ཤོག་ལྷེབ་ ༧༠༡ ནས་ ༨༠༠ བར།
བརྒྱ་སྟོང་དུ་མར་ཁ་ཟས་ཀྱང་སྦྱར་རོ། །དེ་ལྟར་བཅོམ་ལྡན་འདས་འདི་ཉིད་སྔོན་རྒྱལ་པོ་མེ་ལོང་གདོང་དུ་གྱུར་པ་ན་བློ་གྲོས་དང་སྦྱིན་པས་སེམས་ཅན་རྣམས་ལ་ཕན་རྒྱ་ཆེན་པོ་མང་པོ་གཏང་བར་མཛད་དོ། ༈ །ཡང་སྔོན་གྱི་ཚེ་ལུས་འཕགས་ཞེས་བྱ་བའི་གྲོང་ན་རྒྱལ་པོ་སྐྱེད་པ་ཞེས་བྱ་བ་རྒྱལ་སྲིད་བྱེད་ཅིང་ཡུལ་རྣམས་འབྱོར་པ་རྒྱས་ཤིང་བདེའོ། །རྒྱལ་པོ་དེའི་བཙུན་མོ་གཟུགས་བཟང་མ་ལ་བུ་ཆགས་ནས་དེའི་ཚེ་བཟའ་བཏུང་མོད་པར་གྱུར་པས། ཕྱིས་ཁྱེའུ་སྐྱེས་པ་ལ་མིང་བཟའ་བཏུང་དུ་བཏགས། དེ་ཉིད་ཡི་གེ་དང་བཟོ་གནས་མཐར་ཕྱིན་ཅིང་དཔའ་ཞིང་ཚམ་ཚོམ་མེད་པ་གཏུམ་པ་ཞིག་ཏུ་གྱུར་པས། དེའི་མ་བཙུན་མོ་དེ་ཉིད་བུས་མགུ་ཞིང་སྙེམས་ནས་རྒྱལ་པོའི་བཀའ་མི་ཉན་ཞིང་ཟློག་ཐབས་བྱེད་པ་ལ་རྒྱལ་པོ་མི་དགའ་ཞིང་། དེར་བློན་པོ་རྣམས་ཀྱིས་བཙུན་མོ་གཞན་བླང་ངོ་ཞེས་གསོལ་ཏོ། །ཉི་འོག་གི་རྒྱལ་པོའི་བུ་མོ་བསླངས་པ་ན། ཉི་འོག་གི་རྒྱལ་པོ་དེས་གལ་ཏེ་ངའི་ཚ་བོ་བྱུང་ན་དེ་རྒྱལ་ཚབ་ཏུ་བཞག་ན་སྦྱིན་ནོ་ཞེས་བྱས་པ་ལ། བློན་པོ་རྣམས་ཀྱིས་ཁས་བླངས་སོ། །བུ་མོ་དེས་ཀྱང་རྒྱལ་པོ་དགའ་བར་བྱས་ཏེ། བདག་ལ་བུ་བྱུང་ན་རྒྱལ་ཚབ་ཏུ་བགྱིད་པར་ཞུས་པ་ལ། རྒྱལ་པོ་སྐྱེད་བྱེད་འདི་སྙམ་དུ། བདག་གི་བུ་སྡུག་པ་གཅིག་པུ་བཟའ་བཏུང་གཟུགས་བཟང་ཞིང་དཔལ་ལ་རིགས་དང་མཐུན་པར་སྐྱེས་པ་ཡོད་བཞིན་གཞན་ལ་རྒྱལ་ཐབས་ཇི་ལྟར་སྦྱིན་སྙམ་དུ་ཐེ་ཚོམ་སྐྱེས་པ་ན། བློན་པོ་རྣམས་ཀྱིས་ཉི་འོག་གི་རྒྱལ་པོ་ལ་སྔར་ཡང་བདག་ཅག་གིས་ཁས་བླངས་མོད། དེ་ཡང་འདི་ལ་བུ་མཆི་འམ་
མི་མཆི་ཆ་མེད་པས་དམ་པ་དེ་བསྩལ་ན་ལེགས་ཞེས་སྨྲས་པ་ལྟར་རྒྱལ་པོས་ཀྱང་ཆད་བྱས་སོ། །དེ་ནས་དུས་གཞན་ཉི་འོག་གི་རྒྱལ་པོའི་བུ་མོ་དེ་སེམས་ཅན་དང་ལྡན་པར་གྱུར་ཏེ་ཁྱེའུ་གཟུགས་བཟང་བ་ཞིག་བཙས་པ་ལ་མིང་རྒྱལ་སྲིད་ལ་མངོན་པར་དགའ་བ་ཞེས་བཏགས་སོ། །དེ་ནས་ཉི་འོག་གི་རྒྱལ་པོས་ཀྱང་ཕོ་ཉ་བཏང་སྟེ་བདག་གི་ཚ་བོ་རྒྱལ་ཚབ་ཏུ་མ་བཅུག་ན་དཔུང་གི་ཚོགས་བཤམས་ནས་ཁྱོད་ཀྱི་ཡུལ་དུ་འོང་ངོ་ཞེས་སྤྲིངས་པ་ལ་དོགས་པའི་ཚེ་བློན་པོ་རྣམས་ཀྱིས་བུ་ཆུང་བ་ལ་རྒྱལ་ཚབ་ཀྱི་ཐོབ་བྱིན་ལ། གཞོན་ནུ་བཟའ་བཏུང་འགུམ་པར་བགྱི་ཞེས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་སྨྲས་པ། ཆོས་དང་མི་ལྡན་པའི་ཚིག་དེ་སྐད་མ་སྨྲ་ཞིག །འདི་ལྟར་བུས་ཕ་གསོད་པ་ཐོས་ཀྱི། ཕས་བུ་བསད་པ་མ་ཡིན་པས་ང་ནི་དེ་ལྟར་གཏམ་མི་བྱེད་དོ། །དེ་དག་གིས་སྨྲས་པ། ཅི་སྟེ་མི་འགུམ་ན་ཡན་ལག་མེད་པར་བགྱིའོ། །རྒྱལ་པོ་ན་རེ། ཡན་ལག་མེད་པར་བྱས་ན་བསད་པར་ཟད་མོད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞན་བགྱིར་ཅི་མཆིས། བསྐྲད་པར་བགྱིའོ། །རྒྱལ་པོས་སྨྲས་པ། ཉེས་པ་མེད་པ་ཇི་ལྟར་བསྐྲད་པར་བྱ། དེ་དག་གིས་སྨྲས་པ། རིང་པོར་མི་ཐོགས་པར་གཞོན་ནུ་ལ་ནོངས་པ་འབྱུང་བར་འོང་གིས་རེ་ཞིག་རྒྱལ་སྲིད་ལ་མངོན་པར་དགའ་བ་ལ་ཐོབ་སྩོལ་ཅིག་དང་། དེ་ནས་གཞོན་ནུ་བཟའ་བཏུང་རང་གིས་ཤེས་པར་འགྱུར་རོ། །དེ་ནས་རྒྱལ་པོས་ཉི་མ་ཤིས་པ་ལ་ཉི་འོག་གི་རྒྱལ་པོའི་ཚ་བོ་ལ་རྒྱལ་ཚབ་ཀྱི་ཐོབ་བྱིན་ནོ། །གཞོན་ནུ་བཟའ་བཏུང་གིས་དེ་ཐོས་ནས་ལྷས་བདག་སྤངས་པས་འདིར་བསྡད་ཀྱང་
བསད་པར་འོང་ངོ་སྙམ་སྟེ་རང་གི་མ་ལ་ལོ་རྒྱུས་བཤད་ནས་བདག་རྒྱལ་པོ་ལྔ་ལེན་གྱི་ཡུལ་དུ་མཆིས་ན་མཁྱེན་པར་མཛོད་ཅིག་ཅེས་བྱས་སོ། །མ་དེ་ཡང་སྡུག་པ་དང་བྲལ་བས་བུའི་མགུལ་ནས་འཁྱུད་དེ་ཁྱོད་དེ་སྔ་བདེ་ཞིང་སྐྱིད་པའི་འབྱོར་པ་ཆེན་པོ་ལ་སྤྱད་ནས། སླར་ས་སྟོང་དང་ནགས་སོགས་སུ་ཇི་ལྟར་འཁྱམས་ཞེས་སྨྲེ་སྔགས་ཀྱི་ཚིགས་བཅད་སྣ་ཚོགས་སྨྲས་པ་དང་། བཟའ་བཏུང་ན་རེ། གཏན་དུ་བདེ་བ་ཡང་ནི་སུ་ཞིག་ཡོད། །གཏན་དུ་སྡུག་བསྔལ་བ་ཡང་སུ་ཞིག་ཡོད། །མི་བདེ་མ་ཐོབ་པ་ཡང་སུ་ཞིག་ཡོད། །འཐོབ་པར་མི་འགྱུར་བ་ཡང་སུ་ཞིག་ཡོད། །ཅེས་སོགས་མ་དེ་ལ་རྣམ་པ་མང་པོ་ཁོང་དུ་ཆུད་པར་བྱས་ཏེ་ཡུལ་ལྔ་ལེན་དུ་སོང་ངོ་། །དེར་རྒྱལ་པོའི་བྱ་བ་བྱེད་པའི་ལྔ་ལེན་པའི་བཀྲབས་པ་གཅིག་དེར་འོངས་པས་མཐོང་སྟེ། འདི་ལྟར་གཟུགས་བཟང་ཞིང་སྡུག་པ། མཁྲང་བ་རོ་སྟོད་ཆེ་བ་སོགས་ཀྱི་མཚན་ལེགས་པའི་སྐྱེས་བུ་འདི་སུ་ཞིག་སྙམ་དུ་དྲིས་པ་དང་། དེས་ཐམས་ཅད་རྒྱས་པར་བསྙད་དོ། །དེས་དེ་སྐྱེས་སུ་ཁྱེར་ནས་ལྔ་ལེན་གྱི་རྒྱལ་པོ་ལ་ཕུལ་ཏེ་ཇི་ལྟར་གྱུར་པ་སྨྲས་སོ། །ལྔ་ལེན་གྱི་རྒྱལ་པོས་དེའི་མགུལ་ནས་འཁྱུད་དེ་དགའ་བའི་གཏམ་སྣ་ཚོགས་བྱས་ནས་དེ་ལ་རང་གི་བུ་མོ་དང་ཡུལ་དག་ཀྱང་བྱིན་ནོ། །དེ་བུ་མོ་དེ་དང་རྩེ་བ་ལས་བུ་གཟུགས་བཟང་བ་རོ་སྟོད་སེང་གེ་འདྲ་བ་ཞིག་བཙས་ནས། དེའི་མིང་ཕས་རང་གི་མིང་ལས་དྲས་ཏེ་བཟའ་བཏུང་མང་པོ་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་ནས་ཡི་གེ་སློབ་པ་ན་དེའི་ཕ་བཟའ་བཏུང་དུས་ལས་འདས་སོ། །དེར་རྒྱལ་པོའི་བུ་མོ་ཤིན་ཏུ་མྱ་ངན་བྱེད་པ་ན། ལྔ་ལེན་
གྱི་རྒྱལ་པོས་བསམས་ལ། བུད་མེད་འདི་དག་བསམ་པ་ཕལ་ཆེར་སྐྱེས་པའི་འདོད་པ་ཅན་ཡིན་པས་གཅིག་ལ་སྦྱིན་སྙམ་ནས། བུ་མོ་དེ་གཞོན་ནུ་བཟའ་བཏུང་མང་པོ་དང་བཅས་པ་མདུན་ན་འདོན་ལ་བྱིན་ནོ། །དེ་མདུན་ན་འདོན་དང་རྩེ་དགའ་ཆེན་པོ་མྱོང་བར་བྱེད་དོ། །རེ་ཞིག་ན་མདུན་ན་འདོན་དེའི་ཁྱིམ་དྲུང་ན་བྱ་གག་ཞིག་སྐད་འབྱིན་པ་བྲམ་ཟེ་ལྟས་མཁན་ཞིག་འགྲོ་བས་ཐོས་ནས། མི་གང་གིས་དེའི་ཤ་ཟོས་པ་དེ་རྒྱལ་པོར་འགྱུར་རོ་ཞེས་སྨྲས་པ་དང་། ཚིག་དེ་མདུན་ན་འདོན་གྱིས་ཐོས་ནས་བྲམ་ཟེ་ལ་ཡང་དྲིས་ཤིང་། བྱ་གག་དེ་བསད་ནས་ཆུང་མ་ལ་བྱ་གག་འདི་འཕྲལ་དུ་ཚོས་ཤིག་དང་། ང་རྒྱལ་པོའི་ཕོ་བྲང་ནས་སླར་འོང་ངོ་ཞེས་སྨྲས་ནས་རྒྱལ་པོའི་ཕོ་བྲང་དུ་སོང་ངོ་། །ཇི་ཙམ་ན་ཁྱེའུ་བཟའ་བཏུང་མང་པོ་སློབ་གྲྭ་ནས་བཀྲེས་ཏེ་ཁྱིམ་དུ་འོངས་ནས་མ་ཡང་མི་སྣང་ལ། ཅི་ཞིག་བཟའ་སྙམ་དུ་བལྟས་པས་རྫིའུ་ཞིག་གི་ནང་ན་བྱ་གག་ཅིག་མགོ་གྱེན་དུ་ཕྱུང་ཞིང་འཚོད་པ་མཐོང་ནས། དེའི་མགོ་བཅད་དེ་ཟོས་སོ། །དེའི་རྗེས་སུ་མ་ཡང་འོངས་ནས་འདིའི་མགོ་སུས་ཟོས་ཞེས་དྲིས་པ་ན། བདག་གིས་ཟོས་སོ་ཞེས་སྨྲས་ཏེ། དེ་ལ་ཟན་བྱིན་ནས་སློབ་གྲྭར་བཏང་ངོ་། །མདུན་ན་འདོན་འོང་ནས་བྱ་གག་བཟའ་བར་བརྩམས་པ་དང་། མགོ་བོ་མི་སྣང་བས་དེ་ཅི་ཡིན་ཞེས་དྲིས་བ་དང་། ཆུང་མས་ཁྱེའུས་ཟོས་སོ་ཞེས་བྱས་པ་ལ། དེས་ལྷག་མ་ཟོས་ནས་བསམས་པ། ཅི་བྱ་གག་རིལ་གྱིས་ཟོས་པའམ། ཡན་ལག་མ་ཚང་བ་ཟོས་པས་རྒྱལ་པོར་འགྱུར་སྙམ་དུ་སྔར་གྱི་བྲམ་ཟེ་ལྟས་མཁན་བོས་ནས་དྲིས་པ་དང་།
གང་གིས་དེའི་མགོ་བོ་ཟོས་པ་དེ་རྒྱལ་པོར་འགྱུར་རོ། །ཡང་ན་བྱ་གག་དེའི་མགོ་བོ་ཟོས་པ་དེ་བསད་དེ་དེའི་མགོ་ཟོས་ན་ཡང་རྒྱལ་པོར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་མདུན་ན་འདོན་གྱིས་གཞོན་ནུ་འདི་བསད་ནས་མགོ་བཟའ་ན་འདིའི་མས་ཤེས་པར་མ་བྱས་པར་མི་བཏུབ་པས་མའི་ཉམས་དྲོད་གླེང་ངོ་སྙམ་དུ་སྙན་པའི་ཚིག་དུ་མས་བཞམས་ཏེ། བཟང་མོ་ཅི་ཁྱོ་ཕོས་རྒྱལ་པོ་བྱས་ན་ལེགས་སམ། འོན་ཏེ་པུས་རྒྱལ་པོ་བྱས་ན་ལེགས་ཞེས་སྨྲས་པ་དང་། བུད་མེད་དེས་ཟུར་གྱིས་གོ་སྟེ། གལ་ཏེ་བུས་རྒྱལ་པོ་བྱས་ན་ལེགས་ཞེས་སྨྲས་ན་འདི་བདག་ལས་གྱེད་པར་འགྱུར་གྱིས་མཐུན་པའི་ཐབས་ཤིག་སྨྲའོ་སྙམ་ནས། ཁྱོས་རྒྱལ་པོ་བྱས་ན་ལེགས་སོ་ཞེས་སྨྲས་སོ། །དེས་བྱ་གག་གི་མགོ་བོའི་ཕྱིར་བདག་གི་བུ་གསད་པར་འཕྲིག་ནས། བུ་ལ་ཁྱོད་ཀྱིས་བྱ་གག་གི་མགོ་བོ་ཟོས་པ་ནི་མ་ལེགས་པ་ཞིག་བྱས་ཀྱིས་ཡུལ་འདི་ནས་མྱུར་དུ་སོང་ལ་ཁྱོད་རང་གི་མེས་པོ་རྒྱལ་པོ་སྐྱེད་པར་དེར་སོངས་ཤིག་ཅེས་བསྒོ་བ་བཞིན་དེ་ལུས་འཕགས་སུ་སོང་སྟེ་ངལ་ཞིང་བཀྲེས་པས་སྐྱེད་ཚལ་གྱི་ཤིང་ཞིག་གི་དྲུང་དུ་གོས་ཤིག་བཏིང་ནས་ཉལ་ལོ། །དེའི་ཚེ་རྒྱལ་སྲིད་ལ་མངོན་པར་དགའ་བ་ནད་ཀྱིས་ཐེབས་ནས་ཤི་སྟེ་རྒྱལ་པོ་རབས་ཆད་ཀྱང་ཡུལ་ཆོས་ཀྱིས་རྒྱལ་པོ་གཞན་དབང་མ་བསྐུར་བ་དེ་སྲིད་དུ་རྒྱལ་པོའི་རོ་ཕྱིར་མི་འབྱིན་ཏོ། །དེར་ཡུལ་དེའི་བློན་པོ་སོགས་ཀྱིས་བསོད་ནམས་ཆེ་བ་ཞིག་རྒྱལ་སྲིད་ལ་བཞག་གོ་ཞེས་ཚོལ་བ་ན། ཤིང་ཞིག་གི་དྲུང་ན་གཞོན་ནུ་གཟུགས་བཟང་བ་མཐོངས་ཀ་སེང་གེ་འདྲ་བ་ཉི་མ་ཡོལ་ཡང་ཤིང་གི་གྲིབ་མས་ལུས་མི་གཏོང་བ་
ཞིག་ཉལ་ནས་འདུག་པ་མཐོང་བས་དེ་རྒྱལ་པོར་འོས་པར་མཐོང་ནས་བུ་ལོངས་ལོངས་ཞེས་བསླངས་པ་དང་། དེས་སྨྲས་པ། ད་བསླངས་ཏེ་ཅི་བྱ། དེ་དག་གིས་སྨྲས་པ། རྒྱལ་པོར་གཞུག་གོ དེས་སྨྲས་པ་རྒྱལ་པོ་ཉལ་བདེ་ལྟར་བསླང་ངམ། དེ་དག་གིས་སྨྲས་པ། འོ་ན་ཇི་ལྟར་བསླང་། གཞོན་ནུས་སྨྲས་པ། གླུ་དང་སིལ་སྙན་དང་རོལ་མོའི་སྒྲ་བསྒྲགས་པས་བསླང་མོད་དེ་རྣམས་ཀྱིས་དེ་ཐོས་པ་དང་འདི་ངེས་པར་རིགས་མཐོན་པོ་ལས་སྐྱེས་པ་ཞིག་གོ་སྙམ་དུ་ཁྱོད་སུ་ཞིག་ཁྱོད་སུའི་བུ་ཡིན་ཞེས་དྲིས་པ་དང་། གཞོན་ནུ་དེས་སེང་གེ་བཞིན་དུ་བསྒྱིངས་ནས་རང་གི་རིགས་སྨྲས་པ། ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པ་ཞེས་བྱ་བའི་བུ་ནི་བཟའ་བཏུང་ངོ་། །བཟའ་བཏུང་གི་བུ་ནི་བཟའ་བཏུང་མང་པོ་ཞེས་བྱ་སྟེ་ང་ཡིན་ནོ། །དེ་ནས་བློན་པོའི་ཚོགས་ཀྱིས་འཛུམ་བྱུང་ནས་བདག་ཅག་གིས་ནི་བདག་ཅག་ཉིད་ཀྱི་གཞོན་ནུ་རྙེད་དོ་ཞེས་སྨྲས་ཏེ་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ཞིང་གླུ་གར་དང་རོལ་མོའི་སྒྲ་དང་ཤིས་པ་བརྗོད་པས་མདུན་དར་ཏེ་གྲོང་ཁྱེར་དུ་དྲོངས་ནས་རྒྱལ་པོར་དབང་བསྐུར་རོ། །གང་གི་ཕྱིར་འདིས་རྒྱལ་པོའི་གདུང་རྒྱུད་ཆད་པ་བསབས་པ་དེའི་ཕྱིར་མིང་སྐྱེད་པ་ཁོ་ནར་བཏགས་ནས་སྔར་གྱི་མིང་མེད་པར་གྱུར་ཏོ། །དེ་རྒྱལ་སྲིད་བྱེད་པ་ན་བྱིས་པའོ་སྙམ་དུ་བློན་པོ་རྣམས་ཀྱིས་ཁྱད་དུ་བསད་དེ་དབང་ཅུང་ཟད་ཀྱང་མེད་དོ། །དེ་ནས་རྒྱལ་པོ་དེ་ཡུལ་ཐམས་ཅད་དུ་བལྟར་སོང་སྟེ། གྲོང་དང་གྲོང་ཁྱེར་སོགས་རི་འཁོར་གྱི་བར་ཐམས་ཅད་འདི་སུའི་ཡིན་ཞེས་དྲིས་པ་ན་ཐམས་ཅད་བློན་པོ་དྲུག་གི་ཡིན་ནོ་ཞེས་
སྨྲས་པ། རྒྱལ་པོ་དེ་འདི་སྙམ་དུ་བདག་ནི་བཟའ་བ་དང་བགོ་བ་ཙམ་ལ་དབང་བྱེད་ཀྱི་གཞན་ཅི་ལ་ཡང་མ་ཡིན་ནོ་བསམས་ནས་སེམས་ཁོང་དུ་ཆུད་ཅིང་འདི་ལ་ཅི་བྱ་ཞེས་བསམ་པ་ན། ལྷ་ཞིག་གིས་རྒྱལ་པོ་ལ་མི་དགའ་བར་མ་བྱེད་ཅིག །འདི་ལྟར་ཁྱོད་ཀྱི་ཡུལ་ན་རི་འཁོར་གང་པོའི་མཚན་ཞེས་བྱ་བ་དེ་ན་སྣ་ལ་གཏོགས་པ་གང་པོ་ཞེས་བྱ་བ་དེ་ལ་བུ་སྨན་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པར་འགྱུར་གྱིས་དེ་ཁྱོད་ཀྱི་བློན་པོར་ཆུག་ཅིག་དང་། དེས་ཡུལ་བདག་གིར་བྱས་ནས་ཁྱོད་ལ་འབུལ་བས་ཁྱོད་ལ་ཕན་པ་དང་བདེ་བ་དང་འདོང་པ་དང་ལྡན་པར་འགྱུར་རོ་ཞེས་བསྒོའོ། །དེ་ནས་རྒྱལ་པོས་གང་པོ་དེ་འཚོལ་དུ་བཅུག་ཅིང་དེའི་ཆུང་མ་ལ་བུ་ཡོད་མེད་རྟོགས་སུ་ཆུག་ཅེས་མངགས་པ་བཏང་ངོ་། །དེ་དག་གིས་དེ་རྩད་ཆོད་ཅིང་དེའི་ཆུང་མ་སྦྲུམ་པར་ཡང་ཐོས་པ་བཞིན་ཕྱིར་རྒྱལ་པོ་ལ་གསོལ་བས། གང་པོ་ལ་ཡི་གེ་སྤྲིངས་ཏེ་བཀུག་ལ་འཛའ་བའི་ཚིག་གིས་རི་འཁོར་དེ་བྱིན་ནས་ཆུང་མའི་ལྟོ་ན་འདུག་པའི་བུ་དེ་སྐྱོངས་ལ་ཡན་ལག་མ་ཉམས་པ་དེ་ལྟར་གྱིས་ཞེས་བསྒོས་སོ། །དེར་ཟླ་བ་དགུ་ཚང་ནས་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བཙས་ཏེ་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཅི་གདགས་ཞེས་བྱས་པ་ན། མས་སྨྲས་པ། བདག་འདི་ལྟར་ཡུན་རིང་པོར་ནད་བུ་ཅན་དུ་གྱུར་པ་སྨན་པ་རྣམས་ཀྱིས་ཞི་བར་བྱ་མ་ནུས་པ་ལ། ཁྱེའུ་འདི་ལྟོར་ཞུགས་པ་ནས་ནད་ཞི་བར་གྱུར་པས་འདིའི་མིང་སྨན་ཆེན་པོ་ཞེས་གདགས་ཞེས་བྱས་སོ། །དེས་ཚིགས་བཅད་ཀྱང་སྨྲས་པ། སྨན་རྣམས་ཀུན་གྱི་ནང་ན་ནི། །བདག་གི་བུ་ནི་སྨན་ཆེན་པོ། །
འདི་ནི་སྨན་ལས་ལྷག་པའི་སྨན། །དེ་ལྟས་འདིའི་མིང་སྨན་ཡིན་ནོ། །དེ་ནས་སྨན་ཆེན་པོ་ཕའི་ཕྲག་པ་ལ་ཞོན་ཏེ་སྲང་གི་དབུས་ནས་རྫིང་བུར་ཁྲུས་བྱེད་དུ་ཁྱེར་བ་ལས། སའི་སྟེང་ན་ཉའི་དུམ་བུ་ཞིག་འདུག་པ་ཕ་དེས་རིན་པོ་ཆེར་བསམས་ནས་རྐང་པའི་མཐེ་བོས་བླང་བར་བརྩམས་པ་དང་། གཞོན་ནུས་སྨྲས་པ། ཕ་གཅིག་གང་པོ་རིན་ཆེན་ལྷུང་སྙམ་སྟེ། །ལས་བཏང་མིག་མི་འཛུམ་པར་ཉ་དུམ་ལ། །རྟོག་ཅིང་དེ་ནས་རིན་ཆེན་ཡིན་པར་སེམས། །ཕ་གཅིག་གང་པོ་རྟོགས་ཤིག་རིན་ཆེན་མིན། །ཉ་དུམ་དམར་པོ་རྐང་གིས་འདྲིལ་བར་ཟད། །རྣམ་ཐོས་བུ་དེ་བག་མེད་སྤྱོད་མ་ཡིན། །དེ་ནས་རྫིང་དུ་སོང་སྟེ་སྨན་ཆེན་པོ་དང་གོས་རྫིང་འགྲམ་དུ་བཞག་ནས་ཁྲུས་བྱ་བའི་ཕྱིར་ཆུར་ཞུགས་པ་དང་པདྨའི་སྟེང་ན་ཆུ་སྐྱར་ཞིག་འདུག་པ་དེ་བཟུང་ངོ་སྙམ་དུ་སོང་བ་དང་ཆུ་སྐྱར་དེ་འཕུར་རོ། །དེ་ལ་སྨན་ཆེན་པོས། པདྨའི་སྟེང་ནས་ཆུ་སྐྱར་མོ་འཕུར་བ་ལ་ཚིགས་བཅད་སྨྲས་སོ། །དེ་ནས་དུས་གཞན་ཞིག་ན་གཞོན་ནུ་ཕྲག་པར་ཁྱེར་ཏེ་གངྒཱར་ཁྲུས་བྱེད་དུ་སོང་བ་ན། འཁར་བའི་གཞོང་པ་ཞིག་ཆུས་ཁྱེར་བའི་སྟེང་ན་ངང་མོ་ཞིག་འདུག་པ་མཐོང་ནས་གཞོན་ནུས་དེ་ལ་ཚིགས་བཅད་ཀྱང་སྨྲས་སོ། །ཡང་དུས་གཞན་ན་གངྒཱར་བུམ་པ་ཞིག་ཁྱེར་བའི་སྟེང་ན་ཆུ་སྲེག་ཅིག་འདུག་པ་མཐོང་ནས་གཞོན་ནུས་དེ་ལ་ཡང་ཚིགས་བཅད་སྨྲས་སོ། །ཡང་དུས་གཞན་ན་གངྒཱར་ཁྲུས་བྱེད་དུ་སོང་བ་དེར་ལུག་ཐུག་ཅིག་ཆུས་ཁྱེར་བའི་སྟེང་ན་བྱ་གར་ཞིག་འདུག་པ་ལ་ཡང་གཞོན་ནུས་ཚིགས་བཅད་སྨྲས་སོ། །དེ་ནས་སྨན་ཆེན་
པོ་དེ་བྱིས་པ་རྣམས་དང་ལྷན་ཅིག་རྩེ་བ་ལས་རེ་ཞིག་ན་བྱིས་པ་རྣམས་འདུས་ནས་སྨན་ཆེན་པོ་རྒྱལ་པོར་བཅུག་གོ། དེས་ཀྱང་ཁ་ཅིག་བློན་པོར་བཅུག་ནས་དེ་རྣམས་ལྷན་ཅིག་རྩེ་ཞིང་འདུག་པ་ལས། ཇི་ཙམ་ན་བྲམ་ཟེ་རྒན་པོ་ཞིག་ཆུང་མ་དར་ལ་བབ་པ་ཞིག་དང་ལྷན་ཅིག་ལམ་དུ་ཞུགས་ནས་ཡུལ་གཞན་དུ་འགྲོ་བ་ལས། བྲམ་ཟེ་དེ་གཤང་གཅི་བྱེད་དུ་སོང་བ་དང་། གཡོན་ཅན་ཕོ་ཞིག་གིས་འཕྲིགས་ནས་བུད་མེད་དེའི་དྲུང་དུ་སོང་སྟེ་སྨྲས་པ། བཟང་མོ་ཁྱོད་ཀྱི་ཕ་དེ་གར་སོང་། བུད་མེད་ཀྱིས་སྨྲས་པ། གང་ཞིག །གཡོན་ཅན་ན་རེ། དེ་མེས་པོ་ཡིན་པ་ལྟ་ཞིག་བུད་མེད་དེས་སྨྲས་པ། འདི་ཅི་ཟེར་བ་ཞིག །གཡོན་ཅན་ན་རེ། འདི་ཁྱོད་ཀྱི་ཡང་མེས་པོ་ཡིན་པ་ལྟ་ཞིག །བུད་མེད་ཀྱིས་སྨྲས་པ། ངའི་ཕ་ཡང་མ་ཡིན། མེས་པོ་དང་ཡང་མེས་ཀྱང་མིན་གྱི་ངའི་ཁྱོ་ཡིན་ནོ། །དེ་ནས་གཡོན་ཅན་ཅུང་ཟད་བགད་དེ་སྨྲས་པ། བླུན་མོ་ཁྱོད་གྲོགས་མོའམ་ངོ་ཚ་ཤེས་པ་གཞན་གྱི་དྲུང་དུ་འདི་ལྟ་བུ་ངའི་ཁྱོ་ཡིན་ནོ་ཞེས་སྨྲ་བ་ངོ་མི་ཚའམ། ས་སྐལ་བ་དང་ལྡན་པ་འདིའི་སྟེང་ན་སྐྱེས་བུ་སྐུའི་གཟུགས་འདྲ་བས་རབ་ཏུ་གང་བ་མ་མཐོང་ངམ། ཁྱོད་འདི་ལྟར་གཟུགས་མཛེས་པ་ཆུད་ཟོས་སོ། །ངས་ཁྱོད་ཀྱི་ཁྱོ་བྱ་ཡི་ཚུར་ཤོག་བདག་ཅག་ལྷན་ཅིག་འདོང་། གལ་ཏེ་ཁྱོད་ཀྱི་ཕྱིར་བྲམ་ཟེ་རྒན་པོ་དང་ང་འཐབ་མོ་སྦྱར་བས། དེར་ཁྱོད་ཀྱིས་སྐྱེ་བོ་རྣམས་ལ་ངའི་ཁྱོ་འདི་ཡིན་ཞེས་ང་ལ་ཁྱོར་བྱོས་ཤིག །བྱས་པས་དེ་དང་གཡོན་ཅན་འགྲོགས་ཏེ་སོང་ངོ་། །བྲམ་ཟེ་དེ་གཤང་གཅི་དང་བཀྲུ་བཤལ་བྱས་ནས་སླར་འོངས་པ་དང་དེ་མ་མཐོང་ནས་སྒང་
བུ་མཐོན་པོ་ཞིག་གི་སྟེང་ནས་བལྟས་པས་སྐྱེས་པ་གཞན་དང་འགྲོགས་ཏེ་སོང་བ་མཐོང་བས་ཕྱི་བཞིན་དུ་བརྒྱུགས་ཏེ་ལག་པ་ཡ་གཅིག་ནས་བཟུང་ངོ་། །གཡོན་ཅན་གྱིས་ཀྱང་བུད་མེད་དེའི་ལག་པ་ཡ་གཅིག་བཟུང་སྟེ། ཕན་ཚུན་འདི་ངའི་ཡིན་ཞེས་བརྩད་ཀྱང་གཡོན་ཅན་སྟོབས་ཆེ་བས་དེ་དྲངས་ཏེ་ཕྲོགས་སོ། །དེར་འབྲོག་དེར་བྲམ་ཟེ་བཅོམ་པས་བྲམ་ཟེར་མ་བྱས་ཀྱིས་ར་མདའ་ལོག་ཅེས་བྱས་སོ། །དེའི་ཚེ་སྨན་ཆེན་པོ་བྱིས་པ་རྣམས་དང་ལྷན་ཅིག་དགོན་པ་ན་རྩེ་ཞིང་འདུག་པས་བྲམ་ཟེར་མ་བྱས་ཞེས་པའི་སྒྲ་དེ་ཐོས་ནས། བྱིས་པ་དག་གིས་སྨྲས་པ། ཀྱེ་སྨན་ཆེན་པོ་ཁྱེད་ཅག་ན་རེ་ང་རྒྱལ་པོའོ་ཟེར་ན། བྲམ་ཟེ་ཕ་གིས་བྲམ་ཟེར་མ་བྱས་སོ་ཞེས་འབོད་ན་ཅིའི་ཕྱིར་མི་སྐྱོབ། དེས་བྱིས་པ་རྣམས་སོང་ལ་ཁྲིད་དེ་ཤོག་ཅེས་བཀྱེ་བ་དང་། དེ་དག་གིས་དེ་ཀུན་ཁྲིད་དེ་འོངས་སོ། །འདི་ཅི་ཞིག་ཅེས་དྲིས་པ་དང་། བྲམ་ཟེ་ན་རེ་བདག་གྲོགས་མེད་ཅིང་ཉམ་ཆུང་བས་ཆུང་མ་གཡོན་ཅན་སྟོབས་ཆེ་བ་འདིས་ཕྲོགས་སོ། །གཡོན་ཅན་ན་རེ། འདིས་བརྫུན་མཆི་སྟེ། འདི་ནི་བདག་གི་ཆུང་མ་ལགས་སོ། །བུད་མེད་ལ་དྲིས་ཀྱང་བདག་གི་ཁྱོ་འདི་ལགས་སོ་ཞེས་གཡོན་ཅན་བསྟན་པར་བྱེད་དོ། །དེ་ནས་སྨན་ཆེན་པོས་བྲམ་ཟེ་མ་འོས་པར་ཡི་ཆད་པར་ཤེས་ནས་འདི་དག་བགམ་པར་བྱའོ་སྙམ་དུ། ཀྱེ་ནད་རྗེ་ཁྱོད་ད་བཟོད་བུད་མེད་འདི་དང་འགྲོགས་ཏེ་གང་ནས་འོངས་། གཡོན་ཅན་ན་རེ། གྱོས་པོའི་ཁྱིམ་ནས་མཆིས་སོ། །སྨན་ཆེན་པོས་སྨྲས་པ།
དེར་ཅི་ཟོས་ཤིང་འཐུངས། དེས་སྨྲས་པ། ཤ་དང་སྣུམ་འཁུར་དང་ཆང་དག་ཟོས་སོ། །སྨན་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སྐྱུགས་ཤིག་དང་བདེན་ནམ་རྫུན་ལྟའོ། །དེས་མཛུབ་མོ་ཁར་བཅུག་སྟེ་སྐྱུགས་པས་ཁ་ཟས་དེ་ལྟ་བུ་ཅང་མ་བྱུང་ངོ་། །བྲམ་ཟེ་ལའང་གོང་ལྟར་དུ་དྲིས་པ་ན། གྱོས་པོའི་ཁྱིམ་ནས་འོངས་པ་དང་། དེར་ཟན་དང་ལ་ཕུག་ནས་ཀྱི་ཁུ་བ་ཟོས་སོ་བྱས་པ་དེ་སྐྱུགས་སུ་བཅུག་པས་དེ་བཞིན་གྱུར་པ་དང་། སྨན་ཆེན་པོས་སྐྱེས་པ་གཡོན་ཅན་འདིས་གཞོན་ནུ་མ་བསླུས་ཏེ་བྲམ་ཟེའི་ཆུང་མ་ཕྲོགས་སོ་སྙམ་དུ་གཡོན་ཅན་དེ་དབྱུག་པ་དང་ཁུ་ཚུར་གྱིས་བརྡེགས་ནས་མི་ནུབ་པ་ཙམ་གྱི་དོང་བརྐོས་ཏེ། མགྲིན་པ་མན་ཆད་བཅུག་ནས། རྨ་བྱའི་མཁྲིས་པས་དཔྲལ་བར་ཡི་གེ་བྲིས་ཏེ། གང་སུ་ཡང་རུང་བུད་མེད་ལ་འདི་བཞིན་དུ་རྐུ་ན་སྨན་ཆེན་པོས་ཆད་པ་འདི་ལྟ་བུ་གཅད་དོ་ཞེས་བྱས་སོ། །དེ་བཞིན་དུ་བྱིས་པ་བརྐུ་བ་དང་། གླང་དང་ལྭ་བ་དང་སྐུད་པ་རྐུ་བ་ལ་སོགས་པ་ལྔ་བརྒྱ་ཙམ་བཟུང་ནས་དབྱུག་པ་དང་ཁུ་ཚུར་གྱིས་བརྡེགས་ཏེ་མགྲིན་པ་མན་ཆད་སའི་དོང་དུ་བཅུག་ནས། དཔྲལ་བར་རྨ་བྱའི་མཁྲིས་པས་དེ་རྣམས་ཀྱི། མིང་དང་རྐུན་པོ་བྱེད་ན་ཐམས་ཅད་སྨན་ཆེན་པོས་ཆད་པས་གཅད་དོ་ཞེས་བྲིས་སོ། །དེ་ནས་བློན་པོ་དྲུག་གིས་ཡུལ་ས་ཟོས་པར་མངོན་དུ་མཐོང་ནས། རྒྱལ་པོས་འདི་སྙམ་དུ་སྨན་ཆེན་པོ་དེ་ད་ལྟ་ཅི་འདྲ་བར་འདུག་པ་ལྟད་མོ་ལྟའོ་སྙམ་ནས། བློན་པོ་རྣམས་ལ་རི་དྭགས་བཤོར་དུ་འགྲོའོ་ཞེས་བྱས་ཏེ་འཁོར་མང་པོ་དང་བཅས་པ་ཕྱོགས་དེར་ཕྱིན་པ་ན་
གཡོན་ཅན་ལྔ་བརྒྱ་དོང་དུ་བཅུག་པས་རྒྱལ་པོ་དེ་མཐོང་ནས་རྒྱལ་པོ་ཞེས་བོས་པའི་སྒྲ་དེ་རྒྱལ་པོས་ཐོས་ཀྱང་དེར་མི་མི་སྣང་སྙམ་ནས་བརྟགས་པས་གཡོན་ཅན་གཅིག་མཐོང་ལ་དེའི་དཔྲལ་བར་རྨ་བྱའི་མཁྲིས་པས་བྲིས་པ་བཀླགས་སོ། །སྨན་ཆེན་པོ་སོགས་བྱིས་པ་དེ་རྣམས་རྒྱལ་པོ་མཐོང་ནས་བྲོས་སོ། །རྒྱལ་པོས་དེས་བྱས་པ་དེ་རྣམས་མཐོང་ནས་བྱིས་པ་ཡིན་མོད་ཀྱི་བྱེད་པ་འདི་དག་ཉེས་པ་མེད་ཅིང་ལེགས་སོ་སྙམ་དུ་དགའ་བར་གྱུར་ཅིང་། བཙོན་དེ་རྣམས་ཕྱུངས་ཏེ་བཀྱེའོ། །གང་པོས་རྒྱལ་པོ་དེར་ཕྱིན་པ་ཐོས་ནས་བུམ་པ་ཆུས་བཀང་བ་དང་གདུགས་དང་བ་དན་རྒྱལ་མཚན་ལ་སོགས་པས་བསུ་ཞིང་། རྒྱལ་པོས་ཀྱང་གང་པོ་ལ་ཁྱོད་ཀྱི་བུ་ལྟའི་ཁྲིད་ཤོག་ཅེས་བསྒོ་བ་ན། གང་པོས་བྱིས་པ་ཆུང་ཆེ་བས་ལྷའི་སྤྱན་སྔར་མི་དགུག་གོ། རྒྱལ་པོས་ཡང་ཁྲིད་ལ་ཤོག་ཅེས་སྨྲས་པ་དང་། ཕས་ཁྲིད་དེ་འོངས་བ་ལ། རྒྱལ་པོས་བལྟས་པས། གཟུགས་བཟང་ཞིང་དཔའ་བོ་ཞིག་ན། ད་དུང་བྱིས་པ་ཤེད་མ་རྫོགས་སྙམ་དུ་ཕ་ལ་གཏད་ནས་རྣམ་པ་དུ་མར་བསྒོ་ཞིང་སླར་ཆས་སོ། །དུས་ཕྱི་ཞིག་ན་སྨན་ཆེན་པོ་དེ་བློ་ཅི་བདོག་བགམ་སྙམ་དུ། རྒྱལ་པོས་གྲོང་དཔོན་གང་པོ་ལ་ཕོ་ཉ་བཏང་ནས་བྱེ་མ་ལས་བྱས་པའི་ཐག་པ་ཁྲུ་བརྒྱ་པ་ཞིག་འདིར་སྐུར་ཅིག་ཅེས་སྤྲིངས་པ་དང་། གང་པོ་སེམས་རབ་ཏུ་མི་དགའ་ཞིང་སྐྲག་སྟེ། བདག་སྐྱེས་ནས་མཐོང་ཐོས་མ་མྱོང་བའི་ཀླན་ཀ་ཞིག་འཚོལ་ལོ་སྙམ་དུ་འདུག་པ་དང་། སྨན་ཆེན་པོས་ཅིའི་ཕྱིར་མི་དགའ་ཞེས་དྲིས་པ་ལ། ཕས་དེ་ལྟར་སྨྲས་ཏེ་རྒྱལ་པོས་
