Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
   
གནོད་སྦྱིན་འཁོར་ལོའི་སྒྲུབ་ཐབས་དང་རབ་གནས་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།


 
previousགནོད་སྦྱིན་འཁོར་ལོའི་སྒྲུབ་ཐབས་དང་རབ་གནས་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། no next

གནོད་སྦྱིན་འཁོར་ལོའི་སྒྲུབ་ཐབས་དང་རབ་གནས་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།


MLP020_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་འཁོར་ལོའི་སྒྲུབ་ཐབས་དང་རབ་གནས་བསྡུས་པ་བྱ་ཚུལ་ལོ། །ལོ་ཆེན་ཆོས་དཔལ་རྒྱ་མཚོ།


MLP020_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་འཁོར་ལོའི་སྒྲུབ་ཐབས་དང་རབ་གནས་བསྡུས་པ་བྱ་ཚུལ་ལོ། །ན་མོ་གུ་རུ་རཏྣ་ཏཱ་བྷོ་ག་ཡ། གཟུངས་འབུལ་གྱི་ཡན་ལག་གནོད་སྦྱིན་འཁོར་ལོ་བསྒྲུབ་པར་བྱ་སྟེ། དེ་ལ་བདག་བསྐྱེད་བྱ་བ། འཁོར་ལོ་བྲིས་ཏེ་རབ་གནས་བྱ་བ། མདུན་བསྐྱེད་བྱས་ཏེ་འཇུག་པ་སོགས་བྱ་བའོ། །བདག་བསྐྱེད་ནི། ནོར་རྒྱུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའམ། ཡང་འདི་ཕ་རྒྱུད་དང་མཐུན་པས། གསང་འདུས་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་དབང་ཐོབ་ལ་མ་ཉམས་པའི་རྣལ་འབྱོར་པས་གནས་དབེན་པར། མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་ལྔ་ལ། གཏོར་མ་གཅིག་བཤམས། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་བཞག སྟན་བདེ་བ་ལ་ཁ་བྱང་དུ་ཕྱོགས་པར་འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ནོར་རྒྱུན་མར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་བཾ་ཡིག་སེར་པོ་དེ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་དང་ནོར་རྒྱུན་མ་གཉིས་སུ་མེད་པའི་ནོར་ལྷའི་དཀྱིལ་འཁོར་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཐལ་མོ་སྦྱར་ནས། ན་མོ་གུ་རུ་བྷྱཿ བླ་མ་དང་། ན་མཿཤྲཱི་བ་སུ་དྷཱ་རི་ཎྱཻ་མཎྜ་ལེ་བྷྱཿ ཞེས་པས་ནམ་མཁར་གནས་པའི་དཀྱིལ་འཁོར་ལ་ཕྱག་བྱ། ༀ་ཤྲཱི་དྷ་ན་དེ་ཧི་མཎྜལ་ལ་ས་པ་རི་ཝཱ་ར་ཞེས་པ་སོ་སོའི་མགོར་སྦྱར་བའོ། །ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨ་ལོ་ཀེ བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤཔྟ། རྣམས་ཀྱི་མཇུག་ཏུ། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སྦྱར་ལ་མཆོད། དོན་ཡིད་ལ་དྲན་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་བདུན་རྣམ་དག་བྱ། སེམས་ཅན་ཐམས་ཅད་སོགས་ཚད་མེད་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་ནི༑ ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་བསམ་ལ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་སྔོན་འགྲོའོ། །དངོས་གཞི་ལ་རྟེན་བསྐྱེད་པ་དང་བརྟེན་པ་བསྐྱེད་པ་


