Nitartha Digital Library
Tibetan
 
previousགནས་བརྒྱད་པ་སྙོམས་འཇུག་བསྟན་པའི་འགྲེལ་པ།next

གནས་བརྒྱད་པ་སྙོམས་འཇུག་བསྟན་པའི་འགྲེལ་པ།

སྒོམ་པའི་བསམ་གཏན་གཏན་ལ་ཕབ་པ་ལ། སྙོམས་འཇུག་གི་རང་བཞིན་གཏན་ལ་ཕབ། དེའི་ཁྱད་པར་གྱི་ཆོས། ཏིང་ངེ་འཛིན་གསུམ་གྱི་དབྱེ་བ། དེ་ལ་བརྟེན་པའི་ཡོན་ཏན་བཤད་པ་དང་བཞི། དང་པོ་ལ། སྙོམས་འཇུག་གཉིས་སོ་སོར་བཤད་པ། ཐུན་མོང་དུ་བཤད་པ། བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། བསམ་གཏན་གྱི་སྙོམས་འཇུག་དང་། གཟུགས་མེད་ཀྱི་སྙོམས་འཇུག་གཉིས། དང་པོ་ལ། དབྱེ་བ་སྤྱིར་བསྟན་པ་དང་། སྙོམས་འཇུག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །ཅེས་པ་སྟེ། བསམ་གཏན་དེ་དག་ནི་རྣམ་པ་གཉིས་ཡོད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་ཡོད་པའི་ཕྱིར། དེ་རེ་རེ་ལ་བཞི་བཞི་ཡོད་དེ། དང་པོ་ནས་བཞི་པའི་བར་ཡོད་པའི་ཕྱིར། འབྲས་བུ་སྐྱེས་ཐོབ་ཀྱི་བསམ་གཏན་ནི་འདིར་རྒྱས་པར་མི་འཆད་དེ། གོང་མའི་གནས་དག་བཅུ་བདུན་ནི། །ཞེས་སོགས་ཀྱི་སྐབས་སུ་བསྟན་ཟིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་བསམ་གཏན་དང་པོ་ན་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ཀ་ཡོད་ཅིང་། གཉིས་པ་མན་ཆད་ལ་མེད་པའི་ཁྱད་པར་འཐད་ཟེར་ན། བསམ་གཏན་གཉིས་པ་ན། མིག །རྣ་བ། ལུས་ཀྱི་རྣམ་པར་ཤེས་པ་གསུམ་དང་། ལུས་ངག་གི་ལས་ཀུན་ནས་སློང་བར་བྱེད་པའི་རྟོག་དཔྱོད་གཉིས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། བསམ་གཏན་གཉིས་པ་བའི་རྒྱུད་ལ་དེ་མེད་པར་ཐལ་ལོ། །གཉིས་པ་ནི། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །དཔྱོད་དང་དགའ་དང་བདེ་དང་ལྡན། །ཡན་ལག་ལྔ་ལྔ་སྤངས་པ་ཡིན། །ཞེས་པ་སྟེ། རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་ངོ་བོ་ཡོད་དེ། ཡན་ལག་གི་འོག་ས་ལས་འདོད་ཆགས་དང་བྲལ་བའི་དགེ་བའི་སེམས་རྩེ་གཅིག་གིས་ཐོབ་པ་ཡིན་པའི་ཕྱིར། དུ་མ་ཡོད་དེ། རྗེས་འབྲང་དང་བཅས་པའི་ཕུང་པོ་ལྔ་ཀ་ཡོད་པའོ། །ངོ་བོ་ཡོད་དེ། རྟོག་དཔྱོད་གཉིས་དང་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར། གཉིས་པ་ནས་བཞི་པའི་བར་གྱི་ངོ་བོ་ཡོད་དེ། བསམ་གཏན་ལྷག་མ་གསུམ་ནི་ཡན་ལག་ལྔ་ལྔ་སྤངས་པ་ཡོད་དེ། དགེ་བ་རྩེ་གཅིག་པ་ཞེས་བཤད་པའི་ཕྱིར། གཞན་སྤྱོད་པ་སྤངས་ནས་དགའ་བ་སོགས་གཉེན་པོའི་ཡན་ལག་དང་ལྡན་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཟུགས་མེད་ཕུང་པོ་བཞི། །འོག་མའི་ས་ལས་དབེན་ལས་སྐྱེས། །ཉེར་བསྡོགས་གསུམ་དང་བཅས་པར་ནི། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །གཟུགས་མེད་པ་ན་གཟུགས་མེད་དོ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར་དམན་ཕྱིར་འདུ་ཤེས་མེད། །འདུ་ཤེས་མེད་པའང་མ་ཡིན་པའོ། །ཞེས་པ་སྟེ། འདི་ལ་བཞི། ངོ་བོ། ཐོབ་ཚུལ། དམིགས་པའི་ཁྱད་པར། དབྱེ་བ་དང་བཞི་ལས། དང་པོ་ནི། གཟུགས་མེད་གཉིས་ཡོད་དེ། བསམ་གཏན་དེ་བཞིན་དུ་རྒྱུ་སྙོམས་འཇུག་གི་གཟུགས་མེད་དང་འབྲས་བུ་སྐྱེ་བའི་གཟུགས་མེད་གཉིས་ཡོད་པའི་ཕྱིར། གཉིས་པ་ངོ་བོ་ཡོད་དེ། འོག་མའི་ས་ལས་དབེན་པ་དེ་ཆགས་བྲལ་གྱི་ཚུལ་གྱིས་སྐྱེ་བའི་ཕྱིར། གསུམ་པ་དམིགས་པའི་ཁྱད་པར། གཟུགས་མེད་ཀྱི་ཉེར་བསྡོགས་ཕྱི་མ་གསུམ་དངོས་གཞི་དང་བཅས་པ་ལ། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་ཞེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར། གཟུགས་མེད་ཁམས་ན་གཟུགས་མེད་དེ། དེ་ནི་མིང་བཞིའི་ཕུང་པོ་ཙམ་གྱིས་ཕྱེ་བ་ཡིན་པས་སོ། །དེ་ནས་འདོད་ཁམས་སུ་སྐྱེ་བའི་གཟུགས་ཀྱི་རྒྱུ་ཡོད་དེ། གཟུགས་ཀྱི་བག་ཆགས་ཡོངས་སུ་གོམས་པའི་སེམས་ཀྱི་འཇུག་པ་ལས་སྐྱེ་བར་འགྱུར་བའི་ཕྱིར། བཞི་པ་དབྱེ་བ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། སྦྱོར་བའི་དུས་སུ་རྣམ་ཤེས་ལྟར་མཐའ་ཡས་སོ་སྙམ་དུ་སྒོམ་ཞིང་། དངོས་གཞིའི་དུས་སུ་དེ་མངོན་དུ་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནམ་མཁའ་མ་གཏོགས་སྔ་མ་དང་འདྲ། ཅི་ཡང་མེད་པའི་སྐྱེ་མཆེད། ཅི་ཡང་མེད་ཅེས་ཁ་སྤོ། འདུ་ཤེས་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་པ་ནི་རྣམ་པའོ། །འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའང་མིན་པ་ནི་ཞི་བའོ་སྙམ་དུ་སྒོམ་ཞིང་ལྷག་མ་སྔར་དང་འདྲ།