ཐབས་ཤིག་གིས་ཆད་པས་གཅོད་པར་འདོད་དོ་ཞེས་བྱས་པ་ལ། སྨན་ཆེན་པོ་ན་རེ། མི་དེ་བདག་དང་སྤྲོད་ཅིག་དང་རྒྱལ་པོ་ལ་བདག་གིས་ལན་གསོལ་བར་བྱའོ། །ཕས་ཕོ་ཉ་དེ་སྤྲད་པ་ལ། སྨན་ཆེན་པོས་རྒྱལ་པོ་ལ་བདག་གི་ཕྲིན་འདི་གསོལ་ཅིག །བདག་ཅག་ཡུར་སྒོམ་པ་བློ་ཆུང་ལ་མི་མཁས་པས་མ་ཤེས་ཏེ། ལྷས་དེ་ཤེས་ན་དེས་ཁྲུ་གང་བ་ཞིག་སྐུར་དང་དེ་ལ་བལྟས་ནས་ཁྲུ་བརྒྱ་བས་སྟོང་ཡང་བཀལ་ཏེ་བསྐུར་བར་བྱའོ་ཞེས་སྤྲིངས་པ་དང་། རྒྱལ་པོས་དེ་ཐོས་ནས་འདི་ལ་ལྷས་བསྟན་པ་སྟེ་འདིས་བདག་གི་རྒྱལ་སྲིད་རྒྱས་པར་བྱེད་པར་མངོན་ནོ་སྙམ་མོ། །ཡང་དུས་ཕྱི་ཞིག་ན་དེ་བགམ་པར་འདོད་ནས་ཕོ་ཉ་བཏང་སྟེ། གང་པོ་ལ་འབྲས་ཆན་གཏུན་གྱིས་ཀྱང་མ་བརྡུངས་ལ། དུམ་བུར་ཆག་པ་མེད་པར་བྱས་ནས། ཁྱིམ་གྱི་ནང་དང་། ཕྱི་རོལ་དུ་ཡང་མ་ཡིན་པར་མེས་ཀྱང་མ་ཡིན། མེ་མེད་པར་ཡང་མ་ཡིན་པར་ཚོས་ལ། ལམ་དུ་ཁྱེར་ཏེ་མི་འོང་ལམ་མ་ཡིན་པར་ཡང་ཁྱེར་ཏེ་མི་འོང་བར་ཡང་ཁྱེར། ཉི་མས་མ་ཕོག །གྲིབ་མས་མ་ཕོག །སྐྱེས་པ་དང་བུད་མེད་པ་ལ་ཡང་མི་བསྐུར་བར། བཞོན་པ་ཞོན་པས་ཀྱང་མ་ཡིན། རྐང་པས་འགྲོ་བའང་མིན་པ་སྐུར་ལ་ཤོག་ཅེས་སྤྲིངས་པ་དང་། ཚིག་དེ་ཐོས་ནས་གང་པོ་མི་དགའ་བ་ལ། སྨན་ཆེན་པོས་ཕ་ལ་སྨྲས་པ། ཕ་མི་དགའ་བར་མ་བྱེད་དང་བདག་གིས་དེ་ནུས་སོ་ཞེས་སྨྲས་ཏེ། འབྲས་ཉི་མ་ལ་བསྐམས་ནས། སྐྱེས་པ་བུད་མེད་མང་པོ་བསོགས་ཏེ་འབྲས་སྤར་རེ་བྱིན་པ་འདི་སེན་མོས་ཤུས་ལ་མ་ཆག་པར་འབྲུ་རེ་རེ་ནས་སོལ་ཅིག་སྨྲས་པ་
ལྟར་བྱས་ཏེ་རྫིའུར་བླུགས་ཤིང་སྒོའི་ཐེམ་པའི་སྟེང་དུ་བཙོས་ནས། མེས་བཙོས་པ་མིན་ལ། མེ་མེད་པར་ཡང་བཙོས་པ་མིན་པའི་ཆེད་དུ། དེའི་ངོས་སུ་མེ། སྟེང་དུ་ཉི་མས་བཙོས་ནས། སྐྱེས་བུ་ལ་བསྒོ་བ་རྐང་པ་ཡ་གཅིག་ལམ་དུ་སོང་ལ་ཡ་གཅིག་ལམ་མིན་པར་སོངས་ཤིག །ཉི་མ་དང་གྲིབ་མར་མིན་པའི་ཆེད་དུ་དབྱུག་པའི་རྩེ་མོར་རྫིའུ་ཆིངས་ལ་གོས་སྲབ་མོས་གཡོགས་ཏེ་སོངས་ཤིག །རྐང་པ་གཅིག་ལྷྭམ་གྱོན་གཅིག་ལྷྭམ་མ་གྱོན་པར་བྱོས་ལ་སོངས་ཤིག །སྐྱེས་པ་བུད་མེད་མིན་པའི་མ་ནིང་ལ་བསྐུར་བས། རྒྱལ་པོས་དེ་ལྟར་དྲིས་ནས་སྨན་ཆེན་པོ་ནི་རྟོག་པ་དང་ལྡན་ལན་ལྡོན་པ་དང་ཚུལ་དང་ཆོ་ག་ལ་སོགས་པར་ལྡན་ནོ་ཞེས་སྨྲས་སོ། །ཡང་དུས་གཅིག་གི་ཚེ་འདི་ལྟར་སྐྱེད་ཚལ་ལྡུམ་ར་བཟའ་ཤིང་རྫིང་བུ་དང་བཅས་པ་ཞིག་སྐུར་ཅིག་ཅེས་བགོ་བ་དང་། སྨན་ཆེན་པོས་རྒྱལ་པོ་ལ་སླར་འདི་སྐད་ཅེས་གསོལ་ཅིག །རི་བྲག་པའི་སྐྱེད་ཚལ་འདི་དག་ནི་མི་ལེགས་ན། ཇི་ལྟར་བགྱིས་ན་མཆི་བར་འགྱུར་བ་རྒྱལ་པོའི་ཕོ་བྲང་གི་སྐྱེད་ཚལ་ཞིག་རྒྱལ་པོས་བསྐུར་བར་གསོལ། ཕས་སྐྱེད་ཚལ་དེ་ཇི་ལྟར་མཆི་བ་བལྟས་ཏེ་བསླབས་ནས་དེའི་རྗེས་བཞིན་བཏང་བར་འཚལ་ཞེས་སྤྲིངས་པ་དང་། རྒྱལ་པོས་དེ་ལྟར་གཞོན་ནུ་དེ་ནི་ཤེས་རབ་དང་ལྡན་པ་ཞིག་གོ་ཞེས་བསམས་ནས། ཡང་ཕོ་ཉ་བཏང་ནས། རི་བྲག་དེར་ཤིང་སྐྱེད་ལ་ལོ་གཅིག་ལོན་པ་དེ་ལ་མེ་འབྲས་དང་ལྡན་པ་གཅིག་སྐུར་ཅིག་ཅེས་སྨྲས་པ་དང་། གཞོན་ནུས་ཨེ་རཎྚའི་ཤིང་ཞིག་བསྐྱེད་ནས་
བསྐུར་ཏེ། དེའི་ལོ་མ་འབྲས་བུ་དང་མེ་ཏོག་བྱུང་བ་རྒྱལ་པོས་མཐོང་ནས་ཡ་མཚན་ཏེ་འདི་གང་པོའི་ཐབས་སམ་སྨན་ཆེན་པོའི་ཡིན་ཞེས་དྲིས་པ་དང་། སྨན་ཆེན་པོའི་ཡིན་ནོ་ཞེས་སྨྲས་པ་ལ་ལེགས་སོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ། དེ་ནས་དུས་གཞན་ཞིག་ན་རི་བྲག་གི་གྲོང་དེར་གླང་ལྔ་བརྒྱ་བདས་ནས་གང་པོ་ལ་འདི་རྣམས་ལ་རྩྭ་བྱིན་ཏེ་ཞོས་ལ་འོ་མ་དང་ཞོ་དང་མར་དང་སྤྲིས་མ་དང་ཆུར་བ་རྣམས་བྱོས་ལ་སྐུར་ཅིག་ཅེས་བྱས་པ་ལ་གང་པོ་ཡི་ཆད་པ་དང་སྨན་ཆེན་པོས་མཐོང་ནས་ཕ་ཁྱོད་མི་དགའ་བར་མ་མཛད་ཅིག །བདག་གིས་རྒྱལ་པོ་ལ་ལན་བསམ་ཞིང་ཅི་ནས་རྒྱལ་པོ་མཉེས་པ་དང་ཁྱོད་ལ་ཉེས་པ་མེད་པར་བྱའོ་ཞེས་སྨྲས་ཏེ། ཕ་སྤད་གཉིས་ཤིག་ལ་འདི་ལྟར་བསླབས་ཏེ་ཁྱེད་གཉིས་གྲོང་ཆེན་པོ་རྒྱལ་པོ་ལས་ཐག་མི་རིང་བ་ཞིག་ཏུ་སོང་ལ་ཕ་དེས་ཤིང་གི་གཞོང་པ་ཞིག་ལྟོ་བར་ཆོངས་ལ་གོས་ཀྱིས་དཀྲིས་ཏེ་ས་ལ་འགྲེ་ཞིང་ངུ་བ་ལྟར་བྱོས་ཤིག །དེ་ནས་ཁྱེའུ་ཁྱོད་ཀྱིས་ཕྱོགས་ཀུན་ཏུ་སྤོས་དང་མེ་ཏོག་སོགས་ཀྱིས་ཕྱོགས་བཅུར་གཏོར་ལ་གང་འཇིག་རྟེན་སྐྱོང་བས་བདག་གི་ཕ་འདི་བདེ་ཞིང་ལེགས་པ་བཀྲ་ཤིས་པར་བུ་བཙའ་བར་གྱུར་ཅིག་ཅེས་རྗོད་ཅིག །ཅེས་པ་ལ་སོགས་པ་བསླབ་པར་བྱས་པ་བཞིན་དུ་བྱས་པས། དེ་རྒྱལ་པོ་དེས་ཐོས་ནས་དེ་རྟོགས་ཤིག་ཅེས་མི་གཅིག་བཏང་ངོ་། །དེས་སོང་སྟེ་བརྟགས་ནས་སྐྱེས་བུ་ཞིག་འདུག་པ་ཆེ་བ་ས་ལ་འགྲེ་ཞིང་ངུ་བ་དང་། དེའི་བུས་ཀྱང་ལྷ་རྣམས་འབོད་ཅིང་གསོལ་བ་འདེབས་པ་མཐོང་སྟེ། དེ་ཅི་བྱེད་དྲིས་པ་ལ། ཁྱེའུ་དེས་བདག་གི་ཕ་ལས་བུ་བྱུང་བའི་ཕྱིར་རོ་ཞེས་སྨྲས་སོ། །
དེ་དག་གིས་དེ་རྣམས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོ་བགད་དེ་ངས་གང་ན་ཡང་འདི་ལྟར་སྐྱེས་པ་ལ་བུ་བྱུང་བ་མ་མཐོང་མ་ཐོས་ཞེས་སྨྲས་པ་དང་། ཁྱེའུ་དེས་ལྷ་ཁྱོད་དེ་བཞིན་དུ་གསུངས་པ་དེ་ལྟར་ལགས་སམ། རྒྱལ་པོས་སྨྲས་པ་དེ་བཞིན་ནོ། །དེ་ནས་ཁྱེའུ་དེས་དེ་ལྟར་ན་ཅིའི་ཕྱིར་པཱུརྞྞ་ཀཙྪའི་རི་བྲག་གི་གྲོང་རྡལ་དུ་གླང་ལྔ་བརྒྱ་བདས་ཏེ་འདི་རྣམས་ལས་འོ་མ་སོགས་ཕྱུང་ལ་སྐུར་ཅིག་ཅེས་གསུངས་ན་གླང་སྦྲུམ་སྟེ་བུ་ཕྱུང་བ་གང་ན་གཟིགས་གང་ན་གསན་ཅེས་སྨྲས་པ་དང་། དེ་ནས་རྒྱལ་པོ་བགད་དེ་ཅིག་གང་པོའམ་སྨན་ཆེན་པོས་བསྟན། ཕོ་ཉས་སྨན་ཆེན་པོས་སོ་ཟེར་བ་ལ་རྒྱལ་བློན་ཐམས་ཅད་ངོ་མཚར་དུ་བཟུང་ངོ་། །ཡང་ཕྱིས་ཞིག་ན་ཕོ་ཉ་གཅིག་ལ་དྲེའུ་ཞིག་བསྐུར་ནས། དྲེའུ་འདི་མ་བཅིང་བར་སྲུངས་ཤིག །བླ་གབ་ཡོད་པར་མ་གཞུག་པར་འཚོས་ཤིག་ཅེས་སྤྲིངས་སོ། །གང་པོས་བགྱིད་དུ་མི་བཏུབ་པ་འདི་འདྲ་བཀའ་སྩལ་བས་བདེར་མི་སྟེར་རོ་སྙམ་པ་ལ། སྨན་ཆེན་པོས་དྲེའུ་དེ་ཉིན་པར་གཟས་སུ་ཅི་བདེར་འཚོས། མཚན་མོར་བླ་གབ་མེད་པར་མི་ཉི་ཤུས་བསྐོར་ནས་མི་ལྔ་རེས་མེལ་ཙེ་ཐུན་རེ་རེ་བྱས་ནས། རྐང་ལག་བཞི་ལ་མི་རེ་རེས་བཟུང་། མི་གཅིག་སྟེང་དུ་ཞོན་ཏེ་འདུག་གོ། རྒྱལ་པོས་མངགས་གཞུག་པ་ཞིག་ཇི་ལྟར་བྱེད་ལྟ་བར་བཏང་བས་ཇི་ལྟར་བྱས་པ་རྣམས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་དེ་ལྟར་བསྲུངས་ན་འབྲོས་མི་ནུས་ཀྱི་མི་དེ་རྣམས་ལས་གཅིག་ཁ་དྲང་ངོ་ཞེས་སྨྲས་པ་དང་། རྒྱལ་པོ་ན་རེ་ནུབ་མོ་སྟེང་དུ་ཞོན་པ་དེ་ཁ་དྲངས་ན་གཞན་
གཉིད་ཀྱིས་ལོག་པ་དང་དེས་ཁྲིད་དེ་འོང་ངོ་ཞེས་སྨྲས་ཏེ། སྟེང་ན་ཞོན་པའི་མི་དེ་ཁ་དྲངས་ནས་དེས་དྲེའུ་ཁྱེར་ཏེ་བྲོས་སོ། །ནམ་ལངས་པ་དག་གང་པོ་ལ་དྲེའུ་བྲོས་ཞེས་སྨྲས་པ་དང་། དེས་དེང་བདག་གི་འཚོ་བ་མ་རུངས་པར་གྱུར་ཅེས་སྐྲག་ནས་སྨྲེ་སྔགས་འདོན་པ་སྨན་ཆེན་པོས་མཐོང་ནས་འདི་ཐམས་ཅད་ཐབས་ཀྱིས་བསྒྲུབས་ན་འདི་ལ་ཡང་ཐབས་མི་སྣང་ཞེས་མི་སྨྲའོ་ཞེས་སྙམ་ནས་ཐབས་སེམས་ཤིང་ཕ་ལ་སྨྲས་པ། ཁྱོད་ཀྱིས་དོན་དེ་སྒྲུབ་ནུས་ན་ཐབས་ཤིག་ཡོད་དོ་ཟེས་སྨྲས་པ་ལ། ཕས་ཐབས་ཅི་ཞིག་ཡོད་ཅེས་དྲིས་པ་དང་། ཅི་ནས་བདག་ཉིད་ལ་ཐོ་བཙམ་པ་བཟོད་ན་གདོན་དོན་འགྲུབ་པར་འགྱུར་རོ་ཞེས་སྨྲས་སོ། །གང་པོ་ན་རེ། ཅི་ནས་བདག་འཚོ་བ་དང་བྲལ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག །དེ་ནས་སྨན་ཆེན་པོས་ཕའི་མགོ་བོ་ལ་སྐྲ་ཁྲོམ་གཉེར་བདུན་དུ་བྲེགས་ཏེ་ལེ་ཀྲུ་དང་སྣག་ཚ་དང་། མཐིང་ཤིང་དང་། དཀར་པོ་ལ་སོགས་པས་མགོ་ལ་རི་མོར་བྱས་ནས་བོང་བུ་བསྐྱོན་ཏེ་རིམ་གྱིས་གྲོང་ཁྱེར་དུ་དོང་ཞིང་སྨན་ཆེན་པོ་འོང་ངོ་ཞེས་སྒྲ་ཀུན་ཏུ་བསྒྲགས་སོ། །དེ་ལྟར་རྒྱལ་པོ་དང་བློན་པོ་དག་གིས་ཐོས་པས་སྨན་ཆེན་པོ་དེ་ནི་མཁས་ཤིང་མཛངས་པ་གཏམ་སྙམ་པར་གྲགས་ན་ཅིའི་ཕྱིར་མི་རིགས་པ་དེ་ལྟ་བུ་བྱས་སྙམ་དུ་བལྟ་རུ་ཕྱིན་པ་དང་། བློན་པོ་དག་གིས་ལྷ་ཉིད་ནས་སྨན་ཆེན་པོ་མཁས་གསལ་མཛངས་པ་ཞེས་བསྔགས་ན་དེས་མི་རིགས་པ་འདི་ལྟ་བུ་བགྱིད་པ་གདའ་འམ་ཞེས་གསོལ་པ་དང་། རྒྱལ་པོས་སྨན་ཆེན་པོ་ཉིད་ལ་ཅི་འདི་ལྟར་ཕ་ལ་ཐོ་བཙམ་པར་བྱས་ཞིང་དྲིས་པ་
དང་། དེས་སྨྲས་པ། ལྷ་འདི་ནི་ཐོ་བཙམ་པ་མ་ལགས་ཀྱིས་མཆོད་པར་བགྱིས་ཏེ། བདག་ཀྱང་ཕ་བས་ཤིན་ཏུ་མང་དུ་ཤེས་ནས་བདག་གིས་འདི་ལ་རྣམ་པར་མཆོད་པར་བྱས་སོ། །རྒྱལ་པོས་སྨྲས་པ། ཅི་ཁྱོད་བཟང་ངམ། འོན་ཏེ་ཕ་བཟང་། དེས་བདག་བཟང་ལ་ཕ་ངན་ནོ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ། ཕ་བས་བུ་བཟང་ཞེས་སྨྲ་བ་ནི་གང་དུ་མཐོང་ཐོས་མེད་ཀྱི། ཕས་བུ་གྲགས་པར་བྱེད་མས་གསོ་ཞིང་སྐྱེད་པ་དང་སྲུང་བའི་ཕྱིར་དེ་བས་ངེད་ཀྱིས་ནི་ཅི་ནས་ཕ་བཟང་བ་ཡིན་ནོ་སྙམ་དུ་བསམས་སོ། །སྨན་ཆེན་པོས་དེ་ལྟར་ལགས་སམ་མ་ལགས་ཤིན་ཏུ་རྟོགས་ཤིག་ཅེས་སྨྲས་པ་དང་། རྒྱལ་བློན་རྣམས་ཀྱིས་དེ་བཞིན་ཡིན་གྱི་གཞན་མིན་ནོ་ཞེས་སྨྲས་པ་ལ། སྨན་ཆེན་པོས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། ལྷ་དེ་ལྟར་བདེན་པ་ལགས་ན། ལྷས་བདག་ཅག་ལ་དྲེའུ་འཚོར་སྩལ་བ་དེ་བྲོས་པས། དྲེའུ་དེའི་ཕ་བོང་བུ་འདི་ལགས་ན་སྐྱེན་པར་བཞེས་པར་གསོལ་ཞེས་སྨྲས་པ་དང་། རྒྱལ་བློན་ཐམས་ཅད་ཀྱིས་ཚིག་གི་ཐབས་དེ་ལྟ་བུ་སྦྱར་བ་ཐོས་ནས་ཡ་མཚན་དུ་བཟུང་སྟེ། ཨེ་མ་ཧོ། རིགས་པ་དང་མི་རིགས་པར་བྱ་བ་འདི་ལྟ་བུ་མཁས་སོ་སྙམ་དུ་རྒྱལ་པོ་མགུ་ནས་རྣམ་པ་མང་པོའི་རྒྱན་གྱིས་བཀླུབས་ཏེ་བློན་པོའི་དབང་བྱིན་ཅིང་ཕ་ལ་རི་བྲག་གི་གྲོང་དེ་བྱིན་ནོ། །དེ་ནས་སྨན་ཆེན་པོ་བློན་པོའི་དབང་ཐོབ་ནས། བྱ་བ་ཅི་བྱ་བ་དང་རྒྱལ་པོའི་དོན་ཇི་ལྟར་བྱ་ཞེས་སེམས་པ་དང་། གྲོང་ཁྱེར་ཐམས་ཅད་དུ་ཡང་སྨན་ཆེན་པོ་བློན་པོར་བཅུག་སྟེ་མཁས་ཤིང་མཛངས་སོ་
ཞེས་སྒྲ་གྲགས་སོ། །དེའི་ཚེ་དུས་ཞིག་ན་བྲམ་ཟེ་ཞིག་གིས་བུ་མོ་ཞིག་བག་མར་བླངས་པས་ནོར་མང་ཞིག་ཟད་ཅིང་དེ་དང་ལྷན་ཅིག་ཡོངས་སུ་སྤྱད་པས་ཀྱང་ཟད་ནས། བྲམ་ཟེ་དེ་ཁ་ཏོན་མང་དུ་ལོབ་ཅིང་སྨྲང་གི་ཕ་རོལ་ཏུ་ཕྱིན་པས་ནོར་བསྒྲུབ་པའི་སླད་དུ་ལྗོངས་གཞན་དུ་རྒྱུ་ཞིང་སོང་བས་གསེར་གྱི་དོང་རྩེ་ལྔ་བརྒྱ་རྙེད་ནས་སླར་འོངས་བ་ན། དེས་རྟོག་པ་ལ་སྔར་ནོར་ཁྱེར་ཏེ་ཁྱིམ་དུ་མི་འཇུག་སྟེ། ཅིའི་ཕྱིར་ན་བུད་མེད་ཀྱི་སེམས་ཀྱི་སྤྱོད་པ་ནི་སུས་ཀྱང་མི་རིགས་ལ། བདག་གི་བྲམ་ཟེ་མོ་དེ་ཡང་གཟུགས་བཟང་བས་ན་བདག་མེད་པའི་ཕྱི་ནས་སྐྱེས་པ་གཞན་ལ་ཆགས་ཤིང་འདུས་ཀྱང་སྲིད་དོ་སྙམ་སྟེ། དེ་ནམ་སྲོས་པ་དང་དུར་ཁྲོད་དུ་སོང་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་ཁུང་བརྐོས་པ་དེར་གསེར་རྣམས་བཅུག་ཅིང་། ནམ་སྲོས་ནས་ཁྱིམ་དུ་ཞུགས་པ་དང་། ཆུང་མ་དེ་ཡང་སྐྱེས་པ་གཞན་རྣ་བོ་ཆེ་ཞེས་བྱ་བ་དེ་ལ་ཆགས་ཏེ་དེ་དང་ལྷན་ཅིག་ཟས་ཞིམ་པོ་ཟོས་ནས་བསུང་ཞིམ་པོས་བྱུགས་ཤིང་མལ་གྱི་སྟེང་ན་དེ་གཉིས་དགའ་བ་མྱོང་ཞིང་འཁོད་པ་ལ། བྲམ་ཟེ་དེས་སྒོ་ཕྱེས་ཞེས་བོས་པ་དང་། བུད་མེད་དེས་ཁྱོད་སུ་ཞིག་ཅེས་སྨྲས་སོ། །དེས་བདག་གི་མིང་སྨྲོས་པ་དང་། མོ་ཉིད་ཀྱིས་དགའ་བའི་སྒྲ་ཕྱུངས་ནས་རྣ་བོ་ཆེ་ཉལ་བ་ལས་བསླངས་ནས་མལ་གྱི་འོག་ཏུ་སྦས་ཏེ་སྒོ་ཕྱེས་ཤིང་གཡོ་བྱེད་པས་ཁྱོ་ལ་འཇུས་ནས་ངུ་བའི་ཚུལ་གྱིས་བསུས་ཏེ་ཟས་གསོད་པ་བྱིན་ནོ། །བྲམ་ཟེ་དེས་འདི་ལྟར་མཚན་མོར་ཁ་ཟས་བསོད་པ་སྦྱར་བས་སྐྱེས་པ་གཞན་ལ་ཆགས་སོ་སྙམ་མོ། །དེ་ཡང་རང་བཞིན་དྲང་པོ་ཞིག་ཡིན་པས་ཀྱེ་བཟང་མོ། དུས་སྟོན་དང་
དུས་ཚེས་ལ་མ་བབ་པར་བཟའ་བ་འདི་ལྟ་བུ་ཅི་ལས་འོངས། བུད་མེད་དེས་སྨྲས་པ། བདག་ལ་ལྷས་ཁྱོད་ཀྱི་ཁྱོ་འོང་ངོ་ཞེས་བསྟན་པས་ན་སྟ་གོན་བྱས་སོ། །བྲམ་ཟེ་ན་རེ། ཨེ་མ་ད་ནི་བསོད་ནམས་ཅན་དུ་ཟད་དེ་བདག་གི་ཆུང་མའི་རྨི་ལམ་དུ་ཡང་ལྷས་བསྟན་པ་ལྟ་ཞེས་ཟས་ཟོས་ཏེ་ཁྲུས་བྱས་ནས་མལ་དུ་ཉལ་ཞིག་ཕན་ཚུན་མཛའ་བས་ལམ་དུ་དགེའམ་ཉོན་མོངས་ཞེས་གཏམ་དྲིས་སོ། །དེ་ནས་ཆུང་མས་ཇོ་བོས་ཅུང་ཟད་རྙེད་དམ། དེས་སྨྲས་པ། ཅུང་ཟད་ཅིག་ལོན་ནོ། །དེ་ནས་ཆུང་མས་བརྡ་ཐབས་ཀྱི་ཚིག །འདིར་ནི་ཅི་ཟེར་བ། རྣས་ཉོན་རྣ་བོ་ཆེ། ཞེས་སྨྲས་སོ། །བྲམ་ཟེ་དེས་མ་འཕྲིག་པར་གསེར་གྱི་དོང་རྩེ་ལྔ་བརྒྱ་རྙེད་དོ། །བུད་མེད་དེས་བདག་ལ་མ་བསྟན་ན་གར་བཞག །བྲམ་ཟེ་དེས་སྨྲས་པ། ནོར་ཐུབ་པར་གྱིས་དང་ཡོད་དོ། །དེ་གང་དུ་བཞག །སངས་བསྟན་ནོ། །བུད་མེད་དེ་ན་རེ། བདག་ཁྱོད་ཀྱི་ལུས་ཕྱེད་ཡིན་ན་ཅིའི་ཕྱིར་གསང་། བྲམ་ཟེ་དྲངས་བས་ན་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཞག་གོ། བུད་མེད་ན་རེ་ཉོན་ཅིག་རྣ་བོ་ཆེ་ཕྱོགས་གང་དུ་བཞག །བྲམ་ཟེ་དེས་དུར་ཁྲོད་ཀྱི་ཤིང་ནྱ་གྲོ་དྷའི་དྲུང་དུ་ས་བརྐོས་ཏེ་བཞག་གོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་མོ་དེས་ཇོ་བོ་ལམ་ནས་དུབ་པས་ད་ཁྱོད་ཅི་བདེར་མནོལ་ཅིག་ཅེས་སྨྲས་ཏེ། དེ་གཉིད་ལོག་པར་རིགས་ནས་རྣ་བོ་ཆེ་ལ་གང་ཁྱོད་ཀྱིས་ཐོས་པ་དེ་མྱུར་དུ་བྲུས་ཤིག་ཅེས་བྱས་པ་དང་། རྣ་བོ་ཆེ་དེས་དལ་བུས་འཇབ་ཅིང་ཁྱིམ་ནས་ཕྱིར་ཕྱུངས་ཏེ་དུར་ཁྲོད་དུ་སོང་ལ་ཤིང་དེའི་དྲུང་དུ་སྦས་པ་དེ་བླངས་ནས་བདག་གི་ཁྱིམ་དུ་སོང་ངོ་། །ཕྱི་དེ་ཉིན་པར་བྲམ་ཟེ་དེས་
དུར་ཁྲོད་དུ་སོང་བས་ནོར་དེ་མེད་ནས་བྲང་བརྡུང་ཞིང་ཁྱིམ་དུ་འོངས་པ་དང་། ཆུང་མ་དང་གཉེན་རྣམས་ཀྱིས་ཅི་ཉེས་ཞེས་དྲིས་པ་ལ། དེས་དེ་ལྟར་རྒྱས་པར་བསྙད་པ་དང་། དེ་ན་འགའ་ཞིག་གིས་སྨན་ཆེན་པོ་མཁས་ཤིང་རྟོག་དཔྱོད་ཅན་དེའི་དྲུང་དུ་སོང་དང་། དེས་གལ་ཏེ་ཐོབ་པར་བྱེད་ཀྱང་སྲིད་ཀྱི་སྐྱབས་གཞན་མི་སྣང་ངོ་ཞེས་བསྟན་པ་ལྟར་མཆི་མ་གཟག་ཅིང་སྨན་ཆེན་པོའི་དྲུང་དུ་སོང་སྟེ་ཤིས་པར་བརྗོད་པ་སྔོན་དུ་བཏང་ནས་བདག་གིས་ནོར་ཇི་ལྟར་སྟོར་ཚུལ་སྨྲས་སོ། །སྨན་ཆེན་པོ་དེ་ཡུད་ཙམ་ཅང་མི་སྨྲ་བར་འདུག་ནས། བྲམ་ཟེ་ཁྱོད་ཀྱིས་ཕྱོགས་གང་དུ་བཞག །དུས་ནམ་བཞག །དེར་ཁ་ཅིག་མཐོང་བའམ། གཞན་ལ་སྨྲས་པ་མེད་དམ་ཞེས་དྲིས་པ་ལ་དེས་ཇི་ལྟ་བུར་གྱུར་པ་སྨྲས་སོ། །སྨན་ཆེན་པོས་བྲམ་ཟེ་མོ་དེ་སྐྱེས་པ་གཞན་ལ་ཆགས་པའི་སྒྱུར་ཞིག་ཡིན་པར་ངེས་སོ་སྙམ་དུ། བྲམ་ཟེ་དེ་དབུགས་དབྱུང་བའི་ཕྱིར་སྨྲས་པ། ཁྱོད་མི་དགའ་བར་མ་བྱེད་དང་། དེ་མ་རྙེད་ན་བདག་གི་ནོར་ལས་སྦྱིན་ནོ་ཞེས་དང་ཡང་སྨྲས་པ། ཁྱོད་ཀྱི་ཁྱིམ་ན་ཁྱི་ཡོད་དམ་བྲམ་ཟེ་དེས་མཆིས་སོ། །ད་སོང་ལ་བདག་ཁྱིམ་དུ་སླར་དགེ་བར་མཆི་ན་བྲམ་ཟེ་བརྒྱད་ལ་ཟན་སྦྱིན་པར་དབང་ཕྱུག་གི་མདུན་དུ་ཁས་བླངས་སོ་ཞེས་གྱིས་ལ། བྲམ་ཟེ་བརྒྱད་ཀྱི་བཞི་ནི་ཁྱོད་རང་གིས་བོས་ཤིག །བཞི་ནི་བྲམ་ཟེ་མོ་ལ་འབོད་དུ་ཆུག་ཅིག་ཅེས་སྨྲས་པ་ལྟར། བྲམ་ཟེ་དེས་དེ་ལྟར་བྱས་པ་དང་། སྨན་ཆེན་པོས་རང་གི་དྲུང་ནས་མི་ཞིག་མངགས་ཏེ། ནམ་བྲམ་ཟེ་རྣམས་འོངས་པ་དང་། མི་འདི་སྒོར་འདུག་ཆུག་ཅིག །ཟས་ནི་བྲམ་ཟེ་མོ་ལ་སྟེར་དུ་ཆུག་ལ། དེའི་ཚེ་
མི་འདི་ལ་ཅི་ཡང་བྱེད་དུ་མ་གཞུག་པར་དེ་དག་གི་མདུན་དུ་ཞོག་ཅིག་ཅེས་བསྒོས་ལ་བཏོང་ངོ་། །མི་རྟོག་ཆེན་པ་དེ་ལ་བསྒོ་བ། ཁྱོད་ཀྱིས་བྲམ་ཟེ་རྣམས་ནང་དུ་འཇུག་པའི་ཚེ། མི་གང་ལ་ཁྱི་ཟུག་པ་དང་གང་ལ་འཇུག་མ་འདྲིལ་བར་གྱུར་པ་ལྟོས་ལ་ཁྱིའི་ཚུལ་འདི་ཡིད་ལ་ཟུངས་ཤིག །ནང་དུ་བྲམ་ཟེ་མོས་ཟས་འགྲིམ་པའི་ཚེ། གང་ལ་མིག་བཙུག་ཅིང་ལྟ་བ་དང་། དགོད་ཅིང་ཚིག་འབྱིན་ལ་ལྷག་པར་འགྲིམ་པ་རྣམས་ཤེས་པར་གྱིས་ཤིག་ཅེས་བསྒོས་ནས་བཏང་བས། བྲམ་ཟེ་གཞན་འོངས་ཚེ་ཁྱི་ཟུག་ལ། རྣ་བོ་ཆེ་འོངས་པ་ན་ཁྱི་དེ་རྣ་བ་ཕབ་མཇུག་མ་དྲིལ་ནས་ཕྱི་བཞིན་འབྲངས་ལ་ནང་དུ་ཞུགས་ནས་ཀྱང་ཁྱིས་འདྲིས་པའི་སྒྲ་འབྱིན་པ་དང་། རྒྱལ་པོའི་མི་དེས་རྐུན་མ་རྣ་བོ་ཆེ་འདི་ཡིན་ནོ་སྙམ་མོ། །བྲམ་ཟེ་མོས་ཟས་འགྲིམ་པའི་ཚེ་རྣ་བོ་ཆེ་ལ་སྨིན་མའི་བརྡའ་བྱེད་ཅིང་ཅུང་ཟད་དགོད། མིག་དེར་ཆགས། དེ་དང་ལྷན་ཅིག་གཏམ་ཟེར། ལྷག་པར་ཡང་དེར་འགྲིམ་པར་མཐོང་བས་མཚན་མ་དེ་རྣམས་མི་དེས་བཟུང་ནས་ཇོ་བོ་ཚུལ་འདི་འདྲའོ་ཞེས་སྨན་ཆེན་པོ་ལ་བཟླས་པ་དང་། སྨན་ཆེན་པོས་དེ་ཐོས་མ་ཐག་ཏུ་རྒྱལ་པོའི་མི་བཏང་སྟེ་རྣ་བོ་ཆེ་བཀུག་ནས་སྨྲས་པ། གཞན་གྱི་ནོར་འཕྲོགས་པར་བྱ་བ་དེ་ལྟ་བུ་བྲམ་ཟེ་ཆོས་ཡིན་ནམ་ཁྱོད་ཀྱིས་ཁྱེར་བདེ་སླར་བྱིན་ཅིག །དེ་ན་རེ། སྡིག་པ་ཞི་བར་གྱུར་ཅིག་བདག་གིས་ཡོང་མ་འཚལ་ཏེ་ཞེས་ཟེར་རོ། །དེ་ནས་སྨན་ཆེན་པོས་མི་རྣམས་ལ་ངན་པ་འདི་བཙོན་རར་ཆུག་ལ་ཅི་ནས་རུས་པ་བྱུང་བ་དེ་ལྟ་བུར་ནན་ལ་འཁོར་ཅིག་བསྒོ་བས་བསྡིགས་ནས་
འཇིགས་སྐྲག་སྟེ་ལྷས་བདག་སྐྱོབས་ཤིག །བདག་གིས་དེ་སླར་འབུལ་ལོ་ཞེས་སྨྲས་ཤིང་། རང་གི་ཁྱིམ་ནས་གསེར་གྱི་དང་རྩེ་གནའ་མ་ལྔ་བརྒྱ་ཇི་ལྟར་བཅིངས་པ་བཞིན་ཁྱེར་ཏེ་སྨན་ཆེན་པོ་ལ་ཕུལ་ལོ། །སྨན་ཆེན་པོས་བྲམ་ཟེ་ལ་བྱིན་པ་དང་བྲམ་ཟེ་དེ་དགའ་ནས་བཀུར་སྟིས་དྲིན་ལན་གླན་པའི་བསམ་པས་ཕྱེད་སྨན་ཆེན་པོ་ལ་ཕུལ་སྨན་ཆེན་པོས་བླངས་ནས་སླར་བྲམ་ཟེ་ལ་བྱིན་ནོ། །སྨན་ཆེན་པོའི་སྙན་པ་ཀུན་ཏུ་ཁྱབ་ཅིང་ཡུལ་མི་ཐམས་ཅད་ཀྱིས་བདག་ཅག་བསོད་ནམས་དང་ལྡན་པས་འདི་འདྲ་བའི་བློན་པོ་ཡོད་དོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་མི་གཞན་ཞིག་དོན་གྱི་ཕྱིར་ཡུལ་གཞན་དུ་སོང་སོང་བ་ལས། རྫིང་འགྲམ་ཞིག་ཏུ་ཕྱེ་འུ་རྐྱལ་པ་ཁ་ཕྱེ་ཞིང་ཟན་ཟོས་ནས་རྐྱལ་པ་ཁ་མ་བཅིངས་བཞིན་དུ་ཕྱི་རོལ་དུ་སོང་བ་དང་སྦྲུལ་རེག་ན་གདུག་པའི་དུག་ཅན་ཞིག་རྐྱལ་བ་དེའི་ནང་དུ་ཞུགས་སོ། །མི་དེ་སླར་འོངས་ནས་མ་བརྟགས་པར་རྐྱལ་པ་ཁ་བཅིངས་ཏེ་ཕྲག་པར་ཐོགས་ནས་གྲོང་ཁྱེར་ཆེན་པོར་ཕྱིན་པ་ན། ལྟས་མཁན་ཞིག་གིས་དེ་ལ་འཚོ་བ་དང་བྲལ་དུ་ཉེའོ་ཞེས་ལུང་བསྟན་ཏོ། །མི་དེས་སླར་ལོག་སྟེ་དེ་ལ་བལྟས་སོ། །དེ་ནས་འོངས་པ་དང་དེ་ལྟར་ཐོས་བཞིན་ལྟས་མཁན་དེ་ལ་མ་དྲིས་སྙམ་དུ་འགྱོད་པ་སྐྱེས་ཤིང་། དོན་དེའི་ཕྱིར་སྨན་ཆེན་པོ་ལ་མ་དྲིས་ཀྱི་བར་དུ་ཁྱིམ་དུ་མི་འགྲོའོ་ཞེས་བསམས་ཤིང་སྨྲས་ཏེ། སྨན་ཆེན་པོའི་དྲུང་དུ་ཕྱིན་ནས་ལྟས་མཁན་གྱིས་སྨྲས་པ་སོགས་ཇི་ལྟར་གྱུར་པ་བརྗོད་དོ། །སྨན་ཆེན་པོས་གང་ནས་འོང་དྲིས་པས་དེས་ཇི་ལྟར་གྱུར་པ་སྨྲས་པ་ལ། སྨན་
ཆེན་པོས་འདིའི་རྐྱལ་པའི་ནང་ན་སྦྲུལ་གདུག་པ་ཡོད་པར་ངེས་སོ་སྙམ་ནས། སྐྱེ་བོ་མང་པོའི་མངོན་སུམ་དུ་རྐྱལ་པ་འདི་ཁ་ཁྲོལ་ལ་རྒྱང་མ་ནས་ཤིང་གིས་ཁ་ཕྱེས་ཤིག་དང་གདོད་ཤེས་པར་འགྱུར་རོ་ཞེས་སྨྲས་པ་ལྟར་བྱས་པས། སྦྲུལ་གདུག་པ་དེས་མགོ་ནི་བཏེགས། དབུགས་རྒོད་ཅིང་ལྕེ་བསྐྱོད་བཞིན་ཕྱིར་ཕྱུང་བ་དང་། སྨན་ཆེན་པོས་ཁྱོད་ཀྱི་དོགས་པ་དེ་ནི་འདི་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོ་ཡུལ་བལྟ་བའི་ཕྱིར་ཡན་ལག་བཞིའི་དཔུངས་སྟོབས་དང་ལྡན་པས་གྲོང་དང་ཚོང་འདུས་གྲོང་འདབས་སོགས་སུ་སོང་སྟེ་ཡུལ་འདི་སུའི་ཡིན་ཞེས་དྲིས་པ་ན། འདི་བློན་པོ་ཆེ་གེ་མོ་ཞིག་གི་ཡིན་ནོ་ཞེས་སྨྲ་བ་ཤ་སྟག་ལ་སྨན་ཆེན་པོས་བརྟགས་ནས་ཡུལ་ཐམས་ཅད་བློན་པོ་དྲུག་གི་བསྣམས་ཏེ། རྒྱལ་པོ་སྐྱེད་པ་ནི་བཟའ་བཏུང་ཙམ་ལ་དབང་ངོ་སྙམ་དུ་བསམས་ནས། རྒྱལ་པོ་ལ་གྲོང་དང་ཡུལ་འདི་སུ་ལ་དབང་ཞེས་དེ་ལྟར་གསོལ་བ་དང་། རྒྱལ་པོས་སྨྲས་པ། བདག་ལ་སྙིང་བརྩེ་བའི་ལྷས་རྨི་ལམ་དུ། པཱུརྞྞཱ་ཀཙྪའི་རི་བྲག་གི་གྲོང་ན་གང་པོ་ཞེས་བྱ་བའི་བུ་སྨན་ཆེན་པོ་ཁྱོད་ཀྱི་བློན་པོར་ཆུག་ཤིག་དང་དེས་ཁྱོད་ཀྱི་ཡུལ་རྣམས་རྒྱས་པར་བྱེད་ཅིང་འབུལ་བར་འགྱུར་ཏེ། དེའི་ཚེ་ཁྱོད་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པས། ཁྱོད་ནི་མའི་རུམ་ན་འདུག་ཚུན་ཆད་བདག་གིས་དགོས་པ་འདིའི་ཕྱིར་ཡོ་བྱད་ཀྱིས་བསྐྱེད་ནས། ད་ཡང་བློན་པོའི་མཆོག་ཏུ་བཅུག་ནས། ད་ནི་ལྷའི་ཚིག་དང་ཁྱོད་རང་གི་བློས་ལྕོགས་པ་སྟོན་པས་ཅི་ནས་བདག་དབང་ཕྱུག་རྒྱལ་པོར་
