་པ་ཡིན་ཏེ། གབ་རྒྱ་ཅན་གྱི་ལུང་བྱང་ལས། འདི་འདྲའི་སྐྱེས་བུ་འབྲེལ་ཚད་དོན་དང་ལྡན༔ བཟང་ངན་འབྲེལ་ཚད་དཔལ་རིའི་ཞིང་དུ་འཁྲིད༔ ཅེས་གསུངས་པ་ཡིན་ནོ། །བྱ་བ་ལས་ཀྱི་འཁོར་ལོའི་ཕྲིན་ལས་ཀྱང་། ལྷ་མིའི་གཙུག་རྒྱན་གོང་ཞབས་ཡས་ཕྱིན་གྱིས་གནས་གཞིའི་ས་ཡུལ་ལྷ་འབངས་དང་བཅས་པས་མཚོན་མཁོ་དགུའི་ཡོ་བྱད་བླ་ན་མེད་པ་ལྷུག་པར་སྩལ་བ་དང་། དད་ཅན་རྣམས་ཀྱིས་ཕུལ་བའི་དངོས་པོ་རྣམས་སྲི་ཚགས་དང་གསོག་རུམ་གྱིས་མཛོད་ཕུག་མའི་སྒོ་ལྕགས་མི་སྡོམ་ཞིང་བར་མ་དོར་ཆུད་མི་འཛའ་བར་


MLP003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་རྒྱུར་འགྱུར་བའི་ཆེད་དུ་སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་འདུན་ཐོག་མར་བཞི་བཅུ་སྐོར་ཚུགས་པ་ལས། དེང་སང་སུམ་བརྒྱར་ཉེ་བ་གསར་དུ་བསྡུ་བར་མཛད་ནས། དུས་བཞིའི་འཆད་ཉན་གྱི་ཆོས་གྲྭ་དང་། དཀྱིལ་འཁོར་དུ་མའི་སྒྲུབ་མཆོད། གཞི་གསུམ་གྱི་ཕྱག་བཞེས་རྣམས་ཀྱི་སྲོལ་བཟང་པོ་བཏོད་པ་ལས། ཕོག་ཇ་ཚུལ་སོགས་རུང་བའི་རྙེད་བཀུར་གྱིས་མི་བྲེལ་བར་རྒྱུན་ཆགས་པ་དང་། དུས་བཞིའི་སྒྲུབ་མཆོད་སོ་སོའི་འཕར་མའི་བསྙེན་བཀུར་ཕུལ་དུ་བྱུང་བ་དེ་དག་གི་མཆོད་པའི་རྫས་དང་། སྔགས་ཀྱི་ཕྱག་བཞེས་ཀྱི་ཡོ་བྱད་རྒྱུ་བཟང་ཞིང་བཀོད་པས་འཕགས་པ་དུ་མ། གནས་མལ་གྱི་གཙུག་ལག་ཁང་ཀ་བ་བརྒྱད་ཅུ་གྱ་བཞིའི་ཁྱོན་ཐོག་རིམ་གསུམ་པ་རྩེ་མོར་གསེར་གྱི་གཉྫི་ར་ལྔ་དང་། ལི་མ་ལྷ་ཁང་གི་སྟེང་དུ་གཉིས། ཕྱི་རོལ་འཁོར་ས་བྲང་ཁང་དང་བཅས་པ། དེའི་བྱང་ངོས་སུ་བླ་བྲང་ཆོས་འཁོར་ལྷུན་པོ་ལྟེ་བ་ཀ་བ་ལྔ་བཅུའི་ཁྱོན་ཐོག་རིམ་གསུམ་པ་འཕྱུར་བུའི་རྩེར་གསེར་གྱི་རྒྱ་ཕིབས། གཉྫི་ར་དང་བཅས་པ་མདུན་གྱི་ལན་ཀན་ལ་གསེར་གྱི་རྒྱལ་མཚན་གཉིས་བསྒྲེངས་ཤིང་། ཕྱི་རོལ་དུ་མིག་རྩེ་རིས་ཀྱི་ཁང་བྲན་དུ་མས་མཛེས་པ། དེ་གཉིས་ཀྱི་བར་དུ་སྒྲུབ་མཆོད་ཁང་པ་གསང་སྔགས་ཕོ་བྲང་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ཁྱོན་ཐོག་རིམ་གཉིས་པ་རྩེ་མོར་གསེར་གྱི་གཉྫི་ར་དང་། ཟུར་བཞིར་གཡུ་ཆུའི་གཉྫི་ར་བཞིས་བརྒྱན་པ། དེ་རྣམས་སུ་བཞུགས་པའི་སྐུ་རྟེན་སྨན་འདམ་ལ་འབུར་དུ་བྱས་པ་དང་། རིན་པོ་ཆེ་ལ་བརྡུང་པའམ་ལུགས་སུ་བླུགས་པ། ཙནྡན་ལ་བརྐོས་པའི་སྐུ་དང་། ལྡེབ་རིས་ཀྱི་སྣང་བརྙན་ཚར་དུ་དངར་བ། གཞན་ཡང་བྲིས་ཐང་མང་པོ་དང་། བཟང་གོས་ལས་གྲུབ་པའི་ཐུབ་དབང་གནས་བརྟན་བཅུ་དྲུག་དང་། གུ་རུ་མཚན་བརྒྱད་ཀྱི་ཡོལ་ཐང་། ཨོ་རྒྱན་སངས་རྒྱས་གཉིས་པའི་གོས་ཐང་ཆེན་མོ་སོགས་སྐུའི་རྟེན་གསར་བཞེངས་བགྲང་བ་ལས་འདས་པ་དང་། གསུང་གི་རྟེན་གསེར་དངུལ་དང་སྐྱ་པོད་ཀྱི་བཀའ་འགྱུར་གཉིས་ཀྱིས་མཚོན་གླེགས་བམ་གསར་བཞེངས་བདུན་བརྒྱར་ཉེ་བ་དང་། བཀའ་བསྟན་གྱི་གཞུང་འགྲེལ། ཞལ་འདོན་སྐོར་གྱི་ཆོག་ཕྲིན།