གཉིས་པ་ཐུན་མོང་དུ་བཤད་པ་ནི། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད་བདུན་རྣམ་པ་གསུམ། །རོ་མྱང་ལྡན་དང་དག་པ་དང་། །ཟག་མེད་བརྒྱད་པ་རྣམ་པ་གཉིས། །རོ་མྱང་མཚུངས་ལྡན་སྲེད་བཅས་སོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེས་མྱང་བྱ། །ཟག་མེད་འཇིག་རྟེན་འདས་པའོ། །ཞེས་པ་སྟེ། སྙོམས་འཇུག་དངོས་གཞིའི་རྫས་རྣམ་པ་བརྒྱད་ཡོད་དེ། བསམ་གཏན་བཞི་དང་གཟུགས་མེད་བཞིའི་སྙོམས་འཇུག་རྣམས་སོ། །སྲིད་རྩེ་མ་གཏོགས་པའི་སྙོམས་འཇུག་བདུན་ལ་རྣམ་པ་གསུམ་ཡོད་དེ། རོ་མྱང་དང་མཚུངས་ལྡན་དང་། དག་པ་བ་དང་། ཟག་མེད་སྙོམས་འཇུག་རྣམས་ཡོད་པའི་ཕྱིར། བརྒྱད་པ་སྲིད་རྩེའི་སྙོམས་འཇུག་ལ་རྣམ་པ་གཉིས་ཡོད་དེ། རོ་མྱང་མཚུངས་ལྡན་དང་། དག་པ་བ་གཉིས་ཡོད་པའི་ཕྱིར། དག་པ་བའི་ངོ་བོ་འཇིག་རྟེན་པའི་དགེ་བས་བསྡུས་པའི་སྙོམས་འཇུག་གོ །དགེ་བ་དེ་དག་རོ་མྱང་དང་མཚུངས་ལྡན་ཡིན་ཏེ། སྙོམས་འཇུག་གི་རྫས་ལ་བརྟེན་ནས་མྱང་བྱ་ཡིན་པའི་ཕྱིར། ཟག་མེད་སྙོམས་འཇུག་གི་ངོ་བོ་འཇིག་རྟེན་ལས་འདས་པས་བསྡུས་པའོ། །

གསུམ་པ་བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། དབྱེ་བ། བསྡུ་བ། ཉོན་མོངས་ཅན་ཡན་ལག་ལྡན་ཚུལ། ཞར་བྱུང་དང་བཞི་ལས། དང་པོ་ནི། དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་པ་སྟེ། བསམ་གཏན་དང་པོ་ལ་ཡན་ལག་ལྔ་ཡོད་དེ། རྟོག་དཔྱོད་གཉེན་པོའི་ཡན་ལག་དང་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་སོ། །བསམ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་ཡོད་དེ། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་དང་དགའ་བ་དང་ལ་སོགས་བདེ་བ་ཕན་ཡོན་གྱི་ཡན་ལག་སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་རྣམས་སོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་ཡོད་དེ། དྲན་པ་ཤེས་བཞིན་གཉེན་པོའི་ཡན་ལག །བཏང་སྙོམས་དང་བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་སོ། །བསམ་གཏན་གྱི་མཐའ་ན་སྟེ། བཞི་པ་ལ་ཡན་ལག་བཞི་ཡོད་དེ། དྲན་པ་དང་བཏང་སྙོམས་གཉེན་པོའི་ཡན་ལག་བདེ་བའང་མིན་སྡུག་བསྔལའང་མིན་པའི་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་སོ། །གཉིས་པ་ནི། རྫས་སུ་བཅུ་གཅིག་དང་པོ་ན། །ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །རབ་ཏུ་དང་བ་དད་པ་ཡིན། །ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཞེས་པ་སྟེ། བསམ་གཏན་གྱི་ཡན་ལག་རྫས་སུ་བཅུ་གཅིག་ཏུ་འདུ་སྟེ། བསམ་གཏན་དང་པོའི་ཡན་ལག་ལྔ། གཉིས་པའི་ནང་རབ་ཏུ་དང་བ་དང་། གསུམ་པའི་བཏང་སྙོམས་དྲན་པ་ཤེས་བཞིན་བདེ་བ། བཞི་པ་ན་བཏང་སྙོམས་རྣམས་ཡོད་པའི་ཕྱིར། དེ་ལྟར་ངེས་ཏེ། བསམ་གཏན་དང་པོ་གཉིས་ནི་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཡིན་ཞེས་བཤད་པའི་ཕྱིར། གཉིས་པའི་ནང་རབ་ཏུ་དང་བ། གསུམ་པའི་དྲན་ཤེས་བཞིན་བཏང་སྙོམས་གསུམ་དུ་འདུས་པ་མིན་ཏེ། དེ་ནི་བསམ་གཏན་ལས་ངེས་པར་བྱུང་བའི་ཡིད་ཆེས་ཀྱི་དད་པ་ཡིན་པའི་ཕྱིར། གསུམ་པའི་བདེ་བ་དེ་ཡིད་བདེ་མིན་ཏེ། དེ་ལྟར་མིན་པ་རྣམ་བསྒྱུར་དང་། ཤེར་ཕྱིན་གྱི་མདོ་གཉིས་ཀྱིས་གྲུབ་པའི་ཕྱིར། གསུམ་པ་ནི། ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །ཞེས་པ་སྟེ། བསམ་གཏན་དང་པོའི་ཉོན་མོངས་ཅན་ལ་དགའ་བ་དང་བདེ་བ་རབ་དང་། ཤེས་བཞིན་དྲན་པ་མེད་དེ། ཉོན་མོངས་དང་བཅས་པའི་ཕྱིར། ཉོན་མོངས་ཅན་ལ་བཏང་སྙོམས་དང་དྲན་པ་ཡང་དག་མེད་དེ། ཉོན་མོངས་དྲི་བཅས་ཡིན་པའི་ཕྱིར། ཁ་ཅིག་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་མེད་ལ། ཕྱི་མ་གཉིས་ན་བཏང་སྙོམས་ཡོངས་སུ་དག་པ་མེད་དེ། དགེ་བའི་ས་པ་ཡིན་པའི་ཕྱིར། བཞི་པ་ཞར་བྱུང་ལ། བསམ་གཏན་བཞི་པ་མི་གཡོ་བ་ཡིན་པའི་རྒྱུ་མཚན། འབྲས་བུ་སྐྱེ་བས་ཐོབ་པའི་བསམ་གཏན་ལ་ཚོར་བའི་ལྡན་ཚུལ། བསམ་གཏན་གཉིས་པར་འོག་མའི་སེམས་མངོན་དུ་བྱེད་ཚུལ་དང་གསུམ། དང་པོ་ནི། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་པ་སྟེ། བསམ་གཏན་བཞི་པ་ལ་གཡོ་བ་མེད་པ་ཞེས་བྱ་སྟེ། སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར། བརྒྱད་ནི། རྟོག་པ་དང་། དཔྱོད་པ་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་དང་། མི་བདེ་བ་རྣམས་སོ། །གཉིས་པ་ནི། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་པ་སྟེ། སྙོམས་འཇུག་གི་རྟེན་ལ་ཡོད་པའི་ཚོར་བ་བདེ་བ་སྐྱེད་པའི་བསམ་གཏན་རྒྱུ་སྐྱེ་བའི་བསམ་གཏན་དང་པོ་དག་ན་ཚོར་བ་གསུམ་ཡོད་དེ། ཡིད་བདེ་དང་། ཚོར་བདེ་དང་། བཏང་སྙོམས་རྣམས་ཡོད་པའོ། །གསུམ་པ་ནི། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་པ་སྟེ། གཉིས་པ་སོགས་གོང་མ་ན་ལུས། མིག་སྣ་བའི་རྣམ་པར་ཤེས་པ། ཀུན་སློང་བར་བྱེད་པ་ཡོད་དེ། སྤྱིར་ཡོད་ཅིང་རང་སས་བསྡུས་པ་མིན་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། དེ་འདྲའི་ཀུན་སློང་གང་ཡིན་པ་དེ་བསམ་གཏན་དང་པོར་གཏོགས་པའི་ཕྱིར། མིག་རྣ་གཉིས་ཀྱི་ངོ་བོ་ལུང་བསྟན་དང་ཉོན་མོངས་ཅན་གཉིས་ཀ་མིན་ཞེས་པའོ། །