MLP020_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། དང་པོ་ནི། སྟོང་པའི་ངང་ལས་པ་ཾལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཞུ་བ་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་བ་གུར་མེ་རི་དང་བཅས་པའི་དབུས་སུ་བྷྲུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནང་དཀར་སྔོ་དམར་ལྗང་སེར་བའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ་ཕ་གུ་སེར་པོ་དེའི་སྟེང་དུ་བྲེ་ཕུལ་ལ་བརྟེན་པའི་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་གི་བྱ་འདབ་ལ་མདའ་ཡབ་དང་པུ་ཤུས་བསྐོར་བ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་ཕུབ་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་སྤྲས་པ། རྩིག་པའི་ཕྱི་རོལ་ན་འདོད་སྣམ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྐོར་བ༑ སྒོ་བཞིའི་ཐད་སོར་ཀ་བ་བཞིས་བཏེག་པའི་རྟ་བབས་བང་རིམ་བཞིའི་སྟེང་དུ་ཆོས་ཀྱི་འཁོར་ལོ་དང་རི་དྭགས་དང་གཞན་ཡང་གོས་དང་འཕན་ལ་སོགས་པའི་རྒྱན་དུ་མས་བརྒྱན་པའི་ནང་གི་ལྷ་སྣམ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། དབུས་སེར་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཟླ་བའི་དཀྱིལ་འཁོར་རེ་རེར་བསམ་པ་ནི་རྟེན་བསྐྱེད་པའོ། །བརྟེན་པ་ལྷ་ལ་བཞི་ལས་དམ་ཚིག་པ་བསྐྱེད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་བཾ་དང་འབྲས་ཀྱི་སྙེ་མ་ལས་བདག་ཉིད་ནོར་རྒྱུན་མར་གསལ་བའི་བརླ་གཡོན་པའི་སྟེང་དུ་ཛཾ་དང་བི་ཛ་པཱུ་ར་ཀ་ལས་ཛཾ་བྷ་ལ་དང་འཁོར་རྣམས་སྐད་ཅིག་གིས་ཤར་དུ་ཟླ་འོད་མ་དང་ནོར་བུ་བཟང་པོ། །ལྷོར་གནོད་སྦྱིན་མ་དང་གང་བ་བཟང་པོ། ནུབ་ཏུ་རབ་ཏུ་སྦྱིན་མ་དང་ནོར་སྦྱིན། བྱང་དུ་འཕགས་མ་དང་རྣམ་ཐོས་སྲས། ཤར་ལྷོར་རབ་ཏུ་བཟང་མོ་དང་རོལ་པའི་ཕྲེང་བ། ལྷོ་ནུབ་ཏུ་སྦས་མ་དང་འཇམ་མོ་འཁྱིལ་བ། ནུབ་བྱང་དུ་མཛེས་མ་དང་གདོང་གི་དབང་པོ། བྱང་ཤར་དུ་དབྱངས་ཅན་མ་དང་སྤྱོད་པའི་དབང་པོ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་གྱི་ན་བཟའ་ཅན་ལྷ་མོ་རྣམས་ཀྱི་ཕྱག་གཡས་ཤིང་ཐོག་བི་ཛ་པཱུ་ར་ཀ་དང་བཅས་པའི་མཆོག་སྦྱིན་གྱི་


MLP020_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཅན་གཡོན་པ་རྣམས་ཀྱིས་སྙེ་མ་ཐུགས་ཀར་འཛིན་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བ། རིན་པོ་ཆེ་འབར་བ་སྐྱུག་པར་གྱུར་པའི་པདྨའི་གཏེར་ལ་སོགས་པའི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་བརླ་གཡོན་པ་རྣམས་ཀྱི་སྟེང་དུ་ཕོ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་པའི་ཕྱག་གཡས་པ་རྣམས་ཤིང་ཐོག་བི་ཛ་པཱུ་ར་ཀ་འཛིན་པས་མོ་རྣམས་ཀྱི་གཡོན་ནས་མགུལ་པར་འཁྱུད་པ་གཡོན་གྱིས་ནེའུ་ལེ་འཛིན་པའོ། །ཉེར་སྒྲུབ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། བསྒྲུབ་པ་ནི། རང་གི་སྙིང་གའི་བཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་ནོར་རྒྱུན་མ་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ་ཚོགས་ཞིང་ལྟར་མཆོད། ཛཿཧཱུྃ་བྃ་ཧོཿས་ཡེ་ཤེས་པ་བསྟིམ་མོ༑ ༑སྒྲུབ་པ་ཆེན་པོ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་སྦྱར་བའི་ཨརྒྷཾ་སོགས་ཆུ་གཅིག་སྔོན་འགྲོའི་མཆོད་པས་མཆོད། དེ་བཞིན་གཤེགས་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་སོགས་ནས། དབང་བསྐུར། སྐུ་གང་དྲི་མ་ད ག་ཆུ་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་རིན་ཆེན་འབྱུང་གནས་ཀྱིས་དབུ་བརྒྱན་པར་བསམ། དེ་ནས་མཆོད་པ། ༀ་ཨཱཿབིགྷྣན་ཏ་ཀྲིཏ་ཧཱུྃ་ཧཱུྃ་གིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་རྣམས་ཀྱི་ནང་དུ་ལྷ་རྫས་ལས་བྱུང་བའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་པར་བསམ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབ། ༀ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ་མཚན་སྔགས་རེ་རེ་སྦྱར་བས་མཆོད། གཎྜེ་ར་ཎིས་རོལ་མོ་དབུལ། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་བདག་ཉིད་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད། དེ་ནས་བཟླས་པ་ནི། རང་ནོར་རྒྱུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཾ་སེར་པོའི་མཐར། ༀ་བ་སུ་དྷཱ་ར་ཎི་