འགྱུར་བར་བྱོས་ཤིག །སྨན་ཆེན་པོས་རྒྱལ་པོ་ལ་ཕྱག་བྱས་ཏེ་ཐུགས་བརྟན་པར་མཛོད་དང་། ཅི་ནས་བདག་གིས་ལྷ་མཉེས་པར་འགྱུར་བ་དེ་ལྟར་བགྱིའོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོས་གྲོང་ཡུལ་གྱི་གཙོ་བོ་དེ་རྣམས་ལ་དབྱེན་བཅུག་སྟེ་སོ་སོར་ཕྱེ་ནས་ཅི་ནས་ཁྱེད་དགའ་བར་འགྱུར་བ་དེ་ལྟར་བདག་གིས་བྱའོ། །བློན་པོ་དེ་དག་ནི་འདོད་ཆེ་བས་དཔྱ་ནར་མ་དང་བླ་སྐྱེས་དག་ཀྱང་མི་རིགས་པར་འབེབས་ཏེ་དེའི་ཕྱིར་རིགས་པར་བྱས། འདི་ལྟར་བདག་གི་ཚིག་མཉན་ན་བདག་གིས་ཁོང་དུ་ཆུད་པར་བསྟན་ཏེ་དཔྱ་ཡང་རིགས་པར་དབབ། གཞན་ཡང་བདེ་བར་འགོད་ཅིང་བདེ་བའི་ཡོ་བྱད་རྣམས་ཀྱིས་བསྐྱང་བར་བྱ་ཡི། ཅི་ནས་ཁྱེད་ཅག་མི་མཐུན་པར་བྱོས་ཤིག །ཁྱེད་མི་མཐུན་པར་བྱས་པ་ལ་ཅི་སྟེ་རྒྱལ་པོའམ་བློན་པོ་རྣམས་ལྷགས་ན་ཡང་བདག་མ་འོངས་ཀྱི་བར་དུ་དེ་དག་གི་དབང་དུ་མ་འགྲོ་བར་འདི་སྐད་སྨྲོས་ཤིག །བློན་པོའི་མཆོག་སྨན་ཆེན་པོ་འོངས་ན་དེའི་དབང་དུ་གཏོང་གིས་གཞན་གང་གིས་ཀྱང་མ་ཡིན་ནོ་ཞེས་སྨྲོས་ཤིག་ཅེས་བསླབས་པ་ལྟར་ཡུལ་དེ་དག་མི་མཐུན་པར་བྱེད་ཅིང་བཀའ་རྣམས་བཅག་པ་ན། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་བ་དང་། བློན་པོ་དྲུག་པོ་ཡན་ལག་བཞིའི་དཔུང་གི་སྟོབས་མང་པོ་ཅན་དང་ལྷན་ཅིག་བཀྱེ་ཡང་གྲོང་དང་རི་བྲག་གི་གྲོང་གཅིག་ལ་ཡང་དབང་བྱེད་པར་མ་ནུས་སོ། །དེ་ནས་རྒྱལ་པོ་ཉིད་མ་བྱོན་ན་འདི་དག་དབང་དུ་བསྒྱུར་མི་ནུས་སོ་ཞེས་ཕོ་ཉ་བཏང་ནས་རྒྱལ་པོ་ཉིད་འོངས་ཀྱང་གྲོང་གཅིག་ཀྱང་དབང་བྱར་མ་ནུས་ཏེ་འཐབས་པས་མི་མང་ཞིག་ཤི་བ་དང་། རྒྱལ་བློན་རྣམས་
མི་དགའ་བར་གྱུར་ཏོ། །དེ་ནས་རི་བྲག་གི་མི་རྣམས་ཀྱིས་སྨན་ཆེན་པོ་འདིར་འོངས་ན་དེའི་ངག་ཉན་ཏེ་བདག་ཅག་རྒྱལ་པོ་སྐྱེད་པ་དང་མི་མཐུན་པ་བགྱིད་པ་མ་ཡིན་གྱི་བློན་པོ་དྲུག་བདག་ཅག་ལ་གནོད་པ་བགྱིད་པའི་ཕྱིར་རོ་ཞེས་སྨྲས་པ་དང་། རྒྱལ་པོས་ངེད་ཀྱིས་ཡུལ་རྣམས་ཕེབས་པར་མ་ནུས་ཀྱིས་ཁྱོད་ཚུར་ཤོག་ཅིག་ཅེས་ཕོ་ཉ་བཏང་བའི་མོད་ལ་འོངས་སོ། །དེ་མཐོང་ནས་ཡུལ་མི་ཀུན་གྱི་ཕྱག་འཚལ་ཞིང་དེས་ཀྱང་མི་རྣམས་ལ་མ་འཇིགས་ཤིག་ཅེས་བྱས་ནས་དཔྱ་ཡང་ཆོས་བཞིན་དབབ། དམན་པ་དག་དབུལ་བ་སྐྱབས་མེད་པ་རྣམས་ཀྱང་དབུགས་དབྱུང་བར་བྱས། ཡུལ་དང་གྲོང་ཁྱེར་པ་རྣམས་ལ་ཕ་མ་དང་ཕུ་ནུ་དག་རང་གི་སྐྱེ་བོ་བཞིན་བཀུར་སྟི་དང་བྱ་དགས་ཀུན་སྙོམས་པར་བྱས་ནས་པང་ནས་འཁྱུད་དོ། །ཡུལ་ན་གནས་པའི་རྒན་གཞོན་དང་བུད་མེད་ཐམས་ཅད་ཀྱིས་སྨན་ཆེན་པོ་ལ་བདག་གི་བུ་དང་མིང་པོ་བཞིན་དུ་ལྟ་བར་འགྱུར། དེས་ཀྱང་ཐམས་ཅད་སེམས་དགའ་བར་བྱས་ཤིང་མཐར་གྱིས་ཡུལ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྒྱལ་པོ་སྐྱེད་པ་དང་ལྷན་ཅིག་རྒྱལ་པོ་ཕོ་བྲང་དུ་འོངས་སོ། །དེ་ལྟ་བུའི་ལས་བྱས་པས་རྒྱལ་པོ་གཞན་དག་ལ་ཡང་སྙན་པའི་སྒྲ་གྲགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དགའ་བས་བདག་ཉིད་ཀྱི་བུ་མོ་སྨན་ཆེན་པོའི་ཆུང་མར་བྱིན་ཏེ་དེ་དང་ལྷན་ཅིག་རྩེ་དགའ་སྤྱད་དོ། །དེའི་ཚེ་ཡུལ་གཞན་ན་རྒྱལ་པོ་ལོངས་སྤྱོད་ཉམས་པ་ཞིག་རྒྱལ་པོ་སྐྱེད་པའི་དྲུང་དུ་འོངས་པ་དེ་རྒྱལ་པོས་མ་འདོད་ནས་སྨན་ཆེན་པོའི་དྲུང་དུ་འོངས་སོ། །དེས་སྙིང་རྗེའི་དབང་
གིས་བཟུང་སྟེ་ལོངས་སྤྱོད་ཀྱང་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་བྲམ་ཟེ་ཞིག་འོངས་ཏེ་ནས་བྲེ་གང་བསླངས་པ་དེས་ཀྱང་སྦྱིན་པར་ཁས་བླངས་ཏེ་བང་བའི་གཉེར་ཀ་བ་ལ་གཏད་ཀྱང་སང་སྦྱིན་གནང་སྦྱིན་ལས་མ་བྱིན་པར་ལུས་སོ། །དེ་ནས་དུས་ཞིག་ན་རྒྱལ་པོ་སྐྱེད་པ་བློན་པོ་དང་གྲོང་དང་ལྗོངས་བ་དག་གིས་བསྐོར་ཏེ་མི་མང་པོས་ཕྱག་འཚལ་བའི་གནས་ན་འདུག་གོ། རྒྱལ་པོས་སྨྲས་པ། ཀྱེ་བློན་པོ་རྣམས་གསང་བ་ནི་སུ་ལ་སྨ་བར་བྱ། གང་ལ་ཡིད་བརྟན་པར་བྱ་ཞེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་བསམས་ནས། གཅིག་གིས་མཛའ་བོ་ལ་སྨྲ་བར་རིགས་ཞེས་དང་། དེ་བཞིན་དུ་ཁ་ཅིག་གིས་ཆུང་མ་ལ། ཁ་ཅིག་གིས་མ་ལ། ཁ་ཅིག་གིས་སྲིང་མོ་དང་ཕ་ལ། ཁ་ཅིག་གིས་ཕུ་ནུ་ལའོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨན་ཆེན་པོ་ལ་གཞན་གྱིས་ཇི་ལྟར་བསམས་པ་སྨྲས་ན་ཁྱོད་ཀྱིས་ཅིའི་ཕྱིར་མི་སྨྲ་ཞེས་དྲིས་པ་དང་། སྨན་ཆེན་པོས་སྨྲས་པ། ལྷ་བདག་ནི་འདི་སྙམ་དུ། གསང་བ་དེ་ནི་སུ་ལ་ཡང་བགྱི་བར་མི་རིགས་ཆུང་མ་ལ་ལྟ་ཅི་སྨྲོས་ཏེ། དེ་ནི་བདག་གིས་ལྷའི་སྤྱན་སྔར་མངོན་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོའི་རྨ་བྱ་སྟོར་བ་སྨན་ཆེན་པོས་བཙལ་ཏེ་ཕྱོགས་གཞན་ཞིག་ཏུ་སྦས་ནས། དེ་དང་འདྲ་བ་གཞན་ཞིག་བཟུང་སྟེ། རང་གི་ཆུང་མ་ལ་ཁྱོད་ཀྱིས་རྒྱལ་པོའི་ཕོ་བྲང་ནས་རྨ་བྱ་སྟོར་བ་ཐོས་སམ་ཞེས་དྲིས་པ་དང་དེས་ཀྱང་ཐོས་སོ་ཞེས་སྨྲས་སོ། །སྨན་ཆེན་པོས་ཆུང་མ་ལ་ཁྱོད་ཀྱིས་སུ་ལ་ཡང་མ་ཟེར་བར་རྨ་བྱ་འདི་ཚོས་ཤིག་དང་བཟའོ་ཞེས་བསྒོའོ། །དེས་རི་བྲགས་ཀྱི་
གྲོང་མི་འདིས་རྒྱལ་པོའི་རྨ་བྱ་ཟ་བ་ལ་ལྟོས་ཤིག །བདག་གི་ཕས་ནི་འདི་ལ་ཤིན་ཏུ་ཡིད་བརྟན་པར་བྱེད་ན་འདིས་ནི་རྒྱལ་པོ་ལ་གནོད་པའི་ལས་བྱེད་དོ་སྙམ་མོ། །ཡང་རེ་ཞིག་ན་རྒྱལ་པོའི་བཙུན་མོ་དང་འདྲ་བའི་བུད་མེད་སྨད་འཚོང་མ་ཞིག་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་བདག་གི་བུད་མེད་ཀྱི་ནང་དུ་བཅུག་ནས་ཆུང་མ་ལ་འདི་ནི་རྒྱལ་པོའི་བཙུན་མོ་འདི་ཞེས་བྱ་བ་ཡིན་ཏེ། བདག་འདི་ལ་ཤིན་ཏུ་ཡིད་བརྟན་གྱིས་ཁྱོད་བདག་ལ་སྡུག་ན་སུ་ལ་ཡང་མ་ཟེར་ཅིག་ཅེས་བསྒོ་བ་དང་། རྒྱལ་པོའི་བུ་མོ་དེས་འདི་ནི་སྨན་ཆེན་པོ་དང་ལྷན་ཅིག་འདུག་གོ་སྙམ་དུ་ཁྲོས་འཁྲུགས་ནས་ཕ་ལ་འཕྱ་ཞིང་བདག་གི་ཕ་འདི་ལྟ་བུར་དོན་ལ་རྟོག་པ་ཅི་ཡང་མེད་དེ། རི་བྲག་གི་གྲོང་མི་རིགས་ངན་བློན་པོའི་མཆོག་ཏུ་བཅུག་ནས་ངན་པ་འདི་ལ་རྒྱལ་པོའི་དོན་ཐམས་ཅད་གཏད་པ་ག་ལ་རིགས། ངས་ཅི་ནས་སྔོན་གྱི་གནས་རྙིང་པར་བཞག་པ་དེ་ལྟར་བྱའོ་བསམས་ཏེ། ཕ་ལ་ཡབ་ཀྱིས་ངན་པ་འདི་མ་བརྟགས་པར་བློན་པོར་བཅུག་པ་འདིས་བཙུན་མོ་འདི་དང་ལྷན་ཅིག་སྤྱོད། རྨ་བྱ་ཡང་ཟོས་ཡུལ་གཞན་ནས་འོངས་པའི་མི་རྣམས་བསྙེན་ཅིང་ཡོ་བྱད་སྦྱོར་བར་བགྱིད་ན། ཡབ་ཀྱིས་སྨན་ཆེན་པོ་ནི་ཐམས་ཅད་ལས་སྡུག་པར་འཛིན་ན་འདིའི་ཚུལ་ཇི་ལྟ་བུ་ཡིན་པ་མཁྱེན་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་ནས་རྒྱལ་པོས་དོན་དེ་དག་བརྟག་པའི་ཕྱིར་གཤེད་མའི་མི་རྣམས་ལ་སོད་ཅིག་ཅེས་བཀྲི་བ་དང་། གནས་རིགས་ངན་པའི་མི་དེ་དག་གིས་ཤིང་ཀ་ར་ཝཱི་རིའི་མེ་ཏོག་གི་ཕྲེང་བ་མགུལ་དུ་བཏགས། བོད་སྐད་
ལྟ་བུའི་རྔ་བརྡུངས། ཚིག་རྩུབ་པོས་སྤྱོས་བསྡིགས་ཚར་བཅད་དེ་མཚོན་ཐོགས་པ་གཤིན་རྗེའི་མི་ལྟ་བུ་རྣམས་ཀྱིས་དུར་ཁྲོད་དུ་ཁྲིད་མོད་ཀྱི། དེ་གསད་པར་སུ་ཡང་མི་འདོད་དོ། །གྲོང་ཁྱེར་གྱི་མི་ཐམས་ཅད་མཆི་མ་ཟག་ཅིང་བདག་གི་བུ་བསད་པ་ལྟར་སྡུག་བསྔལ་གྱི་སྒྲ་འབྱིན་ཞིང་ལྷ་ལ་གསོལ་བ་འདེབས་སོ། །ཇི་ཙམ་ན་སྨན་ཆེན་པོས་རྒྱལ་རིགས་དབུལ་པོ་བསྙེན་ཅིང་ལོངས་སྤྱོད་བགོས་ཏེ་བྱིན་པ་དེས་རྒྱལ་པོའི་མི་རྣམས་ལ་བདག་ཅག་གིས་འདི་བསད་ཀྱིས་ཁྱེད་ཅག་སླར་ལོག་ཅིག་ཅེས་སྨྲས་སོ། །ཅི་ཙམ་ནས་གྲོང་ཁྱེར་དེ་ནས་བྱུང་བ་དང་། བྲམ་ཟེ་མོང་རྟུལ་ཞེས་བྱ་བས་གོས་མཐའ་འཇུས་ཏེ་ཁྱོད་ཀྱིས་ནས་བྲེ་གང་སྦྱིན་པར་བྱས་པ་དེ་བྱིན་ལ་སོངས་ཤིག་ཟེར་རོ། །སྨན་ཆེན་པོས་གནས་དེར་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་གྲོགས་སུ་འགྱུར་བ་མེད། །གདོལ་པ་ལ་ནི་བཤེས་པ་མེད། །བུད་མེད་རྣམས་ལ་གསང་མི་བརྗོད། །རྨ་བྱའི་ཤ་ནི་བཟའ་མི་བྱ། །བྲམ་ཟེ་མོང་རྟུལ་པོ་ཡི་ནི། །ནས་བྲེ་གང་ཡང་འཆགས་མི་བྱ། །དེ་སྐད་སྨྲ་ཞིང་སོང་བ་དང་། །གཤེད་མ་རྣམས་ཀྱིས་སྨྲས་པ། སྨན་ཆེན་པོ་ཁྱོད་ཤེས་པ་ཕུན་སུམ་ཚོགས་པ་ཡིན་ན་དེ་ཅི་བླ་བར་བྱེད་དམ། སྨན་ཆེན་པོས་སྨས་པ། ཁོ་བོ་ནི་མི་བླ་སྟེ། འོན་ཀྱང་དེ་ཅི་བླ་དེ་སྐད་སྨྲས་པའི་དོན་ཁྱེད་ཀྱིས་མ་གོ་བར་ཟད་དོ། །ཞེས་སྨྲས་པས་དེ་རྣམས་སོང་སྟེ། རྒྱལ་པོ་ལ་སྨན་ཆེན་པོ་བླ་ན་བླ་བ་དེ་ཟློས་སུ་གསོལ་ཞེས་གསོལ་བས། རྒྱལ་པོས་སྨན་ཆེན་པོ་ལ་ཁྱོད་གསོད་པས་སྐྲག་ནས་ཁ་བླའམ་ཞེས་དྲིས་པ་ལ། སྨན་ཆེན་པོ་ན་རེ། ལྷ་བདག་མི་
བླ་སྟེ། འོན་ཀྱང་བདག་སྡུག་བསྔལ་གྱིས་ཉམ་ཐག་ནས་དགོས་པ་སྨྲས་སོ། །དེ་ཅི་ཡིན། དེས་སྨྲས་པ། རྒྱལ་པོ་གྲོགས་སུ་འགྱུར་བ་མེད་ཅེས་བདག་གིས་སྨྲས་པ་ནི། སྔོན་ལྷ་ལ་གྲོང་ངམ་གྲོང་ཁྱེར་སོགས་གང་ཡང་མི་མངའ་ཞིང་། བཟའ་བཏུང་དང་སླས་ལ་དབང་བ་ཙམ་ཞིག་ཡིན་པ་ལ། དེང་ས་ལ་དབང་བའི་རྒྱལ་པོའི་རྒྱལ་སྲིད་དང་དཔུང་དང་མཛོད་དང་དམག་ལ་མངའ་མཛད་པ་དེ་བདག་གིས་བགྱིས་ན། ཁྱོད་ཀྱིས་བདག་ལ་སྔོན་གྱི་བྱས་པ་བཟོ་བ་ཉིད་མ་དགོངས་པར་ལྷས་དགུམ་དུ་བཏང་བ་དེ་ལ་བསམས་ནས་བདག་གི་དེ་སྐད་དུ་སྨྲས་སོ། །གདོལ་པ་ལ་ནི་བཤེས་པ་མེད་ཅེས་པ། གདོལ་པ་མལ་དང་གོས་དང་བྲལ་བ་འདི་རྒྱལ་པོ་སྐྱེད་པས་བདག་ལ་འཚོ་བའི་ཡོ་བྱད་བྱིན་ན་དེས་འཚོ་བར་བྱའོ་སྙམ་དུ་ལྷའི་དྲུང་དུ་མཆིས་པ་ལས། ལྷས་ཡོངས་སུ་མ་བཟུང་ངོ་། །བདག་གིས་ནི་བཀྲེན་ཅིང་ཡུལ་ནས་འཁྱམས་པའོ། །སྙམ་ནས་བགོ་བཤའ་བགྱིས་པས་འདི་ལྟར་དེང་སང་བདེ་བར་གྱུར་པ་ལགས་ན་འདིས་བདག་དགུམ་པའི་སླད་དུ་དགའ་སྟེ་ཆས་ན་དེའི་ཕྱིར་བདག་གིས་དེ་སྐད་སྨྲས་སོ། །བུད་མེད་རྣམས་ལ་གསང་མི་བརྗོད་ཅེས་བགྱི་བ་ནི། རྒྱལ་པོ་ཉིད་སྔར་དུས་གཅིག་ན་འཁོར་གྱི་ནང་དུ་བཞུགས་ནས་འདི་སྐད་དུ་སུ་ལ་གསང་བ་སྨྲ་ཞིང་ཡིད་གཅུགས་པར་བྱ་ཞེས་གསུང་པ་ན། བློན་པོ་རྣམས་ཀྱིས་ཕ་མ་དང་སྲིང་མོ་དང་ནེའུ་ལྡངས་རྣམས་ལའོ་ཞེས་སྨྲས་པར། རྒྱལ་པོ་ཉིད་ཀྱིས་ཆུང་མ་ནི་ལུས་ཀྱི་ཕྱེད་ཡིན་པས་དེ་ལ་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་ནས་བདག་གིས་དོན་འདི་ལྷའི་སྤྱན་སྔར་དབབ་
པར་བགྱིའོ་སྙམ་ནས་རྒྱལ་པོའི་རྨ་བྱ་སྦས་ནས་རྨ་བྱ་གཞན་ཞིག་ཟོས་སོ། །སླས་ལས་ཀྱང་སླས་ཆེ་གེ་མོ་ལས་རྒྱན་བླངས་ནས་སྨད་འཚོང་ཆེ་གེ་མོ་ཞིག་ལ་བཏགས་ཏེ་ཁྱིམ་དུ་བཞག་པས་ལྷ་སྨད་འཚོང་མ་དེ་ཡང་གཟིགས་སུ་གསོལ། དེ་ནས་རྒྱལ་པོས་སྨད་འཚོང་མ་ལ་བལྟས་ན་སླས་དེ་དང་དེ་གཉིས་ཁ་དོག་དང་རྟགས་སོགས་ཁྱད་པར་ཅི་ཡང་མེད་པར་མཐོང་ངོ་། །རྒྱལ་པོའི་རྨ་བྱ་ཡང་དངོས་སུ་མཐོང་སྟེ། སྨན་ཆེན་པོ་ལ་ཉེས་པ་མེད་པར་ཁོང་དུ་ཆུད་དོ། །བྲམ་ཟེ་མོང་རྡུལ་རྟུལ་པོ་ཡི་ནི། ནས་བྲེ་གང་ཡང་འཆགས་མི་བྱ། ཞེས་སྨྲས་པ་ནི། བདག་རྒྱལ་པོས་དགུམ་དུ་བཏང་བས་གཤེད་མ་བ་རྣམས་ཀྱིས་ཁྲིད་པ་ན་བྲམ་ཟེ་དེས་ནས་བྲེ་གང་གི་དོན་དུ་གོས་ཀྱི་མཐར་འཇུས་ནས་བཟུང་བས་དེ་སྐད་དུ་སྨྲས་སོ། །དེ་ནས་དོན་དེ་ཐམས་ཅད་མངོན་སུམ་མཐོང་བར་བྱས་པས་དགའ་སྟེ། དཀྲོལ་ནས་བཀུར་སྟི་ཆེན་པོར་བྱས་སོ། །དེ་ནས་སྨན་ཆེན་པོས་རྒྱལ་པོ་ལ་ཕྱག་བྱས་ཏེ་གསོལ་པ་ལྷ་ཁྱོད་ཀྱིས་བུད་མེད་རྣམས་ཀྱི་གསང་གཟིགས་སམ། ཁྱོད་ཀྱི་སྲས་མོ་ནི་བདག་ལ་དགོས་པ་ཡོད་མ་མཆིས་སོ། །འོན་ཀྱང་རིགས་གཟུགས་དང་ཚུལ་ཤེས་རབ་བདག་དང་འདྲ་བ་དེ་ཁོ་ནའི་མཆིས་བྲང་ཞིག་བླང་བར་བགྱིའི་ཞེས་རྒྱལ་པོ་ལ་གནང་བ་གསོལ་ནས། བདག་ཉིད་བྲམ་ཟེའི་ཆ་བྱད་དུ་བྱས་ཏེ། ལག་གཡས་བྱ་མ་བུམ་ཐོགས། ལུས་མཆོད་ཕྱིར་ཐོགས་ཀྱིས་མཛེས་པར་བྱས། རི་དྭགས་ཀྱི་པགས་པ་གོས་སུ་བགོས། གདོང་ལ་བྱུག་རིས་གསུམ་བྱས་ནས་རི་འཁོར་གྱི་ནགས་ཚང་ཚིང་ཅན་དུ་བུ་མོ་བཙལ་བའི་
ཕྱིར་ཆས་སོ། །དེ་ལམ་གྱི་བར་དུ་གྲོང་ཞིག་ཏུ་མུན་སྲོས་པ་དེར་ཡུད་ཙམ་ནས་བྲམ་ཟེ་ཞིག་འོངས་ནས་གང་དུ་འགྲོ་བ་སོགས་དྲིས་པ་ན་དེས་ལུས་འཕགས་ནས་འོངས། ནགས་ཚང་ཚིང་ཅན་དུ་འགྲོ་ཞེས་སྨྲས་སོ། །དེས་ཁྱིམ་དུ་བྲང་གདབ་པའི་ངོ་ཤེས་འགའ་ཡོད་དམ་ཟེར་བ་ལ་མེད་ཅེས་སྨྲས་པས། བྲམ་ཟེ་དེས་ཁྱིམ་དུ་ཁྲིད་དེ་ཚུལ་མཐུན་པས་ཕུ་དུད་བྱས་སོ། །དེས་དེའི་ཆུང་མ་སྐྱེས་པ་གཞན་ལ་ཆགས་པ་ཅན་འཁྲིགས་ནས་ཕྱི་དེ་ཉིན་པར་ལམ་དྲིས་ནས་ཆས་སོ། །ཁྱིམ་དེའི་བྲམ་ཟེ་དེས་བདག་གི་ཁྱིམ་འདིར་ཕན་ཚུན་འགྲོ་བའི་ཚེ་རང་གི་ཁྱིམ་བཞིན་དུ་སོང་ཞེས་ཟེར་བ་ལ་དེ་བཞིན་བགྱིའོ་ཞེས་སྨྲས་ནས་སོང་ངོ་། །ཅི་ཞིག་ན་ལམ་བར་ཞིག་ཏུ་ནས་ཀྱི་ཞིང་ཡོད་པ་དེ་ན་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་རིགས་བཙུན་པ་ཤིན་ཏུ་ཞི་བར་ལྡན་པ་ཞིག་མཐོང་ནས་དེ་ལ་ཡིད་ཞེན་ཅིང་། བཟང་མོ་ཁྱོད་སུ་ཡིན་མིང་ཅི་ཡིན་སོགས་དྲིས་པ་ལ། མིང་ནི་ས་གའོ། །གྲོང་ཐམས་ཅད་ཀྱི་ཞིང་སྒྲུབ་པར་བྱེད་པའོ་ཞེས་སྨྲས་པ་ལ། སྨན་ཆེན་པོས་བུ་མོ་འདི་གཟུགས་བཟང་མོད་བློ་ཇི་འདྲ་བགམ་པར་བྱའོ་སྙམ་དུ། གྲོང་ཞིག་ཏུ་ཞུགས་ཏེ་ལག་པ་བསྒྲེངས་ནས་ལག་པ་ཕངས་པར་བྱས་ཤིང་རྐང་པས་གྲོ་ཕུར་བ་དང་། ས་གས་སྨྲས་པ་མཁན་པོ་ཇི་ལྟར་ལག་པ་ཕངས་པ་དེ་བཞིན་རྐང་པ་ཕངས་པར་གྱིས་ཤིག །དེས་དེ་མཛངས་པ་ཞིག་གོ་སྙམ་དུ་བགད་ནས་སྨྲས་པ། ཁྱོད་ཀྱི་རྣ་ཆ་གདུབ་ཀོར་གདུ་བུ་ཞིག་སྟེ། ཤིན་ཏུ་ལྷང་ངེའོ། །ས་ག་ན་རེ། མཁན་པོ་རྣ་བ་གཉིས་དགབ་པའི་སླད་དུའོ། །སྨན་ཆེན་པོས་སྨྲས་པ།
བུ་མོ་ཁྱོད་བྱད་བཟང་ཞིང་མཛེས་སོ། །དེས་སྨྲས་པ། གྲོང་གི་བདག་པོ་རྣམས་ཀྱི་བཀའ་དྲིན་གྱིས་སོ། །ཅུང་འདུག་ནས་སྨྲས་པ། ཁྱོད་ཀྱི་ཕར་གར་སོང་། དེས་སྨྲས་པ། ལམ་གཅིག་གཉིས་སུ་བགྱིད་དུ་མཆིས་ཏེ་ཚེར་མའི་ཡལ་ག་བསྡུས་ནས་ལམ་བཅད་པར་བགྱིད་དོ། །ཁྱོད་ཀྱི་མ་གར་སོང་། ཞིང་ཐོག་ནས་ས་བོན་གྱི་ཕྱིར་མཆིས་སོ། །བུ་མོ་ངའི་ཆུང་མར་བྱའམ། དེས་སྨྲས་པ། གལ་ཏེ་གྲོང་གི་བདག་པོ་བཏུབ་ནའོ། །སྨན་ཆེན་པོས་སྨྲས་པ། ནགས་ཚང་ཚིང་ཅན་དུ་ལམ་གང་ནས་འགྲོ་ན་བདེ་ཞིང་མི་འཁྱོགས་པ་དེ་སྟོན་ཅིག་དང་དེའི་དོན་ཚིགས་སུ་བཅད་པས་ཀྱང་དྲིས་པ་ལ། དེས་དེ་ལ་ལམ་འཁྱོགས་པ་ཞིག་བསྟན་ཏེ་མོ་རང་ལམ་གཞན་ནས་མདུན་དུ་བརྒྱུག་ཅིང་རྫིང་བུ་ཞིག་ཏུ་གོས་རྣམས་ཕུད་ནས་མིག་ཡ་གཅིག་བཙུམ་སྟེ་ངོ་ཤེས་སམ་མི་ཤེས་ཞེས་གློ་གཅིག་གིས་སྙེས་ཏེ་འདུག་བཞིན་ཡང་སྨྲས་པ། གང་གིས་ཟ་བགྱིད་དེ་ནས་བཞུད། །གང་གིས་ཟ་བར་མི་བགྱིད་པ། །དེ་ནི་དོར་བར་བགྱིས་ནས་སུ། །ཟན་གྱི་ནགས་སུ་བཞུད་པར་མཛོད། །དེ་ནས་སྨན་ཆེན་པོས་དེས་ཇི་སྐད་བསྟན་པའི་ལམ་ནས་སོང་བ་དང་། ཇི་ཙམ་ན་རྒྱང་རིང་པོ་ནས་དེ་ངོ་ཤེས་ནས་སྨྲས་པ། རས་བལ་ཐགས་སུ་བཏགས་པ་མི་བདོག་པས། །མ་བཀལ་ཐགས་སུ་མ་བཏགས་གྱོན་བྱེད་པ། །མཛེས་ལྡན་གཡོན་པའི་མིག་ཅན་གང་ནས་ནི། །མེ་ཏོག་གྲོང་དུ་འགྲོ་བ་བདག་ལ་སྟོན། །དེ་ནས་བུ་མོ་ཅུང་ཞིང་བགད་ནས་སྨྲས་པ། །འདིར་ནི་གཡོན་པོའི་ལམ་བོར་ལ། །གང་ན་ཡོས་ནི་ཡོད་པ་དང་། །བ་ལ་ཤ་ཡི་མེ་ཏོག་རྒྱས། །
དེ་ནས་བྲམ་ཟེ་བཞུད་དུ་གསོལ། །དེ་སོང་སོང་སྟེ་ཕྱིན་ནས་དྲིས་ཤིང་ས་གའི་ཁྱིམ་དུ་སོང་བ་དེའི་ཕ་མ་མི་སྣང་ངོ་། །དེ་ནས་གྲོང་གི་བདག་པོ་རྣམས་ལ་ས་ག་འདི་ཁྱེད་རྣམས་ཀྱིས་གནང་ན་བདག་གི་ཆུང་མ་བྱའོ། །ཚིག་དེ་ཐོས་མ་ཐག་ཏུ་གྲོང་གི་བདག་པོ་རྣམས་ཚིག་མཐུན་པར་བྲམ་ཟེ་ངན་པ་ཁྱོད་ངེད་ཀྱི་ས་ག་ལྷའི་བུ་མོ་འདྲ་བ་སློང་བ་ངོ་མི་ཚའམ། འདི་ནས་སོངས་ཤིག །ཁྱོད་ཁྱི་མི་སྲུན་པ་ལ་ཟར་འཇུག་གོ་ག་རེ་ཞེས་སྨྲས་ཏེ་དེ་བསྐྲད་ནས་སླར་སོང་བ་དང་། ས་གས་མཐོང་ཞིང་། རྒྱང་རིང་པོ་ནས་བྱོན་པ་ལེགས་སོ་ཞེས་སྨྲས་སོ། །ས་ག་ལ་སྨན་ཆེན་པོས་དེ་རྣམས་ཀྱིས་དེའུ་བརྡེག་གོ་ཞེས་སྨྲས་པ་ལ། ས་ག་ན་རེ། ཐབས་ཅི་ཞིག་གིས་སྨྲས། དེས་སྨྲས་ཚུལ་ཞིབ་པར་བཤད་པ་དང་། ས་ག་ན་རེ། ཁྱོད་ཡུད་ཙམ་མི་བསམ་པར་བུ་མོ་བསད་པ་ཁྱོད་ཀྱི་དེ་ལྟར་བྱེད་དམ། དེས་སྨྲས་པ། གཞན་དུ་ཇི་ལྟར་བྱ། ས་གས་སྨྲས་པ། རེ་ཞིག་སྔར་ཉེ་བར་སོང་ལ་རྗེས་སུ་མཐུན་པར་བགྱི་ཞིང་མགྲོན་དུ་འབོད་ལ་ཟས་སྐོམ་བདའ་བའི་སྟོན་མོས་མགུ་བར་བྱས་ཏེ། དེ་ནས་བགྱི་བ་དེ་བགྱིད་རིགས་སོ། །སྨན་ཆེན་པོ་སོང་སྟེ་དེས་ཇི་སྐད་བསྟན་པ་ལྟར་བྱས་ནས་ཁ་ཟས་བསོད་པས་བསྟབས་ནས་ས་ག་བསླངས་པ་དང་། དེ་རྣམས་ཀྱིས་དེར་ཁྱོད་ཀྱི་བསམ་པ་བཞིན་རྫོགས་པར་བྱའོ། །ཞེས་སྨྲས་སོ། །དེ་ནས་ཡུད་ཙམ་ན་ས་གའི་ཕ་མ་འོངས་པ་དང་སྨན་ཆེན་པོ་དང་གྲོང་གི་བདག་པོ་རྣམས་ཀྱིས་ས་ག་སྦྱིན་པར་གསོལ་བ་དང་། ཕ་མས་དོན་དེ་བསམ་དགོས་སོ་ཞེས་ཟེར་བ་ལ། གྲོང་གི་བདག་པོ་རྣམས་ན་རེ། འདི་ལ་བསམ་
དུ་ཅི་ཡོད། བྲམ་ཟེ་གཞོན་ནུ་གཟུགས་བཟང་ཞིང་བསྟན་གཅོས་དང་རིག་བྱེད་ཀྱི་ཕ་རོལ་ཏུ་སོན་པ་ཡིན་པས་བྱིན་ཅིག །དེ་ནས་སྨན་ཆེན་པོས་བྲམ་ཟེ་རྣམས་བོས་ནས་བུ་མོ་བླང་བར་བྱས་སོ། །ཉི་མ་གཞན་ལ་གྱོས་པོ་དང་སྒྱུག་མོ་བོས་ནས་བཀུར་སྟི་བྱས་ཏེ་གོས་བསྐོན་ནས་གཉོད་བཅུག་སྟེ། རང་ཉིད་རྒྱལ་པོ་སྐྱེད་པའི་དྲུང་དུ་སླར་ཆས་སོ། །དེ་འགྲོ་ཁར་བྲམ་ཟེ་ཞིག་གིས་བཅུ་བཞི་པའི་སྟོན་མོའི་ཡོན་ནས་བྲེ་གང་བྱིན་པ་གོས་ཀྱི་མཐར་ཕུལ་ཏེ། སྔར་གྱི་གྲོགས་པོ་བྲམ་ཟེ་དེའི་ཁྱིམ་དུ་སོང་ནས་སྒོ་བརྡུངས་པ་དང་། བྲམ་ཟེ་མོས་སྨྲས་པ། ཁྱོད་སུ་ཞིག །ང་ཁྱོད་ཀྱི་ཁྱིམ་ཐབ་ཀྱི་གྲོགས་པོའོ། །བྲམ་ཟེ་མོ་ན་རེ། འདི་ན་དེ་ཡང་མེད་ལ་གཞན་འགའ་ཡང་མེད་པ་ཁྱིམ་བདག་དེ་མེད་པར་སྐྱེས་པ་གཞན་ཁྱིམ་དུ་འཇུག་མི་རུང་གིས་གཞན་ཞིག་ཏུ་བྲང་ཐོབ་ཅིག །སྨན་ཆེན་པོས་བདག་ཁྱིམ་དུ་འཇུག་མི་སྟེར་བ་ལ་དཔྱད་ན་སྐྱེས་པ་གཞན་བཅུག་པར་ཤེས་ནས་འདིས་འཇུག་ཏུ་མ་སྟེར་བ་ནི་རུང་ངོ་ཞེས་སྨྲས་ཤིང་བསམ་པ་དང་། ཡུད་ཙམ་ན་ཁྱིམ་བདག་བྲམ་ཟེ་དེ་འོངས་ནས་སྒོར་བོས་པ་ལ། ཆུང་མས་དེའི་སྒྲ་ཐོས་ནས་མི་དེ་སྤྱད་དུ་བཅུག་གོ། དེ་ནས་བྲམ་ཟེ་དང་སྨན་ཆེན་པོ་གཉིས་ཀ་ཁྱིམ་དུ་ཞུགས་ནས་བདེ་བར་འཁོད་དོ། །ཇི་ཙམ་ན་བྲམ་ཟེ་མོ་དེ་ལ་སྨན་ཆེན་པོས་སྨྲས་པ། ནས་འདི་དག་གར་བཞག །དེས་སྨྲས་པ། ས་ལའོ། །བྲམ་ཟེ་དེ་ན་རེ། ས་ལ་བཞག་ན་བྱི་བས་ཟོས་ཀྱི་སྣོད་གཞན་མལ་འོག་དང་ཁྱིམ་ཀུན་ཏུ་མི་སྣང་ངོ་། །དེ་ནས་སྨན་ཆེན་པོས་ཡུད་ཙམ་ན་ཕྱོགས་ཞིག་ན་སྤྱད་ཞིག་མཐོང་ནས་
བྱི་བོ་དེ་འདི་ན་ཡོད་དོ་སྙམ་ཏུ་བསམས་ནས། སྤྱད་འདིར་ནས་བླུགས་སོ་ཞེས་སྨྲས་པ་དང་། བྲམ་ཟེ་མོ་ན་རེ། འདིར་བདག་གི་ནོར་གཅེས་པ་ཡོད་པས་ནས་ཇི་ལྟར་བླུགས། ཁྱོས་སྨྲས་པ། སྐྱོན་ཅན་དེ་སྣོད་གང་རུང་ཞིག་ཏུ་བྱོ་དང་དེར་ན་སྡུག་གོ། སྨན་ཆེན་པོས་ཀྱང་། ནས་རྣམས་བྱི་བས་ཟ་བས་སྣོད་འདིར་བླུགས་པར་བྱའོ་ཞེས་སྨྲས་པས། བྲམ་ཟེ་མོ་དེས་ཤེས་ནས་འཇིགས་ཏེ། སྤྱད་འདི་གཤེར་བས་ནས་མ་རུངས་པར་འགྱུར་རོ། །དེ་ནས་སྨན་ཆེན་པོས་བྲམ་ཟེ་མོ་ཁྱོད་སེམས་ཁྲལ་མི་དགོས་དང་ཁོ་བོས་གཤེར་བར་མི་འགྱུར་བར་བྱ་ཞེས་ལངས་ནས་རི་དྭགས་ཀྱི་པགས་པ་སྔ་ལོག་ཕྱི་ལོག་བྱས་མཆོད་ཕྱིར་ཐོགས་ཉིས་ལྟབ་ཏུ་མགུལ་དུ་ཐོགས་ཏེ། སྤྱད་སྐམ་མོ་ཞེས་བ་ལང་གི་ལྕི་བ་དང་ཤིང་དག་བསྐྱ་བར་བརྩམས་པ་དང་། བྲམ་ཟེ་མོ་སྡུག་པ་དང་འབྲལ་བའི་གདུང་བས་འདི་ང་མེད་པར་བྱེད་དུ་འོང་ངོ་སྙམ་ནས་བྱི་བོ་དེའི་ཁྱིམ་དུ་འདི་ལྟར་གྱུར་གྱིས་མྱུར་དུ་ཤོག་ཅེས་བང་ཆེན་བཏང་ངོ་། །དེ་ནས་དེའི་ཕ་མྱུར་དུ་འོང་སྟེ་སྨན་ཆེན་པོ་ལ་སྨྲས་པ། སྤྱད་འདི་རིན་གྱི་བླང་ངོ་། །དེས་སྨྲས་པ། བག་སྟོན་ལ་ལོངས་ཤིག །ཇི་ལྟར་བྱ། གསེར་གྱི་དོང་རྩེ་ལྔ་བརྒྱ་ཡིན་གྱི་གཞན་མིན་ནོ་ཞེས་ཟེར་ཞིང་སྤྱད་དེའི་ཉེ་སྐོར་དུ་མེ་སྒྲོན་སྤོར་བར་བྱེད་པ་དང། ཕས་བསམས་པ་དོན་འདི་བསྙད་དུ་མི་རུང་ངོ་བསམས་ནས་གསེར་གྱི་དོང་རྩེ་ལྔ་བརྒྱ་བྱིན་ཅིང་ཁྱིམ་སྒོ་ཕྱེ་སྟེ་མི་སྟོབས་ཆེ་བས་བཏེགས་ནས་རང་གི་ཁྱིམ་དུ་ཁྱེར་རོ། །ཕྱི་དེ་ཉིན་པར་སྨན་ཆེན་པོས་གསེར་གྱི་དོང་རྩེ་བརྒྱ་ཕྲག་གཅིག་ནི་ཁྱིམ་