གཉིས་པ་དེ་དག་གི་ཁྱད་ཆོས་ལ། ཐོབ་པའི་ཚུལ། ཐོབ་ཟིན་མངོན་དུ་བྱེད་ཚུལ། དམིགས་པའི་ཁྱད་པར། སྤང་བྱ་སྤོང་ཚུལ་ཉེར་བསྡོགས་དང་བཅས་པ་བཞི། དང་པོ་ལ། དངོས་དང་། སྙོམས་འཇུག་གང་གི་མཇུག་ཏུ་སྙོམས་འཇུག་དུ་འབྱུང་ལ་དཔྱད་པ། དག་པའི་དབྱེ་བ། ཞར་བྱུང་ཐོད་རྒལ་གྱི་རྣམ་བཞག་དང་བཞི། དང་པོ་ནི། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་ཐོབ། །ཟག་མེད་འདོད་ཆགས་བྲལ་བ་ཡིས། །ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །ཞེས་པ་སྟེ། སྙོམས་འཇུག་དག་པ་ཐོབ་ཚུལ་ཡོད་དེ། འོག་ས་ལ་འདོད་ཆགས་དང་བྲལ་བ་དང་། སྲིད་རྩེ་མ་གཏོགས་འོག་སར་སྐྱེ་བ་ལས་ནི། དེ་དང་མི་ལྡན་པ་ཐོབ་པའི་ཕྱིར། ཟག་མེད་ཀྱི་བསམ་གཏན་འདོད་ཆགས་དང་བྲལ་བས་ཐོབ། ཉོན་མོངས་ཅན་གྱི་བསམ་གཏན། ཡོངས་སུ་ཉམས་པ་དང་། གོང་ས་ནས་འོག་སར་སྐྱེ་བ་ཡིས་ཐོབ་པས་སོ། །གཉིས་པ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེའོ་དག་ས་ལས་དེ་བཞིན། །རང་གི་ས་པའི་ཉོན་མོངས་ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་འོག་མའི་དག་གཅིག་ཀྱང་། །འཆི་འཕོ་དག་ལས་ཉོན་མོངས་ཀུན། །ཉོན་མོངས་ཅན་ལས་གོང་མ་མིན། །ཞེས་པ་སྟེ། ཟག་པ་མེད་པའི་མཇུག་ཐོགས་སུ་བསམ་གཏན་དུ་མ་ཐོབ་སྟེ། རང་གི་ལྟག་གོང་ས་དང་འོག་ས་རང་ས་གསུམ་པའི་བར་གྱི་དགེ་བ་དེ་བསམ་གཏན་ལས་སྐྱེས་པས་སོ། །བསམ་གཏན་དག་པ་བའི་མཇུག་ཏུ་ཆོས་དུ་མ་ཐོབ་སྟེ། སྔ་མ་དེ་བཞིན་དུ་རང་ས་འོག་ས་སོགས་ཀྱི་བསམ་གཏན་དག་པ་བ་དང་། རང་སའི་ཉོན་མོངས་ཅན་ཡང་ཐོབ་པས་སོ། །ཉོན་མོངས་ཅན་གྱི་བསམ་གཏན་མཇུག་ཏུ་གསུམ་འབྱུང་སྟེ། རང་སའི་དག་པ་བ་དང་། ཉོན་མོངས་ཅན་དང་། འོག་མའི་དག་པ་བ་གཅིག་ཀྱང་ཐོབ་པས་སོ། །འཆི་འཕོ་བའི་དུས་ཀྱི་སྐྱེ་ཐོབ་ཀྱི་བསམ་གཏན་དག་པ་བ་ལས་མཇུག་ཐོགས་ཀྱི་ཆོས་གསུམ་འབྱུང་སྟེ། རང་ས་འོག་ས་གོང་སའི་ཉོན་མོངས་ཅན་ཀུན་འབྱུང་བའི་ཕྱིར། ཉོན་མོངས་ཅན་མཇུག་ཏུ་གོང་མའི་དག་པ་སྐྱེ་བ་མེད་དེ། འོག་ས་ཁོ་ན་ལ་འབྱུང་བའི་ཕྱིར། གསུམ་པ་ནི། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི་དེ་ནི་གོ་རིམ་བཞིན། །ཉོན་མོངས་སྐྱེ་དང་རང་ས་དང་། །གོང་དང་ཟག་མེད་རྗེས་མཐུན་པའོ། །ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཅེས་པ་སྟེ། བསམ་གཏན་དག་པ་བ་བཞི་ཡོད་དེ། ཉམས་པ་ཆ་མཐུན། གནས་པ། ཁྱད་པར། ངེས་འབྱེད་ཆ་མཐུན་རྣམས་ཡོད་པའོ། །ངོ་བོ་ཡོད་དེ། གོ་རིམ་བཞིན་དུ་ཉོན་མོངས་སྐྱེ་བ་དང་། རང་ས་དང་། གོང་ས་དང་། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའི་ཕྱིར། ཉམས་པ་ཆ་མཐུན་གྱི་མཇུག་ཐོགས་སུ་གཉིས་འབྱུང་སྟེ། དེ་དང་གནས་པ་ཆ་མཐུན་གཉིས་འབྱུང་བའི་ཕྱིར། རྗེས་མའི་མཇུག་ཏུ་གསུམ་འབྱུང་སྟེ། ངེས་འབྱེད་ཆ་མཐུན་མ་གཏོགས་འབྱུང་བའི་ཕྱིར། ཁྱད་པར་གྱི་མཇུག་ཏུ་གསུམ་འབྱུང་སྟེ། ཉམས་པ་མ་གཏོགས་པ་འབྱུང་བའི་ཕྱིར། ངེས་འབྱེད་ཀྱི་རྗེས་སུ་གཅིག་འབྱུང་སྟེ། དེ་ཁོ་ན་འབྱུང་བའི་ཕྱིར། བཞི་པ་ཞར་བྱུང་ཐོད་རྒལ་གྱི་རྣམ་བཞག་ལ། ས་བརྒྱད་རྣམ་གཉིས་འབྲེལ་བ་དང་། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་པ་སྟེ། དེ་ལ་སྦྱོར་བ་དང་། དངོས་གཞི་གཉིས། དང་པོ་ལ། རིང་སྦྱོར་དང་། ཉེ་སྦྱོར་གཉིས། དང་པོ་ལ། ཟག་བཅས་རིང་སྦྱོར་དང་། ཟག་མེད་རིང་སྦྱོར་གཉིས། དང་པོ་ནི། བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ས་བརྒྱད། ཟག་བཅས་དང་ཟག་མེད་གཉིས་འབྲེལ་བ་སྟེ་གོ་རིམ་བཞིན་དུ་འདོད་དེ། གཅིག་རྒལ་ན་ལུགས་མཐུན་དུ་སོང་ཞིང་། ལུགས་མི་མཐུན་དུ་མར་འོངས་ནས་ནི་ཟག་བཅས་ལ་འཇུག་པའོ། །གཉིས་པ་ནི། དེ་ལས་རིས་མི་མཐུན་པ་སྙོམས་འཇུག་ཟག་མེད་བདུན་ལ་ལུགས་མཐུན་ལུགས་མི་མཐུན་གྱི་སྙོམས་པར་འཇུག་པའི་ཕྱིར་ཐོད་རྒལ་གྱི་སྙོམས་འཇུག་འདི་ནི་གླིང་གསུམ་དུ་དགྲ་བཅོམ་དུས་མི་སྦྱོར་བ་ཁོ་ནས་བསྐྱེད་དེ། ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར་རོ། །གཉིས་པ་ལ། ཟག་བཅས་ཉེ་སྦྱོར་དང་། ཟག་མེད་ཉེ་སྦྱོར་གཉིས་ལས། དང་པོ་ནི། བསམ་གཏན་དང་པོ། གསུམ་པ། ནམ་མཁའ་མཐའ་ཡས་ཅི་ཡང་མེད་བཞིའི་སྙོམས་འཇུག་འཇུག་ཚུལ་ཡོད་དེ། ཟག་བཅས་བཞི་ལ་ལུགས་མཐུན་ལུགས་མི་མཐུན་དུ་འཇུག་པའི་ཕྱིར། གཉིས་པ་ནི། ཟག་མེད་བཞི་ལ་སྔར་ལྟར་འཇུག་པའོ། །གཉིས་པ་དངོས་གཞི་ནི། སྔར་གྱི་བཞི་ལས། དང་པོ་དང་གསུམ་པ་ཟག་བཅས། གཉིས་པ་ཟག་མེད་ཀྱི་སྙོམས་འཇུག་གོ །འཇུག་ཚུལ་ཡོད་དེ། ལུགས་མཐུན་ལུགས་མི་མཐུན་གྱི་སྒོ་ནས་འཇུག་པའི་ཕྱིར།