MLP020_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱཿས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འདོད་དགུ་འབྱུང་བའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས་ནས་རང་གི་སྙིང་གར་ཐིམ་པས་དཔལ་དང་འབྱོར་པའི་དངོས་གྲུབ་ཐོབ་པར་བསམས་ལ། ༀ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཞེས་པ་འབུམ་ཕྲག་བཅུ་བཟླས་ལ། ཐུན་མཚམས་སུ་འཁོར་རྣམས་ལ། ༀ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ༀ་དཏྟ་ཡཻ་སྭཱ་ཧཱ། ༀ་སུ་དཏྟ་ཡཻ་སྭཱ་ཧཱ། ༀ་ཨཱཪྱ་ཡཻ་སྭཱ་ཧཱ། ༀ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ༀ་གུཔྟཱ་ཡཻ་སྭཱ་ཧཱ། ༀ་དེ་བྱཻ་སྭཱ་ཧཱ།ༀ་ས་ར་སྭསྟྱཻ་སྭཱ་ཧཱ། ཞེས་པ་ཡུམ་རྣམས་དང་། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ༀ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ༑ ༀ་པུརྞ་བྷ་དྲ་ཡ་སྭཱ་ཧཱ། ༀ་དྷ་ན་དཱ་ཡ་སྭཱ་ཧཱ། ༀ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ༀ་ཀི་ལི་མཱ་ནེ་སྭཱ་ཧཱ༑ ༀ་ཙི་པི་ཀུཎྜ་ལི་ནེ་སྭཱ་ཧཱ། ༀ་མུ་ཁནྡྲཱ་ཡ་སྭཱ་ཧཱ། ༀ་ཙ་རནྡྲ་ཡ་སྭཱ་ཧཱ། ཞེས་པ་ཁྲི་ཕྲག་བཅུ་རེ་བཟླ་ཞིང་། ཐུན་བཞིར་བྱས་ལ་ཐུན་རྗེས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་སོགས་འདོད་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་བསྲུང་བའི་འཁོར་ལོ་ལ། དེ་གཞལ་ཡས་ཁང་ལ། དེ་འཁོར་རྣམས་ལ། དེ་གཙོ་བོ་ཡབ་ཡུམ་ལ། ཡབ་ཀྱང་ཡུམ་ལ་བསྡུས་ལ༑ སྨོན་ལམ་བཏབ། ཐུན་མཚམས་སུ་གཏོར་མ་གཏོང་ན། གཏོར་མ་ཆུ་གཙང་མས་སྦྱངས་ལ། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་མོ་ནོར་རྒྱུན་མའི་དཀྱིལ་འཁོར་ལ་ནོར་ལྷའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། གོང་གི་སྔགས་མཐར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷིམྨེ་པྲ་ཡ་ཙྪ་ཏུ་ཧཱུྃ་ཕཊ། ཅེས་པ་ལན་གསུམ་ལ་སོགས་པས་ཕུལ་ལ་མཆོད་བསྟོད་གོང་བཞིན་བྱ། འདོད་དོན་ལ་གསོལ་བ་གདབ། གནས་གསུམ་བསྲུངས་ལ་བཛྲ་མུཿཡིས་གཏོར་མགྲོན་རང་གནས་སུ་གཤེགས་པར་བསམ་ལ། སྨོན་ལམ་གང་ཤེས་བྱའོ། །འཁོར་ལོ་བྲིས་ཏེ་རབ་གནས་བྱ་བ་ནི། སྐར་མ་རྒྱལ་ལ་བབས་དུས་བྲི་གཞི་གསེར་དངུལ་ཟངས་སམ་གང་རུང་ལ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ལྷ་སྐུའམ། མ་འབྱོར་ན་ཤོག་བུར་གསེར་ཤོག་སྦྱར་བའམ། གུརྒུམ་དང་གི་ཝཾ་སོགས་བྱུགས་པ་ལ་གསེར་གྱི་པདྨ་འདབ་བརྒྱད་ཚད་མཉམ་པ་གཉིས་བྲིས་པའི་ཕོ་འཁོར་སྟེང་དུ་འོང་བར་བྱའོ། །འཁོར་ལོའི་དཔེ་རིས་འོག་ཏུ་བྲིས་པ་བཞིན་ནོར་འཁྲུལ་མེད་པ་འདི་ལྟར་བྲིས་ཤིག དེ་ནས་འཁོར་ལོ་ཟངས་གཞོང་སོགས་སྣོད་གཙང་མའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་