བདག་དེ་ལ་བྱིན་ནས་ཁྱོད་ཀྱི་ཆུང་མ་ནི་འདི་ལྟ་བུ་སྟེ་བག་ཡོད་པར་གྱིས་ཞེས་སྨྲས་པ། གསེར་གྱི་དོང་རྩེ་ལྷག་བཞི་བརྒྱ་ནི་བྲམ་ཟེ་དེ་ལ་ནགས་ཚང་ཚིང་ཅན་དུ་སོང་ལ་བདག་གིས་བསླངས་པའི་ས་ག་ལ་བྱིན་ནས་དེའི་ཕ་མ་ལ་ཁོ་བོ་བྲམ་ཟེ་མ་ཡིན་ཏེ། རྟགས་ཆ་ལུགས་འདི་ལྟ་བུས་བུ་མོ་འཚོལ་བའི་ཕྱིར་འོངས་པ་ཡིན་ལ། ཁོ་བོ་ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པའི་བློན་པོའི་མཆོག་སྨན་ཆེན་པོ་ཞེས་བྱ་བ་ཡིན་པས་དེའི་ཕྱིར་བུ་མོ་ཡོངས་སུ་སྐྱོངས་ཤིག་ཅེས་སྨྲོས་ལ་དོང་རྩེ་འདི་རྣམས་བྱིན་ཅིག་ཅེས་ཕྲིན་ཡིག་དང་བཅས་པ་བརྫངས་ནས། རང་ཉིད་རྒྱལ་པོའི་དྲུང་དུ་སོང་ངོ་། །བྲམ་ཟེ་དེས་ནགས་ཚང་ཚིང་ཅན་དུ་སོང་སྟེ། གསེར་གྱི་དོང་རྩེ་སུམ་བརྒྱ་དང་ཕྲིན་ཡིག་བྱིན་པ། ས་གས་བཀླགས་ནས།བཞི་པོ་ཡི་ནི་ཆ་དག་ལས། །གལ་ཏེ་ཆ་གཅིག་མ་སྟེར་ན། །ཤིང་གི་སུ་མི་འདོང་བླངས་ནས། །དེར་འདི་ཆུག་ལ་ཆ་དོ་ཤིག །ཅེས་པ་མཐོང་བས་གསེར་གྱི་དོང་རྩེ་བརྒྱ་མ་སྟེར་བར་ཤེས་ནས་རིངས་པར་མལ་གྱི་འོག་ཏུ་མིའི་རྐང་པ་ལ་བརྒྱབས་པའི་ཆ་བྱད་ཤིང་གི་སུམ་འདོང་ཞེས་པ་དེ་འཚོལ་བ་དང་། བྲམ་ཟེས་སྨྲས་པ། དེར་ཅི་འཚོལ། ས་ག་ན་རེ། ཕོ་བྲང་འཁོར་གྱི་རྒྱལ་པོའི་མི་འོང་ནས་གནོད་པ་བྱེད་པ་ཟུངས་ཤིག་ཅེས་བྱུང་སྟེ། དེའི་ཆེད་དུ་སུམ་འདོང་ཚོལ་ལོ། །ས་གས་སུམ་འདོང་དེ་བླངས་ནས་བྲམ་ཟེ་ལ་སྨྲས་པ། དེར་དེ་ལྟ་བུ་སུ་ཞིག་ཁྲིད་ཀྱང་ཁོ་མོས་མ་ཤེས་ན་རེ་ཤིག་འདིར་རྐང་པ་ཆུད་དམ་མི་ཆུང་སད་ཀྱིས་ཐང་ཅིག་ཆུག་ཅིག །བྲམ་ཟེ་དེས་ཀྱང་བསམ་པ་གནག་པའི་
ཕྱིར་རྐང་པ་བཅུག་པ་དང་། དེས་རིངས་པར་ཤིང་སྤྱད་དེའི་གཟེར་བཏབ་བོ། །བྲམ་ཟེས་སྨྲས་པ། ང་ཅིའི་ཕྱིར་བཟུང་། དེས་སྨྲས་པ། དོང་ཚེ་བཞི་བརྒྱ་བསྐུར་ན་ཁྱོད་ཀྱིས་བརྒྱ་བརྐུས་པས་སོ། །དེར་བྲམ་ཟེ་ཡ་མཚན་སྐྱེས་ཏེ་བསམས་པ། སྨན་ཆེན་པོ་དང་འདི་ནི་འདྲེ་དངོས་གཅིག་སྟེ། འདྲེ་ཆེན་པོ་གཉིས་གནས་གཅིག་ཏུ་འདུས་པར་གྱུར་ཏོ་སྙམ་ནས་དེས་ལྷག་མ་བྱིན་ནོ། །དེའི་རྗེས་སུ་ཕ་མ་འོངས་པ་དང་སྨན་ཆེན་པོའི་གསང་བསྟན་ཏེ་དེ་ནི་བློན་པོ་སྨན་ཆེན་པོ་ཡིན་པའི་ཚུལ་སྨྲས་པས། ཕ་མ་དང་བུ་མོ་དེའི་གཉེན་འདུན་ཐམས་ཅད་དགའ་ཞིང་། བདག་ཅག་བསོད་ནམས་དང་ལྡན་ཏེ་སྨན་ཆེན་པོ་དང་གཉེན་དུ་གྱུར་པས་བདག་ཅག་གི་རིགས་གསལ་བར་བྱས་སོ་ཞེས་དགའ་བས། བུ་མོ་ས་ག་ལ་ཁྲུས་དང་བསྐུ་མཉེ་ཟས་སྐོམ་དང་གོས་རྒྱན་གྱིས་ཤིན་ཏུ་བྱི་དོར་བྱས་པས། རིང་པོར་མ་ལོན་པར་དེ་གཟུགས་ཤིན་ཏུ་བཟང་ཞིང་ཁྱད་པར་དུ་མཛེས་པར་གྱུར་ཏོ། །སྨན་ཆེན་པོ་གྲོང་ཁྱེར་དུ་སོང་བ་དང་རྒྱལ་པོ་འཁོར་བཅས་དགའ་སྟེ་རྒྱལ་པོས་ཅི་འདྲ་འོངས་སོགས་དྲིས་པ་ལ། བདག་གིས་མཆིས་བྲག་རྙེད་དེ་གཟུགས་མཛེས་ཤིང་བློ་ཕུན་སུམ་ཚོགས་པ་ཞིག་སྟེ་དེ་ནི་བདག་གི་སྦུ་ལ་འབབ་པ་ལགས་མོད་དེ་བླང་བར་བགྱིའམ། རྒྱལ་པོས་སྨྲས་པ། ང་མ་གཏོགས་པ་སུ་ཞིག་ཁྱོད་ཀྱི་ཐོག་ཏུ་འབབ་སྟེ་ཁྱོད་ནི་བློན་པོའི་མཆོག་གོ། དེས་ན་དེ་མགུ་བར་འགྱུར་བ་དེ་ལྟ་བུའི་འབྱོར་པས་བླང་བར་བགྱིའོ། །ལྷ་དེ་ལྟར་འཚལ་ཞེས་སྨྲས་ནས་སྨན་ཆེན་པོའི་བློན་པོའི་ཚོགས་དང་བྲམ་ཟེ་དང་ཁྱིམ་བདག་
དང་དཔུང་བཞི་པའི་ཚོགས་མང་པོས་བསྐོར་ནས་རི་འཁོར་ནགས་ཚང་ཚིང་ཅན་དུ་གྱོས་པོའི་ཁྱིམ་དུ་སོང་སྟེ་བག་མ་བླངས་ནས་རང་གི་གྲོང་དུ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་མགུར་སྤྱོད་པར་བྱེད་དོ། །དེའི་ཚེ་བྱང་ཕྱོགས་ནས་ཚོང་པ་ལྔ་བརྒྱ་ཞིག་ཟོང་དུ་རྟ་མང་པོ་ཁྱེར་ནས་ལུས་འཕགས་པའི་ལྗོངས་སུ་རྒྱལ་པོའི་སྐྱེད་པའི་དྲུང་དུ་ལྷགས་སོ། །གནས་དེར་སྨད་འཚོང་མ་གཟུགས་དང་སྒྱུ་རྩལ་དང་བསམ་པ་ལ་མཁས་པ་ལྔ་བརྒྱ་ཡོད་པས་ཚོང་པ་གང་ནས་འོང་བ་ཐམས་ཅད་ཀྱིས་རྫས་མེད་པར་བྱེད་པ་ཡིན་པས། དེར་ཡང་བྱང་ཕྱོགས་ཀྱི་ཚོང་པ་དེ་རྣམས་རེ་རེ་ལ་རིམ་གྲོ་བྱ་བར་ཁས་བླངས་ནས་དེ་རྣམས་དང་ལྷན་ཅིག་རྩེ་དགའ་ལ་གནས་པར་བྱེད་དོ། །ཚོང་པ་དེ་རྣམས་ཀྱི་དེད་དཔོན་བག་ཡོད་པ་ཞིག་གནས་པ་དེ་སྨད་འཚོང་མའི་གཙོ་མོ་དེས་འདོད་པས་ཀུན་སྤྱོད་སྣ་ཚོགས་བསྟན་ཀྱང་དེ་བགྱིད་དུ་མ་བཏུབ་བོ། །དེས་ཚོང་པ་དེ་རྣམས་ལ་བདག་དང་དེད་དཔོན་མཐུན་པའི་ཐབས་མཛོད་ཅེས་གསོལ་བ་བཏབ་པས་ཚོང་པ་རྣམས་དང་སྨད་འཚོང་མ་རྣམས་ཉིན་བཞིན་རྒྱུན་དུ་ཕེའུ་བྱས་ན་ཡང་ཚོང་དཔོན་དེ་བག་མེད་ཀྱི་དབང་དུ་མ་སོང་ངོ་། །དེ་ནས་སྨད་འཚོང་མ་དེ་རང་ཉིད་དེད་དཔོན་དང་ལྷན་ཅིག་བགད་པ་དང་ག་ཞ་བྱས་པ་དང་། ཚོང་དཔོན་ན་རེ། ང་ལ་འཁྲུལ་བར་བྱ་མི་ནུས་ན་ཅིའི་ཕྱིར་ཉོན་མོངས། དེས་སྨྲས་པ། གལ་ཏེ་འཁྲུལ་པར་བགྱིས་ན་ཤེས་ལྡན་གྱིས་ཅི་སྩལ། དེས་སྨྲས་པ་རྟའི་མཆོག་ལྔ་སྦྱིན་ནོ། །སྨད་འཚོང་ན་རེ། འོ་ན་འཁྲུལ་བར་བགྱིར་མ་བཏུབ་ན་སླད་ཀྱིས་ཀཱར་ཥ་པ་ཎ་མ་མཆིས་བཞིན་དུ་རྗེས་སུ་འཇུག་པར་འཚལ་ལོ། །དེ་གཉིས་
དེ་ལྟར་སྐུགས་བཙུགས་ནས་འབད་དེ་ཉེ་བར་བརྩོན་པ་ལས་ཀྱང་མ་ནུས་སོ། །ཇི་ཙམ་ན་ཚོང་པ་དེ་རྣམས་ཀྱིས་སྨྲས་པ། དེད་དཔོན་གྲོང་ཁྱེར་གཙོ་མོ་སྨད་འཚོང་མ་བཞག་པ་ལས་སུས་མ་ཟུག་ན་འཇིག་རྟེན་གྱི་ཚུལ་གྱིས་ཤིག །དེད་དཔོན་དེས་དེ་རྣམས་ལ་སྨྲས་པ། གྲོགས་པོ་དག་མཚན་མོ་རྨི་ལམ་དེ་ལ་ཡོངས་སུ་སྤྱད་དོ། །དེ་ལྟར་ཚོང་པ་རྣམས་ཀྱིས་སྨད་འཚོང་གཙོ་མོ་ལ་སྨྲས་པ་དང་། དེས་རྒྱལ་པོའི་མི་རྣམས་བཤེས་སུ་གྱུར་པ་ལ་འཛིན་དུ་བཅུག་ནས་ཁྱོད་བདག་ལ་འདོད་པ་སྤྱད་ཀྱིས་རྟའི་མཆོག་ལྔ་བྱིན་ཅིག །དེད་དཔོན་གྱིས་ངན་པ་མོ་བརྫུན་དུ་སྨྲ་བ་ཟེར་ཞིང་དེ་གཉིས་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་ཉི་མ་ནུབ་ཀྱི་བར་དུ་ཤག་བཀྱེ་བ་ན། རྒྱལ་ཕམ་མ་འབྱེད་པས་ཞལ་ལྕེ་གཅོད་མ་ཤེས་པར་རྒྱལ་བློན་ཐམས་ཅད་སྐྱོ་བ་སྐྱེས་ཏེ་བཀྲེས་པས་ཉེན་ནས་ཕྱིས་དཔྱད་དོ་ཞེས་རང་རང་གི་ཁྱིམ་དུ་སོང་ངོ་། །སྨན་ཆེན་པོ་ལ་ས་གས་རྗེའི་སྲས་དེ་རིང་ཅིའི་སླད་དུ་ཐོགས། དེས་ཞལ་ལྕེ་གཅད་པར་མ་ནུས་པའི་གཏམ་དེ་ལྟ་བུ་སྨྲས་པ་དང་། ས་ག་ན་རེ། ཁྱོད་རྟོག་པ་དང་སེལ་བ་ཕུན་སུམ་ཚོགས་པ་དེ་ལྟ་བུས་ཞལ་ལྕེ་དེ་གཅོད་པར་མ་ནུས་ན་སྐྱེས་པའི་ཚུལ་ཡིན་པ་ལྟ། སྨན་ཆེན་པོས་སྨྲས་པ། དེ་ལྟ་བུ་ཁྱོད་ཀྱིས་གཅད་ནུས་སམ། དེས་སྨྲས་པ། བདག་གི་བློའི་ནུས་པ་ལ་གཟིགས་དང་དེ་རྔོ་ཐོགས་ཏེ། གཤེགས་ལ་རྫིང་བུའི་འགྲམ་དུ་རྟའི་མཆོག་ལྔ་བཞག་ནས་གནས་དེར་རྒྱལ་བློན་རྣམས་ཀྱང་འདུས་ཏེ་དེ་གཉིས་ཤག་འགྱེད་དུ་ཆུག་ཅིག །གལ་ཏེ་སྨད་འཚོང་མས་གཉིས་ཀ་དངོས་སུ་འདོད་པ་སྤྱད་དོ་ཟེར་ན་
རྟའི་མཆོག་ལྔ་ཁྱེར་ཅེས་གསུངས་ཤིག །འོ་ན་ཏེ་རྨི་ལམ་ན་འདོད་པ་སྤྱད་དོ་ཟེར་ན། རྟའི་གཟུགས་བརྙན་ཆུ་ན་ཡོད་པ་སྟོན་ལ་འདི་ཁྱེར་ཅེས་གསུངས་ཤིག །གལ་ཏེ་བླང་མི་རུང་བ་འདི་དག་གིས་ཅི་དགོས་ཟེར་ན། འདི་བཞིན་དུ་རྨི་ལམ་གྱི་འདོད་པ་སྤྱད་པ་ཡང་དེ་འདྲའོ་ཞེས་གསུངས་ཤིག །དེ་ཐོས་པས་སྨན་ཆེན་པོ་ཡ་མཚན་སྐྱེས་ནས། དེས་ཇི་ལྟར་སྨྲས་པ་ལྟར་ཞལ་ལྕེ་བཅད་པས་རྒྱལ་བློན་སོགས་ཐམས་ཅད་ཡ་མཚན་སྐྱེས་སོ། །རྒྱལ་པོས་སྨན་ཆེན་པོ་ལ་ཁར་སང་བདག་ཅག་རྣམས་དང་སྐྱེ་བོ་གཞན་དག་ཉོན་མོངས་པར་མི་འབྱུང་བར་ཁྱོད་ཀྱི་ཐབས་དེ་སུ་ལས་བྱུང་། དེས་སྨྲས་པ། འདི་ནི་ས་གའི་ཐབས་ལགས་སོ། །རྒྱལ་བློན་ཡུལ་མི་བཅས་པས་ཞིང་མཁན་གྱི་བུ་མོ་ས་ག་ནི་ཤིན་ཏུ་མཁས་ཤིང་བློ་དང་ལྡན་ནོ་ཞེས་བསྒྲགས་ཏེ་ཡུལ་ཐམས་ཅད་དུ་གྲགས་པར་གྱུར་ཏོ། །ཡང་བྱང་ཕྱོགས་ཀྱི་ཚོང་པ་ཞིག་གིས་རྒོད་མ་གཉིས་རྒྱལ་པོ་ལ་སྐྱེས་སུ་ཕུལ་ཏེ་ལྷ་འདི་དག་མ་སྨད་ལགས་ན་མ་དང་བུ་གང་ཡིན་པ་ནི་གཞན་གྱིས་མ་འཚལ་ཏོ་ཞེས་སྨྲས་པ་ལ། དེ་མ་ཤེས་ནས་སྨན་ཆེན་པོས་ས་ག་ལ་དྲིས་པ་དང་། གང་གི་སྤུ་གཤོར་བ་དེ་ནི་མའོ། །སྤུ་འཇམ་པ་ནི་བུའོ་ཞེས་སྨྲས་པས་རྒྱལ་པོ་ངོ་མཚར་དུ་གྱུར་ཏོ། །དེ་བཞིན་དུ་སྦྲུལ་ཁས་སྡིག་པ་ཞིག་གིས་སྦྲུལ་གཉིས་རྒྱལ་པོ་ལ་བསྟན་ཏེ་ཕོ་མོ་གང་ཡིན་པ་མ་ཤེས་པ་ལ། ཚུལ་དེ་ས་ག་ལ་སྨན་ཆེན་པོས་སྨྲས་པ་དང་། ས་ག་བགད་དེ་གང་དོན་འདི་ལྟ་བུ་ཡང་མི་རྟོགས་ན། རྒྱལ་པོ་དང་བློན་པོ་རྟོག་པ་དང་སེལ་བ་ཕུན་སུམ་ཚོགས་པས་བརྒྱན་པ་ལྟ་ཞིག །སྨན་
ཆེན་པོ་ན་རེ། ཁྱོད་ཀྱིས་ཤེས་སམ། དེ་ནི་སླ་སྟེ་འོད་མའམ་སྙུག་མའི་རྩེ་མོ་རས་བལ་ལམ་བལ་གྱིས་དཀྲིས་ཏེ་སྦྲུལ་གྱི་རྒྱབ་ཏུ་རེག་ན། གང་རེག་པར་མི་བཟོད་པ་ཕོ་དང་བཟོད་པ་མོའོ་ཞེས་དང་། ལྷོ་ཕྱོགས་ན་ཚོང་པ་དག་གིས་ཙན་དན་གྱི་སྡོང་པོ་ཁྱེར་བ་དེའི་མགོ་མཇུག་མ་ཤེས་པ་ལ། ས་གས་རྫིང་བུའི་ནང་དུ་བོར་ན་རྩ་བ་ནི་འོག་ཏུ་འབྱིང་ངོ་ཞེས་དང་། ཡང་རྒྱལ་པོ་དེས་ནོར་བུ་རྟགས་པ་ལ་སུ་མཁས་ཤེས་པའི་ཆེད་དུ། ཁང་བརྩེགས་ཀྱི་རྩེར་རྒྱལ་མཚན་ལ་ནོར་བུ་བཏགས་ཏེ་དེའི་འོག་ན་ཡོད་པའི་རྫིང་བུ་ཞིག་ཡོད་པ་དེར་ནོར་བུའི་གཟུགས་བརྙན་དང་འོད་སྣང་བར་བྱས་ནས། ནོར་བུ་རིན་པོ་ཆེ་གང་གིས་ཤེས་པ་དེ་ལ་སྦྱིན་པ་དམ་པ་བསྟབས་སོ་ཞེས་སྨྲས་པས། བློན་པོ་གཞན་རྫིང་དེར་ཞུགས་ནས་འོང་བཟུང་བ་ལས་བླང་མ་ནུས་སོ། །ས་གས་སྨྲས་པ། སྟེང་དུ་ཁང་བརྩེགས་ལ་རྒྱལ་མཚན་གྱི་རྩེར་ནོར་བུ་བཏགས་པ་དེའི་མཐུས་གཟུགས་བརྙན་རྫིང་དུ་གདའ་མོད་ཀྱི། གང་དུ་ཞུགས་ལ་རྒྱལ་མཚན་གྱི་རྩེ་མོ་ལས་ནོར་བུ་བླང་བར་བྱའོ་ཞེས་སྨྲས་པ་ཐམས་ཅད་དེ་བཞིན་དུ་གྱུར་པས་དེ་མཁས་སོ་ཞེས་ཀུན་གྱིས་བསྟོད་དོ། །དེ་ནས་ས་ག་གཟུགས་ཤིན་ཏུ་བཟང་པོ་དང་ལྡན་པར་བློན་པོ་དྲུག་གིས་མཐོང་ནས། ནོར་དང་གསེར་དངུལ་སོགས་ཀྱིས་བྲིད་དེ་ལྷན་ཅིག་ཕྲད་པར་བྱའོ་སྙམ་པ་ལས་མ་ཟུག་གོ། དེ་ལྟར་རྒྱུན་དུ་འབད་པ་དང་སྨྲ་བ་ན། ས་གས་སྨན་ཆེན་པོ་ལ་ཁྱོད་ཀྱི་ཡུལ་ཆོས་ཀྱིས་བུད་མེད་གང་གཞོན་ཞིང་གཟུགས་བཟང་བ་དེ་གཞན་གྱི་སྐྱེས་པས་བསླུ་བ་དེ་ཅི་ལྟ་བུ་ཞིག །
སྨན་ཆེན་པོས་སྨྲས་པ། འདི་ནི་ཐམས་ཅད་ཀྱི་ཆོས་ཏེ་སྐྱེས་པ་རྣམས་ནི་བུད་མེད་ཐམས་ཅད་ལ་དོན་དུ་གཉེར་མོད་ཀྱི། བུད་མེད་ཉིད་ཀྱིས་ཤེས་པར་བྱས་ཏེ། གལ་ཏེ་བུད་མེད་མཛངས་ན་དེ་བྱེད་དུ་མི་བཏུབ་བོ། །ས་གས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་བུ་ལ་ཅོ་འདྲི་བ་དང་གནོང་བ་ཞིག་བགྱིས་ན་ཉེན་དུ་མི་འགྱུར་གྲང་སྨན་ཆེན་པོས་སྨྲས་པ། བག་རྟོན་ལ་བྱོས་ཤིག །དེ་ནས་ས་གས་ཁྱེད་ཀྱིས་ནའོ་ཞེས་རྒྱུ་མཛོད་ཅིག་དང་དེ་ནས་ཐོ་བརྩམ་པར་བགྱིའོ། །སྨན་ཆེན་པོས་ན་བའི་ཁུལ་བྱས་ཏེ། ཕོ་ཉ་བཏང་ནས་འདི་ན་ཞིང་མི་བདེ་བས་རིམ་གྲོ་བྱེད་དོ་ཞེས་སོ་སོ་སྤྲིངས་ནས་ཤིང་ལ་སྨན་ཆེན་པོའི་གཟུགས་བགྱིས་ཐ་མལ་དུ་གོས་ཀྱིས་གཡོགས་ཏེ་བཞག་གོ། ས་གས་བློན་པོ་དྲུག་པོ་ལ་སྨན་ཆེན་པོ་འདི་ནི་ན་བས་ཉམ་ཆུང་སྟེ། དུས་འདི་དང་འདིས་གཞན་གྱིས་མ་ཤེས་པར་བྱོན་ཅེས་བྱས་ནས་སྒྲོམ་ཆེན་པོ་དྲུག་བྱས་ཏེ་བཞག་གོ། དེར་དུས་དུས་ན་དེ་དག་འོངས་པ་དང་སྐྲ་ཕྱིས་ནས་བཅིངས་ཏེ་སྒྲོམ་རེ་རེར་བཅུག་གོ། ཕྱི་དེ་ཉིན་པར་སྨན་ཆེན་པོ་ཤིའོ་ཞེས་སྒྲ་བསྒྲགས་པས་བཙུན་མོའི་འཁོར་དང་སྐྱེ་བོའི་ཚོགས་ཕལ་ཆེར་ངུས་སོ། །ས་གས་སྒྲོམ་དྲུག་པོ་དེ་རྒྱལ་པོ་སྐྱེད་པའི་དྲུང་དུ་ཁྱེར་ཏེ། ལྷ་སྨན་ཆེན་པོ་ནི་དུས་ལས་འདས་ལ་དེའི་ནོར་དབྱིག་དང་གསེར་དང་རིན་པོ་ཆེ་ལ་སོགས་པ་དེ་དག་དེ་ཉིད་ཀྱིས་རྒྱས་བཏབ་པ་འདི་དག་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོས་དེ་དེ་རིང་ཤི་ནས་དེང་ཉིད་ལ་འདི་ཕུལ་ལོ་ཞེས་མྱ་ངན་བྱེད་དོ། །དེའི་སྐབས་སུ་སྨན་ཆེན་པོ་ཉིད་མེ་ཏོག་གིས་བརྒྱན་ཞིང་གནས་གཞན་ཞིག་ནས་རྒྱལ་པོའི་དྲུང་དུ་ཕྱིན་
དེ་ཕྱག་འཚལ་ནས་སྨྲས་པ། ལྷས་བདག་གདུགས་འགའ་ཡང་བྱམས་པས་མ་བཟུང་སྟེ། དེང་ཉིད་དུ་སྡུམ་པ་རྒྱལ་པོས་བཞེས་ལགས་སམ། ངས་མ་བླངས་ཀྱང་ཁྱོད་ཉིད་ཀྱི་ཁྱིམ་ནས་ཁྱེར་ཏེ་འོངས་སོ། །ས་གས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་སྨན་ཆེན་ནི། །འདི་ནས་འཇིག་རྟེན་ཕ་རོལ་མཆིས། །དེ་ཡི་རིན་ཆེན་འདི་རྣམས་ལགས། །དེ་དག་མི་དབང་བཞེས་སུ་གསོལ། །རྒྱལ་ཆེན་བདག་ནི་ཡུགས་ས་ཏེ། །ཁྱིམ་ཐབ་དང་ནི་བྲལ་བས་ན། །བདག་ལ་བརྙས་པ་བགྱིས་ནས་ལགས། །བདག་ལས་ནོར་ནི་འཕྲོགས་སུ་མཆི། །དེ་ནས་སྨན་ཆེན་པོས་བློན་པོའི་མཆོག་རྣམས་ཀྱི་བློ་ཡི་དཔྱོད་པའི་ལེགས་པ་ཡང་བསྟན་ནོ། །རྒྱལ་པོ་སྐྱེད་པས་ཀྱང་སྒྲོམ་དེར་བལྟས་ན་སྐྲ་དང་ཁ་སྤུ་བྲེགས་ནས་རྐང་ལག་བསྐུམས་པའི་བློན་པོ་དྲུག་མཐོང་ནས་བགད་དེ་སྨྲས་པ། སྨན་ཆེན་པོ་ཐབས་འདི་སུའི་ཡིན། དེས་ས་གའི་འོ་ཞེས་ཐམས་ཅད་རྒྱས་པར་སྨྲས་སོ། །རྒྱལ་པོས་བསམས་པ་ཀྱེ་མ་བུད་མེད་ཀྱི་བློ་གྲོས་དེས་བློན་པོའི་མཆོག་འདི་དག་ལ་འདི་ལྟར་ཅོ་དྲིས་སོ་སྙམ་དུ་མགུ་ནས་དེ་བཀུར་བ་ཆེར་བྱས་སོ། །ཡུལ་ཐམས་ཅད་དུ་ཡང་ཞིང་མཁན་གྱི་བུ་མོ་ས་གའི་བློ་མཚར་རོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོས་སྨན་ཆེན་པོ་བསོད་ནམས་དང་ལྡན་པས་འདི་ལྟ་བུའི་མཁས་ཤིང་མཛངས་པའི་ཆུང་མ་བློ་དང་ལྡན་པ་རྙེད་དོ་སྙམ་ཞིང་སྨན་ཆེན་པོ་ལ་སྨྲས་པ། གལ་ཏེ་ཁྱོད་དགའ་བ་ལྟ་ན་ང་ལ་ཡང་འདི་ལྟ་བུའི་ཆུང་མ་བློ་དང་ལྡན་པ་ཞིག་བཙས་ཏེ་བླངས་ན། ཁྱིམ་དང་ཕྱི་རོལ་གྱི་རྒྱལ་པོ་དོན་བདེ་བར་
གནས་སོ། །སྨན་ཆེན་པོས་སྨྲས་པ། གང་ནས་བཙལ་བར་བགྱི། རྒྱལ་པོས་སྨྲས་པ། ལྔ་ལེན་གྱི་རྒྱལ་པོའི་བུ་མོ་སྨན་ལྡན་ཞེས་བྱ་བ་གཟུགས་བཟང་ཞིང་བློ་དང་དྲན་པ་དང་ལྡན་པ་ས་ག་ཇི་འདྲ་བ་ཡོད་ཅེས་ཐོས་པས་དེ་ལོངས་ཤིག་སྨན་ཆེན་པོས་སྨྲས་པ། འདི་ལ་ཐབས་ཞིག་བགྱི་དགོས་ཀྱི་རྒྱལ་པོ་དེ་ཡང་ལྷའི་མཚམས་ལས་གཞན་པ་དགྲ་ཟླར་གྲགས་པའོ། །དེ་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་བུ་མོ་བསླངས་པ་དང་ལྔ་ལེན་གྱི་རྒྱལ་པོས་བློན་པོ་རྣམས་དང་བགྲོས་ཏེ་རེ་ཞིག་སྦྱིན་པར་ཆད་བྱས་ཤིང་དུས་ཚེས་འདི་ལ་ཤོག་ཅེས་སྨྲས་ནས། བཟའ་བཏུང་སྣ་ཚོགས་དུག་དང་བསྲེས་པ་སྟ་གོན་བྱས་སོ། །སྨན་ཆེན་པོས་རྒྱལ་པོ་སྐྱེད་པ་ལ་ལྷ་རེ་ཞིག་བརྟག་དགོས་སོ། །རྒྱལ་པོས་སུ་རྟོག་ཏུ་བཏང་། སྨན་ཆེན་པོས་བདག་ལ་ནེ་ཙོ་སྤྱོད་གསལ་ཞེས་པ་ཤིན་ཏུ་བློ་གསལ་བ་ཞིག་ཡོད་པ་དེ་གཏོང་ཞེས་བྱས་ཏེ་དེ་མངགས་པ་དང་། དེས་སུ་ལ་བཅར་ཏེ་གཏམ་བྱ་སྙམ་དུ་སོང་བ་དང་སུ་ཡང་མ་མཐོང་ན་རྒྱལ་པོའི་ཕོ་བྲང་དུ་ཞུགས་པས་གདུང་གི་བར་ན་རི་སྐེག་མོ་ཞིག་འདུག་པའི་དྲུང་དུ་སོང་སྟེ། ཕན་ཚུན་དགའ་བར་བྱས་ནས་བདག་ནི་བྱང་ཕྱོགས་རྒྱལ་པོ་ཤི་བི་བའི་སྐྱེད་ཚལ་སྲུང་བ་ཡིན་ཏེ། བདག་ལ་ཆུང་མ་ཡིད་དུ་འོང་བའི་རེ་སྐེག་མོ་ཞིག་ཡོད་པ་ཁྲས་ཁྱེར་བའི་མྱ་ངན་གྱི་ཁོ་བོ་ཀུན་ཏུ་འཁྱམས་ཏེ་འདིར་འོངས་སོ། །ཁྱོད་བདག་གི་ཆུང་མ་མི་རུང་ངམ། རི་སྐེག་མོས་སྨྲས་པ། ནེ་ཙོའི་ཆུང་མ་ནེ་ཚོ་ཡིན་གྱི་རེ་སྐེག་མོ་ཡིན་པར་མ་ཐོས་སོ། །དེ་ནས་དེ་གཉིས་བག་ཕེབ་པར་སྨྲ་ཞིང་རྩེ་དགའ་བ་བྱས་ནས་ཁ་ཟས་
སྣ་ཚོགས་བྱེད་པ་འདི་དག་ལས་བདག་གིས་ཅུང་ཐོབ་བམ་ཞེས་དྲིས་པ་དང་། ཁ་ཟས་འདི་དག་དུག་གིས་བསྲེས་པའོ་ཞེས་སྨྲས་སོ། །ནེ་ཙོ་ན་རེ་ལྔ་ལེན་གྱི་བུ་མོ་རྒྱལ་པོ་སྐྱེད་པ་ལ་བྱིན་ཞེས་ཐོས་ན་བདེན་ནམ། རི་སྐེག་མོ་ན་རེ། དེས་སེམས་དག་པས་མ་བྱིན་ཏེ་གཡོ་ཐབས་ཀྱིས་གསད་པར་བརྩོན་པར་བྱེད་དོ། །དེ་ཐོས་ནས་ནེ་ཙོ་དང་རི་སྐེག་ཕན་ཚུན་འཇམ་པོར་སྨྲ་བ་བྱས་ཏེ་ནེ་ཙོས་དོན་དེ་ཐམས་ཅད་སྨན་ཆེན་པོ་ལ་བཤད་པས་རེ་ཞིག་མ་སོང་བ་ལ། ལྔ་ལེན་གྱི་རྒྱལ་པོས་མི་འོང་བར་ཤེས་ནས་དཔུང་བཞི་བཤམས་ཏེ། རྒྱལ་པོ་སྐྱེད་པའི་ཕོ་བྲང་བསྐོར་བར་བྱས་པ་དང་། སྨན་ཆེན་པོས་བསམས་པ་འདི་དང་ལྷན་ཅིག་འཐབ་མོ་འགྱེད་པར་ཡང་མི་ནུས་པས་དབྱེན་གྱི་ཐབས་ཞིག་བྱའོ་བསམས་ཏེ། ལྔ་ལེན་གྱི་རྒྱལ་པོ་བློན་པོ་ལྔ་བརྒྱ་ལ་རྣམ་པ་སྣ་ཚོགས་པའི་སྐྱེས་བསྐུར་ཏེ་དབྱེན་བྱས་སོ། །དབྱེན་བྱས་ཚར་བ་དང་ལྔ་ལེན་གྱི་རྒྱལ་པོ་ལ་རྒྱལ་པོ་སྐྱེད་པས་ཕོ་ཉ་བཏང་སྟེ། ཁོ་བོ་ཁྱོད་ལ་རྒོལ་མི་ནུས་པ་མིན་ཀྱང་ཁྱོད་དང་ཁོ་བོ་གཉེན་ཏེ་ཁྱོད་གྱོས་པོ་ཡིན་པས་མི་རྒོལ་ཏོ། །འོན་ཀྱང་ཁྱོད་ངའི་ལག་ཏུ་འཚོའམ་གཤིན་པ་ནི་ཤིན་ཏུ་རིགས་པར་གྱིས་ཤིག །ངེད་ཀྱིས་ནུས་པར་གྱུར་ཀྱང་ཁྱོད་ལ་མི་བརྒལ་ཏེ། གལ་ཏེ་ཐེ་ཚོམ་ཟ་ན་སྐྱེས་འདི་དང་འདི་དག་ནི་བློན་པོ་ཆེ་གེ་མོ་འདི་དང་འདི་དག་ལ་བསྐུར་བ་བརྟག་པར་བྱོས་ཤིག་ཅེས་སྤྲིངས་པ་ལས། བློན་པོ་རྣམས་སྐྱེས་དང་བཅས་པར་བཟུང་ནས་ལྔ་ལེན་གྱི་རྒྱལ་པོ་དེའི་ནུབ་མོ་རང་གི་ཡུལ་དུ་ལོག་སྟེ་བློན་པོ་ལྔ་བརྒྱ་པོ་བསད་ཅིང་
དེ་དག་གི་བུ་རྣམས་བློན་པོར་བཅུག་པ་བདེན་ནོ་ཞེས་པའི་གཏམ་ཐོས་པས་རྒྱལ་པོ་སྐྱེད་པ་དགའ་བར་གྱུར་ཏོ། །སྨན་ཆེན་པོས་ཀྱང་དེ་ཐོས་ནས་དགའ་སྟེ་བདག་གིས་བུ་མོ་དེ་ཐོབ་བམ་མི་ཐོབ་བརྟག་སྙམ་དུ་དཔུང་གི་ཚོགས་དང་བཅས་ནས་ལྔ་ལན་གྱི་རྒྱལ་པོའི་ཡུལ་དུ་སོང་བ། རྒྱལ་པོ་དེས་གྲོང་ཁྱེར་གྱི་ནང་དུ་ཤོག་ཅེས་སྨྲས་པ་དང་། དེས་བདག་སྐྱེད་ཚལ་འདིར་འདུག་སྟེ། ཅི་སྟེ་ངེས་པར་ནང་དུ་འོང་དགོས་ན་བློན་པོ་ཆེ་གེ་མོ་ཞིག་གི་ཁྱིམ་དུ་མཆི་བར་འཚལ་ལོ་ཞེས་སྨྲས་པས་ལྔ་ལེན་གྱི་རྒྱལ་པོ་བག་ཚ་སྟེ། ཅིའི་ཕྱིར་འདི་སྐད་སྨྲ། རེ་ཞིག་བདག་དང་བློན་པོ་རྣམས་དབྱེན་བྱེད་དོ་སྙམ་དུ། དེ་ལྟར་དགའ་ན་དེར་སྡོད་ཅེས་སྤྲིངས་སོ། །དེའི་བློན་པོ་རྣམས་བགྲོས་ནས་བདག་ཅག་གི་ཕ་ཆུད་གཟན་པ་དེ་ཐམས་ཅད་སྨན་ཆེན་པོའི་བློ་གྲོས་ཡིན་པས་བདག་ཅག་གིས་སྔོན་གྱི་འཁོན་རྗེས་སུ་དྲན་སྟེ་རྒྱལ་པོ་ལ་དེ་བཞིན་གལ་གྱིས་གཅུས་ལ་འདི་ཕྱིར་མི་བཏང་བར་བྱའོ་སྙམ་དུ་རྒྱལ་པོ་ལ་སྨྲས་པ། འདི་ཐམས་ཅད་སྨན་ཆེན་པོ་དེའི་ཡིན་ཏེ་རྒྱལ་པོ་སྐྱེད་པ་ནི་ཕ་རོལ་ལ་གནོད་མི་ནུས་པ་ཡིན་པས་འདི་འདི་ན་འདུག་པའི་ཚེ་བདག་ཅག་གིས་རྒྱལ་པོ་སྐྱེད་པའི་དྲུང་དུ་མཆིས་ནས་དེ་ཕབ་པར་བྱའོ། །རྒྱལ་པོས་ཀྱང་དེ་ལེགས་སོ་ཞེས་དཔུང་གི་ཚོགས་བཞི་དང་བཅས་ཏེ་རྒྱལ་པོ་སྐྱེད་པའི་ཕོ་བྲང་དུ་སོང་ངོ་། །རྒྱལ་པོ་སྐྱེད་པས་དམག་སྟ་གོན་བྱས་སོ། །སྨན་ཆེན་པོས་ལྔ་ལེན་གྱི་རྒྱལ་པོ་ལམ་གང་ནས་རྒྱལ་པོ་སྐྱེད་པའི་ཡུལ་དུ་སོང་བར་ཤེས་ནས། དེར་ཅུང་ཟད་འདུག་སྟེ་ཕྱོགས་གང་ན་རྒྱལ་པོའི་མཛོད་དང་བུ་མོ་སྨན་ལྡན་ཡོད་
པར་ཤེས་ནས་འཁོར་ནང་མ་རྣམས་ཁྲིད་དེ་དེར་ཞུགས་ཤིང་རྒྱལ་པོའི་མཛོད་ལས་དབྱིག་དང་ནོར་རྣམས་དང་བུ་མོ་བླངས་ཏེ་སླར་དཔུང་གི་ཚོགས་དང་བཅས་པ་ལམ་གཞན་ནས་རང་ཡུལ་དུ་འོངས་སོ། །རྒྱལ་པོ་འཁོར་བཅས་དགའ་ནས་རི་མོར་བྱ་བ་མང་པོ་བྱས་སོ། །ལྔ་ལེན་གྱི་བློན་པོ་མཆོག་གིས་སྨན་ཆེན་པོས་བུ་མོ་དང་མཛོད་ཁྱེར་བ་སྐྲན་པས་ལྔ་ལེན་གྱི་རྒྱལ་པོ་འཁོར་བཅས་ཕྱིར་རང་གི་ཡུལ་དུ་སོང་ངོ་། །རྒྱལ་པོ་སྐྱེད་པ་ལྔ་ལེན་གྱི་བུ་མོ་སྨན་ལྡན་དང་ལྷན་ཅིག་རྩེ་ཞིང་དགའ་བར་བྱེད་དོ། །དེར་ལྔ་ལེན་གྱི་རྒྱལ་པོས་བུ་མོ་སྨན་ལྡན་ལ་འདི་ལྟ་བུའི་ཐབས་སུས་བྱས་སོགས་རྟོགས་ལ་ཡི་གེ་སྐུར་ཅིག་ཅེས་བྱས་པ་ལ། དེས་བརྟགས་ནས་སྨན་ཆེན་པོའི་ནེ་ཙོ་སྤྱོད་གསལ་ཞེས་པ་མི་སྐད་སྨྲ་བ་དེས་བྱས་སོ་ཞེས་སྤྲིངས་པ་དང་། ནེ་ཙོ་སྤྱོད་གསལ་འདིར་ཐོང་ཞེས་སྤྲིངས་པ་ལྟར་དེས་འབད་པས་རྙིས་བཟུང་སྟེ་དེ་ལ་བསྐུར་རོ། །དེ་ལ་རྒྱལ་པོ་དེ་ཁྲོ་བས་རྣམ་པ་དུ་མར་སྤྱོས་ཏེ། འདི་སོད་ཅིག་ཅེས་བསྒོའོ། །དེ་ནས་ནེ་ཙོ་སྤྱོད་གསལ་གྱིས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ་གསོལ་བ། ལྷ་བདག་གི་ཕ་དང་མེས་པོ་ཇི་ལྟར་འགུམ་པ་དེ་ལྟར་དགུམ་པར་ཅི་གནང་། དེས་ཀྱང་དེ་བཞིན་དུ་གསད་པར་གནང་སྟེ་ཕ་མེས་ཇི་ལྟར་བསད་ཅེས་དྲིས་པ་ལྟར་རས་བལ་གྱིས་མཇུག་མ་དཀྲིས་ཤིང་མར་གྱིས་བསྐུས་ནས་བསྲེགས་ཏེ་བཏང་བ་དང་། དེ་འཕུར་ནས་རྒྱལ་པོའི་ཕོ་བྲང་འབར་བར་བྱས་ཏེ་ཚུལ་ཞུགས་སོ། །དེ་སླར་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་བ་དང་སྨན་ཆེན་པོས་ཀྱང་དྲིས་པ་ན་