གཉིས་པ་ཐོབ་ཟིན་མངོན་དུ་བྱེད་ཚུལ་ནི། བསམ་གཏན་གཟུགས་མེད་རང་ས་དང་། །འོག་སའི་རྟེན་ཅན་འོག་དགོས་མེད། །སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་གསུམ་བྱས་ནས་ཟག་པ་ཟད། །ཅེས་པ་སྟེ། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཀྱི་རྟེན་རང་ས་དང་འོག་ས་རྣམས་ཡིན་ཏེ། གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་མངོན་དུ་མི་བྱེད་དེ། དེ་ལྟར་བྱས་པ་ལ་དགོས་པ་མེད་པའི་ཕྱིར། ཐམས་ཅད་ལ་དེར་མ་ངེས་ཏེ། སྲིད་རྩེའི་འཕགས་པ་འོག་ས་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་དུ་བྱས་ནས་ཟག་པ་ཟད་པར་འགྱུར་བའི་ཕྱིར།

གསུམ་པ་དམིགས་པའི་ཁྱད་པར་ནི། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་པ་སྟེ། སྲེད་པ་དང་བཅས་པའི་བསམ་གཏན་གྱི་དམིགས་པ་ཡོད་དེ། རང་སའི་སྲིད་པ་ལ་དམིགས་པའི་ཕྱིར། བསམ་གཏན་དང་དགེ་བ་དང་ཟག་མེད་རྣམས་ཆོས་དགུ་ལ་དམིགས་ཤིང་། གཟུགས་མེད་ཀྱི་དངོས་གཞིའི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་དུ་འོག་སའི་ཟག་བཅས་མེད་དེ། རང་ས་དང་འོག་སའི་དེ་ཁོ་ན་ལ་དམིགས་པའི་ཕྱིར།

བཞི་པ་སྤང་བྱ་སྤོང་ཚུལ་ཉེར་བསྡོགས་དང་བཅས་པ་ལ། སྤང་བྱ་སྤོང་ཚུལ། ཉེར་བསྡོགས་ཀྱི་དབྱེ་བ། བསམ་གཏན་གྱི་སྙོམས་འཇུག་ཁྱད་པར་ཅན་ངོས་བཟུང་བ་དང་གསུམ། དང་པོ་ནི། ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ་ཉེར་བསྡོགས་དག་པས་ཀྱང་། །ཞེས་པ་སྟེ། ཟག་པ་མེད་པས་བསམ་གཏན་ཉོན་མོངས་ཅན་རྣམས་སྤོང་བར་བྱེད་དེ། དེ་འཇོམས་པར་བྱེད་པས་སོ། །བསམ་གཏན་གྱི་ཉེར་བསྡོགས་དག་པ་བ་ཡང་དེ་བཞིན་ནོ། །གཉིས་པ་ནི། དེ་དག་ལ་ནི་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པའང་ཁ་ཅིག་གསུམ། །ཞེས་པ་སྟེ། དེ་དག་ལ་ཉེར་བསྡོགས་བརྒྱད་ཡོད་དེ། དངོས་གཞིའི་ཉེར་བསྡོགས་བཞི། གཟུགས་མེད་ཀྱི་བཞི་རྣམས་ཡོད་པའོ། །དེ་དག་ངོ་བོ་ཁྱད་པར་ཅན་ཡིན་ཏེ། དག་པ་བ་ཡིན་པས་སོ། །ཚོར་བ་དང་བཅས་ཏེ་བདེ་མིན་སྡུག་མིན་གྱི་བཏང་སྙོམས་དང་མཚུངས་པར་ལྡན་པས་སོ། །དངོས་གཞི་ཉེར་བསྡོགས་གཉིས་ཡོད་དེ། དག་པ་བ་དང་འཕགས་པ་ཟག་མེད་གཉིས་ཡོད་པའོ། །ཁ་ཅིག་མང་བར་འཆད་དེ་རོ་མྱང་མཚུངས་ལྡན་གསུམ་ཡོད་པའོ། །གསུམ་པ་ནི། རྟོག་མེད་བསམ་གཏན་ཁྱད་པར་ཅན། །རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན། །ཞེས་པ་སྟེ། བསམ་གཏན་ཁྱད་པར་ཅན་གྱི་ངོ་བོ། བསམ་གཏན་དང་པོའི་རྟོག་པ་མེད་པ་ལས་ཆགས་བྲལ་གྱི་སྤྱོད་པ་ཙམ་གྱིས་བཞག་པའི་ཕྱིར། དེ་ལ་རྣམ་པ་གསུམ་ཡོད་དེ། རོ་དག་ཟག་མེད་གསུམ་ཡོད་པའོ། །ཚོར་བ་དང་བཅས་ཏེ། བདེ་མིན་སྡུག་མིན་གྱི་བཏང་སྙོམས་མཚུངས་ལྡན་དང་བཅས་ཤིང་། འབྲས་བུ་དང་བཅས་ཏེ། ཚངས་ཆེན་དུ་སྐྱེ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར།