MLP020_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲམ་པའི་དབུས་སུ་འཁོར་ལོ་གཉིས་ཕྱེ་ནས་རང་ལ་ཞལ་ཕྱོགས་པར་བཤམས་པའི་མདུན་དུ་མཆོད་ཡོན་སྔོན་འགྲོའི་མཆོད་པ་བཤམས། སྦྱང་ཆས་མཐེབ་སྐྱུ་ཏིང་ལོ་ཟན་ཆང་གུ་གུལ་ཡུངས་ཀར་འཐོར་ནས་སྟ་གོན་བྱ། རྡོ་རྗེ་དྲིལ་བུའང་བཤམས་ལ། རྣལ་འབྱོར་པ་ཞལ་བྱང་དུ་ཕྱོགས་པས་གོང་བཞིན་བདག་བསྐྱེད་བཟླས་པ་དཀྱིལ་འཁོར་བསྡུ་བའི་བར་བྱ། མཐེབ་སྐྱུ་ཆབ་ཀྱིས་བྲན། ཏིང་ལོ་སྦར་ལ། མཐེབ་སྐྱུས་འཁོར་ལོ་ལ་བསྐོར་ཞིང་། སརྦ་བིགྷྣན་སོགས། ཏིང་ལོ་དང་ཟན་ཆང་གིས། སུམྦྷ་ནི་སོགས་གསུམ་བརྗོད་ལ། འདིར་གནོད་སྦྱིན་འཁོར་ལོ་སྒྲུབ་པ་ལ་བར་གཅོད་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོངས་ཤིག ཅེས་དང་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་དང་རྗེ་བཙུན་རྩ་བ་དང་སོགས་ཀྱིས་བདེན་པ་བརྡར། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་འདིར་གནོད་སྦྱིན་འཁོར་ལོ་རབ་ཏུ་གནས་པར་བྱ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་བྱས་ཟིན་པས་འདིར་མ་གནས་པར་གཞན་དུ་སོངས་ཤིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་མེ་འབར་བའི་རྡོ་རྗེས་མགོ་བོ་ཚལ་པར་འགས་པར་འགྱུར་རོ། །ཞེས་དང་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། སུཾ་བྷ་ནི་སོགས་དང་། ༀ་ཨཱཿབིགྷྣན་ཏ་ཀྲྀཏ་ཧཱུྃ་ཧཱུྃ་གིས་བགེགས་དྲག་པོས་སྦྱངས། ཇི་ལྟར་བལྟམས་པ་སོགས་དང་། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ཁྲུས་བྱས་པར་བསམ་ལ། ༀ་སྭཱ་བྷཱ་ཝ་སོགས་ཀྱིས། འཁོར་ལོ་མི་དམིགས་པ་སྟོང་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་བའི་སྟེང་དུ་ཧྲཱིཿ དང་པདྨ་ལས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་འོག་མིན་དང་རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཡིས་སྟིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱིས། དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་རང་འདྲའི་རིགས་བདག་གིས་དབུ་བརྒྱན་པར་བསམ། དེ་ནས་མཆོད་པ་རྣམས།