MLP003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་རིག་གནས་སོགས་ཀྱི་པར་མང་པོ། ཐུགས་རྟེན་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཀྲ་ཤིས་པའི་སྒོ་འཕར་མང་པོ་ཅན་རྩ་བ་ས་འཛིན་གྱི་ཟུར་གཅིག་ནས་ཅིག་ཤོས་ཀྱི་ངོས་རེའི་རྒྱར་འདོམ་བཅུ་གཅིགགློ་འབུར་གྱི་ཐད་ཀའི་ཕྱོགས་ནས་ཕྱོགས་ཀྱི་རྒྱར་འདོམ་ཕྱེད་བཅུ་གཉིས། རྩ་བ་ནས་རྩེ་མོའི་གཉྫི་རའི་བར་གྱི་དཔངས་ལ་ཐོག་ཚད་བཅུ་གཅིག་པ། ནང་ལྷུན་པོའི་ཁོངས་སེང་ལྟར་ཡངས་པ་ལ་བྱམས་ཁང་སོགས་ལྷ་ཁང་རིམ་པ་བཞི། ཕྱིའི་ཁོར་ཡུག་གྲུ་བཞིའི་ཕྱོགས་རེར་འདོམ་ཉི་ཤུ་རྩ་བཞིས་བསྐོར་བའི་ཕྱོགས་དང་ཟུར་བཞི་ལ། མདུན་ངོས་ཕྱི་སྒོའི་གློར་ཆོས་ཁྲིའི་ཐོག་གཡུ་ཕིབས་ཀྱི་སྟེང་གསེར་གྱི་འཁོར་ལོ་གདུགས་ཀྱིས་ཕུབ་པའི་གཡས་གཡོན་དུ་རི་དྭགས་དང་བཅས་པ། ཕྱོགས་མཚམས་གཞན་རྣམས་སུ་བྱང་ཆེན་ལ་སོགས་པའི་མཆོད་རྟེན་ལྷག་མ་བདུན་དང་། དེའི་ཕྱི་རོལ་མདུན་ངོས་སུ་ཆོས་བཟང་བདེ་ཡངས་དང་བཅས་པ་སྟེ། དེ་རྣམས་སུ་རྟེན་གསུམ་གསར་བཞེངས་ཀྱི་སྟེང་། ཡུལ་ཕྱོགས་གཞན་ནས་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲོངས་པའི་རྒྱ་ལི་དང་རྒྱ་ནག་མ་བོད་ལྷ་སོགས་སྐུ་རྟེན་མཐའ་ཡས་པ་དང་། མཚལ་པར་མ་དང་སྐྱ་པོད་གཉིས་གཉིས་ཏེ་བཀའ་འགྱུར་བཞིས་མཚོན་པའི་ཡུམ་རྒྱས་འབྲིང་ལ་སོགས་པའི་བཀའ་པོད་མང་པོ། བསྟན་འགྱུར་ཚར་གཉིས། མདོ་སྔགས་གསར་རྙིང་རིས་མེད་ཀྱི་གླེགས་བམ་གཙུག་ལག་ཁང་གི་དཔེ་མཛོད་ལྷོ་བྱང་དང་། བླ་བྲང་གི་ཕྱག་དཔེ་ནང་མའི་སྐོར་སོགས་གསུང་རྟེན་བསམ་གྱིས་མི་ཁྱབ་པ། དངུལ་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་སོགས་ཐུགས་རྟེན་མང་པོ། དེ་ཐམས་ཅད་ཀྱི་སྤྱན་སྔར་ངོ་བོ་བཟང་ཞིང་བཀོད་པ་ཕུལ་དུ་བྱུང་བའི་གནམ་རྒྱན་དང་སྤྱན་གཟིགས་སོགས་རྒྱན་དུ་མས་བཀླུབས་ཤིང་མཆོད་རྫས་མང་པོས་ཡོངས་སུ་གཏམས་པས་འགྲོ་བ་མཐའ་དག་གི་བསོད་ནམས་ཀྱི་ཞིང་དམ་པར་མངོན་པར་འདུ་མཛད་པ་སྟེ། དེ་ལྟར་གཏོང་བ་ཕུན་སུམ་ཚོགས་པ་ལ་ཆེས་གོམས་པས་རིས་མེད་པའི་མཆོད་སྦྱིན་གྱི་ཡུལ་རྣམས་ལ་ཚོགས་གཉིས་ཀྱི་རྒྱུར་ལྷུག་པར་གཏོང་བ་སོགས་བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད་པའི་དགེ་བའི་ལས་རླབས་པོ་ཆེ་བདག་གིར་བཞེས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་སོ། །


previousདབང་བཞི་པའི་རྟོགས་པའི་ཉམས་མྱོང་གོམས་པས་ཐུགས་ཀྱི་འགྲོ་དོན་མཛད་ཚུལ།next