གསུམ་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ། གསུམ་དུ་དབྱེ་བ་དང་། བཞིར་དབྱེ་བ་གཉིས། དང་པོ་ནི། མན་ཆད་རྟོག་དཔྱོད་བཅས་པ་ཡི། །ཏིང་འཛིན་ཡན་ཆད་གཉིས་ཀ་མེད། །མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང་། །དག་དང་དྲི་མ་མེད་དེ་དག །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ། །གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པ་ལ་དམིགས་པ་ཡིན། །ཞེས་པ་སྟེ། བསམ་གཏན་ཁྱད་པར་ཅན་མན་ཆད་ཀྱི་ཏིང་ངེ་འཛིན་ནི་རྟོག་དཔྱོད་དང་བཅས་པ་ཡིན་ལ། དེ་ཡན་ཆད་ཀྱི་ཏིང་ངེ་འཛིན་ནི་གཉིས་ཀ་མེད་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པ་མྱང་འདས་ལ་ཞི་བའི་རྣམ་པ་ཅན་དུ་དམིགས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་དམིགས་པ། བདག་མེད་པ་དང་སྟོང་པ་ཉིད་ཀྱི་རྣམ་པ་ལ་འཇུག །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་དམིགས་པ། སྟོང་པ་དེ་ལས་གཞན་པའི་མི་རྟག་པ་སོགས་བདེན་པའི་རྣམ་པ་ཅན་ལ་དམིགས། ཏིང་འཛིན་ཕྲ་མོ་གཉིས་ཡོད་དེ། དག་པ་དང་དྲི་མ་མེད་པའོ། །ཏིང་ངེ་འཛིན་གསུམ་དུ་ཡོད་དེ། དྲི་མ་མེད་པ། སྨོན་མེད། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་དུ་འགྱུར་བའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་སོགས་གསུམ་ཡོད་དེ། དང་པོ་གཉིས་ཀྱི་དམིགས་པ་ཡོད་དེ། སྟོང་པ་ཉིད་ཀྱིས་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་སྟོང་པར་དམིགས། ཕྱི་མས་ནི་མི་སློབ་པའི་སྨོན་མེད་ལ་མི་རྟག་པར་དམིགས་པའོ། །གསུམ་པ་ནི། མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །ཟག་བཅས་མི་ནང་མི་གཡོ་ལ། །ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །ཞེས་པ་སྟེ། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་དེས་མི་སློབ་པའི་ཞི་བར་མ་བརྟགས་པའི་ཟད་པ་སོ་སོར་བརྟགས་མིན་གྱི་འགོག་པ་ལ་དམིགས། ཏིང་ངེ་འཛིན་གཞན་རྣམས་ཟག་པ་དང་བཅས་ཏེ་མ་སྤངས་པའོ། །རྟེན་ཡོད་དེ། མིའི་ནང་དུ་དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ལས་སྐྱེ་བས་སོ། །དེ་ནི་ས་བཅུ་གཅིག་ལ་བརྟེན་ཏེ། ཉེར་བསྡོགས་ཕྱི་མ་བདུན་མ་གཏོགས་པ་འདོད་པ་ནས་སྲིད་རྩེའི་བར་ལ་བརྟེན་པའི་ཕྱིར། གཉིས་པ་ནི། དགེ་བའི་བསམ་གཏན་དང་པོ་ནི། །བདེ་འགྱུར་ཏིང་འཛིན་སྒོམ་པ་ཡིན། །མིག་གི་མངོན་ཤེས་མཐོང་གྱུར་འདོད། །སྦྱོར་བ་ལས་བྱུང་བློ་དབྱེར་འགྱུར། །རྡོ་རྗེ་ལྟ་བུའི་བསམ་གཏན་མཐའི། །གང་ཡིན་དེ་དག་ཟག་ཟད་སྒོམ། །ཞེས་པ་སྟེ། གཞན་ཡང་ཏིང་ངེ་འཛིན་གསུམ་ཡོད་དེ་དགེ་བ་སྟེ་དག་པ་བ་དང་། ཟག་མེད་ཀྱི་བསམ་གཏན་དང་པོ་བདེ་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་དང་། མིག་གི་མངོན་ཤེས་མཐོང་གྱུར་གྱི་ཏིང་ངེ་འཛིན་དུ་འདོད་པ་དང་ཁམས་གསུམ་གྱི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་བློ་དབྱེར་བ་སྟེ། འཕེལ་བའི་ཏིང་ངེ་འཛིན་ཡིན་པས་སོ། །བསམ་གཏན་གྱི་མཐའ་མ་བཞི་ལ་བརྟེན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ། ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་བསྒོོམ་པ་ཡིན་ཏེ། ཁམས་གསུམ་གྱི་སྒྲིབ་པའི་དངོས་གཉེན་ཡིན་པས་སོ། །