ཇི་ལྟར་གྱུར་པ་སྨྲས་པས་མགུ་བར་གྱུར་ཏོ། །ལྔ་ལེན་གྱི་རྒྱལ་པོས་ཡི་གེ་བསྐུར་ཏེ། དེས་འདི་ལྟ་བུར་གནོད་པ་བྱས་པས་ངེས་པར་སླར་ཐོངས་ཤིག་ཅེས་བུ་མོ་ལ་སྤྲིངས་པ་དང་། དེས་བཟུང་སྟེ་ཡང་བསྐུར་རོ། །ལྔ་ལེན་གྱི་རྒྱལ་པོ་ཁྲོས་ནས་ནེ་ཙོ་དེའི་སྤུ་རིས་ཕྱི་བར་བྱས་ལ་ཤའི་རིལ་བུ་ཉིད་ལྟ་བུར་བཞག་སྟེ་འགྲོ་ན་ད་སོངས་ཤིག་ཅེས་ཕྱིར་རོལ་དུ་བོར་བ་དང་དེ་ཁྲས་ཁྱེར་རོ། །དེས་ཁྲ་ལ་གསོལ་བ་བཏབ་པ་ཁོ་བོ་ཟོས་ན་ཉིན་གཅིག་གི་ཟས་སུ་ཟད་ལ། ཁོ་བོ་བཏང་ན་ཉིན་གཅིག་བཞིན་དུ་ཅི་ལྟ་བུའི་དགོས་པ་དང་བཟའ་བ་མང་པོ་དག་སྦྱར་རོ་ཞེས་བྱས་པ་ལ། དེ་ཡིད་ཆེས་ཤིང་མནའ་བོར་ནས་བཏང་ངོ་། །ནེ་ཙོས་ཁྲ་ལ་སྨྲས་པ། ཕྱོགས་ཆེ་གེ་མོ་ན་རྒྱལ་པོའི་གཙུག་ལག་ཁང་ཡོད་པ་དེར་ཞོག །དེས་དེ་བཞིན་བྱས་པ་དང་། དེ་གཙུག་ལག་ཁང་དུ་སོང་སྟེ་བུ་ག་ཞིག་ཏུ་ཞུགས་ནས་བསྡད་པ་དང་། ཕྱི་དེ་ཉིན་བྲམ་ཟེ་རྣམས་ལྷ་མཆོད་པའི་ཕྱིར་ལྷགས་ཏེ་ལྷ་རྣམས་ཀྱི་དྲི་མ་ཕྱི་ཞིང་མེ་ཏོག་དང་བདུག་པ་གཏོར་མ་སོགས་འབུལ་བར་བརྩོན་པ་ན། ནེ་ཙོ་སྤྱོད་གསལ་གྱི་ལུས་མི་མངོན་པར་སྨྲས་པ། ཀྱེ་བྲམ་ཟེ་རྣམས། ལྔ་ལེན་གྱི་རྒྱལ་པོ་སྡིག་པ་ཅན་ལ་ངའི་ཚིག་འདི་བརྗོད་ཅིག །ཅེས་པ་འདི་དང་འདི་ལྟ་བུ་བྱས་པ་དེ་ནི་ངས་གནོད་པ་བྱས་པ་ཡིན་ནོ། །གལ་ཏེ་ངའི་ཚིག་བཞིན་མ་བྱས་ན་ཕྱིར་ཡང་གནོད་པ་བྱའོ། །ཇི་ལྟར་ན་རེ་ཞིག་ཉིན་རེ་བཞིན་ཤ་རྗེན་དམར་པོ་དང་ཏིལ་དང་འབྲས་ཐུག་པོ་ཆེ་བྲེ་ཆུང་གང་གི་ལྷ་བཤོས་བྱོས་དང་། དེ་ནས་ཕྱིས་བསམ་པར་བྱའོ་ཞེས་སྨྲས་པ། བྲམ་ཟེ་རྣམས་ཀྱིས་ལྔ་ལེན་གྱི་རྒྱལ་
པོ་ལ་གོ་བར་བྱས་པས། རྒྱལ་པོས་ཀྱང་ཉིན་གཅིག་བཞིན་དུ་དེར་རྒྱལ་བློན་དང་མདུན་ན་འདོན་རྣམས་འོངས་ནས། གཏོར་མ་བྱ་བ་ལ་ཞུགས་ཏེ་ལྷ་ལ་གནང་ངམ་མི་གནང་གསོལ་བ་བཏབ་པ་དང་དེ་བཞིན་དུ་བྱའོ་ཞེས་བྱས་སོ། །དེ་ལྟར་དུས་རིང་ཙམ་ལོན་ནས་ནེ་ཙོ་དེའི་གཤོག་པ་སྐྱེས་ཏེ་འཕུར་ནུས་པ་ན། ཡང་འགྲོ་བའི་བློ་སྐྱེས་ཏེ་སྨྲས་པ། འདི་ལྟར་ང་ལ་གང་ཁྱོད་ཀྱི་དཔུང་དང་ལྷ་མོ་དང་གཞོན་ནུ་དང་བློན་པོ་རྣམས་ལྷན་ཅིག་ཏུ་མགོ་གཏུན་བཞིན་བྲེགས་ལ་ངའི་དྲུང་དུ་ཤོག་ཅིག་དང་། དེ་ནས་བཟོད་ཅིང་གནང་བར་བྱའོ། །དེ་རྒྱལ་པོ་ལ་ཁོང་དུ་ཆུད་པར་བྱས་པ་དང་། དེ་ལྟར་རྒྱལ་པོ་འཁོར་བཅས་ཀྱི་མགོའི་སྐྲ་བྲེགས་ནས་གཏུན་བཞིན་དུ་ལྷ་ཁང་དུ་སོང་སྟེ་བཟོད་པར་གསོལ་བ་དང་། །ནེ་ཙོ་དེས་ནམ་མཁའ་ལ་འཕུར་ནས་སྨྲས་པ། བྱེད་པ་ལ་ནི་སླར་བྱས་ཏེ། །ཕྱི་བས་སླ་ནི་ཕྱི་ལ་ལྟོས། །འདིར་ནི་གཅིག་པུ་ཕྱི་བ་ཡིས། །བཙུན་མོ་ཀུན་ཀྱང་ལེགས་པར་ཕྱི། །ཞེས་སྨྲས་ཏེ་འཕུར་ནས་སྨན་ཆེན་པོའི་དྲུང་དུ་ཕྱིན་པ་དང་། སྤྱོད་གསལ་རིང་ཞིག་ཏུ་མ་མཐོང་ན་གང་ནས་ཕྱིན་ཅེས་དྲིས་པ་དང་། དེས་ཇི་ལྟར་ཐབས་བྱས་པ་རྣམས་རྒྱ་ཆེར་བརྗོད་པས་སྨན་ཆེན་པོ་མགུ་ནས་རྒྱལ་པོ་སྐྱེད་པ་ལ་སྨྲས་པ་དང་། རྒྱལ་པོ་ཡང་མཆོག་ཏུ་དགའ་ནས། ཨེ་མའོ་འདི་ལྟར་ཁྱེད་ནི་མཁས་པ་ཤ་སྟག་དང་འཕྲད་པ་བསོད་ནམས་དང་ལྡན་ནོ་ཞེས་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་བློན་པོ་རྣམས་ལ། གང་རབ་ཏུ་མཁས་པ་ཉམས་སད་པར་བྱའོ་སྙམ་དུ་དེ་དག་བོས་ཏེ་ཁྱི་རེ་རེ་བྱིན་ནས་འདི་དག་དུས་འདི་ཙམ་ན་མི་སྐད་དུ་སྨྲ་བར་གྱིས་ཞེས་སྨྲས་ཏེ་དེ་
དག་གིས་སོ་སོའི་ཁྱིམ་དུ་ཁྲིད་དེ་སོང་ངོ་། །དེར་སློབ་དཔོན་གཞན་རྣམས་ཁྱི་དེ་དག་གསོ་བར་ཤེས་ཀྱི་མི་སྐད་སྨྲ་བར་བྱེད་པ་མི་ཤེས་སོ། །སྨན་ཆེན་པོས་ཁྱིམ་དུ་ཁྱི་དེ་ཁྲིད་ནས་ཁྲི་ལས་མི་རིང་བ་ཞིག་ཏུ་ཕུར་པ་ལ་བཏགས་ཏེ་བཞག་སོ། །ནམ་སྨན་ཆེན་པོའི་ཁ་ཟས་དྲངས་ནས་བཟའ་བཅས་སྣ་ཚོགས་ཟ་བར་མཐོང་ཡང་ཁྱི་དེས་ལེན་མ་ནུས་སོ། །དེ་ནས་ངན་པ་ཅུང་ཟད་རེ་བྱིན་ནས་ཤི་མ་སོས་ཙམ་དུ་ཉམ་ཆུང་ལ་རིད་པར་གྱུར་ཏོ། །རྒྱལ་པོས་ཁྱི་དེ་རྣམས་མི་སྐད་ལོབས་སམ་མ་ལོབས་བལྟ་ཡིས་ཁྲིད་དེ་ཤོག་ཅེས་བསྒོ་བ་དང་། གཞན་དག་གི་ཁྱི་རྣམས་ནི་ཚོ་ལ་སྐད་བསླབས་མ་ནུས་སོ། །སྨན་ཆེན་པོའི་ཁྱི་དེ་སྐེམས་ཤིང་རིད་པར་མཐོང་ནས་འདི་ཅིའི་ཕྱིར་རིད་ཅེས་དྲིས་པ་ལ། སྨན་ཆེན་པོས་ལྷ་བདག་གིས་ཅི་ཟོས་ཅི་འཚལ་བ་དེ་བཞིན་ཁྱི་འདི་ལ་བསྩལ་ཏོ་ཞེས་སྨྲས་པ་དང་། ཁྱི་དེས་སྨྲས་པ། ལྷ་འདི་ནི་རྫུན་ཏེ་བདག་ལྟོགས་ཏེ་དེའུ་བསྐུམ་མོ། །དེ་ནས་སྨན་ཆེན་པོས་བདག་གིས་འདི་ལྟར་འདི་མི་སྐད་སྨྲ་བར་བགྱིས་སོ་ཞེས་གསོལ་བས་རྒྱལ་པོ་དགྱེས་པར་གྱུར་ཏོ། །དེ་ནས་ཡང་དུས་ཞིག་ན་ཉམས་སད་པར་འདོད་ནས་བློན་པོ་ལྔ་བརྒྱ་པོ་ཐམས་ཅད་ལ་ལུག་རེ་རེ་གཏད་དེ་ལུག་འདི་རྣམས་ལ་ཁྱེད་ཀྱིས་བཟའ་བཏུང་ཞིམ་པོ་བྱིན་ལ་ཚིལ་མེད་ལ་མཐུ་དང་ལྡན་པར་བྱོས་ཞེས་བསྒོའོ། །བློན་པོ་ལྔ་བརྒྱ་པོ་ཐབས་མི་མཁས་པས་དེ་དག་གསོས་ཏེ་ཚོན་པོར་བྱས་སོ། །སྨན་ཆེན་པོས་བཟའ་བ་ཞིམ་པོ་མདུན་དུ་བཞག་ནས་ཤིང་ལ་སྤྱང་གུའི་གཟུགས་གཅིག་བྱས་ཏེ་ལུག་གི་མདུན་དུ་བཞག་པས་དེ་མཐོང་བས་སྐྲག་སྟེ་ཚིལ་ནི་མ་
སྐྱེས་ཞིང་མཐུ་དང་ལྡན་པར་གྱུར་ཏོ། །དེ་ཐམས་ཅད་ལ་བལྟས་ན་གཞན་ཀུན་མདོག་དང་ལྡན་ཞིང་ཚིལ་ཆེ་ལ། སྨན་ཆེན་པོ་ཁོ་ནའི་ལུག་ཚིལ་མེད་ཀྱང་མཐུ་དང་ལྡན་པར་མཐོང་ནས་དགའ་སྟེ་འདི་འཛངས་སོ་ཞེས་བསྔགས་སོ། །དེ་ནས་དུས་ཞིག་ན་གང་མཁས་པ་བགམ་སྙམ་དུ་བློན་པོའི་བུ་ལྔ་བརྒྱ་པོ་སྐྱེད་ཚལ་དུ་འདུས་ནས་ཟ་ཞིང་འཁོད་པ་ལས། སུ་གང་གིས་ངོ་མཚར་བའི་གཏམ་དང་སོ་སོའི་ཁྱིམ་ན་ཡ་མཚན་པ་ཅི་ཡོད་ཅེས་གླེང་བའི་སྐབས་སུ་སོ་སོས་ཅི་ཐོས་པ་དང་ཁྱིམ་ན་ཡོད་པ་ཅི་རིགས་པར་སྨྲས་སོ། །དེར་སྨན་ཆེན་པོའི་བུ་ལ་དྲིས་པ་དང་། བདག་གི་ཁྱིམ་ན་རྡོ་ཞིག་ཀ་རྟེན་དུ་ཡོད་པ་དེ་ཆུའི་སྟེང་དུ་བཞག་ན་ཕན་ཚུན་འཕྱོ་ཞིང་ཉུག་ལ་མཉེ་བ་སོགས་ཀྱི་ལས་བྱེད་པ་ཡོད་དེ་དེ་ལྟ་བུ་གཞན་སུ་ལ་ཡང་མེད་དོ་ཞེས་སྨྲས་པ་དང་། གཞན་དག་གིས་དེ་འདྲ་ཐོས་མཐོང་མ་མྱོང་བས་མི་སྲིད་ཟེར་ཞིང་། གསེར་གྱི་དོང་ཙེ་ལྔ་བརྒྱའི་རྒྱལ་བྱེད་པར་ཆད་དོ། གཞོན་ནུ་དེས་རང་གི་ཕ་སྨན་ཆེན་པོ་ལ་དེ་ལྟར་རྒྱལ་བྱས་སོ་ཞེས་སྨྲས་པ་དང་། དེས་སྨྲས་པ་བུ་མ་བསྟན་ཅིག་ཅེས་དེ་དག་ལྷགས་ཀྱང་མ་བསྟན་པར་གསེར་གྱི་དོང་ཙེ་ལྔ་བརྒྱ་རྒྱལ་དུ་བྱིན་ཏོ། །དེ་ནས་སྨན་ཆེན་པོས་སྤྲེའུ་རྣམས་བཟུང་སྟེ་རོལ་མོ་བསླབས་ནས། བུ་ལ་སྨྲས་པ། ད་ནི་སོང་ལ་དེ་རྣམས་ཀྱི་ནང་དུ་སྔར་གཏམ་གླེང་ལ་སུའི་ཁྱིམ་ན་ངོ་མཚར་བ་ཅི་ཡོད་སྨྲོས་ཞེས་བྱོས་ལ་བདག་གི་ཁྱིམ་ན་སྤྲེའུ་རོལ་མོ་བྱེད་པ་གླུ་གར་ལ་མཁས་པ་ཡོད་དོ་ཞེས་བརྗོད་ཅིག་ཅེས་བྱས་པ་དང་། གཞན་དག་གིས་དེ་མ་ཐོས་སོ། །དེས་སྨྲས་པ། བདག་གིས་
བསྟན་ན་ཅི་སྦྱིན་གསེར་གྱི་དོང་ཙེ་སྟོང་སྦྱིན་ཏོ། །བསྟན་ཏུ་མེད་ན་ཚུར་གསེར་གྱི་དོང་ཙེ་སྟོང་དགོས་སོ་ཞེས་བྱས་སོ། །དེས་སྤྲེའུ་ཁྲིད་དེ་རྒྱལ་པོའི་ཕོ་བྲང་དུ་སོང་བ་དང་། རྒྱལ་པོའི་མདུན་དུ་སྤྲེའུ་རྣམས་ཀྱིས་རྔ་བརྡུང་ཞིང་གླུ་གར་བྱས་པས་གཞན་རྣམས་ཀྱིས་གསེར་གྱི་དོང་ཙེ་སྟོང་བྱིན། རྒྱལ་པོས་ངོ་མཚར་དུ་བཟུང་ངོ་། །དེ་ནས་རྒྱལ་བློན་ཡུལ་མི་ཐམས་ཅད་ཀྱིས་སྨན་ཆེན་པོ་མཁས་ཤིང་ཟླ་མེད་ཅེས་སེམས་ཤིང་བཀུར་སྟི་བྱས་སོ། །དེ་ནས་ཡུལ་བ་དེ་ཧའི་བྲམ་ཟེ་ཞིག་རིགས་མཉམ་པའི་ཆུང་མ་བླངས་པ་ལ་བུ་མོ་གཟུགས་ལྟ་ན་སྡུག་པ་ཞིག་བྱུང་བ་ན། བྲམ་ཟེ་དེ་འདི་སྙམ་དུ་སྨྲེང་དང་རིག་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་བློ་དང་ལྡན་པ་གང་ཞིག་བདག་གི་དྲུང་ནས་བསླབ་ཅིང་བདག་དང་འདྲ་བ་ཞིག་བྱུང་ན་དེ་ལ་བུ་མོ་འདི་སྦྱིན་ནོ་སྙམ་དུ་དམ་བཅས་སོ། །བུ་མོ་དེ་ལ་ཨུ་དུམ་བཱ་རི་ཀ་ཞེས་པར་བཏགས་སོ། །བྲམ་ཟེ་གཞན་གྱི་བུ་མདོག་དང་གཟུགས་མི་སྡུག་པ་མཚན་ངན་པ་བཅོ་བརྒྱད་ཚང་བ་མིང་གཟུགས་ངན་དུ་བཏགས་པ་དེས་ཕས་སློབ་ཏུ་མ་བཅུག་ཀྱང་རང་ཉིད་བྲམ་ཟེ་དེའི་དྲུང་དུ་སོང་ནས་བསླབས་པར་རིང་པོ་མ་ལོན་པར་བྲམ་ཟེ་དེས་ཅི་ཤེས་པ་ལོབས་པ་ན། བྲམ་ཟེ་སློབ་དཔོན་དེས་འདི་གཟུགས་ངན་ན་ཡང་བདག་གི་དྲུང་ནས་ཐམས་ཅད་ལོབས་པས་སྔར་དམ་བཅས་པ་བཞིན་མི་བྱ་མི་རུང་བས་འདི་ལ་སྦྱིན་ནོ་སྙམ་དུ་བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་བྲམ་ཟེའི་ཁྱེའུ་གཟུགས་ངན་ལ་བྱིན་པ་དེས་ཀྱང་བླངས་མོད་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མ་སྤོབས་སོ། །དེས་རང་གི་ཁྱིམ་དུ་སོང་ནས་དགའ་མགུར་
བྱའོ་སྙམ་དུ་ཁྲིད་དེ་སོང་བ་དང་། ཨུ་དུམ་ཝཱ་རི་ཀས་ཀྱང་བདག་ནི་གཟུགས་དང་ལྡན་ལ་ཁྱོ་མི་སྡུག་པ་འདི་ལྟ་བུ་ལྡན་པ་ངོ་ཚའོ་སྙམ་ཡང་། དེས་དེ་ཁྲིད་དེ་སོང་བས་ལམ་བར་དུ་རྒྱགས་ཆད་ནས་རྫིང་འགྲམ་ཞིག་ཏུ་གཉིས་ཀ་བཀྲེས་པས་ཉེན་པ་ན། གྲོགས་གཞན་ཞིག་གིས་ཕྱེ་ཆུའི་ནང་དུ་ཤིང་བུས་དཀྲུགས་ཏེ་འཐུངས་པ་ལ་མོས་བསླངས་པ་ན་གཟུགས་ངན་གྱིས་ཕྱེ་སྤར་གང་ཐོབ་པ་ཆུར་བླུགས་ཏེ་རང་ཉིད་ཀྱིས་འཐུངས་སོ། །ཨུ་དུམ་བཱ་རི་ཀས་ཇོ་ཇོ་བདག་ཀྱང་བཀྲེས་པས་གདུངས་ན་ཁོ་མོས་ཀྱང་དེ་ལ་ཅུང་འཐུང་ངོ་ཞེས་སྨྲས་པ་ལ། གཟུགས་ངན་ན་རེ། བུད་མེད་ཀྱིས་འདི་འདྲ་བའི་ཆུ་གྲོག་འཐུང་བར་སྔོན་གྱི་དྲང་སྲོང་རྣམས་ཀྱིས་མ་གནང་ངོ་ཟེར་ནས་མ་བྱིན་ཏོ། །དེ་ནས་ཡང་ཆར་མ་བབས་པས་དགོན་པའི་བྲུ་བས་གཟིར་ཞིང་དོར་བ་ལས་གཉིས་ཀས་ཁྱི་ཤ་ཞིག་རྙེད་པ་གཟུགས་ངན་གྱིས་བསྲེགས་ཏེ་ཟོས་པ་བུ་མོ་དེས་བསླངས་ཀྱང་སྔར་བཞིན་སྨྲས་ཏེ་མ་སྟེར་རོ། །བུ་མོ་དེས་བདག་ལྟ་བུ་བྱུག་ངན་མ་བྲུ་བས་གཟིར་ཏོ། །ཕ་མ་གཉིས་ཀྱིས་བདག་གིས་ཉེས་པ་ཅི་མཐོང་ནས་འདི་འདྲ་བ་ལ་བྱིན་ཅེས་ཕ་མ་ལ་མང་པོ་སྨྲ་བཞིན་དེ་གཉིས་འགྲོགས་ཏེ་དོང་བ། ཤིང་ཨུ་དུམ་བཱ་ར་སྨིན་པ་ཞིག་མཐོང་ནས་གཟུགས་ངན་དེ་ལ་འཛེགས་ཏེ་ཟ་ཞིང་འདུག་པ་དང་། བུ་མོ་དེས་ཁྱོད་གཅིག་པུས་མ་ཟ་བར་ངན་བུ་ལ་ཡང་བོར་ཞེས་སྨྲས་པ་དང་། དེས་སྨིན་པ་བདག་གིས་ཟོས་ནས་མ་སྨིན་པ་མར་བོར་རོ། །དེས་བདག་ལ་མ་སྨིན་པ་མ་དོར་བར་སྨིན་པ་སྩོལ་ཞེས་སྨྲས་པ་ན། དེས་སྨྲས་པ་ངན་པ་མོ་ཁྱོད་སྨིན་པ་འདོད་པ་རང་ཉིད་འདིར་འཛེགས་ཏེ་ཟོ་ཞིག་
ཅེས་བྱས་པས། དེ་བྲུ་བས་གཟིར་ནས་ནན་གྱིས་ཤིང་དེ་ལ་འཛེགས་ནས་ཟ་ཞིང་འདུག་པ་དང་། གཟུགས་ངན་གྱིས་བསམས་པ། བདག་ལྟ་བུ་བསོད་ནམས་མེད་དེ་ཆུང་མ་འདི་འདྲ་བ་བདག་ཉིད་ཀྱིས་སོས་པ་ལྟ་ཅི་སྨྲོས། འདི་ནི་བདག་ལ་བལྟར་ཀྱང་མི་བཏུབ་བོ་སྙམ་ནས་ཤིང་ལས་བབ་ཅིང་ཤིང་གི་དྲུང་ཚེར་མས་བསྐོར་ནས་བོར་ཏེ་སོང་ངོ་། །དེའི་ཚེ་རྒྱལ་པོ་སྐྱེད་པ་རི་དྭགས་གཤོར་དུ་སོང་བས་ཕྱོགས་དེ་ན་ཁྱོ་དང་བྲལ་བའི་བུ་མོ་དེ་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འདུག་པའི་སྒྲ་ཐོས་ནས་བཙལ་ན། བུ་མོ་དེ་ནགས་ཀྱི་ལྷ་མོ་ལྟ་བུ་མཛེས་པར་མཐོང་ནས་ཁྱོད་ལྷ་མོའམ་གནོད་སྦྱིན་དང་དྲི་ཟ་ཡིན་ནམ། དེས་སྨྲས་པ། བདག་ནི་ལྷ་མོ་སོགས་མིན་ཏེ་མི་ཡིན་ཅིང་ཁྱིམ་ཐབ་དང་བྲལ་བ་ལགས་སོ་ཞེས་སྨྲས་པས་རྒྱལ་པོས་དེ་ཤིང་ལས་ཕབ་ན་དེ་དང་ལྷན་ཅིག་ཉལ་ལོ། །དེ་ནས་དེ་ཤིང་རྟ་ལ་བསྐྱོན་ནས་ཁྲིད་དེ་ལྷན་ཅིག་དགའ་མགུར་སྤྱད་པ་བྱས་སོ། །བྲམ་ཟེ་དེ་ལམ་དུ་འགྱོད་ནས་བདག་གིས་དགོན་པར་ཆུང་མ་བོར་ཏེ་འོངས་པ་མ་ལེགས་ཀྱིས་སླར་སོང་ལ་ཁྲིད་དེ་འོང་སྙམ་དུ་ཕྱིར་ཕྱིན་པ་ན་དེ་མི་སྣང་ལ་གཞན་ཞིག་གིས་རྒྱལ་པོ་སྐྱེད་པས་ཁྲིད་དེ་བཙུན་མོར་བྱས་སོ་ཞེས་སྨྲས་པ་ཐོས་ནས་ཡིད་ཤིན་ཏུ་གདུངས་ཏེ་རྒྱལ་པོའི་སྒོར་ཕྱིན་ཀྱང་ནང་དུ་མ་ཆུད་དོ། །དེས་བལྟས་པས་རྒྱལ་པོའི་འཁོར་ན་ལས་བྱེད་པའི་མི་རྣམས་མཐོང་ནས་ལས་འདི་དག་དང་ལྷན་ཅིག་རྡོ་བ་ཁྱེར་ཏེ་འགྲོ་བར་བྱའོ་སྙམ་ནས་རྡོ་བ་ཁྱེར་ཞིང་ཕོ་བྲང་དུ་ཞུགས་ནས་བལྟས་པས། བདག་གི་ཆུང་མ་རྒྱལ་པོ་དང་ལྷན་ཅིག་ཨུད་ཤུད་བརྒྱ་ཞིང་འདུག་པར་མཐོང་ནས་ཆུང་མ་འདི་དང་ལྷན་ཅིག་གཏམ་གྱི་ཐབས་ཇི་
ལྟ་བུ་ཞིག་བྱ་སྙམ་དུ་བསམས་ནས། གཞི་ནི་གསེར་ལས་བྱས་པ་སྟེ། །བརྒྱད་དུ་འཇོག་ཅིང་དགའ་བར་བྱེད། །བཟང་མོ་བདག་ལ་མི་དགའམ། །ཤིང་མཁན་རྡོ་བ་བླང་བར་བྱས། །ཞེས་བྱས་པ་ལ། བུ་མོ་དེས་ཀྱང་། གནས་དེར་བདག་གིས་སྨྲས་པ་དང་། །བུད་མེད་ཤ་བཟར་མི་རུང་ཞེས། །དེ་སྐད་སྨྲས་པའི་ཚིག་ཀྱང་དྲན། །འདིར་ནི་ཨུད་ཤུད་འདོར་ཞིང་འཇོག །ཅེས་སོགས་སྔར་ཇི་ལྟར་གྱུར་པའི་ཚིགས་བཅད་སྣ་ཚོགས་ལན་དང་ལན་དུ་བཏབ་ལ། ཡང་བྲམ་ཟེ་དེས། རི་རྩེ་ནས་ནི་བདག་འདོར་ཏེ། །དུག་ཀྱང་ཟའོ་བྲམ་ཟེ་མོ། །ཁྱོད་ཀྱི་མྱ་ངན་ཕྱིར་བདག་མཆི། །ཤིང་མཁན་གྱིས་ནི་རྡོ་བ་ལོངས། །ཞེས་སྨྲས་པ་ལ། བུ་མོ་དེས། རི་ཡི་རྩེ་ནས་བདག་བོར་ཅིག །བྲམ་ཟེ་དུག་ཀྱང་ཟ་ལ་རག། འདོད་པའི་ཚེ་ན་མ་འདོད་དེ། །ཨུ་ཤུད་ཀྱིས་ནི་ཁྱིམ་དུ་བྱས། །དེ་གཉིས་ཕན་ཚུན་དེ་སྐད་གཏམ་འཛེར་བ་ལ་རྒྱལ་པོ་དགྱེས་པ་སྐྱེས་ཏེ། ལྷ་མོ་ཁྱོད་ཅི་ཟེར་བ་ངའི་ཁོང་དུ་མ་ཆུད་དེ། དེ་ཅི་ཡིན་པ་སྨྲོས་ཤིག །དེས་ཀྱང་ཇི་ལྟར་གྱུར་པ་ཀུན་ཞིབ་ཏུ་སྨྲས་ནས། འདི་ནི་བདག་གི་ཁྱོ་ལགས་ཏེ། ཕ་མས་འདི་ལ་བྱིན་ཞིང་འདི་བྲམ་ཟེ་མཁས་པ་ཤེས་པའི་ཡན་ལག་ཀུན་ཤེས་པའོ་ཞེས་སྨྲས་པ་ལ། རྒྱལ་པོས་སྨྲས་པ། ད་ཇི་ལྟར་བྱ། དེའི་སེམས་ཇི་ལྟར་མགུ་བར་བྱ། ཁྱོད་ཅི་དེ་དང་འགྲོགས་ཏེ་འགྲོ་བར་བྱའམ། བུ་མོ་དེས་སྨྲས་པ། ཇི་ལྟར་དེ་བདག་འདོད་པར་མི་འགྱུར་བ་དང་། དེའི་སྔགས་མ་རུངས་པས་མི་ཚུགས་པ་དང་།
དེའི་སྔགས་སྟོབས་སུ་མི་འགྱུར་བ་དེ་ལྟར་བདག་འདོད་དོ། །རྒྱལ་པོས་སྨན་ཆེན་པོ་ལ་དེ་ལྟར་གྱུར་པ་སྨྲས་པ་ན། དེ་ལ་བདག་གིས་ཐབས་བགྱིས་ཏེ་རྒྱལ་པོ་དང་དེ་འབྲལ་བར་མི་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ཞིང་། བྲམ་ཟེ་དེ་བོས་ནས་ཁྱོད་ཅི་ཚོལ། རྒྱལ་པོའི་ཕོ་བྲང་དུ་ཅི་ལ་འོངས་ཞེས་དྲིས་པ་ན། དེས་བདག་གི་ཆུང་མ་རྒྱལ་པོའི་སྐྱེད་པས་ཁྲིད་པས་དེ་ཚོལ་དུ་འོངས་སོ། །སྨན་ཆེན་པོས་སྨྲས་པ། ཅི་ཁྱོད་རང་གི་ཆུང་མ་ངོ་ཤེས་སམ། དེས་ཤེས་སོ་ཟེར་བ་ལ། སྨན་ཆེན་པོས་བཙུན་མོ་ལྔ་བརྒྱ་ཁྱོད་ཀྱི་མདུན་དུ་བཞག་ལ། དེར་ཁྱོད་རང་གི་མ་ཡིན་པ་གཞན་བཟུང་ན་ཁྱོད་ཀྱི་ལུས་མཚོན་གྱི་དུམ་བུར་བྱའོ་ཞེས་བསྒོ་བ་ལ་དེས་ཀྱང་དེ་བཞིན་བྱའོ་ཞེས་བྱས་སོ། དེ་ནས་རྒྱལ་པོའི་བཙུན་མོ་ཐམས་ཅད་རྒྱན་གྱིས་མཆོག་ཏུ་བརྒྱན་ཏེ། རྒྱལ་པོའི་བཤོས་གསོལ་བའི་ལམ་སྣང་བའི་སར་བཙུན་མོ་ཐམས་ཅད་ཕྲེང་དུ་དངར་ནས་ཨུ་དུམ་བཱ་རི་ཀ་ཀུན་གྱི་སྔོན་དུ་བྱས་ཏེ། ལྷའི་བུ་མོ་རྣམས་དང་འདྲ་བར་རྒྱལ་པོའི་དྲུང་དུ་ལྷགས་པ་ན། སྨན་ཆེན་པོས་བྲམ་ཟེ་ལ་ཁྱོད་རང་གི་ཆུང་མ་ངོ་ཤེས་ན་འདི་ནས་ཟུངས་ཤིག་ཅེས་བསྒོས་པ་དང་། བྲམ་ཟེ་ཨུ་དུམ་བཱ་རི་ཀ་དང་། བཙུན་མོ་གཞན་རྣམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མཐོང་བས་སྦྲུལ་སྔགས་ཀྱིས་བཏབ་པ་བཞིན་དུ་དཔའ་གོང་ནས། ཉི་མ་ལ་བལྟར་མི་བཟོད་པ་ལྟར་བྲམ་ཟེ་འདུག་འདུག་ཅིང་བསམ་བཞིན་དུ། དེ་དག་གི་ཕྱི་བཞིན་འབྲང་བའི་བྲན་མོ་ཆུ་ཆུན་མ་ཞིག་བཙུན་མོ་གཞན་ཞིག་གི་ཕྱི་
བཞིན་འགྲོ་བ་མཐོང་ནས་འདི་བདག་གི་ཆུང་མའོ་ཞེས་ཟེར་བ་དང་། སྨན་ཆེན་པོས་དེ་ཡིན་ན་ཁྱེར་ཅིག་ཅེས་སྨྲས་པ་དང་། དེས་བྲན་མོ་ཁྲིད་ནས་སྨྲས་པ། མཆོག་ལ་མཆོག་གི་ཡིད་ཀྱང་ཆགས། །འབྲིང་ལ་འབྲིང་གི་ཡིད་ཀྱང་ཆགས། །དམན་པ་ལ་ནི་དམན་པ་སྟེ། སྒུར་མོ་ལ་ནི་བདག་ཡིད་ཆགས། །བཟང་མོ་བདག་ནི་འདྲེ་འདྲ་ཁྱོད་ཀྱང་འདྲེ་འདྲ་སྟེ། ལྷ་དག་ཚལ་ན་དགའ་བཞིན་འདྲེ་མོ་ཚུར་ཤོག་ཅིག །བདག་ཀྱང་དགའ་བར་བྱའོ་ཞེས་སྨྲས་ཏེ་ཁྲིད་ནས་སོང་ངོ་། །དེ་ནས་དུས་ཕྱི་ཞིག་ན་ཉེས་པ་ཞིག་གི་ཕྱིར་རྒྱལ་པོ་སྐྱེད་པས་སྨན་ཆེན་པོ་སྤངས་པའི་ཚུལ་གྱིས་དེ་རེ་ཞིག་རྒྱལ་པོའི་ཕོ་བྲང་དུ་མི་འགྲོ་བའི་སྐབས་ཤིག་ན། རྒྱལ་པོ་དེ་བཙུན་མོ་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་ཉི་མའི་རིང་ལ་རྩེ་དགའ་སྤྱོད་པར་བྱས་ཏེ། བཙུན་མོ་དེའི་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་པ་ཤིང་ཨ་ཤོ་གའི་ཡལ་ག་ལ་གཟར་ཏེ་བཞག་ནས་རྒྱལ་པོ་དང་ལྷན་ཅིག་རྩེ་རྩེ་བ་ལས་མུ་ཏིག་གི་དོ་ཤལ་དེ་བརྗེད་དེ། དེ་ནས་རྒྱལ་པོ་དང་བཙུན་མོ་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་དོང་བ་དང་། ནམ་ཕྱེད་ན་བཙུན་མོ་དེས་མུ་ཏིག་གི་དོ་ཤལ་ལུས་པར་དྲན་ནོ། །དོ་ཤལ་དེ་སྤྲ་མོ་ཞིག་གིས་ཁྱེར་ཏེ་ཤིང་ཁར་བཞག་གོ། དེ་ནས་རྒྱལ་པོས་མི་དག་ལ་སྐྱེད་ཚལ་དུ་མུ་ཏིག་གི་དོ་ཤལ་ལུས་པ་དེ་མྱུར་དུ་ཁྱེར་ཤོག་ཅེས་མངགས་པ་ལས་དོ་ཤལ་ནི་མ་རྙེད་ལ། དེར་སྤྲང་པོ་ཞིག་ཟས་ཟོས་པའི་ལྷག་མ་ཚོལ་དུ་སྐྱེད་ཚལ་དེར་སོང་ནས་ཕྱིར་འགྲོ་བ་དེ་རྒྱལ་པོའི་མི་དག་གིས་བཟུང་ནས་
གཞན་ནི་སུ་ཡང་མི་སྣང་ན་ཁྱོད་ཀྱིས་མུ་ཏིག་གི་དོ་ཤལ་ཕུལ་ཅིག་ཅེས་སྨྲས་པ་དང་། དེ་ན་རེ་བདག་གིས་མ་རྙེད་དེ་འདིར་ཟོས་ལྷག་ཚོལ་བའི་ཕྱིར་འོངས་སོ། །དེ་དག་གིས་དེ་བརྡེགས་ནས་བཙོན་རར་བཅུག་གོ། དེ་བཀྲེས་པས་གཟིར་ཏེ་བསམས་པ་བདག་གིས་འདིར་ཐབས་ཤིག་མ་སྦྱར་ན་ལྟོགས་ཏེ་འཆིའོ་སྙམ་ནས། དེས་བཙོན་སྲུང་ལ་བདག་གིས་མུ་ཏིག་གི་སེ་མོ་དོ་བླངས་པ་བདེན་ཏེ་ཚོང་དཔོན་གྱི་བུ་འདི་ཞེས་བྱ་བ་ལ་བྱིན་ནོ་ཞེས་སྨྲས་པས། རྒྱལ་པོའི་མི་དེས་དེ་ཡང་བཀུག་སྟེ་གཉིས་ཀ་ཤིག་སྒྲོག་གཅིག་ཏུ་བཅུག་པ་ན། ཚོང་དཔོན་གྱི་བུ་དེའི་ཁྱིམ་ནས་ཁ་ཟས་སྣ་ཚོགས་འོང་ཞིང་ཟ་བ་ལ་སྤྲང་པོ་དེས་བསླངས་ཀྱང་། དེ་ན་རེ། ཁྱོད་ང་ལ་ཁ་ཟས་ཀྱི་གསོར་འཇུག་པའི་ཕྱིར་རྐུར་སྦྱར་གྲང་སྟེ་ཡོང་མི་སྦྱིན་ནོ་ཞེས་སྨྲས་ནས་ཟ་ཞིང་མ་སྦྱིན་ནོ། །དེར་ཚོང་དཔོན་གྱི་བུ་དེ་བཤང་བས་མི་བདེ་ནས་དེ་ལ་ལོངས་ཏེ་འདོང་ཞེས་སྨྲས་པ་དང་། དེས་བདག་གི་ཚིག་ཀྱང་ཁྱོད་ཀྱིས་མི་མཉན་པས་བདག་ཀྱང་མི་འགྲོའོ་ཞེས་སྨྲས་སོ། །དེས་དེང་ཕན་ཆད་ཇི་ལྟར་བདེ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་ཚིག་འཇམ་པོ་དང་མནས་ཡིད་ཆེས་པར་བྱས་ཏེ་བཤང་བས་མི་བདེ་བ་བསངས་སོ། །དེ་ཕན་ཆད་ཚོང་དཔོན་གྱི་བུ་དེས་མི་གཉིས་ཀྱི་ཟན་ཁྱེར་ཤོག་ཅེས་བྱས་པ་བཞིན་འོངས་པས་སྤྲང་པོ་དེ་ཡང་བདེ་སྟེ་བདག་སྔོན་ཆད་གྲོང་ཁྱེར་ཐམས་ཅད་བསྐོར་ཀྱང་ལྟོ་འགྲངས་པ་མ་རྙེད་ན་ད་འདིར་བཟའ་བཏུང་ཞིམ་པོ་ཆོག་པར་ཡོད་མོད་ཀྱི། གྲོགས་འདི་གཅིག་པོས་མི་ཆོག་གིས་སྨད་འཚོང་མ་ཞིག་ཀྱང་འགུག་གོ་སྙམ་ནས། སྨད་
འཚོང་མ་ཞིག་ལ་འདིར་ཡང་ཁྱེར་བ་ལ་གཏོགས་ཀྱིས་ཟུངས་ཤིག་ཅེས་བྱས་པས་དེ་ཡང་བཙོན་དེར་བཅུག་གོ། དེ་དང་ལྷན་ཅིག་བཟའ་བཏུང་ཞིམ་པོ་ཟོས་ནས་ཡང་སྨྲས་པ། ཇི་ནས་ལོ་བཅུ་གཉིས་ཀྱི་བར་དུ་འདི་ལས་མ་ཐར་ཡང་བླའོ། །ཕྱིས་ཡང་འདོད་པ་སྐྱེས་ཏེ་སྨད་འཚོང་མ་འདི་གཅིག་པུས་མི་ཆོག་གིས་ནམ་འདོད་པ་དང་ལྡན་པ་དེ་ན་དགའ་བ་རྒྱས་པར་མྱོང་བའི་ཕྱིར་པི་ཝཾ་མཁན་གཅིག་ཀྱང་དགུག་གོ་སྙམ་ནས། པི་ཝཾ་མཁན་གཅིག་ལ་འདིས་ཀྱང་མུ་ཏིག་གི་སེ་མོ་དོ་ཁྱེར་རོ་ཞེས་སྨྲས་པས་དེ་ཡང་དེར་བཅུག་གོ། དེ་ནས་དེ་བཞི་པོ་བཙོན་ར་དེ་ན་ལྷན་ཅིག་པ་དེ་དགའ་སྤྱོད་ཅིང་དུས་རིང་ཞིག་འདས་པ་དང་། དེ་རྣམས་ཀྱིས་སྤྲང་པོ་དེ་ལ་ཅི་ནས་ཀྱང་བདག་ཅག་ཐར་པར་གྱིས་ཤིག་དང་། དེ་ལྟ་ན་ཁྱོད་ལ་ཅིས་ཀྱང་མི་བྲེལ་བར་བྱའོ་ཞེས་གསོལ་བ་བཏབ་པ་ན། དེས་ཀྱང་དེ་བཞིན་བྱའོ་ཞེས་ཁས་བླངས་ཏེ། འདི་ལྟ་བུ་གཞན་གྱིས་མི་ནུས་ཀྱིས་སྨན་ཆེན་པོས་ནུས་སོ་སྙམ་དུ་དེ་ལྟར་གཞན་རྣམས་ལ་སྨྲས་ཏེ། ཡང་རྒྱལ་པོའི་མི་རྣམས་ལ་སྤྲང་པོ་དེས་སྨན་ཆེན་པོའི་བུ་ཡང་འདིར་གཏོགས་སོ་ཞེས་སྨྲས་པས་དེ་ཡང་བཀུག་པ་དང་། སྨན་ཆེན་པོས་བུ་བཙོན་དུ་བཅུག་པ་ཐོས་པ་ན། ཅི་ནས་བུའི་ཕྱིར་ང་རྒྱལ་པོའི་ཕོ་བྲང་དུ་མི་འགྲོ་བ་མི་རུང་ངོ་སྙམ་དུ་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ། རྒྱལ་པོ་ལ་བདག་གི་བུས་ལྷ་ལ་གློ་བ་རིང་བ་ཅི་བགྱིས་ནས་བཙོན་རར་སྩལ་ཞེས་གསོལ་བ་དང་། རྒྱལ་པོས་མུ་ཏིག་གི་དོ་ཤལ་སྟོར་བའི་སྤྲང་པོ་བཟུང་བ་དེས་དེ་