MLP020_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿབིགྷྣན་ཏ་ཀྲྀ ཏ་ཧཱུྃ་ཧཱུྃ་ཞེས་པས་སྦྱངས། བྱིན་གྱིས་བརླབས་ལ། ༀ་ཨ་མྲྀ་ཏ་བྷ་ཝ་ཧྲཱིཿས་པ་རི་ཝ་ར་སོ་སོར་སྦྱར་བའི་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གཎྜེ་ར་ཎིས་རོལ་མོ་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། འདོད་ཆགས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཞེས་པས་བསྟོད། འོད་དཔག་མེད་ཞུ་བ་ལས་བྱུང་བའི་འཁོར་ལོའི་ཡིག་འབྲུ་གྱུར་པར་བསམ་ལ། འཁོར་ལོ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་རེ་དང་། ཡེ་དྷར་བརྒྱ་རེ་བཟླས་པས་བརྟན་པར་བྱ། མེ་ཏོག་དོར་ཞིང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡང་ཡང་བརྗོད། སྦྱིན་བདག་གི་འབྱོར་པ་རྒྱས་པའི་འདོད་དོན་གསོལ་ལོ། །དེ་ནས་འཁོར་ལོ་གཉིས་ལ་གསེར་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་། གུར་གུམ་སོགས་དྲི་ཞིམ་པོ་རྣམས་མར་དང་སྦྲང་རྩི་དང་ཀ་ར་ལ་སྦྱར་བ་བྱུགས་ལ་ཁ་སྦྱར། ཕོ་འཁོར་སྟེང་དང་མོ་འཁོར་འོག་ཏུ་ཞལ་སྦྱོར་ཡོང་བར་བྱ། དར་རམ་རས་སྐུད་སེར་པོས་ནུབ་པར་དཀྲིས། སྐུད་པའི་ལྷག་པོ་ཕོ་འཁོར་གྱི་སྟེང་དུ་མདུད་པའི་ཁུག་སོ་བྱས་ལ་སྟེང་འོག་མི་ནོར་བའི་རྟགས་བྱའོ། །མདུན་བསྐྱེད་བསྒྲུབ་པ་ནི། གནས་དབེན་པར་ཕྱག་བདར་བྱ། སྟེགས་བུ་གྲུ་བཞི་ལ་རས་སེར་པོས་བཀབ་པའི་སྟེང་དུ་ཟངས་གཞོང་ལ་སོགས་པ་འབྲུ་སྣ་དང་། རིན་པོ་སྣ་ཚོགས་གོས་དར་ཟབ་ཚོགས་ཚད་སོགས་གཅལ་དུ་བཀྲམ་པའི་དབུས་སུ་དར་སེར་པོའི་གུར་ཕུབ། འཁོར་ལོའི་སྟེང་གི་སྐུད་པའི་ཁུག་སོ་ལ་གཟུངས་ཐག་སེར་པོ་བཏགས། མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། དཀར་གསུམ་མངར་གསུམ་གྱི་གཏོར་མ་གཅིག་བཤམ། སྒྲུབ་པ་པོ་གྲངས་དུ་ཡོད་ཀྱི་མདུན་དུ་རྡོར་དྲིལ་མེ་ཏོག་སེར་པོ་རྣམས་བཞག བསྙེན་སོང་གི་སྒྲུབ་པོ་ཞལ་འཁོར་ལོ་ལ་ཕྱོགས་པར་འདུག བདག་བསྐྱེད་བཟླས་པ་དཀྱིལ་འཁོར་བསྡུ་བའི་བར་གོང་བཞིན་བྱ། འཁོར་ལོ་བསངས་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་ནས་བརྩམས་ཏེ་ཡན་ལག་བཞི་རྫོགས་སུ་བདག་བསྐྱེད་ལྟར་རིགས་བདག་གི་རྒྱས་གདབ་པའི་བར་བྱ། མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་གོང་བཞིན་བྱས་རྗེས། གཟུངས་ཐག་ནས་བཟུང་ལ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་སེར་པོ་གཟུངས་ཐག་ལ་བརྟེན་ཏེ་སོང་། འཁོར་ལོའི་ལྷའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་པས་སྦྱིན་བདག་གིས་གཙོ་བྱས་སེམས་ཅན་ཐམས་ཅད་ལ་ཕོག་པས་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། སླར་ཡང་འོད་སེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འདོད་དགུ་འབྱུང་བའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས། འཁོར་ལོ་ཡོན་བདག་དང་བཅས་པ་ལ་