བཞི་པ་དེ་ལ་བརྟེན་པའི་ཡོན་ཏན་ལ། ཚད་མེད། རྣམ་ཐར། ཟིལ་གནོན། ཟད་པར། ཐོབ་ཚུལ་དང་ལྔ། དང་པོ་ནི། ཚད་མེད་པ་ནི་བཞི་ཡིན་ནོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་། །ཡིད་བདེ་བ་ནི་དགའ་བ་ཡིན། །བཏང་སྙོམས་མ་ཆགས་རྣམ་པ་ནི། །ཀྱེ་མ་བདེར་འགྱུར་སྡུག་བསྔལ་དང་། །དགའ་འགྱུར་སེམས་ཅན་རྣམས་སྙམ་པ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །དགའ་བ་བསམ་གཏན་གཉིས་ན་ཡོད། །གཞན་གྱི་དྲུག་ན་ཁ་ཅིག་ལྔ། །དེ་ཡི་མི་སྤོང་མི་དག་གི །ནང་དུ་བསྐྱེད་དོ་ངེས་གསུམ་ལྡན། །ཞེས་པ་སྟེ། ཚད་མེད་པའི་ཡོན་ཏན་བཞི་ཡོད་དེ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་བཞི་ཡོད་པའི་ཕྱིར། བྱེད་ལས་ཡོད་དེ། གནོད་སེམས། རྣམ་འཚེ། མི་དགའ་བ། འདོད་ཆགས་ཀྱི་གཉེན་པོ་བྱེད་པའི་ཕྱིར། ངོ་བོ་ཡོད་དེ། ཞེ་སྡང་གིས་དབེན་པའོ། །རྣམ་པ་ཡོད་དེ། ཀྱེ་མ་སེམས་ཅན་རྣམས་བདེ་བར་འགྱུར་ན་སྙམ་པ་དེ་ཡིན་པས་སོ། །སྙིང་རྗེ་ནི་ཞེ་སྡང་མེད་པའི་ངོ་བོ་ཡིན་ཏེ། སྡུག་བསྔལ་དང་བྲལ་བར་གྱུར་ན་སྙམ་པ་དེའོ། །དགའ་བ་ནི་ཡིད་བདེ་བ་སྟེ། སེམས་ཅན་རྣམས་དགའ་བར་གྱུར་ན་སྙམ་པ་དེའོ། །བཏང་སྙོམས་ནི་མ་ཆགས་པའི་ངོ་བོ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་བློ་དེའོ། །བཞི་པོའི་སྤྱོད་ཡུལ་ཡོད་དེ། འདོད་ཁམས་ཀྱི་སེམས་ཅན་ལ་དམིགས་པའོ། །དགའ་བ་ཚད་མེད་ས་གཉིས་ན་ཡོད་དེ། བསམ་གཏན་དང་པོ་གཉིས་ནའོ། །གཞན་གསུམ་ས་དྲུག་ན་ཡོད་དེ། བསམ་གཏན་ས་དྲུག་ན་ཡོད་པས་སོ། །ཁ་ཅིག་ལྔར་ཡོད་འདོད་དེ། ཉེར་བསྡོགས་མི་ལྕོགས་མེད་མ་གཏོགས་པའི་ལྔར་ཡོད། དེ་བཞིས་ཉོན་མོངས་པའི་རྩ་བ་མི་སྤོང་སྟེ། མགོ་གནོན་པ་ཙམ་དུ་ཟད་པའི་ཕྱིར། རྟེན་ཡོད་དེ། མིའི་ནང་དུ་བསྐྱེད་པའི་ཕྱིར། དགའ་བ་མ་གཏོགས་པའི་གཞན་གསུམ་ནི། ཕན་ཚུན་ངེས་པར་ལྡན་ཏེ། དེ་དག་ཕན་ཚུན་མེད་ན་མི་འབྱུང་གི་ཚུལ་གྱིས་ལྡན་པའི་ཕྱིར། གཉིས་པ་ནི། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །གཟུགས་མེད་མཉམ་བཞག་དགེ་རྣམས་སོ། །འགོག་པའི་སྙོམས་པར་འཇུག་པའོ། །ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །རང་གི་དག་དང་འོག་མ་ཡི། །འཕགས་པའི་སེམས་ཀྱི་དེ་ལས་ལྡང་། །དང་པོ་འདོད་གཏོགས་སྣང་ཡུལ་ཅན། །གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་གི་སའི། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །ཞེས་པ་སྟེ། རྣམ་པར་ཐར་པ་བརྒྱད་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར་གཟུགས་མེད་ཀྱི་རྣམ་ཐར་བཞི་འགོག་པའི་རྣམ་ཐར་རྣམས་སུ་ཡོད་པའོ། །དང་པོ་གཉིས་རྣམ་པ་ཁྱད་པར་ཅན་ཡིན་ཏེ། རྣམ་པར་སྔོས་པ་སོགས་མི་སྡུག་པའི་རྣམ་པར་ཡོད་པའོ། །ས་ཁྱད་པར་ཅན་དང་ལྡན་ཏེ། བསམ་གཏན་དང་པོ་གཉིས་ན་ཡོད་ཅིང་། རྣམ་ཐར་གསུམ་པ་ས་ལ་བརྟེན་ཏེ། བསམ་གཏན་གྱི་མཐའ་བཞི་པ་ན་ཡོད་པའོ། །ངོ་བོ་དང་ལྡན་ཏེ། མ་ཆགས་པའི་ངོ་བོ་ཅན་ཡིན་པའི་ཕྱིར། གཟུགས་མེད་ཀྱི་རྣམ་ཐར་བཞི། གཟུགས་མེད་ཀྱི་མཉམ་པར་བཞག་པའི་སས་བསྡུས་པའི་དགེ་བ་དག་པ་བ་དང་། ཟག་མེད་ཀྱི་སྙོམས་འཇུག་ལ་འཇོག་པའོ། །འགོག་པའི་རྣམ་ཐར། སྙོམས་པར་འཇུག་ཚུལ་ཡོད་དེ། ཕྲ་བ་སྲིད་རྩེ་སེམས་ཀྱི་མཇུག་ཐོགས་སུ་དེ་ལས་ཀྱང་ཕྲ་བའི་འགོག་པ་ལས། སྙོམས་པར་འཇུག་པའོ། །དེ་ལས་ལྡང་ཚུལ་ཡོད་དེ། རང་གི་ས་པའི་དག་པ་བ་དང་ས་འོག་མ་ཡི་འཕགས་པ་ཟག་མེད་ཀྱི་སེམས་ཀྱི་སྙོམས་འཇུག་དེ་ལས་ལྡང་བའི་ཕྱིར། རྣམ་ཐར་དང་པོ་གསུམ་གྱི་སྤྱོད་ཡུལ་ཡོད་དེ། འདོད་པར་གཏོགས་པའི་གཟུགས་སོགས་སྣང་ཡུལ་དུ་བྱེད་པ་ཅན་ཡིན་པའི་ཕྱིར། གང་དག་གཟུགས་ཅན་མིན་པའི་རྣམ་ཐར་གྱི་སྤྱོད་ཡུལ་ཡོད་དེ། གོང་ས་དང་རང་གི་ས་པའི་སྡུག་བསྔལ་དང་། སོགས་པས་ཀུན་འབྱུང་རྗེས་ཤེས་ཀྱི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ལ་དམིགས་པའི་ཕྱིར། གསུམ་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །གཉིས་ནི་རྣམ་ཐར་དང་པོ་བཞིན། །གཉིས་ནི་གཉིས་པ་བཞིན་ནོ་གཞན། །སྡུག་པའི་རྣམ་པར་ཐར་བཞིན་དུ། །ཞེས་པ་སྟེ། ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཡོད་དེ། དབྱིབས་ཟིལ་གནོན་བཞི་དང་། ཁ་དོག་ཟིལ་གནོན་བཞི་ཡོད་པའོ། །ཟིལ་གནོན་དང་པོ་གཉིས་ཀྱི་ངོ་བོ་རྣམ་ཐར་དང་པོ་གཉིས་བཞིན་དང་། གཉིས་པ་གཉིས་ཀྱི་ངོ་བོ་རྣམ་ཐར་གཉིས་བཞིན་ཡིན་པས་སོ། །ལྷག་མ་རྣམས་ཀྱི་ངོ་བོ་སྡུག་པའི་རྣམ་ཐར་བཞིན་ནོ། །བཞི་པ་ནི། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ་གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་པ་སྟེ། ཟད་པར་གྱི་ཏིང་འཛིན་བཅུ་ཡོད་དེ། ས་ཆུ་མེ་རླུང་། སྔོ་སེར་དམར་དཀར་ནམ་མཁའ་རྣམས་ཀྱི་ཏིང་ངེ་འཛིན་དང་བཅུ་ཡོད་པའི་ཕྱིར། བརྒྱད་པོའི་ངོ་བོ་ཡོད་དེ། མ་ཆགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ས་ལ་བརྟེན་ཏེ། བསམ་གཏན་གྱི་མཐའ་མ་བཞི་པ་ལ་ནི་བརྟེན་པས་སོ། །སྤྱོད་ཡུལ་ཡོད་དེ། འདོད་ཁམས་ན་དམིགས་པའི་ཕྱིར། ཕྱི་མ་གཉིས་ནི་ས་ལ་བརྟེན་ཏེ་གཟུགས་མེད་ན་ཡོད་པའི་ཕྱིར། སྤྱོད་ཡུལ་ཡོད་དེ། རང་སའི་ཕུང་པོ་བཞི་ལ་དམིགས་པའི་ཕྱིར། ལྔ་པ་ཐོབ་ཚུལ་ནི། འགོག་པ་བཤད་ཟིན་ལྷག་མ་ནི། །འདོད་ཆགས་བྲལ་དང་སྦྱོར་བས་ཐོབ། །གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། །ཞེས་པ་སྟེ། འགོག་པའི་རྣམ་ཐར་མི་སྤྲོ་སྟེ། སྔར་བཤད་ཟིན་པའི་ཕྱིར། རྣམ་ཐར་ལྷག་མ་རྣམས་ནི། འདྲིས་པ་འདོད་ཆགས་དང་བྲལ་བ་དང་། མ་འདྲིས་པ་སྦྱོར་བས་ཐོབ། གཟུགས་མེད་ཅེས་བྱ་བའི་རྣམ་ཐར་དང་། ཟད་པ་ཐམས་ཅད་ཀྱི་རྟེན་ཡོད་དེ། ཁམས་གསུམ་པའི་རྟེན་ཅན་ཡིན་པའི་ཕྱིར། ལྷག་མ་རྣམས་ནི་མི་ཁོ་ན་ལས་སྐྱེ་བས་སོ། །བསམ་གཏན་དང་གཟུགས་མེད་ཀྱི་སྐྱེ་ཚུལ་ཡོད་དེ། ཁམས་གོང་མ་གཉིས་སུ་གཟུགས་མེད་ཀྱི་སྙོམས་འཇུག་རྣམས། རྒྱུའི་སྟོབས་དང་ལས་ཀྱི་སྟོབས་ཀྱིས་སྐྱེ་ལ། གཟུགས་ཀྱི་ཁམས་སུ་བསམ་གཏན་གྱི་སྙོམས་འཇུག་རྣམས། རྒྱུ་གསུམ་ལས་སྐྱེ་སྟེ། སྔ་མ་གཉིས་པོ་དེ་དག་དང་། ཆོས་ཉིད་ཀྱི་སྟོབས་ལས་ཀྱང་སྐྱེ་བའི་ཕྱིར་རོ། །