ལྟར་སྨྲས་པའི་ཕྱིར་རོ་ཞེས་སྨྲས་པ་དང་། སྨན་ཆེན་པོས་ཀྱང་དེ་དག་གི་ཇི་སྐད་སྨྲས་པའི་ཐབས་ཞིབ་ཏུ་ཐོས་ནས་རྒྱལ་པོ་ལ་གསོལ་པ། ལྷ་མུ་ཏིག་གི་དོ་ཤལ་ནི་འདི་དག་གང་གིས་ཀྱང་མ་བླངས་ཏེ་འདི་དག་གཏང་བར་བྱོས་ཞེས་སྨྲས་པ་དང་། རྒྱལ་པོས་ཐམས་ཅད་བཏང་ངོ་། །དེ་ནས་སྨན་ཆེན་པོ་སྐྱེད་མོས་ཚལ་དུ་སོང་སྟེ་གང་དུ་འདུག་པ་སོགས་དྲིས་ཤིང་བརྟགས་པས་ཤིང་དེའི་རྩེར་སྤྲ་མོ་ཞིག་འདུག་པ་མཐོང་བ་ན་དེས་བསམས་པ་ལ་སྤྲ་མོ་འདིས་ཁྱེར་བས་འདི་ལ་ཐབས་ཞིག་བྱའོ་བསམས་ནས། རྒྱལ་པོ་ལ་བཙུན་མོ་རྣམས་དང་ལྷན་ཅིག་སྐྱེད་ཚལ་དེར་གཤེགས་ཞེས་སྨྲས་པ་ལྟར་སོང་སྟེ་འཁོད་པ་དང་། འདིར་བཙུན་མོ་རྣམས་རྒྱན་བཏགས་ན་སྤྲ་མོ་དེ་ཡང་འདོགས་སོ་ཞེས་སྨྲས་པས་བཙུན་མོ་རྣམས་ཀྱིས་རྒྱན་བཏགས་པའི་ཚེ་སྤྲ་མོ་དེས་ཀྱང་མུ་ཏིག་གི་སེ་མོ་དོད་མགུལ་དུ་གྱོན་ནོ། །དེ་ནས་སྨན་ཆེན་པོས་བཙུན་མོ་རྣམས་གར་བྱེད་དུ་བཅུག་པས་སྤྲ་མོ་དེ་ཡང་གར་བྱས་ཀྱང་དེའི་མགུལ་ན་མུ་ཏིག་གི་དོ་ཤལ་ཆ་ལྷུང་སྟེ་དེས་མིས་ཅི་བྱེད་པ་ལྟར་བྱེད་དོ། །སྨན་ཆེན་པོས་བཙུན་མོ་རྣམས་མགོ་བཏུད་དེ་གར་བྱེད་དུ་བཅུག་པས་སྤྲ་མོ་དེས་མགོ་བཏུད་དེ་གར་བྱས་པ་མུ་ཏིག་གི་སེ་མོ་དོ་དེར་ལྷུང་ངོ་། །དེར་རྒྱལ་པོ་དགའ་ཞིང་སྨན་ཆེན་པོའི་མགུལ་ལ་འཁྱུད་དེ་མགུ་བར་བྱས་ནས་ལོངས་སྤྱོད་ཀྱང་བྱིན་ནོ། །དེ་ནས་བློན་པོ་དྲུག་ལྷན་ཅིག་འདུས་ནས་འདི་སྐད་བགྲོས་ཏེ། སྔོན་གྱི་དུས་སུ་བདག་ཅག་ལ་རྒྱལ་པོས་མཆོད་ཅིང་རྗོད་པར་བྱེད་ན། རི་བྲག་གི་ཀྱི་གྲོང་མི་བློ་རྩིང་བ་ཅན་བཀྲེན་
པའི་རིགས་ལས་བྱུང་བ་སྨན་ཆེན་པོ་ཞེས་པ་འདིས་བདག་ཅག་ཐམས་ཅད་གཟི་བརྗིད་མེད་པར་བྱས་ན་དེ་ལ་ཇི་ལྟར་བྱ་ཞེས་བགྲོས་པ་ན། དེར་གཅིག་གིས་སྨྲས་པ། བདག་ཅག་སྔོན་གཅིག་ལ་གཅིག་མ་འཆམས་པར་སོ་སོར་ཕྱེ་བ་བདག་ཅག་མཐུ་མེད་པར་བྱས་ཀྱིས། ད་ནི་སྐྱེད་ཚལ་དུ་འདོད་ལ་མནའ་དང་ཡིད་ཆེས་པར་བྱ་ཞིང་གཉེན་དུ་ཡང་བྱས་ན། རྒྱལ་པོ་དང་སྨན་ཆེན་པོས་བདག་ཅག་སྤང་དུ་ཟིན་གྱིས་སླར་བརྟེན་པར་འགྱུར་རོ་ཞེས་སྨྲས་པ་ལྟར་དེ་དག་སྐྱེད་ཚལ་དུ་འདོང་བ་སྨན་ཆེན་པོས་མཐོང་ནས་འདི་དག་ནམ་ཡང་ལྷན་ཅིག་འདུས་ཏེ་གར་ཡང་མ་དོང་ན། སྔོན་དང་མི་འདྲ་བ་ཞིག་བྱེད་དོ་སྙམ་ནས་དོགས་པས་ནེ་ཙོ་མ་ཏ་ར་ལ་ཕྱི་བཞིན་སོང་ལ། འདི་དག་ཅི་བསམ་ཅི་ཟེར་རྟོགས་ཤིག་ཅེས་མངགས་སོ། །དེ་ནས་བློན་པོ་དྲུག་འདུས་ཏེ་ཕན་ཚུན་གཉེན་བྱས་ནས་གཅིག་ལ་གཅིག་མ་ཚང་འབྲུ་གསང་བརྟོལ་ན་གདོད་བདག་ཅག་ཡིད་ཆེས་པར་འགྱུར་ཞེས་སྨྲས་པ་དེ་བཞིན་བྱས་ཏེ། བདག་ཅག་གིས་ནི་རྒྱལ་པོའི་རྨ་བྱ་ཟོས་སོ། །ཡང་བདག་གིས་རྒྱལ་པོའི་བཙུན་མོ་དང་ལྷན་ཅིག་ཉལ་བར་བྱས་སོ། །བདག་གིས་ཀྱང་དེ་ལྟ་བུར་བྱ་སྙམ་མོ་ཞེས་སོགས་གཅིག་གིས་གཅིག་ལ་གསང་བའི་གཏམ་སྣ་ཚོགས་བྱས་ནས་སྣོད་གཅིག་ཏུ་ཟོས་སོ། །དེ་ཐམས་ཅད་ནེ་ཙོས་ཐོས་ནས་སྨན་ཆེན་པོ་ལ་སྨྲས་པ་དང་། སྨན་ཆེན་པོས་རྒྱལ་པོ་སྐྱེད་པའི་དྲུང་དུ་ཕྱིན་ཏེ་ལྷའི་བློན་པོ་དག་ནི་འདི་ལྟ་བུའི་ཚུལ་ཁྲིམས་དང་གཙང་སྦྲ་དང་ལྡན་ནོ་ཞེས་ཇི་ལྟར་གྱུར་པ་ཐམས་ཅད་གསོལ་བས། རྒྱལ་པོ་སྐྱེད་པས་མངོན་པར་རྟོགས་
ནས། ཨེ་མའོ་བདག་གི་བློན་པོ་འདི་དག་ནི་འདི་ལྟ་བུར་མི་རིགས་པ་ཅན་ཡིན་པས་གང་ན་ང་མི་དབང་བའི་ཕྱོགས་སུ་དེངས་ཤིག་ཅེས་བསྐྲད་ནས་ཡུལ་མེད་པར་བྱས་སོ། །དེ་ལྟར་སྨན་ཆེན་པོ་ནི་བཅོམ་ལྡན་འདས་ཉིད་ཡིན་ལ། རྒྱལ་པོ་སྐྱེད་པ་ནི་ཤཱ་རིའི་བུའོ། །དེ་དུས་ཀྱི་བློན་པོ་དྲུག་པོ་ནི་ད་ལྟར་མུ་སྟེགས་ཀྱི་སྟོན་པ་དྲུག་པོ་འདི་ཡིན་ཏེ། དེའི་དུས་ན་ཡང་ང་བློན་པོར་གྱུར་པས་ཡུལ་མེད་པར་བྱས་ལ། ད་ཡང་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ནས་རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་ཕམ་པར་བྱས་ཏེ་མཐའ་འཁོབ་ཏུ་བསྐྲད་དོ། །ཞེས་གསུངས་ཤིང་། གཞན་ཡང་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་བུ་སྡོང་དུམ་དུ་གྱུར་པའི་ཚེ་སྟོབས་དང་སྤོབས་པ་ཆེན་པོས་དགྲ་ཟླ་རྒྱལ་པོ་དྲུག་ཕམ་པར་བྱས་པའི་སྔོན་གྱི་རབས་དག་ཀྱང་མཛངས་བླུན་ལས་གསུངས་པ་བཞིན་ནོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་ཕྱོགས་བདག་ཅེས་བྱ་བ་ལ་བུ་གཞོན་ནུ་རྡུལ་ཕྲན་ཞེས་བྱ་བ་ཡོད་དོ། །རྒྱལ་པོ་དེའི་བྲམ་ཟེ་གནག་ལྷས་སྐྱེས་ཞེས་པ་དེའི་བུ་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་པ་མཁས་པ་དཔྱོད་པའི་ཤེས་རབ་ཅན་དུ་སྟོན་པ་འདི་ཉིད་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་མདུན་ན་འདོན་དེ་ཉིད་དུ་གྱུར་ཏོ། །འདི་ལྟར་དེའི་ཕ་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་ཞིང་ལས་ཀྱི་མཐའ་གང་ཡིན་རྣམས་བྲམ་ཟེའི་ཁྱེའུ་མེ་གསོ་ལ་དྲི་ཞིང་དོན་དུ་བྱ་བ་རྣམས་ཀྱང་མ་དྲིས་པར་མི་བྱེད་དོ། །བྲམ་ཟེའི་ཁྱེའུ་དེ་ནི་གཞོན་ནུ་རྡུལ་ཕྲན་དང་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་གི་གྲོགས་སྙིང་དུ་སྡུག་པ་དང་ནེའུ་ཟླ་ཡང་ཡིན་ནོ། །གང་གི་ཚེ་རྒྱལ་པོ་ཕྱོགས་བདག་དེ་རྩེ་བར་འདོད་པའམ་དགའ་མགུར་
སྤྱོད་འདོད་པའི་ཚེ་དེའི་དགོས་པ་དང་ལས་སུ་བྱ་བ་ཐམས་ཅད་བྲམ་ཟེ་གནག་ལྷས་སྐྱེས་ལ་སླར་གཏད་དེ། དེའི་འོག་ཏུ་སྟེང་གི་ཁང་བཟང་གི་གཞི་ལ་སྐྱེས་པ་མེད་པར་སོང་སྟེ་རོལ་མོ་རྣམས་ཀྱིས་རྩེ་ཞིང་དགའ་མགུར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་གནག་ལྷས་སྐྱེས་ཤི་བ་ན། རྒྱལ་པོ་དེ་དེ་ལ་འགྱོད་ཅིང་བྲམ་ཟེ་དེ་ཤི་བས་བདག་ཆེ་ཐང་དུ་མས་དམའ་བར་གྱུར་ཏོ་ཞེས་ཟེར་ཞིང་མྱ་ངན་བྱེད་པ་ལ། རྒྱལ་བུ་གཞོན་ནུ་རྡུལ་ཕྲན་གྱིས་རྒྱལ་པོ་ཅིའི་སླད་དུ་བྲམ་ཟེ་གནག་ལྷས་སྐྱེས་གུམ་པས་ཐུགས་ལ་བཅག་སྟེ་སྡུག་བསྔལ་ཉམས་སུ་མྱོང་བར་མཛད། རྒྱལ་པོ་ན་རེ། བདག་རྩེ་བར་འདོད་པ་སོགས་ཀྱི་ཚེ་ལས་སུ་བྱ་བ་ཐམས་ཅད་བྲམ་ཟེ་དེས་བྱེད་དོ། །རྒྱལ་བུས་སྨྲས་པ། དེ་ལ་ཐུགས་ངན་མ་མཛད་ཅིག་དེ་ཅིའི་སླད་དུ་ན་བྲམ་ཟེའི་ཁྱེའུ་མེ་གསོ་འདི་ནི་མཁས་ཤིང་གསལ་བར་ཕ་བྲམ་ཟེ་གནགས་ལྷས་སྐྱེས་ཀྱིས་ཀྱང་ལས་སུ་བྱ་བ་ཐམས་ཅད་འདི་ལ་དྲི་ཞིང་མ་དྲིས་པར་མི་བགྱིད་དོ། །དེས་ན་དེ་གནག་ལྷས་སྐྱེས་ཀྱི་ལས་ཐབས་ལ་དབང་བསྐུར་དུ་གསོལ། རྒྱལ་པོས་ཀྱང་བྲམ་ཟེའི་ཁྱེའུ་བཀུར་ནས་ཕ་བྲམ་ཟེ་དེའི་ལས་ཐབས་ལ་དབང་བསྐུར་བས་དེས་ཀྱང་བཀའ་བཞིན་འཚལ་ཞེས་ཞུས་ཏེ་ཞིང་བླས་ཀྱི་མཐའ་དང་དོན་ངེས་པར་རྟོགས་པ་ཐམས་ཅད་བྱས་པས་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་པའི་མིང་ནུབ་ནས་དེ་ལ་ཡང་བྲམ་ཟེ་གནག་ལྷས་སྐྱེས་པའི་མིང་ཐོགས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་དེས་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་པོ་ཕོ་ཉས་བཀུག་ནས་ཤེས་ལྡན་དག་
རྒྱལ་བུ་རྡུལ་ཕྲན་གང་ན་བར་སོང་སྟེ། རྒྱལ་བ་དང་ཚེ་སྤེལ་བར་བྱོས་ལ་འདི་སྐད་ཅེས་སྨྲོས་ཤིག །རྡུལ་ཕྲན་ཁྱོད་བདེ་ན་བདག་ཅག་བདེ་ཞིང་སྡུག་བསྔལ་ན་བདག་ཅག་ཀྱང་སྡུག་བསྔལ་ལ། རྒྱལ་རིགས་དྲུག་པོ་ནི་ཁྱོད་ཀྱི་གྲོགས་སྙིང་སྡུག་དང་ནེའུ་ཟླ་ཡིན་གྱིས། ཁྱོད་ཡབ་འདས་ནས་ཡབ་ཀྱི་རྒྱལ་སྲིད་ལ་བཞག་ན་ཅི་ནས་བདག་ཅག་ལ་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་སྨྲོས་ཤིག །དེ་རྣམས་ཀྱིས་དེ་བཞིན་དུ་མཉན་ནས་རྡུལ་ཕྲན་ལ་དེ་ལྟར་སྨྲས་པ་དང་། དེས་ཀྱང་དེ་ལྟར་མཉན་ནོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཕྱོགས་བདག་དུས་ལས་འདས་ཏེ་བློན་པོ་སོགས་ཀྱིས་གཞོན་ནུ་རྡུལ་ཕྲན་རྒྱལ་སྲིད་ལ་བཞག་པས་རྒྱལ་པོ་རྡུལ་ཕྲན་ཞེས་པའི་མིང་འཐོབ་བོ། །རྒྱལ་པོ་རྡུལ་ཕྲན་གྱིས་བྲམ་ཟེ་གནག་ལྷས་སྐྱེས་བཀུག་ནས་མཁན་པོ་ངའི་ཡབ་ལ་ཇི་ལྟར་རྗེས་སུ་སྟོན་པ་དེ་ལྟར་ང་ལ་ཡང་ཕྱིན་ཆད་རྗེས་སུ་བསྟན་པར་སོམས་ཤིག །དེས་ཀྱང་བཀའ་བཞིན་འཚལ་ཞེས་ཉན་ཏོ། །དེ་ནས་བྲམ་ཟེ་དེས་རྒྱལ་རིགས་ཀྱི་བུ་དྲུག་པོ་བཀུག་ནས་དེ་དག་ལ་རྒྱལ་བུ་རྡུལ་ཕྲན་ལ་སྔར་བདག་ཅག་ལ་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་གསོལ་བ་དགོངས་སམ་ཞེས་སྨྲོས་ཤིག །གལ་ཏེ་དྲན་ཟེར་ན་ལྷ་ད་དེའི་དུས་ལ་བབ་བོ་ཞེས་སྨྲོས་ཤིག །གལ་ཏེ་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་ལྟར་འདུག་པ་འདི་ཆ་བདུན་དུ་འགེད་པ་སུ་ཞིག་ཡོད་ཟེར་ན། ལྷ་གནག་ལྷས་སྐྱེས་མ་མཆིས་པ་གཞན་གང་ཡང་མ་མཆིས་སོ་ཞེས་སྨྲོས་ཤིག །ཅེས་བཏང་བ་ལྟར་དེ་དག་གིས་དེ་བཞིན་བྱས་
པ་དང་། རྒྱལ་བུས་ངས་དྲན་ནོ། །དེ་དག་གིས་ལྷ་དེའི་དུས་ལ་བབ་བོ། །རྒྱལ་བུས་འོ་ན་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་སུ་འདུག་པ་ཆ་བདུན་དུ་འགེད་པས་སུ་ཡོད། ལྷ་གནག་ལྷས་སྐྱེས་མ་ལག་པས་གཞན་མ་མཆིས་སོ། །དེ་ནས་རྒྱལ་པོ་རྡུལ་ཕྲན་གྱི་བྲམ་ཟེ་གནག་ལྷས་སྐྱེས་བཀུག་ནས་མཁན་པོ་ཁྱོད་ཀྱིས་ས་ཆེན་པོ་འདི་ཆ་བདུན་དུ་འགེད་ནུས་སམ། ལྷ་ལེགས་པར་རྔོ་ཐོགས་སོ། །དེ་ནས་བྲམ་ཟེ་དེས་དཀྱིལ་དང་དཀྱིལ་ན་ཡུལ་འཁོར་བུ་ཆུང་ཡོད་པ་དེ་དག་རྒྱལ་པོ་རྡུལ་ཕྲན་གྱི་སྐལ་བར་བཅད་པ་དང་། རྒྱལ་པོ་ཡང་དགའ་སྟེ། བྲམ་ཟེ་འདིས་ཁོ་བོའི་རིས་ཇི་ལྟར་བཅད་པ་དཔེར་ན་ད་ལྟ་མཁས་པ་གསལ་བ་བྱེ་བྲག་གི་ཕྱེ་བས་བཅད་པ་དེ་ལྟ་བུར་གྱུར་ཏོ་ཞེས་ཡི་རངས་པ་གོ་བར་བྱས་སོ། །ཡུལ་འཁོར་བུ་ཆུང་གཞན་དང་གཞན་གང་ཡིན་པ་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་གི་རིས་སུ་བཅད་པ་དང་དེ་དྲུག་ཀྱང་དགའ་སྟེ། བྲམ་ཟེ་འདིས་ཇི་ལྟར་བགོས་པ་ནི། མཁས་པ་གསལ་བས་བྱས་པ་བཞིན་དུ་ཁོ་བོ་ཅག་གིས་རིང་ནས་བསམས་པའི་ཡུལ་དེ་དག་ཁོ་བོ་ཅག་གི་རིས་སུ་བཅད་དོ་ཞེས་ཡི་རངས་པ་ཡང་གོ་བར་བྱས་སོ། །དེ་ནས་རྒྱལ་པོའི་ཞབས་རིང་བ་རྒྱལ་བུ་དྲུག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་མཁན་པོ་རྒྱལ་པོ་རྡུལ་ཕྲན་ལ་རྗེས་སུ་སྟོན་པ་བཞིན་དུ་དེང་ཕན་ཆད་བདག་ཅག་ལ་ཡང་རྗེས་སུ་བསྟན་པར་དགོངས་སུ་གསོལ། བྲམ་ཟེས་ཀྱང་དེ་བཞིན་དུ་བྱའོ་ཞེས་བྱས་སོ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་རྒྱལ་པོ་རྡུལ་ཕྲན་དང་འཁོར་རྒྱལ་རིགས་དྲུག་དང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་
དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། དེ་དག་གི་ཐབས་རིར་བབ་པའི་ཆུང་མ་བཞི་བཅུ་ལ་རྗེས་སུ་སྟོན་ཏོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་ཡང་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ །འདུལ་སྦྱོང་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། རལ་གྲི་འཛིན་སྟངས་མཁན་དང་། གཞུ་འཛིན་པ་དང་། ཞབས་འབྲིང་བྱེད་པ་དང་། གོ་རེ་ལོང་བྱེད་པ་དང་། བྲོ་གར་ལེན་པ་དང་། རྒྱལ་པོའི་བུ་དཔའ་བ་ཚན་པོ་ཆེ་རྣམས་དང་། སེམས་སྲུང་བ་དང་སྐྲ་མཁན་དང་། ཁྲུས་བྱེད་པ་དུ་མ་ལ་ཡང་རྗེས་སུ་སྟོན་པར་བྱེད་དོ། །དེར་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཞེས་སུ་མིང་འཕོས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་བྲམ་ཟེ་རྣམས་ཀྱིས་ནི་ཚངས་པར་བསྐུར་རོ། །རྒྱལ་པོས་ནི་ལྷར་བཀུར་རོ། །གྲོང་དང་ཡུལ་མི་རྣམས་ཀྱིས་རྒྱལ་པོར་བཀུར་རོ། །དེ་ཡང་བྲམ་ཟེ་རྣམས་ཀྱིས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་གནས་སོ་སྙམ་མོ། །དེ་བཞིན་དུ་རྒྱལ་པོ་དང་གྲོང་མི་ཐམས་ཅད་ཀྱང་དེ་ལྟར་བསམ་མོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་དེས་འདི་སྙམ་དུ་འདི་ཐམས་ཅད་ཀྱིས་བདག་བཀུར་ཞིང་ཚངས་པའི་ལམ་རྫོགས་པར་བྱས་ཏེ་གནས་སོ་ཟེར་ན། བདག་གིས་ནི་ཚངས་པའི་ལམ་ཡང་མི་ཤེས་མཐོང་ནས་རྫོགས་པར་ཡང་མ་བྱས་པས། བདག་གིས་ཡབ་བྲམ་ཟེ་ལས། བྲམ་ཟེ་གང་ཞིག་དབྱར་ཟླ་བ་བཞིར་དབེན་པར་སྙིང་རྗེའི་བསམ་གཏན་གྱི་གནས་ན་དེའི་དྲུང་དུ་ཚངས་པ་འོང་བར་འགྱུར་
རོ་ཞེས་ཐོས་ཀྱིས་བདག་གིས་དབྱར་ཟླ་བཞིར་དེ་ལྟར་བྱའོ་ཟེར་བསམས་ཏེ། དང་པོ་རྒྱལ་པོ་རྡུལ་ཕྲན་ལ་ལྷ་རེ་ཞིག་རྗེས་སུ་སྟོན་པ་གཞན་གསན་དུ་གསོལ། བདག་རེ་ཞིག་དབེན་པར་སྙིང་རྗེའི་བསམ་གཏན་ལ་གནས་པར་འཚལ་ལོ། །དེས་ཀྱང་མཁན་པོ་དུས་ལ་བབ་པ་མཁྱེན་པར་མཛོད་ཅིག །དེ་ནས་རྒྱལ་རིགས་བདུན་དང་། བྲམ་ཟེ་བདུན་དང་། ཁྱིམ་བདག་བདུན་དང་། ཆུང་མ་བཞི་བཅུ་ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་མ་གཡེང་བར་བག་ཡོད་པར་ཁྱིམ་ན་འཁོད་ཅིག །བདག་ནི་དབྱར་ཟླ་བཞིར་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པར་འདོད་དོ། །དེ་དག་གིས་ཀྱང་དེ་བཞིན་ནོ་ཞེས་གསོལ་ཏོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་ཡང་དེ་བཞིན་སྨྲས་ཏེ་ཇི་སྐད་ཐོས་ཤིང་ཀུན་ཆུབ་པར་བྱ་བའི་རིག་པ་ཟུངས་ཤིག་ལྟོས་ཤིག །གཞན་འདུལ་སྦྱོང་མཁན་སོགས་ཁྲུས་བྱེད་པའི་བར་དག་ལ། ཤེས་ལྡན་དག་རེ་ཞིག་རྗེས་སུ་སྟོན་པ་གཞན་ཚོལ་ཅིག །ཁོ་བོ་དབྱར་ཟླ་བཞིར་དབེན་པར་སྙིང་རྗེའི་བསམ་གཏན་བྱེད་དོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དེས་གྲོང་ཁྱེར་ཤར་ཕྱོགས་སུ་ཁང་བཟང་ཞིག་བརྩིགས་ནས་དབེན་པར་དབྱར་ཟླ་བཞིར་བསམ་གཏན་གྱིས་གནས་པ་ལ་དེའི་དྲུང་དུ་ཚངས་པ་མ་འོངས་སོ། །དེ་ནས་དབྱར་ཟླ་བཞིར་ཞག་གཅིག་གིས་མ་ཚང་བ་དང་འདི་སྙམ་དུ་བདག་གིས་ཕ་ལས་དེ་ལྟར་ཐོས་མོད་ཀྱིས་བདག་གི་དྲུང་དུ་ནི་ཚངས་པ་མ་འོངས་སོ་སྙམ་མོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་དེའི་སེམས་ཤེས་ནས་སྐྱེས་བུ་
སྟོབས་ལྡན་གྱི་ལག་པ་བརྐྱང་བསྐུམ་བྱེད་པ་ཙམ་གྱིས་ཚངས་པའི་འཇིག་རྟེན་ནས་དེའི་ཁང་བཟངས་སུ་འོངས་སོ། །དེའི་ཚེ་ཁང་བཟངས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་ཅིང་ནམ་གྱི་ཆ་སྨད་ལ་བབ་པ་དང་སྣང་བ་དེ་མཐོང་ནས། འདི་འདྲ་བ་ཡི་ཁ་དོག་ནི། །བདག་གིས་མ་མཐོང་མ་ཐོས་ནས། །གཟུགས་བཟང་ཁ་དོག་ལྡན་པ་ཡི། །གྲོགས་པོ་ཁྱོད་ནི་སུ་ཞིག་ཡིན། །ཚངས་པས་སྨྲས་པ། གང་ལ་ལྷར་བཅས་ཚངས་རིས་དང་། །དེ་བཞིན་རིས་ནི་གཞན་དག་གིས། །གཞོན་ནུ་རབ་ཤེས་དེ་ལྟ་བུར། །གནག་ལྷས་སྐྱེས་ཀྱིས་ད་ཤེས་བྱོས། །ཞེས་སོགས་ཚིགས་སུ་བཅད་པས་ཞུ་བ་དང་ལན་བསྟན་ཏེ། གནག་ལྷས་སྐྱེས་དེས་རེ་ཞིག་བདག་གིས་ཚེ་འདིའི་དོན་གྱི་ཐོབ་བྱ་ཐོབ་ཀྱིས། ཚེ་ཕྱི་མའི་དོན་ལས་བརྩམས་ཏེ་དྲི་བར་བྱའོ་སྙམ་ནས། བློ་ལ་བདོག་པའི་ཡིད་གཉིས་ཐེ་ཚོམ་དག །ཚངས་པ་ཀུན་འགེད་གཞོན་ནུ་ལ་འདྲི་བ། གང་དུ་གནས་ཤིང་གང་ལ་བསླབས་བྱས་ན། ཚངས་པའི་འཇིག་རྟེན་མི་འཆི་ཐོབ་པར་འགྱུར། ལན་བཏབ་པ་བྲམ་ཟེ། མི་ཡི་ནང་ན་བྱའོ་སྙམ་སྤངས་ཤིང་། གཅིག་པུར་གྱུར་པ་སྙིང་རྗེར་མོས་པ་དང་། །དྲི་ང་མེད་ཅིང་འཁྲིག་ལས་ཆགས་བྲལ་བ། །འདི་ལ་གནས་ཤིག་འདི་ཉིད་ལ་བསླབས་ན། །མི་ཡིས་ཚངས་པའི་འཇིག་རྟེན་འཆི་མེད་འཐོབ། །བྲམ་ཟེ་ཆེན་པོ་དེས་ཚངས་པས་བཤད་པའི་ཚིགས་སུ་བཅད་པ་རྐང་པ་དང་པོ་དང་གཉིས་པའི་དོན་བདག་གིས་ཀུན་ཤེས་ཀྱིས་གསུམ་པ་དྲི་ང་མེད་ཅིང་སོགས་ཀྱི་དོན་མི་ཤེས་སྙམ་ནས། ཚངས་པ་མིའི་ནང་དྲི་ང་
གང་ཞིག་ལགས། ལན་བཏབ་པ། འཇིག་རྟེན་ཀུན་ནི་ངོགས་ཀྱི་འབབ་ཆུ་ལྟར། །གང་གིས་བསྒྲིབས་ན་ངན་སོང་སྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་པའོ། །ཁྲོ་དང་རྫུན་དང་ཁོན་དང་རྣམ་འཚེ་དང་། །འཇུངས་དང་མངོན་པའི་ང་རྒྱལ་མི་བཟོད་དང་། །ཆགས་དང་ཞེ་སྡང་དེ་བཞིན་གཏི་མུག་དང་། །ཕྲག་དོག་སེར་སྣ་དག་དང་འཚིག་པ་སྟེ། །དེ་དག་བྲམ་ཟེ་མིའི་ནང་དྲི་ང་ཡིན། །འཇིག་རྟེན་ཀུན་ན་ངོགས་ཀྱི་འབབ་ཆུ་ལྟར། །དེ་ཡིས་བསྒྲིབས་ན་ངན་སོང་སྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དེས་བདག་གིས་ཚངས་པས་སྨྲས་པའི་དོན་ཤེས་པ་ལྟར་ན། ཁྱིམ་པ་ཁྱིམ་ན་གནས་པ་དག་གིས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སལ་གྱིས་དག་པ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་རྣམ་པར་བྱང་བ་སྤྱད་པ་འདི་སླ་བ་མ་ཡིན་པས། བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བུའོ་སྙམ་མོ། །དེའི་བསམ་པ་ཤེས་ནས་སྨྲས་པ། ཚངས་པར་སྐྱེ་བར་བྱ་བའི་ཕྱིར། །འདི་ལ་འབད་པ་བརྟན་པར་གྱིས། །ཆོས་འདི་དག་པ་གཡུང་དྲུང་ཡིན། །ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དབྱར་ཟླ་བཞི་པོ་དེ་འདས་ནས་རྒྱལ་པོ་རྡུལ་ཕྲན་བྲམ་ཟེ་དེའི་དྲུང་དུ་ཕྱིན་ཏེ་ཞབས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འདུག་པ་ལ་བྲམ་ཟེ་དེས། བདག་མི་སྤྲོ་བས་རྒྱལ་སྲིད་ཉིད་ཀྱིས་བསྐྱང་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་འདོད་
པ་མི་ཚིམ་པ་གང་ཡིན་པ་དེ་བདག་གིས་བསྐང་། ཁྱོད་ལ་འཚེ་བ་ཡོད་ན་གསད་ཀྱིས་བདག་མ་དོར་ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། རྒྱལ་པོ་བདག་འདོད་མི་ཆོག་མིན། །བདག་ལ་འཚེ་བའང་མ་མཆིས་ཏེ། །མི་མ་ཡིན་པའི་ཚིག་ཐོས་ནས། །ཁྱིམ་གྱི་གཞི་ལ་མི་སྤྲོའོ། །ཞེས་སོགས་ཚིགས་སུ་བཅད་པའི་སྒོ་ནས་ཕན་ཚུན་གླེང་སྟེ་ཚངས་པའི་ཚིག་གིས་རབ་ཏུ་བྱུང་བར་འདོད་ཚུལ་སྨྲས་པ་ན། རྒྱལ་པོས་ཀྱང་ཁྱོད་གང་དུ་འགྲོ་བ་དེར་ཁོ་བོ་ཡང་འགྲོ་སྟེ། ཁྱོད་ནི་ཁོ་བོའི་སྟོན་པ་དང་། བདག་ཁྱེད་ཀྱི་ཉན་ཐོས་སློབ་མར་བྱའོ་ཞེས་སྨྲས་པས། རྒྱལ་པོའི་དེ་ལ་ཆགས་པའི་འདོད་པ་སྤོངས་ལ་ཚངས་པར་སྐྱེ་བའི་སླད་དུ་ཚངས་པར་སྤྱོད་པ་སྤྱད་པར་གྱིས་ཞེས་ཀྱང་སྨྲས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དེས་རྒྱལ་རིགས་དྲུག་ལ་ཁོ་བོ་རབ་ཏུ་བྱུང་ན་ཁྱེད་ཅག་ཅི་བྱེད། དེ་དག་ན་རེ། མཁན་པོ་ལོ་བདུན་གཞེས་དང་། བདག་ཅག་བུ་སོགས་རྒྱལ་སྲིད་ལ་བཞག་ནས་ཁྱེད་ཀྱི་རྗེས་སུ་རབ་ཏུ་བྱུང་ངོ་། །བྲམ་ཟེས་སྨྲས་པ། ལོ་བདུན་ནི་ཧ་ཅང་ཐོགས་ཆེས་ཏེ། འདོད་པ་རྣམས་ནི་ཆགས་པར་འགྱུར་བ། ལོངས་སྤྱོད་རྣམས་ནི་མྱོས་པར་འགྱུར་བ། སྲོག་འཆད་པ་ནི་ཤེས་པར་དཀའ་བ་ཡིན་པས་ལོ་བདུན་འདས་ན་ཡང་རབ་ཏུ་འབྱུང་ངམ་མི་འབྱུང་གཏོལ་མེད་པས་རེ་ཞིག་ཁོ་བོ་ནི་རབ་ཏུ་འབྱུང་ངོ་། །དེ་དག་གིས་ལོ་དྲུག་ནས་གཅིག་གི་བར་དང་། ཟླ་བ་བདུན་ནས་ཞག་བདུན་གྱི་བར་དུ་གྲོས་བཏབ་པ་དང་། བྲམ་ཟེ་ན་རེ། ཞག་བདུན་ནི་རིང་པོ་མིན་མོད་ཀྱི། འདོད་པའི་ལོངས་སྤྱོད་ནི་མྱོས་པ་དང་། སྲོག་འཆད་པ་ཤེས་དཀའ་བས་ཞག་བདུན་འདས་ན་ཡང་རབ་ཏུ་འབྱུང་ངམ་