MLP020_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་བསམ། འཁོར་ལོ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་ལ་སོགས་པ་བཟླས། ཐུན་འཇོག་དུས། བཅོམ་ལྡན་འདས་མ་སྦྱིན་པའི་བདག་པོས་གཙོས་བྱས་སེམས་ཅན་ཐམས་ཅད་ཀྱི་ཟས་ནོར་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད་ལ་མེ་ཏོག་གཏོར། གོང་ལྟར་མཆོད་བསྟོད་བྱའོ། །གཏོར་མ་བྱིན་གྱིས་བརླབས། བདག་བསྐྱེད་ཀྱི་སྐབས་བཞིན་དབུལ། ལྷ་ཞུ་བ་ལས་བྱུང་བའི་འཁོར་ལོར་བསམ། རྣལ་འབྱོར་པ་མང་པོ་ཡོད་ན་གསུང་མི་འཆག་གིི་ཚུལ་དུ་བྱ་སྟེ་ཐུན་ལེན་ན། ཐུན་ལེན་པས་བདག་བསྐྱེད་དཀྱིལ་འཁོར་བསྡུ་བའི་བར་བྱ། མཆོད་པ་བྱིན་རླབས་ནས་བཟུང་མདུན་བསྐྱེད་གོང་བཞིན་བྱ། ཐུན་ལེན་ལ་གཏད་ལ། རང་གིས་མཆོད་བསྟོད་གཏོར་མ་ཕུལ་ལ། ལྷ་འོད་དུ་ཞུ་བ་སོགས་ཀུན་གྱིས་ཤེས་པར་བྱའོ། །སྦྱིན་བདག་དང་རྣལ་འབྱོར་པ་ལ་རྨིས་ལྟས་བཟང་པོ་མ་བྱུང་གི་བར་ལ་བསྒྲུབ། གྲུབ་ནས་རྟེན་གྱི་ཞབས་དང་། གཞན་ཡང་བང་མཛོད་དུ་བཀུར་སྟི་དང་བཅས་བཞག་ལ། གསང་ཞིང་ཟས་ནོར་གང་བྱུང་གི་ཕུད་ཕུལ་ན་ལོངས་སྤྱོད་འཕེལ་ངེས་སོ། །གང་ལྟར་འཁོར་ལོའི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འབྲུ་སྣ་སྨན་སྣ་དར་སྣ། རིན་པོ་ཆེའི་རིགས་གང་འབྱོར་དར་སེར་པོས་དྲིལ་ལ་གཞུག་གོ །འདི་རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་དང་ཕྱག་ལེན་འཁྲུལ་མེད་ཡིན་པས་འདི་ཁོ་ན་ལྟར་བྱའོ། །དྷརྨ་ཤྲཱིས་སོ།། །།


previousགནོད་སྦྱིན་འཁོར་ལོའི་སྒྲུབ་ཐབས་དང་རབ་གནས་བསྡུས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། no next