སྨྲས་པ། ཤེས་བྱ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཀུན། །མ་འདྲེས་གསལ་བར་མཁྱེན་པའི་ཞལ་ལུང་ལས། །མཛོད་གནས་བརྒྱད་ཀྱི་ལེགས་བཤད་དགའ་སྟོན་འདི། །གཟུར་གནས་བློ་ལྡན་སྤྲོ་བ་བསྐྱེད་ཕྱིར་བཀོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ལ། བསྟན་པའི་གནས་ཚད། ནོངས་པ་ལ་བཟོད་པར་གསོལ་བ། ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བསྟེན་རིགས་པ་དང་གསུམ། དང་པོ་ལ། ཚིག་དོན་དང་། སྤྱི་དོན་གཉིས་ལས། དང་པོ་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་སྟེ། སྟོན་པའི་དམ་ཆོས་རྣམ་པ་གཉིས་ཡོད་དེ། ལུང་གི་དམ་ཆོས་དང་། རྟོགས་པའི་དམ་ཆོས་གཉིས་ཀྱི་བདག་ཉིད་ཅན་དུ་ངེས་པའོ། །དེ་འཛིན་པར་བྱེད་པ་ཡོད་པ་དེ་སྲིད་དུ་བསྟན་པ་གནས་ཏེ། ལུང་གི་ཆོས་ནི་ཐོས་བསམ་གྱི་སྒོ་ནས་སྨྲ་བར་བྱེད་པ་དང་། རྟོགས་པའི་ཆོས་ནི། སྒྲུབ་པ་བསམ་གཏན་གྱི་སྒོ་ནས་ཉམས་སུ་ལེན་པ་དེ་སྲིད་དུ་ཡོད་པ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ལ། རྟོགས་པའི་ཆོས་འཁོར་བཤད། ལུང་གི་ཆོས་འཁོར་བཤད། དེ་གཉིས་ཀྱི་གནས་ཚད་བཤད་པ་དང་གསུམ། དང་པོ་རྟོགས་པའི་ཆོས་འཁོར་ནི། ལམ་ཞུགས་ཀྱི་མངོན་པར་རྟོགས་པས་བསྡུས་པའི་དམ་ཆོས་སུ་འཇོག་སྟེ། དེའི་མཚན་གཞི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དུ་བཞག་སྟེ། རང་འགྲེལ་ལས། རྟོགས་པ་ནི་བྱང་ཆུབ་ཀྱི་ཆོས་རྣམས་དང་མཐུན་པའི་ཆོས་རྣམས་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་ལུང་གི་ཆོས་འཁོར་ནི། སངས་རྒྱས་ཀྱི་བཀས་བསྡུས་པའི་དམ་ཆོས་དེ་ཡིན་ཏེ། རང་འགྲེལ་ལས། ལུང་ནི་མདོ་སྡེ་དང་། འདུལ་བ་དང་ཆོས་མངོན་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དེ་གཉིས་ཀྱི་གནས་ཚད་ནི། རང་འགྲེལ་ལས། དེ་ཉིད་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ། །ཞེས་གསུངས་པ་དང་། ལུང་ཕྲན་ཚེགས་སུ་ཡང་དེ་དང་འདྲ་བར་གསུངས་ལ། སྙིང་རྗེ་པད་དཀར་དུ་སྟོང་དང་ལྔ་བརྒྱ། ཟླ་བའི་སྙིང་པོའི་མདོར་ཉིས་སྟོང་། རྡོ་རྗེ་གཅོད་པའི་ལྔ་བརྒྱ་ཐ་མ་ཞེས་པའི་འགྲེལ་པར་ལོ་ཕྱེད་དང་གསུམ་སྟོང་། འབུམ་ཊིཀྐ་ཏུ་ལོ་ལྔ་སྟོང་གནས་པར་བཤད་པ་སོགས་མང་ནའང་། དང་པོ་གསུམ་ནི་དྲང་དོན་དུ་འགྲེལ་རིགས་ཏེ། འགྲེལ་ཚུལ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འགྲེལ་རིགས་པའི་ཕྱིར། དགོངས་གཞི། རྟོགས་པའི་བསྟན་པ་རྒྱུད་ལ་སྐྱེ་བ་རིམ་གྱིས་ཉུང་དུ་སོང་བ་དང་། དགོས་པ་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པ་དང་། དངོས་ལ་གནོད་བྱེད། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ཉིད་ཀྱིས་འགྲུབ་པའི་ཕྱིར། དེས་ན་བསྟན་པ་ལྔ་སྟོང་དུ་གནས་པ་ལས་ལྔ་བརྒྱ་པ་ཕྲག་བཅུའི་དང་པོ་དགྲ་བཅོམ། གཉིས་པ་ཕྱིར་འོང་། གསུམ་པ་རྒྱུན་ཞུགས། བཞི་པ་ཤེས་རབ། ལྔ་པ་ཏིང་ངེ་འཛིན། དྲུག་པ་ཚུལ་ཁྲིམས། བདུན་པ་མངོན་པ། བརྒྱད་པ་མདོ་སྡེ། དགུ་པ་འདུལ་བ། བཅུ་པ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཤད་པའི་ཕྱིར། དེ་ལ་ལྔ་བརྒྱ་པ་གང་གི་དུས་ཡིན་པ་བཞག་ཏུ་ཡོད་དེ། འདས་ལོ་ཕུག་ལུགས་དང་བསྟུན་ནས་བརྩིས་ན། སྔ་ཕན་འབྲས་བུའི་དུས་གསུམ། སྒྲུབ་པའི་དུས་ལས་ཤེར་ཏིང་གཉིས། ཚུལ་ཁྲིམས་ཀྱི་ལེའུ་ལས་གྱ་བདུན་ཙམ་འདས་ཤིང་། ད་ཕྱིན་ཚུལ་ཁྲིམས་འཕྲོ་དང་། ལུང་གི་དུས་གསུམ། རྟགས་ཙམ་འཛིན་པ་སྟེ་ལྔ་བརྒྱ་ཕྲག་ལྔར་ཉེ་བར་ཙམ་ཡོད་པར་གསུངས་ནའང་། དེང་སང་ནི་བསྟན་པའི་དར་ནུབ་ལ་བལྟས་ནས། བླ་ཁབ་ཆེ་ཞིང་གྲ་ས་མང་བ་རགས་པ་རྣམས་སུའང་སྙིང་པོའི་བསྟན་པ་ཧ་ཅང་མི་གསལ་བས་ལུང་གི་དུས་ཙམ་ལ་སླེབས་ཡོད་པ་འདྲའོ། །

གཉིས་པ་ནོངས་པ་ལ་བཟོད་པར་གསོལ་བ་ནི། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་པ་སྟེ། བསྟན་བཅོས་འདིར་བཤད་པའི་ལུགས་རྣམས་གྲུབ་མཐའ་སྨྲ་བ་གང་གི་ལུགས་ཡིན་བཞག་ཏུ་ཡོད་དེ། སློབ་དཔོན་དབྱིག་གཉེན་བདག་གིས་བརྩམས་པའི་མངོན་པའི་ཆོས་ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་གྲུབ་མཐའི་ཚུལ་དུ་བཤད་པའི་ཕྱིར། བསྟན་བཅོས་འདིར་ཉེས་པར་བཤད་པ་གང་ཡིན་པ་དེ་ནི། མངོན་པའི་མདོ་ལ་སྐྱོན་ཡོད་པ་ལ་བརྟེན་ནས་བྱུང་བ་མ་ཡིན་ཏེ། རྩོམ་པ་པོ་བདག་གིས་ཉེས་པར་བཤད་པས་དམ་པའི་ཆོས་ཀྱི་ཚུལ་ལ་ཚད་མར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བཟོད་པར་གསོལ་བ་ཡིན་པས་སོ། །