མི་འབྱུང་གཏོལ་མེད་པས་རེ་ཞིག་བདག་རབ་ཏུ་འབྱུང་ངོ་། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ལྟ་བུ་བདུན་སོགས་དང་། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་། འདུལ་སྦྱོང་མཁན་ལ་སོགས་པ་ཐམས་ཅད་ལ་སྨྲས་པས། དེ་ཐམས་ཅད་ཀྱིས་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་བྱུང་ཞེས་ཟེར་རོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་ངོ་། །དེར་རྒྱལ་བུ་རྡུལ་ཕྲན་འཁོར་བརྒྱ་སྟོང་ཕྲག་མང་པོ་དང་། རྒྱལ་རིགས་དྲུག་དང་བྲམ་ཟེ་ཆེན་པོ་བདུན་ལ་སོགས་པ། རྟ་དང་གླང་པོ་འདུལ་སྦྱོང་མཁན་སོགས་ཁྲུས་བྱེད་པའི་བར་གྱི་མི་ཐམས་ཅད་ཀྱང་དེའི་རྗེས་སུ་རབ་ཏུ་བྱུང་ངོ་། །བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་དེ་རབ་ཏུ་བྱུང་ནས་ཉོན་མོངས་པའི་སྒྲིབ་པ་ལྔ་པོ། སེམས་ཉམ་ཆུང་བ་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པ་བྱེད་པའི་ཕྱོགས་དང་མཐུན་པ། མྱ་ངན་ལས་མི་འདའ་བ་བྱེད་པ་རྣམས་སྤངས་ནས། བྱམས་པ་དང་ལྡན་པའི་སེམས་འཁོར་དང་འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་ཅིང་རྫོགས་པར་བྱས་ནས་གནས་སོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། སྟེང་དང་འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་ཐམས་ཅད་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་
དང་། དགའ་བ་དང་བཏང་སྙོམས་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེའི་ཚེ་དེའི་མིང་སྟོན་པ་གནག་ལྷས་སྐྱེས་ཞེས་བྱ་བར་གྱུར་ཏོ། །དེ་ནས་སྟོན་པ་གནག་ལྷས་སྐྱེས་འཁོར་བརྒྱ་སྟོང་དུ་མ་དག་དང་བཅས་པ་གྲོང་ཁྱེར་ནས་གྲོང་ཁྱེར་དུ་རྒྱུ་ཞིང་དོང་སྟེ་ཐམས་ཅད་ཀྱིས་ལྟ་ཞིང་ཕྱག་བྱེད་དོ། །དེ་ལྟར་ཡང་དེའི་ཚེ་མདུན་ན་འདོན་བདུན་བྱུང་བ་ནི། རལ་གྲིས་འཚོ་དང་། ཚངས་སྦྱིན་ཞེས་བྱ་བ་ལ་སོགས་པ་བདུན་ནོ། །ཀ་ལིང་ཀ་ན་ཆེ་བའི་ཁྱིམ། །རྡོ་མང་ན་ནི་སྐེམ་བྱེད་དེ། །ཞེས་སོགས་དང་། བཱ་རཱ་ན་སཱིར་ཀ་ཤི་སྟེ། །གནག་ལྷས་སྐྱེས་ཀྱིས་རིས་བཅད་དེའོ། །ཞེས་དང་། དེ་ལྟར་སེམས་ཅན་མང་པོ་ལ་འདོད་པའི་ཆགས་པ་སྤངས་ལ། ཚངས་པའི་ལམ་ཡང་དག་པར་བསྟན་ཅིང་བསམ་གཏན་གྲུབ་པར་བྱས་པའི་བྲམ་ཟེ་དེ་ལྟར་ཤེས་རབ་དང་སྤོབས་པ་ཆེ་བ་དེས་སེམས་ཅན་གྱི་དོན་བྱས་སོ། །ཚུལ་འདི་དང་ཕྱོགས་འདྲ་བར་རྒྱལ་པོ་ཕྱོགས་ཀྱི་བདག་པོའི་བུ་ཁྱེའུ་རྡུལ་ཞེས་བྱ་བའི་མདུན་ན་འདོན་བྲམ་ཟེ་མི་སྐྱོང་ཁྱབ་འཇུག་ཅེས་བྱ་བར་གྱུར་པའི་རབས་ནི་མདོ་སྡེ་ལས་བརྒྱ་པའི་ནང་དུ་ཡོད་དོ། ༈ །ཡང་སྔོན་བྱང་ཆུབ་སེམས་དཔའ་རྒྱལ་པོ་ཆེན་པོ་རྒྱལ་ཕྲན་རྣམས་ཀྱིས་ཕྱག་བྱས་པའི་མངའ་བདག་ཞིག་ཏུ་གྱུར་པའི་ཚེ་ན། ཡུལ་ཆོས་བཞིན་དུ་བསྐྱངས་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་ཆར་མ་བབ་ཅིང་ཐན་པས་ཉན་པར་གྱུར་པ་ན། རྒྱལ་པོ་དེས་བདག་ཅག་གིས་སྐྱེ་དགུ་རྣམས་ཆོས་བཞིན་ལེགས་པར་མ་བསྐྱངས་པས་
ཉེས་པའོ་སྙམ་དུ་མདུན་ན་འདོན་བྲམ་ཟེ་རྒན་པ་རྣམས་ལ་གནོད་པ་དེ་ལས་ཐར་བའི་ཐབས་དྲིས་པས། དེ་དག་གིས་རིག་བྱེད་ལས་བྱུང་བ་བཞིན་དུ་སྲོག་ཆགས་དུ་མ་བསད་པའི་མཆོད་སྦྱིན་བྱས་ན་ཆར་འབབ་པར་འགྱུར་ཞེས་སྨྲས་པ་ལ། རྒྱལ་པོ་སྙིང་རྗེའི་བདག་ཉིད་ཅན་དེས་སྲོག་ཆགས་གསོད་པའི་ཆོ་ག་དེ་ཡིད་ལ་མ་བབ་ཀྱང་འཁོར་དང་རྗེས་སུ་མཐུན་པའི་ཕྱིར་ཚིག་རྩུབ་མོ་མ་སྨྲས་པར་སྐབས་གཞན་དག་གིས་གཏམ་དེ་ཡལ་བར་བོར་རོ། །ཡང་དེ་དག་གིས་རྒྱལ་པོའི་བསམ་པ་ཟབ་ཅིང་བརྟག་དཀའ་བ་མ་ཤེས་ནས་མཆོད་སྦྱིན་བྱེད་པའི་གྲོས་བཏབ་པ་ལ། རྒྱལ་པོ་དེས་འདི་དག་ནི་གཞན་དྲིང་ལ་འཇོག་པ་དཔྱོད་པ་མེད་པས་མི་ལེགས་པར་སྟོན་པའོ་སྙམ་དུ། སྲོག་ཆགས་བསད་པས་ལྷ་མཉེས་པ་དང་། ཕྱུགས་དེ་དག་མཐོ་རིས་སུ་འགྲོ་བ་ཞེས་བརྫུན་ཏེ་ཤིན་ཏུ་མི་རིགས་པས་མཉན་པར་བྱ་བ་མ་ཡིན་ན་ཡང་། ཐབས་ཞིག་བྱའོ་སྙམ་དུ། མཆོད་སྦྱིན་བྱེད་པ་ལ་མོས་པ་ལྟ་བུར་བྱས་ཏེ། སྨྲས་པ། ཁྱེད་ཅག་བདག་ལ་འདི་ལྟར་ཕན་འདོགས་པར་སེམས་ན། དེའི་ཕྱིར་བདག་གིས་མི་སྟོང་གི་མཆོད་བྱིན་བྱེད་འདོད་པས་དེ་ལྟར་ས་ཕྱོགས་དང་ཡོ་བྱད་སྟ་གོན་གྱིས་ལ་ཚེས་གྲངས་དང་རྒྱུ་སྐར་གྱི་སྦྱོར་བ་རྟོགས་ཤིག །མདུན་ན་འདོན་གྱིས་སྨྲས་པ། འདོད་དོན་གྲུབ་པའི་སླད་དུ་རྒྱལ་པོ་རེ་ཞིག་ཁྲུས་མཛོད་དང་། མཆོད་སྦྱིན་གྱི་བཀོད་པ་བདག་ཅག་གིས་རྩོམ་མོ། །མི་སྟོང་ཅིག་ཆར་བཟུང་ན་ཁྱོད་ཀྱི་འབངས་རྣམས་གདོན་མི་ཟ་བར་ཡིད་འབྱུང་བར་འགྱུར་བས་བགས་
ཀྱིས་བྱའོ། །བྲམ་ཟེ་རྣམས་ཀྱིས་དེ་ལྟར་བདེན་ནོ་ཞེས་སྨྲས་པ་ལ། རྒྱལ་པོ་ན་རེ། ཁྱེད་འབངས་འཁྲུགས་པར་འགྱུར་དུ་མ་དོགས་ཤིག་དང་། བདག་གིས་ཅི་ནས་ཡིད་མི་འབྱུང་བ་དེ་ལྟར་བྱའོ། །དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་གྱི་མི་རྣམས་བསྡུས་ནས་སྨྲས་པ། ངས་མི་སྟོང་གི་མཆོད་སྦྱིན་བྱེད་འདོད་ན། ཉེས་པ་མེད་པར་མ་འདོད་བཞིན་དུ་སུ་ཡང་ཕྱུགས་སུ་བྱར་ངས་མི་ནུས་ཀྱི། དེ་བས་དེ་རིང་ཕན་ཆད་ཁྱེད་ཅག་ལས་གང་ཚུལ་དང་བཀའ་ཁྲིམས་ལ་འགལ་བར་བྱེད་ཅིང་ངའི་བཀའ་གཅིག་པ་དེ་དག་ངའི་རྟོག་ཆེན་པོ་རྣམས་ཀྱིས་ཀུན་ཏུ་སོང་ལ་བརྟག་སྟེ་རང་གི་རིགས་དང་ཡུལ་ལ་གནོད་པ་བྱེད་པ་དག་ཡོད་ན། ཕྱུགས་ཀྱི་ཚབ་ཏུ་དེ་དག་བཟུང་བ་བྱེད་ཀྱིས་ཤེས་པར་གྱིས་ཤིག་ཅེས་སྨྲས་པ་ལ། གཙོ་བོ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ། རྗེ་བོ་ཁྱོད་ནི་འབངས་ལ་ཕན་པར་གཞོལ་བ་ལགས་ན་ཁྱེད་ལ་བརྒལ་བ་ག་ལ་སྲིད་དེ། ཁྱོད་ཀྱི་སྤྱོད་པ་ལ་ཚངས་པ་ཡང་རྗེས་སུ་ཡི་རང་ངོ་། །ཁྱོད་ནི་ཚད་མར་གྱུར་པ་ལགས་པས་ལྷའི་དགྱེས་པ་དེ་ལ་བདག་ཅག་ཀྱང་དགྱེས་སོ་ཞེས་བཀའ་སྩལ་པ་མཉན་ཏོ། །དེའི་ཚེ་རྒྱལ་པོ་དེས་བློན་པོ་ཐུགས་ཆེས་པ་རྣམས་ཡོ་ལང་ཆེན་པོས་ཀུན་གྱིས་མཐོང་བར་ཡུལ་ཐམས་ཅད་དུ་སྡིག་པ་བྱེད་པའི་མི་རྣམས་འཛིན་པའི་སླད་དུ་བཀྱེའོ། །ཡུལ་ཀུན་ཏུ་འདི་སྐད་ཅེས་ཉིན་རེ་བཞིན་དུ་བསྒོ་སྟེ། ཚུལ་ལྡན་གཙང་མ་རྣམས་ལ། རྒྱལ་པོས་མི་འཇིགས་པ་སྦྱིན་གྱིས། འབངས་ལ་ཕན་པའི་ཕྱིར་ཚུལ་མིན་བྱེད་པའི་མི་ཕྱུགས་སུ་བསྒྱུར་བ་སྟོང་གིས་མཆོད་སྦྱིན་མཛད་པར་བཞེད་
པས་དེར་ཕན་ཆད་རྒྱལ་པོའི་བཀའ་དང་སུ་འགལ་བ་དེ་དག་མཆོད་སྡོང་ལ་བཏགས་ནས་ཕྱུགས་ཀྱི་ཚབ་ཏུ་མཆོད་སྦྱིན་བྱེད་དོ་ཞེས་བསྒྲགས་པས། མི་ཐམས་ཅད་ཤིན་ཏུ་སྐྲག་སྟེ་ཚུལ་མིན་བྱེད་པ་བཏང་ནས། ཚུལ་ཁྲིམས་དང་སྡོམ་པ་ཡང་དག་པར་བླངས། གཅིག་ལ་གཅིག་དགྲར་འཛིན་ཅིང་རྩོད་པ་སོགས་མེད་པར་བླ་མའི་ངག་ཉན་ཅིང་། ཕན་ཚུན་གུས་པ་དང་། བགོ་བཤའ་བྱེད་པ་དང་། དགའ་ཞིང་དུ་བ་ལ་འབད་པར་གྱུར་པས་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར་ཏོ། །དེའི་ཚེ་ན་རྒྱལ་པོ་དེས་བློན་པོ་མགུ་ཞིང་དད་པར་གྱུར་པ་དེ་དག་ལ་བཀའ་སྩལ་པ། ངས་ནི་འབངས་རྣམས་སྲུང་བར་སེམས་པས། ད་ནི་དེ་རྣམས་སྦྱིན་གནས་སུ་གྱུར་པ་ལ། ངས་མཆོད་སྦྱིན་གྱི་ཕྱིར་བསགས་པའི་ནོར་རྫས་འདི་རྣམས་སྐྱེ་བོ་རྣམས་ཅི་འདོད་པར་ལོངས་ཞེས་སྨྲས་པ་ལྟར། ཕྱོགས་ཐམས་ཅད་དུ་སྦྱིན་གཏོང་གི་ཁང་པ་བརྩིགས་ཏེ་སྐྱེ་བོ་ཐམས་ཅད་ལ་ཅི་འདོད་པར་སྦྱིན་པ་བཏང་བས་ཐམས་ཅད་དབུལ་བ་མེད་པར་འབྱོར་པ་རྒྱས་ཤིང་རྒྱལ་པོའི་གྲགས་པས་ཡུལ་ཀུན་ཏུ་ཁྱབ་པ་དང་། སྐྱེ་བོ་ཐམས་ཅད་ཀྱང་དགེ་བ་ལ་གཞོལ་བའི་མཐུས། དུས་ཚིག་རྣམས་ཀྱང་མཐུན་པར་བདེ་ལ་ལྷས་དུས་སུ་ཆར་འབེབས་པ་དང་། འབྲུ་དང་མེ་ཏོག་སྣ་ཚོགས་རྒྱས་པ་དང་། ས་ཐམས་ཅད་དུ་ཡང་གཟི་བྱིན་རྒྱས་ཤིང་སྨན་རྣམས་བཅུད་དང་ལྡན་པ་དང་། འགྲོ་བ་ནད་མེད་པ་ལ་ཟོ་མདོག་བདེ་ཞིང་དགའ་བ་དང་། ཕ་རོལ་གྱི་དམག་སོགས་ཀྱི་འཇིགས་པ་མེད་པར་རྫོགས་
ལྡན་གྱི་དུས་བཞིན་དུ་གྱུར་པ་ལ། མི་ཐམས་ཅད་མགུ་ནས་རྒྱལ་པོ་ལ་བསྟོད་པ་བྱེད་ཅིང་། དེའི་ཚེ་བློན་པོ་གཅིག་གིས་རྒྱལ་པོ་ལ་གསོལ་བ། མཆོག་དང་འབྲིང་དང་ཐ་མ་ཡི། །དགོས་པ་རྟག་ཏུ་གཟིགས་པས་ན། །དབང་ཕྱུག་རྣམས་ཀྱི་བློ་དག་ནི། །གོང་ནས་གོང་དུ་དཔྱོད་པར་འགྱུར། །ཞེས་པ་འདི་ལེགས་པར་སྨྲས་པ་སྟེ། འདི་ལྟར་ལྷའི་ཞལ་སྔ་ནས་ཕྱུགས་འགུམ་པའི་སྐྱོན་མ་མཆིས་པར་ཆོས་ཀྱི་མཆོད་སྦྱིན་གྱིས་འབངས་རྣམས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བཏགས་སོ། །གནོད་པ་དང་དབུལ་བ་ཐམས་ཅད་ཞི་བར་བྱས་པས་འབངས་རྣམས་ནི་ཁྱོད་ལ་བརྟེན་པས་སྐལ་བ་དང་ལྡན་པ་ལགས་སོ་ཞེས་སོགས་བསྔགས་སོ། །དེ་ལྟར་བསམ་པ་དགེ་ཞིང་ཤེས་རབ་ཅན་རྣམས་ནི་སྡིག་པ་བྱེད་དུ་གཞུག་པས་བསླུར་མི་ཚུགས་ཤིང་། ཐབས་ལ་མཁས་པས་སྡིག་པའི་ཕྱོགས་སུ་གཞོལ་བ་ཡང་། དགེ་བའི་ལམ་ལ་འཛུད་པར་བྱེད་ཅིང་རང་གཞན་གཉིས་ཀའི་དོན་རྒྱ་ཆེན་པོ་བྱེད་པའི་ངོ་མཚར་ལ་གུས་པར་བྱའོ། ༈ །ཡང་སྔོན་ཡུལ་རྡོ་འཇོག་ན་བྲམ་ཟེ་ཟླ་གྲགས་ཞེས་བྱ་བ་ལ་བུ་ཉི་ཟླ་ཞེས་བྱ་བ་ཡོད་དོ། །ཅི་ཞིག་ན་བྲམ་ཟེ་ན་བ་བུ་དང་ཆུང་མས་དོར་བ་བྲན་མོ་ཞིག་གིས་སྨན་བསླངས་ཏེ་སོས་པར་བྱས་པས་དེས་དེ་ལ་ཀརྵཱ་པ་ཎ་ལྔ་བརྒྱ་བྱིན་ནས་བྲན་ལས་དབྱུང་བར་བརྩམས་པ་དང་། བྲན་མོ་དེས་དེ་དང་ལྷན་ཅིག་རྩེ་བ་ནན་ཏན་འདོད་པས། བྲན་མོ་དེ་ཟླ་མཚན་དང་ལྡན་པའི་དུས་སུ་དགའ་
མགུར་བྱས་པས་དེ་ལ་བུ་ཆགས་པར་གྱུར་ཏོ། །བྲམ་ཟེའི་ཆུང་མ་སྔ་མས་དེ་ལ་ཕྲག་དོག་གིས་བྲན་མོ་དེ་བརྡེག་ཅིང་ཟས་ངན་དུ་བྱས་སོ། །བྲན་མོ་དེས་སེམས་ཅན་སྐལ་ངན་འདི་མངལ་དུ་ཆགས་ནས་བདག་ཟས་གོས་ངན་ཅིང་བརྡེགས་པས་འདི་འབོར་རོ་སྙམ་པས་ཆོལ་ཟངས་སུ་བཞག་སྟེ་དོར་བར་བརྩམས་པ་དང་། དེ་བྲམ་ཟེ་ཟླ་གྲགས་ཀྱིས་མཐོང་ནས་དྲིས་པ་ལ། དེས་ཅི་ལྟར་གྱུར་པ་སྨྲས་སོ། །བྲམ་ཟེ་ན་རེ་འདི་སྐྱེད་དང་ཁོ་བོས་དུས་ཤེས་པར་བྱའོ་ཞེས་སྨྲས་ཏེ། བྲམ་ཟེ་མོ་ལ་ངན་པའི་ཚེ་ཁྱོད་དང་བུས་བོར་བ་ལ་བྲན་མོ་འདིས་ནད་ལས་གསོས་པས། འདི་ལ་མཁོ་བ་སྟོབས་ན་ལེགས། མིན་ན་འདི་ཁྱིམ་བདག་མོར་བཞག་ནས་ཁྱོད་འདིའི་བྲན་མོར་བསྐོའོ་ཞེས་སྨྲས་པས། དེ་སྐྲག་སྟེ། སླན་ཆད་ཐོ་མི་འཚམས་པར་ཁས་བླངས་ནས་ཁྱེའུའི་མིང་ཆོལ་ཟངས་པ་ཞེས་སུ་བཏགས་སོ། །ཁྱེའུ་དེ་ལ་བྲམ་ཟེ་ཤིན་ཏུ་བྱམས་པར་གྱུར་པ་ཅི་ཞིག་ན་བྲམ་ཟེ་དུས་ལས་འདའ་བའི་ཚེ་བུ་ཐུ་བོ་ཉི་ཟླ་ལ་ཁོ་བོ་འདས་ནས་ནུ་བོ་ཆོལ་ཟངས་པ་འདི་ལ་མཁོ་བ་བསྟབས་པར་གྱིས་ཞེས་སྨྲས་ནས་ཤི་འཕོས་སོ། །དུས་ཞིག་ན་ཉི་ཟླས་ཆོལ་ཟངས་པ་དང་ལྷན་ཅིག་ཟན་ཟ་བ་ལ། དེའི་མས་འདི་ནི་བྲན་མོའི་བུ་ཞེས་བརྙས་པ་ཆོལ་ཟངས་པས་རང་གི་མ་ལ་དྲིས་པ་དང་། མ་དེས་འཇིག་རྟེན་ནི་རང་གི་ལས་འབྲས་ལ་སྤྱོད་པས་སུ་ཞིག་སུའི་བྲན་ཡིན། བུ་ཡུལ་གཞན་དུ་སོང་ལ་ཐོས་པ་འཛིན་པར་གྱིས་ཤིག །དེ་ཡུལ་གཞན་དུ་སོང་ནས་མིང་ཟླ་བ་ཞི་བ་ཞེས་བྱ་བར་
བསྒྲགས་ཏེ། མཉན་ཡོད་ན་བྲམ་ཟེ་མདུན་ན་འདོན་ཞིག་འདུག་པའི་གན་དུ་དོང་བ་ལ། དེས་ཁྱོད་གང་ནས་འོངས་སོགས་དྲིས་ཏེ། བྲམ་ཟེ་ཟླ་གྲགས་དྲིས་པས། ཁྱེའུ་དེ་ངུ་ཞིང་དེ་ངའི་ཕ་སྟེ་གུམ་མོ་ཞེས་སྨྲས་སོ། །མདུན་ན་འདོན་དེས་དེ་ནི་ངའི་ཆུང་གྲོགས་ཡིན་གྱིས་བག་ཕོབ་ཅེས་སྨྲས་ཏེ། དེས་དེ་ལ་རིག་བྱེད་བསླབས་པས་རིག་བྱེད་བཞི་པོ་ཤེས་ནས་མདུན་ན་འདོན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ནོར་མང་པོ་དག་ཀྱང་བྱིན་ནོ། །དེ་གྲགས་པ་དང་ལྡན་ཞིང་ནོར་དང་ལྡན་པར་གྱུར་པ་རྡོ་འཇོག་གི་ཚོང་པ་མཉན་ཡོད་དུ་སླེབས་པས་ལྟར་དོང་བ་ལ་དེས་ངོ་ཤེས་ནས་ཅང་མ་སྨྲས་པར་ཚོང་པ་དེས་སླར་འོངས་ནས་གཏམ་དེ་ཉི་ཟླ་ལ་སྨྲས་པས། དེ་དགའ་ནས་མ་ལ་སྨྲས་པས། བྲན་མོའི་བུ་ཞིག་བསྙེན་བཀུར་གྱི་གནས་སུ་མི་འགྱུར་ཞེས་ཟེར་རོ། །ཇི་ཙམ་ན་ཉི་ཟླ་ལོངས་སྤྱོད་སྲབ་པར་གྱུར་པ་ན་དེའི་མས་ནུ་བོའི་གན་དུ་སོང་ན་ལོངས་སྤྱོད་ཀྱི་བགོ་བཤའ་བྱེད་དོ་ཞེས་སྨྲས་པ་ལ། བུ་ན་རེ། སྔར་བྲན་མོའི་བུ་ཡིན་ན་ད་ཇི་ལྟར་ནུ་བོར་འགྱུར། བུ་གལ་ཏེ་དེ་ལྟ་ན་ཡང་སོང་ལ་བླང་བ་མ་ཟློག་ཅིག་ཅེས་མས་ནན་གྱིས་བསྐུལ་བས་མཉན་ཡོད་དུ་སོང་ངོ་། །དེ་ཟླ་བ་ཞི་བས་ཐོས་ནས་བསུས་ཤིང་ཟས་བྱིན་ཏེ། བདག་གི་མིང་ཟླ་བ་ཞི་བ་ཞེས་འབོད་ཀྱི་བདག་ལ་ཆོལ་བཟངས་པ་ཞེས་མ་འབོད་ཅིག །དེས་ཀྱང་དེ་བཞིན་བྱས་ཏེ། ཁྱིམ་དུ་སོང་ནས། བྲམ་ཟེ་མོ་ལ་འདི་ནི་ཁོ་བོའི་ཕུ་བོ་ཉི་ཟླ་ཞེས་བྱ་བ་ཡིན་གྱིས་མཁོ་བ་ཐམས་ཅད་བསྟབས་ཤིང་ཚིག་མི་བཅག་པར་གུས་པར་བྱ་ཞེས་
སྨྲས་པ་ལ་དེས་ཀྱང་དེ་བཞིན་དུ་བྱས་སོ། །ཉི་ཟླ་དེ་ནི་འགྲོགས་ན་བདེ་བ་ཡིན་ལ། ཆོལ་ཟངས་པ་ནི་གཏུམ་ལ་དྲག་པས་ཉེས་པ་ཅུང་ཟད་ཀྱི་ཕྱིར་ཆུང་མ་ལ་ཁུ་ཚུར་དང་ཐལ་ལྕག་རྡེག་པར་བྱེད་དོ། །བྲམ་ཟེ་མོ་དེས་ཉི་ཟླ་ལ་སྨྲས་པ། ཇོ་ཇོ་ཁྱེད་གཉིས་ནུ་མ་གཅིག་ལ་གསོལ་གསོལ་བའི་མཆེད་ལགས་ན། གང་གི་སླད་དུ་ཁྱོད་ནི་དེས་ཤིང་འགྲོགས་ན་བདེ་བ་ལགས་ལ། གཅུང་པོ་ནི་གཏུམ་ཞིང་གཟུ་ལུམ་དང་དྲག་ཤུལ་ཅན་འདི་ལ་རྒྱུ་ཅི་མཆིས། སྲུ་འདིས་ཁྱིམ་གྱི་རིག་པ་བཀླགས་སོ། །ཇོ་ཇོ་ཁྱིམ་གྱི་རིག་པ་དེ་སྩོལ་ཅིག །ཉི་ཟླས་སྨྲས་པ། རིག་པ་སུ་ལའང་སྦྱིན་བྱ་མིན། །རིག་དང་བཅས་ཏེ་འཆི་བར་བྱ། །རིག་པ་རིག་དང་གུས་པ་དང་། །ནོར་གྱིས་སྦྱིན་པར་བྱ་བ་ཡིན། །བྲམ་ཟེ་མོས་སྨྲས་པ། ནོར་ཅི་ཙམ་གྱིས་སྩོལ་བར་མཛད། །སྲུ་ཀརྵཱ་པ་ཎ་ལྔ་བརྒྱའོ། །དེས་ཀརྵཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་རྐང་པ་ལ་ཕྱག་བྱས་ནས་ཇོ་ཇོ་ཁྱིམ་གྱི་རིག་པ་དེ་བདག་ལ་སྟོན་ཅིག །ཉི་ཟླས་སྨྲས་པ། སྲུ་ཁོ་བོ་རྫོངས་ཤིག་དང་ནམ་འགྲོ་བའི་ཚེ་སྦྱིན་ནོ། །བྲམ་ཟེ་མོ་དེས་ཁྱིམ་ཐབས་ཀྱི་དྲུང་དུ་སོང་སྟེ། རྗེའི་སྲས་ཁྱོད་ཀྱི་གཅེན་འདི་ཁྱིམ་གྱི་བྱ་བ་སེམས་པས་མི་དགའ་བར་འགྱུར་གྱིས་སླར་ཐོངས་ཤིག་དེས་སྨྲས་པ། བཟང་མོ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་འདིའི་ལམ་རྒྱགས་སྟ་གོན་གྱིས་ཤིག །ཁོ་བོས་རྡོ་འཇོག་ཏུ་འགྲོ་བའི་དོན་མཐུན་བཙལ་བར་བྱའོ། །དེར་ལམ་རྒྱགས་བྱས་ཤིང་ཀརྵཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་ཉི་ཟླ་ལ་ཁྱོད་བརྫོངས་བའི་དུས་འདི་ལགས་ཏེ་བདག་ལ་ཁྱིམ་གྱི་རིག་
པ་སྩོལ་ཅིག །ཉི་ཟླས་སྨྲས་པ། སྲུ་གང་གི་ཟླ་བ་ཞི་བས་ཁྱོད་ལ་བརྡེག་པར་བྱེད་པའི་ཚེ་རིག་པ་འདི་བཀླག་པར་བྱའོ། །སྐྱེ་བོ་མང་པོ་གཞན་དག་དང་། །གཞན་གྱི་ཁྱིམ་དུའང་ཤེས་གྱུར་ཅིང་། །གྲོ་བསྲུང་རིགས་ཀྱིས་ཤེས་འགྱུར་གྱིས། །ཁ་རོག་འདུག་ཅིག་ཆོལ་ཟངས་པ། །གལ་ཏེ་སྨྲས་པ་འདིའི་དོན་ཅི་ཞེས་ཟེར་ན། དེ་ལ་གལ་ཏེ་རྡེག་པར་བྱེད་ན་དོན་ཡང་བཤད་པར་བྱའོ་ཞེས་བརྗོད་ཅིག །སྲུ་གལ་ཏེ་གསང་སྔགས་ཀྱི་ཚིག་དོན་དང་ལྡན་པ་འདི་བརྗོད་པ་ཙམ་ཁོ་ནས་འབྲས་བུ་ཡོད་པས་ཕྱིས་འགྱོད་པར་མི་འགྱུར་བ་ལེགས་པར་ཟུངས་ཤིག །བྲམ་ཟེ་མོ་དེ་ལེགས་པར་ཟུངས། ཟླ་བ་ཞི་བས་ཀྱང་ཉི་ཟླ་ལ་ཀརྵཱ་པ་ཎ་དག་གིས་བགོ་བཤའ་བྱས་ཏེ་ལམ་རྒྱགས་བྱིན་ནས་སྐྱེལ་དུ་བཏང་ངོ་། །བུ་མོ་དེས་གསང་སྔགས་ཀྱི་ཚིག་འདི་བདེན་ནམ་རྫུན་སད་པར་བྱའོ་སྙམ་དུ། ཟླ་བ་ཞི་བས་ཉི་ཟླ་བསྐྱལ་ནས་ཕྱིར་ལོག་པའི་ཚེ་བཟའ་བཏུང་དང་ཁྲུས་ཅི་ཡང་སྟ་གོན་མ་བྱས་པས་དེས་ཆུ་དང་ཟས་ཁྱེར་ཤོག་ཟེར་བ་ལ་སྟ་གོན་མ་བྱས་སོ་ཞེས་སྨྲས་པས་དེ་ཁྲོས་ཏེ་ངའི་ནུ་བོ་འདིར་འཇུག་པའི་ཚེ་ཁྱོད་བཏང་སྙོམས་སུ་བྱས་ཀྱི། ཁྱོད་མ་རྡེག་པར་བྱེད་དུ་མི་བཏུབ་བོ་ཞེས་བརྡེག་པར་གཟས་པ་ལ། ཆུང་མ་ན་རེ། རྗེའི་སྲས་རེ་ཞིག་གཞེས་ལ་ཁྱིམ་གྱི་རིག་པར་གསན་པར་བགྱིའོ། །དེས་སྨྲས་པ་སྨྲོས་ཤིག །ཆུང་མས་ཚིགས་བཅད་སྔར་བཞིན་སྨྲས་པ་དང་། དེའོ་དོན་ཅི་ཡིན་ཞེས་སྨྲས་སོ། །དེ་ལ་ཆུང་མས་སྨྲས་པ། གལ་ཏེ་བརྡེག་པར་མཛད་ན་དོན་ཡང་ཁྱོད་ལ་བརྗོད་པར་བགྱིའོ། །
དེ་རི་དྭགས་གནད་དུ་ཕོག་པ་ལྟར་གྱུར་ནས། མི་བརྡེག་གིས་ཐོངས་ལ་དོན་ཡང་མ་སྨྲ་ཞིག་ཟེར་རོ། །དེའི་དུས་ཀྱི་བྲམ་ཟེ་ཟླ་གྲགས་ནི་བཅོམ་ལྡན་འདས་ཡིན་ཞིང་། ཆོལ་ཟངས་པ་ནི་འདུན་པ་འདི་ཡིན་ཏེ། དེས་དུས་ཀྱང་ང་ཉེ་དུར་བརྗོད་ཅིང་བདག་ཉིད་སྨྲ་བར་བྱེད། ད་ལྟར་ཡང་ང་ཉེ་དུར་བརྗོད་ཅིང་བདག་སྨྲ་བར་བྱེད་དོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོའི་རིགས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཀེ་ཤ་པའམ་སྲེད་མེད་ཅེས་བྱ་བ་བསྟན་བཅོས་སྣ་ཚོགས་ལ་མཁས་ཤིང་སྙན་པར་སྨྲ་བ་སོགས་ཀྱི་ཡོན་ཏན་ཅན་དུ་གྱུར་པ་དེས། འཚོ་བ་རྣམ་པར་དག་པ་གང་ལྟ་བུ་ལ་བདག་གནས་ནས། འཇིག་རྟེན་ལ་ཕན་བདེ་བསྒྲུབ་པར་བྱ་སྙམ་དུ་སེམས་པ་ན། རྒྱལ་སྲིད་ནི་རྒྱགས་པ་སོགས་ཉེས་པ་མང་པོའི་གནས་དང་། ཚོང་ཡང་རྫུན་གྱི་ཚིག་སོགས་དང་འབྲེལ་བས་སྡིག་པ་དང་འདྲེས་ལ། ཞིང་ལས་ཀྱང་བ་ལང་སོགས་བརྡེག་བརྡུང་གི་སྡུག་བསྔལ་དང་འབྲེལ་བ་སྟེ། དེ་བས་སྨན་པ་ཉིད་འཚོ་བ་དག་ཅིང་གཞན་ལ་ཕན་པ་སྒྲུབ་པར་ནུས་སོ་སྙམ་དུ། སྨན་བསླངས་ཏེ་ཤིན་ཏུ་སྙན་པར་སྨྲ་ཞིང་གཞན་གྱི་དོན་ལ་མོས་པས་སེམས་ཅན་དག་གི་ནད་སྣ་ཚོགས་གསོ་བར་བྱས་སོ། །ནམ་ཞིག་བུད་མེད་ཞིག་གི་བདག་པོ་ནད་ཀྱིས་ཤི་བར་གྱུར་པ་ན། བུད་མེད་དེས་ངུ་ཞིང་བདག་པོ་འབོད་ལ་ཁྱོད་གར་སོང་ཞེས་སྨྲེ་སྔགས་འདོན་ནོ། །དེ་འབྱུང་པོས་བཟུང་བས་སྨྱོ་བར་གྱུར་ཏོ། །ཡང་དེས་རང་གི་ཁྱིམ་དུ་འོངས་ཏེ་
ངའི་བདག་པོ་ནི་གསོན་ནོ་ཞེས། མི་ངུ་བར་དེའི་རོ་ལ་འཁྱུད་དེ། དེ་རིང་བདག་ལ་ཅིའི་ཕྱིར་མི་སྨྲ། ཁྱོད་བུད་མེད་གཞན་འདོད་ན་སོང་དང་བདག་གིས་གེགས་མི་བྱའོ་ཞེས་དང་། ཡང་ཁྱོད་མིག་ཕྱེས་ཤིག་ཅེས་མིག་སོར་མོས་འབྱེད་པ་སོགས་བླ་བཅོལ་སྣ་ཚོགས་སྨྲས་ནས། ཁྱིམ་གྱི་སྐྱེ་བོ་གཉིད་དུ་སོང་བའི་མཚན་མོར་ཁྱོ་ཕོའི་རོ་དེ་མོས་ཕྲག་པར་བཀལ་ནས་རི་དང་དུར་ཁྲོད་ཀུན་ཏུ་འཁྱམས་བཞིན་རོ་དེ་ལ་བདག་པོ་དངོས་སུ་བསམས་པས་གཏམ་སྣ་ཚོགས་སྨྲ་ཞིང་ཕུ་དུད་བྱེད་དོ། །རིམ་གྱིས་རོ་དེ་རུལ་ཞིང་ཀེང་རུས་འབའ་ཞིག་ཏུ་གྱུར་པ་ན་ཡང་དེ་མི་འདོར་བར་གཅེས་སྤྲས་བྱེད་ཅིང་། ཉི་མ་ཚ་བའི་ཚེ་བདག་གི་ཁྱིམ་ཐབ་ངལ་ཞེས་ཁྲུས་བྱས་ནས་མེ་ཏོག་གི་ཕྲེང་བ་བཅིང་པ་སོགས་ཇི་ལྟར་གསོན་པ་ལ་བྱ་བ་བཞིན་དུ་ཕུ་དུད་དང་སྙན་པར་སྨྲས་པ་དང་། གུས་པ་དང་སྙིང་ཉེ་བའི་ཚིག་ཐམས་ཅད་སྨྲ་བཞིན་ཀུན་ཏུ་འཁྱམས་པར་བྱེད་ལ། མཚན་མོའི་དུས་སུ་མེ་ཏོག །མལ་ཆ་ལ་ཨ་ག་རུའི་དྲིས་བདུགས་ནས། འཕགས་པའི་སྲས་ཚུར་བྱོན། མལ་འདིར་བཞུགས་ཞེས་ཀེང་རུས་དེ་འགོད་ཅིང་དེ་ལ་འཁྱུད་དེ་ཉལ་བར་བྱེད་དོ། །དེའི་ཀུན་སྤྱོད་དེ་ལྟ་བུ་སྐྱེ་བོ་དང་སློབ་མའི་ཚོགས་དང་བཅས་པའི་བྱང་ཆུབ་སེམས་དཔས་མཐོང་ནས། ཀྱེ་མ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་འདིས་འདི་ལྟར་རྨོངས་པ་འདི་ཡང་བདག་གིས་ཐབས་ཀྱིས་གསོ་བར་བྱའོ་ཞེས་སྨྲས་པ་ལ་སློབ་མ་རྣམས་ན་རེ། བློ་དང་ལྡན་པ་དག་གིས་མི་ནུས་པ་ཅི་ཡོད་ཅེས་ངོ་མཚར་དུ་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་སྙིང་རྗེའི་ཡིད་ཀྱིས་བུད་མེད་
དེ་གང་ན་ཡོད་པའི་དུར་ཁྲོད་འཇིགས་སུ་རུང་བར་མཚན་མོར་སོང་བ་དང་། དེར་འཇིགས་སུ་རུང་བའི་ཤ་ཟ་མོ་རྣམས་ཀྱིས་ས་དེར་ཁྱབ་པར་མཐོང་ནས་སློབ་མ་དག་ལ་སྲུང་བའི་སྔགས་ཀྱིས་གཙུག་ཕུད་བཅིངས་ནས། དེས་བསམས་པ། སྐྱེ་བོ་རྣམས་གང་ལ་ཆགས་ཤིང་ནན་ཏན་དུ་བྱེད་པའི་བུད་མེད་ཀྱི་ལུས་དེ་ནི་དུར་ཁྲོད་དུ་གསལ་པོར་མཐོང་བའི་རོ་དྲི་ང་བ་འདི་རྣམས་ཏེ། དེ་ལྟ་བུ་ལ་འཁྱུད་ཅིང་ཆགས་པའི་བློ་ནི་རེ་འཁྲུལ་ལོ་སྙམ་དུ་སྙིང་རྗེས་ནོན་པར་བྱས་ཤིང་། དེར་སློབ་མ་ལ་དྲིས་ནས་ཐོ་རངས་ལ་བབ་པའི་ཚེ། ཁྱོད་ནད་པ་རྣམས་གསོ་བའི་ཕྱིར་གྲོང་ཁྱེར་དུ་སོངས་ཤིག །བདག་གིས་བུད་མེད་དེ་ཐབས་ཀྱིས་བརྟན་པོར་བྱའོ་ཞེས་སྨྲས་ཏེ་སློབ་མ་མངགས་སོ། །བྱང་ཆུབ་སེམས་དཔའ་བུད་མེད་བདག་པོའི་བཀའ་ཐུབ་ཅན་དེ་བཙལ་བཞིན་པའི་ཚེ། དེར་ན་ཆུང་མ་དེ་ལངས་ནས་བདག་པོའི་ལུས་དེ་བཟུང་ཞིང་ཆུ་བོའི་འགྲམ་དུ་སོང་བའི་ཤུལ་གྱི་མལ་སྟན་མཐོང་ནས་དེའི་ལམ་དུ་ཤེས་ནས་བལྟས་པས་དེ་ཆུ་བོར་འགྲོ་བ་མཐོང་ངོ་། །དེར་བྱང་ཆུབ་སེམས་དཔའ་བུད་མེད་ཅིག་གི་ཀེང་རུས་ཕྲག་པར་བཀལ་ཏེ། དེའི་རྗེས་སུ་སོང་ངོ་། །བུད་མེད་དེས་ཀེང་རུས་དེ་ཆུ་འགྲམ་གྱི་ཤིང་སྡོང་ལ་བཅིངས་ནས། རེ་ཞིག་འཕགས་པའི་སྲས་སྡོད་ཅིག །ངས་གདོངས་པ་བཀྲུ་བའི་ཆུ་ཁྱེར་ཏེ་ཁྱོད་ཀྱི་གདོང་འཁྲུད་པར་བྱེད་ཅིང་། ཡིད་འོང་མིག་ཅན་གྱི་གདོང་བརྒྱན་པར་བྱའོ་ཞེས་སྨྲས་ཤིང་ཆུ་ལ་ཕྱོགས་ཏེ་སོང་བ་དང་། དེས་རང་གི་གྲིབ་མ་