གསུམ་པ་ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བསྟེན་རིགས་པ་ནི། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ནུབ་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་གྱིས། །ཞེས་པ་སྟེ། དེ་ཁོ་ན་ཉིད་མ་མཐོང་ཞིང་རང་དགར་སྤྱོད་པར་གྱུར་པའི་སྐྱེ་བོ་རྣམས་ཀྱི་ངན་རྟོག་གིས་སངས་རྒྱས་ཀྱི་བསྟན་པ་ནི་དཀྲུགས་ཤིང་དྲི་མ་ཅན་དུ་བྱས་ཏེ། དེ་ལྟར་བྱས་པ་ལ་དགག་སྒྲུབ་དང་། སེལ་བར་བྱེད་པའི་སྟོན་པ་སངས་རྒྱས་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ནི་ཟུམ་ཞིང་མྱ་ངན་ལས་འདས་པར་གྱུར། དཔང་པོར་འོས་པར་གྱུར་པའི་ཤིང་རྟ་ཆེན་པོ་སོགས་ཕལ་ཆེར་ཟད་པ་དེའི་ཕྱིར། དེས་ན་ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བསྟེན་པར་རིགས་ཏེ། ཐུབ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལྐོག་མར་སྲོག་ཕྱིན་པ་དང་འདྲ་བའི་ཕྱིར་ཡུན་རིང་དུ་མི་གནས་པ་ནི་སྙིགས་མ་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་པ་ཡིན་པའི་ཕྱིར། རང་བྱུང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེའི་སྲས་བསྟན་པ་གཅེས་པར་འཛིན་པ་རྣམས་མཆོག་ཏུ་ཞི་བར་གཤེགས་པས། འགྲོ་བ་རྣམས་མགོན་མེད་པར་གྱུར་ཏེ། འདོམས་པ་མེད་པའི་ཡོན་ཏན་རྣམས་འཇོམས་པར་བྱེད་པ་ནི་དུག་གསུམ་གྱི་དྲི་མས་དེང་སང་འཇིག་རྟེན་གྱི་ཁམས་འདི་ན་དགའ་མགུར་སྤྱོད་པ་མཐོང་བའི་ཕྱིར། དེ་ལྟར་བསྟན་པ་ནི་སོ་ཐར་གྱི་མདོ་ལས་གསུངས་པ་ལྟར་:འདོད་པ་དང་། ༼ཐར་པ་འདོད་པ་དག༽བག་ཡོད་ལ་བསྐུལ་བ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ནི་དུས་ནམ་ཡང་མི་ནུབ་སྟེ། རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་ཀུན་ཏུ་རྒྱས་པའི་ཕྱིར། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བཅད་པ་འདི་ནི་རྩོམ་པ་པོའི་གང་ཟག་ཤཱཀྱའི་བསྟན་པ་ལ་ཞུགས་པའི་དགེ་སློང་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ་ལས་ཡོངས་སུ་རྫོགས་པའི་ཕྱིར་ན་རྫོགས་སོ་ཞེས་སྨོས་པའོ། །དེ་ཡང་རྒྱ་དཔེ་ལས་བོད་དུ་སྒྱུར་བ་པོ་ཡོད་དེ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སྟེ། རྒྱལ་བའི་གཤེས་ཉེན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་དཔལ་བརྩེགས་ཀྱིས་སྐད་གསར་བཅད་ཀྱི་སྒོ་ནས་གཏན་ལ་ཕབ་པའོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ལས། སྙོམས་འཇུག་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ།། །།

ཆོས་མངོན་རྒྱ་མཚོའི་ཡན་ལག་བརྒྱད་ལྡན་ཆབ། །རྣམ་དཔྱོད་ཧུབ་ཀྱིས་ཅིག་ཆར་འཐུང་མཛད་པའི། །མཁས་དབང་དབྱིག་གཉེན་ཛ་ཧུའི་ལྟོ་བ་ལས། །ཉེར་བབས་གངྒའི་མཛོད་གནས་བརྒྱད་པ་ཅན། །ཚུལ་འདིར་མཁས་པའི་རྣམ་བཤད་དཔག་མེད་ལས། །བདག་ལྟས་དོན་གཞན་བརྗོད་པར་ནུས་མིན་ཡང་། །སྐྱེས་ཆེན་དམ་པའི་གསུང་གིས་བསྐུལ་བ་དང་། །བདག་ཀྱང་སྔོན་གྱི་བསོད་ནམས་ལས་སྨོན་མཐུས། །མཉམ་མེད་གཏེར་ཆེན་བླ་མས་བྱིན་བརླབས་ནས། །ཆོས་མངོན་རྒྱ་མཚོའི་གྲུ་རྫིངས་ལ་བརྟེན་ནས། །གསུང་རབ་ནོར་བུའི་གླིང་དུ་བགྲོད་བྱེད་པའི། །མན་ངག་ཟབ་ཁྱད་ལྡན་པའི་ལེགས་བཤད་སྐྱེས། །ཤེས་ལྡན་བློ་གསར་དང་པོའི་འགྲོ་རྣམས་ལ། །དགའ་བའི་རྩེད་འཇོར་བྱིན་ནོ་ད་ལོངས་ཤིག །སྐྱེ་བའི་གྲགས་པས་བླུན་པོའི་མགོ་བོ་བསྐོར། །རིགས་རུས་ཙམ་གྱིས་ཆེན་པོའི་གཙུག་ན་འགྱིང་། །སྒོམ་ཆེན་ཚུལ་གྱིས་ཚེ་འདིའི་འབྱིད་ཐབས་འཚོལ། །དེ་འདྲའི་བསྟན་འཛིན་རྣམས་ལ་འདིས་ཅི་བྱ། །མཁས་པའི་ལེགས་བཤད་དུ་མ་ཕྱོགས་གཅིག་ཏུ། །བསྒྲིགས་ནས་ཉུང་གསལ་གོ་བདེར་སྤེལ་བ་ལ། །ནོངས་པ་མ་མཆིས་འདི་ཐོབ་དགེ་བ་གང་། །མར་གྱུར་འགྲོ་བས་ཀུན་མཁྱེན་གོ་འཕང་མཆོག །མྱུར་དུ་ཐོབ་ཕྱིར་རེ་བའི་སྨོན་པ་གང་། །མཆོག་གསུམ་བདེན་པའི་ཐུགས་རྗེས་འགྲུབ་གྱུར་ཅིག །ཅེས་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོར་བསྡུས་སུ་བྱས་པ་འདི་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་གྱི་ཡང་སྲིད་སྤྲུལ་པའི་སྐུ་རྡོ་རྗེ་ངོ་མཚར་རམ་མཚན་གཞན་དཀོན་མཆོག་ངག་དབང་པདྨ་བསྟན་འཛིན་གྱིས་མངོན་པ་མཛོད་ཀྱི་རྩ་གཞུང་ལས་འགྲེལ་པ་གོ་བདེ་བ་ཞིག་རྩོམ་དགོས་ཞེས་པའི་བཀའ་ལུང་སྲིད་དུ་རིང་བའི་བཀྲ་ཤིས་པའི་ཁ་བཏགས་དང་བཅས་སྩལ་བ་ལ་བརྟེན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་བཀའ་དྲིན་གྱིས་མདོ་སྔགས་གྱི་གཞུང་ལུགས་རྣམས་ལ་སྦྱངས་སྟོབས་ཀྱི་བློ་ཁ་ཅུང་ཟད་རྒྱས་པ་སྨིན་གླིང་གྲྭ་པའི་ཐ་ཤལ་དུ་གྱུར་པ་ཨོ་ཌཱི་དྷརྨ་ཀིརྟིས་རང་ལོ་དྲུག་ཅུ་པ་ཤིང་ཡོས་ཆོ་འཕྲུལ་ཟླ་བའི་དུས་ཀྱི་གྲལ་ཚེས་བཅོ་ལྔའི་ཉིན་འོག་མིན་ཨྱོན་སྨིན་གྲོལ་གླིང་གི་ཆོས་གྲྭར་རྫོགས་པར་བགྱིས་པའོ། །འདིས་ཀྱང་རྒྱལ་བ་ཉི་མའི་གཉེན་གྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousགནས་བརྒྱད་པ་སྙོམས་འཇུག་བསྟན་པའི་འགྲེལ་པ།next