ཆུ་དང་པར་ཤར་བ་ལ་བལྟས་ནས། མཛེས་མ་འདིས་བདག་གི་ཁྱོ་ཕོ་འཕྲོག་པར་བྱེད་དོ་སྙམ་དུ་དེ་ལ་ཚིགས་སྣ་ཚོགས་སྨྲ་ཞིང་། མཐར་ཁྲོ་བས་རྡོ་རྣམས་ཀྱིས་བརྡེགས་ཀྱང་དེ་མ་སོང་བ་ལ། ཁྱོད་དེ་ལྟར་མི་འགྲོ་ན་བདག་གིས་འཕགས་པའི་སྲས་བཟུང་ནས་འགྲོ་བར་འགྱུར་ཏེ་གང་དུ་སླར་འདི་མཐོང་བར་མི་འགྱུར་རོ་ཞེས་རང་གི་གྲིབ་མ་ལ་སྨྲས་ནས་ཀེང་རུས་ཕྲག་པར་བཞག་སྟེ་སོང་ངོ་། །དེས་ཀེ་ཤ་པ་མཐོང་ནས་ཅིའི་ཕྱིར་སྐྱེས་པ་འདིས་བུད་མེད་འཛིན་ཅིང་གཞན་ལ་འབྲོས་པ་བྱེད་པ་འདི་ལ་དྲི་བར་བྱའོ་སྙམ་དུ། ཀེ་ཤ་པ་ལ་སྨྲས་པ། ཁྱོད་ནི་བདག་ཁྱོ་བོ་དང་བཅས་པར་འགྲོ་བ་ལ་དོགས་ནས་འགྲོ་བ་ཅིའི་ཕྱིར། བདག་ནི་ཤ་ཟའི་བུད་མེད་མིན་པས་དོགས་པ་དོར་ལ་སྨྲོས་ཤིག་ཅེས་ཟེར་བ་ལ། བྱང་ཆུབ་སེམས་དཔའ་ན་རེ། སྲིང་མོ་ཁྱོད་ལ་འཇིགས་པ་མིན་ཏེ། འོན་ཀྱང་སྐྱེས་པ་གཞན་མི་འདོད་པའི་ཆུང་མ་འདི་བཟུང་ནས་གང་དུ་མི་རྣམས་མེད་པར་འགྲོའོ། །བདག་གི་བུད་མེད་འདི་ནི་མཛེས་པས་ལྷ་རྣམས་ཀྱང་མངོན་པར་དགའ་བ་འདི་ཁྱོད་ཀྱི་འཛའ་བོས་འཕྲོགས་པར་དོགས་ཏེ་འབྲོས་སོ། །བདག་གི་མཛའ་མོ་ནི་སྐྱེས་པ་གཞན་ལ་མི་དགའ་ཞིང་ཁྱོད་ཀྱི་མཛའ་བོ་མཐོང་ནས་ངོ་ཚ་བས་མིག་གཉིས་ཟུམ་པར་བྱས་སོ། །བདག་གིས་འདི་བཟུང་ནས་རིའི་ཕུག་ཏུ་ཡུན་རིང་གནས་པར་བྱེད་དོ་ཞེས་སྨྲས་པ་ལ། བུད་མེད་དེ་ན་རེ། འཕགས་པ་དེ་ལྟ་བུའི་དོགས་པ་མི་དགོས་ཏེ། ཁྱོད་ཀྱི་ཆུང་མ་ཚུལ་བཟང་བ་སྐྱེས་པ་གཞན་མི་འདོད་པ་དེ་ལྟར། །
བདག་གི་མཛའ་བོ་ཡང་དེ་ལྟར་ཚུལ་བཟང་བ་ཡིན་ལ། བརྟུལ་ཞུགས་མཉམ་པ་དག་གྲོགས་པོ་ཡིན་པས་ལེགས་སོ་ཞེས་ཟེར་ཏེ་དགའོ། །དེར་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་བདག་པོའི་བརྟུལ་ཞུགས་ལ་གནས་པའི་བུད་མེད་ཡིན་ན། ཆུ་བོ་འདིར་བདག་ཅག་ལྷན་ཅིག་གནས་པར་བྱའོ། །ཞེས་སྨྲས་པ་ལྟར་བྱས་ཏེ། ཀེ་ཤ་པས་ཆུ་འགྲམ་གྱི་ཤིང་རྩར་ཀེང་རུས་དེ་བཞག་སྟེ། རྒྱན་བྱེད་པར་བརྩམས་པ་ལ་བུད་མེད་དེས་ཀྱང་ཁྱོ་བོའི་ཀེང་རུས་བརྒྱན་པར་བརྩམས་ཞིང་དེ་གཉིད་དུ་སོང་བའི་ཚེ། བྱང་ཆུབ་སེམས་དཔས་ཀེང་རུས་དེ་ཉིད་ཀྱི་སྐེ་ཐག་པས་སྦྲེལ་བ། དལ་བུས་ཁྱེར་ཏེ་ཆུ་བོ་ལ་དོར་ནས་ཧ་ཧ་ཞེས་སོགས་དང་། མྱ་ངན་གྱི་སྒྲ་བརྗོད་པས་བུད་མེད་དེ་སད་པ་ལ། ཁྱོད་ཀྱི་བདག་པོས་བདག་གི་མཛའ་མོ་འཕྲོགས་སོ་ཀྱེ་མ་ཀྱི་ཧུད་ཅེས་བྱས་པས། དེ་གཉིས་པོས་ཀེང་རུས་གཉིས་ཀ་ཆུས་ཁྱེར་བར་མཐོང་ནས་ཀྱི་ཧུད་ཧ་ཧ་ཞེས་བརྗོད་དེ་ཆུ་འགྲམ་དུ་རྒྱུག་ཅིང་རྒྱུག་ཅིང་འགྲོ་བའི་ཚེ། བུད་མེད་དེས་མིག་མཆི་མས་གང་བཞིན་སྨྲས་པ། བདག་གིས་ནི་ཁྱོད་ལ་དུས་ཀུན་བརྒྱན་ཅིང་གུས་ཤིང་བྱམས་པ་རྒྱུན་མ་ཆད་པར་བྱས་ན། དེ་རིང་གཞན་གྱི་ཁྱིམ་ཐབ་འཕྲོག་པས་མཉན་གཤིན་འབྲས་བུ་མེད་པ་ཁྱོད་ཀྱིས་བདག་བསམ་པར་མ་བྱས་སོ། །ཞེས་སོགས་སྐད་ཅིག་གིས་ཁྲོ་བ། སྐད་ཅིག་གིས་སྡུག་བསྔལ་དང་ལྡན་པ། སྐད་ཅིག་གིས་སྨྲེ་སྔགས་འདོན་པ་དེ་ལ་བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟར་
ཁྲེལ་མེད་པས་མཉེས་གཤིན་དང་བྲལ་བའི་དོན་དུ་ངུ་བ་ནི་དོན་མེད་དོ། །ཁྱོད་ཀྱི་ཁྱོ་ཕོ་བུད་མེད་གཞན་མི་འདོད་པ་ཞེས་མ་སྨྲས་སམ། ཁྱོད་ཀྱི་ཁྱོ་ཕོ་བདག་ཉིད་ངན་པ་དེས་བདག་གི་མཛེས་མ་ཤིན་ཏུ་ཡིད་དུ་འོང་བ་ཏེ་ཕྲོགས་པས་བདག་སྟོང་པར་གྱུར་ཏེ་བརྟན་པ་བྲལ་ལོ། །དེ་སླར་མྱུར་དུ་འོང་བར་གྱིས་ཞེས་སྨྲེ་སྔགས་འདོན་པ་ལ། བུད་མེད་དེ་གོས་ཀྱིས་མགྲིན་པ་བཅིངས་ཤིང་འཕགས་པ་དེ་སླར་འོང་བར་བྱ་མི་ནུས་ཀྱི་བདག་གི་མིང་པོའི་བུ་མོ་ཡིད་དུ་འོང་བའི་གཟུགས་ཅན་ཞིག་ཡོད་ཀྱི་དེ་ཁྱོད་ལ་སྦྱིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ལ་ནི་མཆོག་གི་གདོང་ཅན་རང་གི་ཆུང་མ་དེ་མིན་པ་ལྷའི་བུ་མོ་གཞན་གྱིས་ཀྱང་དགོས་པ་མེད་དེ། གལ་ཏེ་དེ་ཁྲིད་མི་འོང་ན་རྡོ་བ་ཆེན་པོ་འདིས་ཁྱོད་ཀྱི་མགོ་བོ་ཕྱེ་མར་བྱའོ་ཞེས་ཁྲོ་བའི་ཚུལ་གྱིས་རྡོ་བ་ཆེན་པོ་ཞིག་བླངས་ཏེ་བུད་མེད་དེ་བརྡུང་བར་གཟས་པ་དང་དེ་སྐྲག་ནས་རྐང་པ་ལ་གཏུགས་ཤིང་། བདག་ནི་ཕོངས་ཤིང་གཉེན་མེད་པའི་བུད་མེད་དེ། དེ་བས་ནོངས་པ་བྱས་ཀྱང་བཟོད་པར་མཛད་དེ་གསད་པར་མི་མཛད་དུ་གསོལ་ཞེས་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔས་གལ་ཏེ་ཁྱོད་ཀྱིས་བདག་གི་ཚིག་ལས་མི་འདའ་ན་རྡོ་འདིས་མི་བསྣུན་ལ་ཁྱོད་ཀྱང་བདེ་བ་དང་ལྡན་པར་འགྱུར་རོ། །དེ་དེ་བཞིན་བྱ་ཞེས་ཁས་བླངས་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱི་ཁྱོ་ཕོ་ཤི་བའི་རུས་པ་ཕྲག་པར་ཁྱེར་ནས་ཁྱོ་ཕོ་ཉིད་དུ་རྣམ་པར་རྨོངས་པ་དེ་དོར་ཅིག །སྐྱེ་བོ་ཐམས་ཅད་འཆི་བ་དང་། །རི་དང་རྒྱ་མཚོ་དཔག་
བསམ་ཤིང་། །ལྷ་དང་ལྷ་མིན་མི་རྣམས་ཀྱི། །དཔལ་འབྱོར་དག་ཀྱང་མི་རྟག་གོ། དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པས་འཇིག་རྟེན་ལ་སྐྱོ་བ་སྐྱེད་ཅིག །གཉེན་ལ་ཆགས་པ་ལས་མྱ་ངན་སྐྱེ་ཞིང་ལྟུང་བར་འགྱུར་བས་ཁྱོད་ད་ནི་མྱ་ངན་བསང་བར་གྱིས་ཤིག་ཅེས་སྨྲས་པས་དེ་དྲན་པ་རྙེད་ནས། ཨེ་མའོ། ཁྱོད་ཀྱི་གདམས་ངག་གིས་མར་མེས་བདག་གི་ཀུན་རྟོག་ངན་པའི་མུན་པ་བསལ་བར་གྱུར་ཏོ་ཞེས་སོགས་དགའ་བས་བསྔགས་པ་བྱས་ན། བུད་མེད་དེ་རང་བཞིན་དུ་གནས་པ་བྱང་ཆུབ་སེམས་དཔས་གཉེན་འདུན་རྣམས་ཀྱི་ནང་དུ་ཁྲིད་པར་བྱས་སོ། །དེའི་ཚུལ་ལ་སློབ་མའི་ཚོགས་དང་སྐྱེ་བོ་རྣམས་ཀྱིས་ཀུན་ནས་བསྔགས་པར་བྱས་སོ། ༈ །ཡང་སྔོན་གྱི་དུས་ན་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་པས་བྱིན་གྱི་ཁབ་ཏུ་བྲམ་ཟེ་རིག་བྱེད་ལ་མཁས་པ་ཞིག་ནགས་སུ་སྨན་ཚོལ་བར་སོང་བ་དེས་སྨན་གྱི་ཁུར་བླངས་ཏེ་འོངས་ནས་བྲག་དཀྱིལ་ན་ངལ་གསོ་བའི་ཚེ་མིའམ་ཅི་མོ་ཞིག་གིས་མཐོང་ནས་ཕན་ཚུན་ཆགས་པར་གྱུར་ཏེ་གཉིས་ཀ་མིའམ་ཅི་མོའི་གནས་སུ་སོང་བ་དང་། དེར་ཕུག་གི་སྒོ་རྡོ་ཆེན་པོས་བཀག་པ་དེར་བཞག་ནས་དེ་དང་འདོད་པ་བསྟེན་པར་བྱས་པ་ལས། བཅོམ་ལྡན་འདས་ཉིད་དེའི་སྲས་སུ་འཁྲུངས་པ་དེ་ལོ་བརྒྱད་ལོན་པའི་དུས་སུ་ཕའི་དྲུང་ནས་བསྟན་བཅོས་དུ་མ་རྟོགས་པར་གྱུར་ཅིང་སྐར་མའི་རྩིས་ལའང་སྤོབས་པ་དང་ལྡན་པར་གྱུར་ཏོ། །དེ་ནས་དེས་མ་དང་ལྷན་ཅིག་ཕུག་ནས་ཕྱིར་
བྱུང་སྟེ་ཐུབ་པ་རྣམས་ལས་བསྟན་བཅོས་ལྷག་མ་རྣམས་རྟོགས་པར་བྱས་སོ། །དེའི་གོམས་པའི་དབང་གི་རྐང་རྗེས་ཀྱི་མཚན་མ་ལ་བསླས་པ་ཙམ་གྱིས་ཆོམ་རྐུན་ཤེས་པའི་ཚུལ་ཕ་མ་ལ་སྨྲས་སོ། །དེས་དེ་ལ་མིང་ཆོམ་རྐུན་ཤེས་པ་ཞེས་གྲགས་སོ། །དེར་རང་གི་ཕ་ལ་ཁྱོད་ཀྱི་སྐྱེ་བའི་ཡུལ་གང་ཡིན་ཞེས་དྲིས་པ་དང་། དེས་བཱ་རཱ་ཎ་སཱིའི་རྒྱལ་པོའི་ཁབ་ཡིན་ནོ་ཞེས་སྨྲས་པ་ལ། བུ་ན་རེ། ཕ་ཁྱོད་བདག་དང་ལྷན་ཅིག་བཱ་རཱ་ཎ་སཱིར་སོང་ནས་མཁས་པ་རྣམས་དང་ལྷན་ཅིག་བསྟན་བཅོས་ཉན་པར་འདོད་དོ། །ཕ་ན་རེ། བུ་གལ་ཏེ་སྒོ་གཅོད་པའི་བྲག་འདི་བསལ་བའི་མཐུ་ཁྱོད་ལ་ཡོད་ན་དེ་ལྟར་བྱའོ། །བུས་འབད་པ་ཆེན་པོས་བྲག་དེ་བསལ་ནས་དེ་གཉིས་ལྷན་ཅིག་བཱ་རཱ་ཎ་སིར་སོང་སྟེ། རྒྱལ་པོ་ལ་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་བདག་གི་བུས་རྐང་རྗེས་ལས་ཆོམ་རྐུན་ཤེས་སོ་ཞེས་སྨྲས་པས། རྒྱལ་པོས་བུ་དེ་ལ་བཀུར་སྟི་བྱས་སོ། །རྐང་རྗེས་ཤེས་པས་ཆོམ་རྐུན་ཐམས་ཅད་བསྟན་ཅིང་རྒྱལ་པོ་ལ་འདི་དག་བསད་པར་མི་བྱ་ཞེས་སྨྲས་པ་ལྟར་བྱས་པས་ཡུལ་དེ་རྐུན་མ་མེད་པར་གྱུར་ཏོ། །ནམ་ཞིག་རྒྱལ་པོ་དེ་རྟ་མཆོག་ལ་ཞོན་ནས་འཁོར་གྱི་ཚོགས་དང་བཅས་པར་མདུན་ན་འདོན་དང་གཏམ་སྨྲ་བཞིན་བཙུན་མོའི་ཚོགས་རྣམས་གནས་པའི་སྐྱེད་མོས་ཚལ་དུ་སོང་ཞིང་སླར་ཡང་ཕྱོགས་གཞན་དུ་སོང་བ་ལས་དབེན་པའི་ཕྱོགས་ཞིག་ཏུ་གཟུགས་ཅན་མའི་གཙོ་མོ་བཟང་མོ་ཞིག་ཤིན་ཏུ་གཉིད་འཐུག་པོར་ལོག་སྟེ་གོས་ཞིག་ཅིང་མུ་ཏིག་གི་དོ་ཤལ་ཅན་དེ་མཐོང་ནས་རྒྱལ་
པོས་མདུན་ན་འདོན་ལ་སྨྲས་པ། རྐང་རྗེས་ཤེས་པའི་ཡོན་ཏན་གྱི་མཐུས་འདི་ལྟར་གཉིད་ལོག་པའི་མུ་ཏིག་གི་དོ་ཤལ་འདི་ཡང་གཞན་གྱིས་མ་ཕྲོགས་སོ་ཞེས་སྨྲས་པ་ལ། མདུན་ན་འདོན་ལ་ཕྲག་དོག་གི་བློ་སྐྱེས་ཏེ། ལྷས་རྐང་རྗེས་ཤེས་པའི་སྐྱོན་མི་མཁྱེན་པར་ཡོན་ཏན་བརྗོད་པར་མཛད་དོ། །རྒྱལ་པོ་ན་རེ། དེའི་སྐྱོན་གང་ཡིན། མདུན་ན་འདོན་ན་རེ། དེ་རང་ཉིད་ཀྱིས་མཚན་མོར་གཞན་གྱི་ནོར་རྐུ་བ་ཡིན་པས་དེའི་མཚན་མ་ལྷའི་དྲུང་དུ་གསལ་བར་བྱས་པ་ཙམ་མོ་ཞེས་སྨྲས་སོ། །རྒྱལ་པོ་དེས་རྐང་རྗེས་ཤེས་པའི་ཆེ་བ་འདོན་པའི་ཕྱིར་བཟང་མོ་དེའི་མུ་ཏིག་གི་དོ་ཤལ་བདག་གིས་མདུན་ན་འདོན་ལ་ལེན་དུ་བཅུག་ནས་རྒྱལ་པོའི་གྲོང་ཁྱེར་ལ་ལན་གསུམ་བསྐོར་བ་བྱས་ཏེ། རང་གི་ཕོ་བྲང་དུ་སེང་གེའི་ཁྲིའི་འོག་ཏུ་ས་བརྐོས་ནས་སྦས་སོ། །བུད་མེད་དེ་སད་ནས་མུ་ཏིག་གི་དོ་ཤལ་སྟོར་བའི་མྱ་ངན་གྱིས་རྒྱལ་པོ་ལ་ཞུས་སོ། །དེར་རྒྱལ་པོས་མདུན་ན་འདོན་མངོན་སུམ་དུ་བཞག་སྟེ་རྐང་རྗེས་ཤེས་པ་ལ་བཟང་མོ་འདིའི་རིན་ཐང་ཆེ་བའི་མུ་ཏིག་གི་དོ་ཤལ་སྟོར་ན་དེ་སུས་ཁྱེར་ཞེས་སྨྲས་སོ། །རྐང་རྗེས་ཤེས་པས་ཕྱིར་ཕྱུང་ནས་གྲོང་ཁྱེར་ལན་གསུམ་བསྐོར་བ་བྱས་ཏེ། ཕོ་བྲང་དུ་འོངས་ནས་སེང་གེའི་ཁྲིའི་འོག་ཏུ་བལྟ་ཞིང་རྒྱལ་པོའི་བཞིན་ལ་བལྟས་ནས་ཡང་ཡང་བགོད་པར་གྱུར་ཏོ། །རྒྱལ་པོ་དེས་འདི་བགད་པ་ཅིའི་དོན་སྨྲོས་ཤིག །རྐང་རྗེས་ཤེས་པས་སྨྲས་པ། ལྷ་ལགས། མུ་ཏིག་གི་དོ་ཤལ་ཁྱེར་བའི་ཆོམ་
རྐུན་པ་དེ་ཐ་མལ་པ་ཞིག་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། འོ་ན་སྨྲོས་ཤིག །རྐང་རྗེས་ཤེས་པ་ན་རེ། ལྷས་དཔེ་གཅིག་གསན་པར་འོས་ཏེ། རྫ་མཁན་སོགས་ས་ལས་བྱ་བ་བྱེད་པ་རྣམས་ས་རྡིབ་ནས་མནན་པའི་ཚེ་གང་ལས་རྩི་ཤིང་སོགས་སྐྱེ་ཞིང་ཐམས་ཅད་འཚོ་བའི་ས་དེས་དེ་རིང་བདག་གིས་ལུས་བཅག་གོ་ཞེས་སྨྲས་པ་ལྟ་བུའོ་ཞེས་སྨྲས་ནས་ཅང་མི་སྨྲའོ། །དེ་ལ་རྒྱལ་པོས་གསལ་པོར་སྨྲོས་ཤིག་ཅེས་བྱས་པ་ལ། འོ་ན་གསལ་བར་སྨྲ་བཞེད་ན་དཔེ་གཞན་ཡང་གསན་པར་མཛོད་ཅིག །བྲམ་ཟེ་རྣམས་ཀྱིས་མེ་ལ་སྦྱིན་སྲེག་བྱེད་པའི་ཚེ། དེའི་ལག་པ་མེ་སྟག་གིས་ཚིག་པ་ན་དེ་འདི་སྐད་དུ། གང་ཞིག་བདག་གིས་ཉིན་བཞིན་སྲེག་བླུགས་ཀྱིས། །མཆོད་ཅིང་འདུད་པའི་སེམས་ཀྱིས་ཕྱག་བྱས་པའི། །མེ་དེས་ཀྱེ་མ་བདག་ལ་སྲེག་བྱེད་ན། །ལུས་ཅན་རྣམས་ལ་སྐྱབས་ནི་སུ་ཞིག་འགྱུར། །ཞེས་ཟེར་བ་ལྟ་བུའོ། །ཞེས་སྨྲས་ནས་ཅང་མི་སྨྲའོ། །རྒྱལ་པོ་ན་རེ། ཁྱོད་ཀྱི་ཚིག་འདི་དག་བདག་གིས་མི་ཤེས་པས་ཤིན་ཏུ་གསལ་པོར་ཇི་ལྟར་གྱུར་པ་སྨྲོས་ཤིག །དེ་ན་རེ། རྒྱལ་པོ་ཆེན་པོ་གལ་ཏེ་ཤིན་ཏུ་གསལ་པོར་སྨྲས་ན་འདི་ལྟ་སྟེ་ཞེས་ཁྲུས་བྱ་བའི་ཕྱིར་ཆུ་ལ་ཞུགས་པས་བྲམ་ཟེ་ཆུས་ཁྱེར་བ་དང་། ཤིང་གི་ས་བོན་ཟོས་པའི་འདབ་ཆགས་རྣམས་ཤིང་ལས་བྱུང་བའི་མེས་བསྲེགས་པ་ན་སྐྱབས་མེད་པའི་དཔེས་བསྟན་ཀྱང་དེ་རྣམས་མི་ཤེས་པས་ད་དུང་གསལ་པོར་སྨྲོས་ཞེས་བྱས་པ་ལ། ཡང་དཔེ་སྨྲས་པ། ཇི་ལྟར་ཞིང་པ་ལ་
ལ་ཞིག་གིས་ཞིང་རྨེད་པའི་ཕ་དེའི་དྲུང་དུ་རང་གི་བུ་མོ་མཛེས་མས་བཟའ་བ་ཁྱེར་ཏེ་འོངས་པས་སྐ་རགས་གྲོལ་བ་ལ་ཕ་དེ་གློ་བུར་དུ་ཆགས་པས་འདོད་པ་བསྟེན་པར་བྱས་ཤིང་སླར་འགྱོད་དེ་བུ་མོ་ཁྱོད་ཀྱིས་འདིར་བཟློག་པར་ཅིས་མི་བྱེད་ཅེས་སྨྲས་པ་ལ། བུ་མོ་ན་རེ། ཁྱོད་ནི་བདག་གི་སྐྱབས་ཡིན་ཀྱང་། ཁྱོད་ལས་མི་རིགས་པ་འདི་འབྱུང་ན་གཞན་སུས་བདག་ལ་གནོད་པ་ལས་སློང་སྟེ། མར་མེ་ལས་མུན་པ་འབྱུང་ན་སླར་གང་གིས་གསལ་བར་མི་བྱེད་པ་དང་འདྲའོ་ཞེས་སྨྲ་བ་དེ་ལྟ་བུའོ་ཞེས་སྨྲས་ནས་ཅང་མི་སྨྲའོ། །རྒྱལ་པོ་ན་རེ་འདི་ཙམ་ཁྱོད་ཀྱིས་སྨྲས་ཀྱང་མི་ཤེས་སོ་ཞེས་སྨྲས་སོ། །དེ་ན་རེ། དེ་ལྟ་ན་བདག་གིས་གསལ་པོ་སྨྲ་སྟེ། གཉིད་ལོག་པའི་ན་ཆུང་མའི་མུ་ཏིག་གི་དོ་ཤལ་ནི་མདུན་ན་འདོན་འདིས་མངོན་དུ་ཁྱེར་བར་བྱས་སོ། །རྒྱལ་པོ་ན་རེ་འོ་ན་སླར་གང་དུ་བཞག་དེས་སྨྲས་པ། སེངྒེའི་ཁྲི་འདི་སོལ་དང་ཞེས་ཟེར་རོ། །དེ་བསལ་བ་དང་ས་བརྐོས་པ་ན་མུ་ཏིག་གི་དོ་ཤལ་དེ་བླངས་པ་དང་། རྒྱལ་པོ་ངོ་མཚར་སྐྱེས་ཏེ། བློ་གྲོས་ཅན་ཡོན་ཏན་དང་ལྡན་པ་དེ་ལྟ་བུ་ལ་ཕྲག་དོག་གིས་བརྙས་པའི་ཡིད་ཅན་མདུན་ན་འདོན་དེ་ཕྱིར་བྱུང་བར་བྱས་སོ། །བུད་མེད་དེ་ཡང་མུ་ཏིག་གི་དོ་ཤལ་བླངས་ཏེ་རང་གི་ཁྱིམ་དུ་དགའ་བས་སོང་ངོ་། །བྱང་ཆུབ་སེམས་དཔའ་རྐང་རྗེས་ཤེས་པས་ཀྱང་རྒྱལ་པོ་ལ་འདོད་པའི་ཉེས་དམིགས་སོགས་ཆོས་ཀྱི་གཏམ་བྱས་པ་ལ་རྒྱལ་པོ་དགའ་ནས་ལེགས་སོ་ཞེས་བྱས་ཤིང་ཡོ་བྱད་ཆེན་པོས་
བཀུར་སྟི་དག་ཀྱང་བྱས་སོ། ༈ །ཡང་སྔོན་གྱི་ཚེ་དྲང་སྲོང་རྒྱས་པའི་སྲས་གར་གྱི་ཆ་བྱད་རྣམས་ལ་མཁས་པའི་སྲས་མོ་དཔེ་མེད་མ་ཞེས་བྱ་བ་གཟུགས་ཀྱི་ཡོན་ཏན་རྨད་དུ་བྱུང་བས་སྐྱེ་བོ་ཐམས་ཅད་ཡིད་འཕྲོག་པར་ནུས་པ་ཉིད་དུ་བཅོམ་ལྡན་འདས་ཉིད་སྐྱེ་བ་བཞེས་པར་གྱུར་པའི་ཚེ་ལོ་གཉིས་ལོན་ནས་ཕ་མ་འདས་པར་གྱུར་ཀྱང་། དེའི་ཕའི་གྲོགས་པོ་རྒྱས་པ་ཐམས་ཅད་ཀྱི་གཙོ་བོ་དེས་དཔེ་མེད་མའི་སྐྱེ་བོའི་ཚོགས་ལ་སྨྲས་པ། ཁྱེད་རྣམས་འདོད་ན་བདག་གི་འདི་གར་གྱི་ཆ་བྱད་རྣམས་ལ་མཁས་པར་བྱའོ་ཞེས་སྨྲས་པ་ལྟར་དེས་གར་གྱི་ཚུལ་རྣམས་བསླབས་པས་མཁས་པར་གྱུར་ཅིང་། ཉི་མ་རེ་རེ་ལ་གར་གྱི་ཆས་རྣམས་གྲུབ་པར་བྱས་ནས་དེ་ལ་བྱིན་ནོ། །དེའི་ཚེ་ཡུལ་གྱི་རྒྱལ་པོ་དེས་གཙོ་བོ་དེ་བོས་ནས་གར་དང་གླུའི་སྦྱོར་བར་བརྩམ་པར་བྱོས་ཞེས་སྨྲས་པ་ལ། གཙོ་བོ་དེས་གར་གྱི་ཆས་རྣམས་བཟུང་ནས་དཔེ་མེད་མ་དང་ལྷན་ཅིག་རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་ཟློས་གར་གྱི་སྦྱོར་བ་རབ་ཏུ་བརྩམས་སོ། །དེར་དཔེ་མེད་མས་ཡིད་འཕྲོག་པའི་གཟུགས་ཀྱིས་སྒེག་པ་ལ་སོགས་པའི་ཉམས་ཀྱིས་གར་བྱས་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་ཡིད་ཕྲོགས་ནས་དེ་དང་འཕྲད་འདོད་པར་གྱུར་ཏོ། །དེ་ན་དཀའ་ཐུབ་པའི་སྲས་ཤིག་དཀའ་ཐུབ་སྤྱོད་པས་ངལ་ཞིང་སྐྱོ་ནས་ཁྱིམ་གྱི་དགའ་བ་ལ་ཡིད་ཕྱོགས་པ་ཞིག་གིས་བདག་ཁྱིམ་ན་གནས་པར་བྱའོ་སྙམ་དུ་འོངས་པ་དེས་རྫ་རྔའི་སྒྲ་ཐོས་པས་དེར་ལྟད་མོ་ལྟར་འོང་བ་ན་དཔེ་མེད་མའི་
གར་གྱི་རྣམ་འགྱུར་མཛེས་མའི་གཟུགས་མཐོང་ཞིང་། གླུ་སྙན་ལ་ཐོས་པས་ཡིད་ཕྲོགས་ཏེ། འདི་ལྟ་བུ་ནགས་ན་མཐོང་བ་མིན་པས་བདག་གིས་དཀའ་ཐུབ་ཀྱི་གནས་དོར་བར་རིགས་སོ་སྙམ་མོ། །དེའི་ཚེ་དཔེ་མེད་མའི་སྟོད་གོས་ལྷུང་བས་ཡིད་དུ་འོང་བའི་ནུ་འབུར་གཉིས་མཐོང་སྟེ་གཙོ་བོ་དེ་འདོད་པ་སྐྱེས་པ་ཤེས་ནས། དཔེ་མེད་མས། ཆོས་ལ་ཡིད་ནི་ཉམས་མེད་རིང་གཏད་ནས། །སུ་ཞིག་དམྱལ་བའི་དོན་དུ་སྡིག་པ་བྱེད། །མཚན་མོ་མར་མེ་སྣང་བར་བྱེད་པ་དེར། །ལམ་ཉམས་རྣམས་ནི་ངེས་པར་དོན་མི་འགྲོ། །ཞེས་སྨྲས་པའི་ལེགས་བཤད་དེས་སློབ་མ་ལ་སློབ་དཔོན་གྱིས་བསྒོས་པ་ལྟར་དེ་ལམ་ངན་པ་ལས་བཟློག་པས་གཙོ་བོ་དེས་ལེགས་སོ་ཞེས་བྱས་ནས་རང་གི་སྟོད་གོས་དཔེ་མེད་མ་ལ་བྱིན་ནོ། །དཀའ་ཐུབ་པའི་སྲས་དེར་ཀྱང་ལེགས་བཤད་དེ་ལ་ལེགས་སོ་ཞེས་བྱས་ནས་དཔེ་མེད་པའི་མདུན་དུ་ཤིང་གི་ལོ་མ་དང་བཅས་པའི་ཁྲི་སྙན་སཱ་ལའི་པགས་པ་ནག་པོ་བཞག་པར་གྱུར་ཏོ། །དེར་ཚོང་པ་གཉིས་ཀྱིས་གོས་ཟླ་བ་ལྟར་དཀར་བ་དག་བཞག་གོ། དེ་ནས་བློན་པོ་དང་རྒྱལ་པོའི་སྲས་དག་གིས་ཀྱང་ཟླ་བ་ལྟ་བུའི་གོས་རེ་བཞག་གོ། དེར་གར་གྱི་ལྟད་མོ་རྫོགས་པའི་ཚེ་རྒྱལ་པོས་ཐོག་མར་གཙོ་བོ་ལ་ཁྱོད་ཀྱིས་དཔེ་མེད་མ་ལ་གོས་ཀྱིས་ཅིའི་དོན་དུ་བརྒྱན་ཞེས་དྲིས་པ་ལ། དེ་ན་རེ། ལྷ་གསན་པར་མཛོད་ཅིག །འདིའི་གོས་ལྷུང་བའི་གཟུགས་ཀྱི་ཡོན་ཏན་ལ་བདག་ཆགས་པའི་ཚེ་ན། འདིས་ལེགས་པར་བཤད་པས་བདག་གི་བློའི་
མུན་པ་བསལ་བ་དེའི་སླད་དུའོ། །ཡང་རྒྱལ་པོས་དྲང་སྲོང་གི་སྲས་ལ། ཅིའི་ཕྱིར་ཁྱོད་ཀྱིས་དཔེ་མེད་མ་ལ་ཤིང་ལོ་དང་བཅས་པའི་པགས་པ་བཞག །དེས་སྨྲས་པ། བདག་གིས་དཀའ་ཐུབ་བཏང་ནས་ཁྱིམ་དུ་གནས་པར་འདོད་པ་ལ་འདིས་ལེགས་བཤད་ཀྱིས་དཀའ་ཐུབ་མི་གཏོང་བར་བྱས་པའི་ཕྱིར་ན་བདག་གིས་བཀུར་བར་བྱས་སོ། །དེ་ནས་ཚོང་པ་གཉིས་ལ་དྲིས་པ་དང་། དེ་དག་གིས་དེད་དཔོན་ཞིག་གིས་གཞན་དུ་འགྲོ་བའི་ཚེ་མུ་ཏིག་གི་དོ་ཤལ་བདག་ལ་གཏད་པ་དེ། བདག་གི་དགའ་སྟོན་གྱི་དུས་ན་མཛའ་མོ་ཞིག་གི་མགྲིན་རྒྱན་དུ་བྱས་སོ། །དེ་མཐོང་ནས་བདག་གི་ཁྱིམ་ཐབ་མོས་དྲིས་པ་ལ། དེས་དེད་དཔོན་ཞིག་གིས་བདག་གི་བདག་པོའི་ལག་ཏུ་བཞག་པ་སྟེ། དེར་ཡང་ཁྱོད་ཀྱི་ཁྱོ་ཕོ་དཔང་པོ་ཉིད་བྱས་པར་གྱུར་ཏོ། །ཞེས་ཟེར་བ་ལ། དེས་སྨྲས་པ། དེད་དཔོན་འོངས་ཀྱང་གལ་ཏེ་བདག་གི་ཁྱོ་བོས་མ་སྨྲས་ན་འདི་བདག་ཅག་ཐུན་མོང་གི་དོ་ཤལ་དུ་འགྱུར་རོ་ཞེས་ཁྱིམ་བདག་མོ་གཉིས་ཀྱིས་བློ་གྲོས་ངན་པའི་ཚིག་དེ་ཐོས་ནས་བདག་ཅག་ཀྱང་འདོད་པས་ཟིལ་གྱིས་ནོན་པས་དེ་ལྟར་བགྱི་ཞེས་ཁས་བླངས་པ་ལ། འདིའི་ལེགས་བཤད་ཀྱིས་དགེ་བ་འཕྲོག་པའི་བརྣབས་སེམས་དེ་དོར་བར་བྱས་པས་སྐྱེ་བ་བཟང་པོ་ཐོབ་པའི་ལམ་ལ་ཞུགས་པ་དེའི་ཕྱིར་ལེགས་སོ་ཞེས་བརྗོད་ཅིང་གློ་བུར་གོས་དག་དོར་བར་བྱས་སོ། །དེ་ནས་རྒྱལ་པོས་བློན་པོ་ལ་ཁྱོད་ཀྱིས་ཀྱང་གོས་དེ་ལ་ཅིའི་ཕྱིར་བསྒྱུར་ཞེས་དྲིས་པ་ལ། བློན་པོ་དེས་པུས་མོ་བཙུགས་ཏེ་
གལ་ཏེ་ལྷས་བདག་ལ་མི་འཇིགས་པ་སྦྱིན་ན་བརྗོད་པར་བགྱིའོ་ཞེས་སྨྲས་པ་ལ། རྒྱལ་པོས་ཀྱང་མི་འཇིགས་པ་བྱིན་ནོ། །བློན་པོ་དེས་དབེན་པར་རྒྱལ་པོ་ལ་གསོལ་བ། གདུག་པ་བདག་དང་ལྷའི་བཙུན་མོའི་གཙོ་མོ་དག་བགྲོས་ཏེ། ས་སྐྱོང་འདི་གཉིད་ལོག་པའི་ཚེ་དུག་གམ་རལ་གྲི་རྣོན་པོས་བསད་དེ་བདག་ཅག་ཉིད་རྒྱལ་སྲིད་འཛིན་པར་བྱའོ་ཞེས་ཆད་བྱས་པ་དེ་དཔེ་མེད་པའི་ལེགས་བཤད་ཀྱི་སྣང་བས་བཅོམ་པར་བྱས་པ་དེའི་ཕྱིར་གོས་ཀྱི་བཀུར་སྟི་བྱས་སོ། །དེ་ནས་རྒྱལ་པོ་དེས་རྒྱལ་ཚབ་ཏུ་དབང་བསྐུར་བའི་སྲས་ལ་ཁྱོད་ཅིའི་ཕྱིར་དཔེ་མེད་མ་ལ་གོས་བྱིན། དེས་སྨྲས་པ། ཡབ་ཀྱིས་གསན་པར་འོང་ཟེར་ཏེ། བློན་པོ་ཆེན་པོ་སྡིག་པ་ཅན་དང་ལྷན་ཅིག་རིགས་སུན་འབྱིན་པའི་མ་མ་འདི་གསད་པར་བྱ་སྙམ་པའི་ཀུན་རྟོག་བདག་ལ་སྐྱེས་པ་དེ། དཔེ་མེད་མས་ལེགས་པར་བཤད་པ་དེས་བདག་གི་ཆོས་མིན་གྱི་བསམ་པ་དེ་བཟློག་པར་བྱས་པས་སློབ་དཔོན་བཞིན་དུ་གྱུར་པ་དེ་ལ་གོས་ཀྱིས་མཆོད་པར་བྱས་སོ། །ཞེས་སྨྲས་སོ། །དེ་ཐོས་པས་རྒྱལ་པོ་དེས་དེ་རྣམས་ལ་ལེགས་སོ་ཞེས་སྨྲས་ཏེ། དཔེ་མེད་མ་བོས་ནས་ནོར་ཆེན་པོའི་བྱིན་ཅིང་གུས་པར་བྱས་ཏེ་བསྟོད་པ་དག་གིས་བསྟོད་ནས་ཐམས་ཅད་རང་གི་གནས་སུ་སོང་བར་གྱུར་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་ལེགས་པར་བཤད་པའི་ཚིགས་བཅད་གཅིག་གིས་ཀྱང་སེམས་ཅན་དུ་མའི་དོན་ཆེན་པོ་
བྱེད་པ་ལ་གུས་པར་བྱའོ། ༈ །ཡང་སྔོན་འབྱོར་པ་ཆེན་པོས་མངོན་པར་དགའ་བ་འཇོག་པོའི་བྲག་ཅེས་བྱ་བའི་རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་ཉིད་བསྟན་བཅོས་དུ་མའི་ཕ་རོལ་ཏུ་སོན་ཅིང་དུལ་བ་དང་བཟོད་པ་སོགས་ཀྱི་ཡོན་ཏན་ཆེན་པོས་འཇིག་རྟེན་ཐམས་ཅད་ཀྱི་གཉེན་དང་འདྲ་བའི་དེད་དཔོན་ལེགས་འགྲོ་ཞེས་བྱ་བར་གྱུར་པ་དེས་སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྣང་བར་བྱེད་དོ། །དེར་བཱ་རཱ་ཎ་སཱིར་ལྷའི་བུ་མོ་དང་འདྲ་བའི་རེས་མའི་སྨད་འཚོང་མའི་མིང་མཆན། གཙོ་མོ་བཟང་མོ་ཞིག་གིས་དེད་དཔོན་མང་པོ་དབང་དུ་བྱས་པར་ཐོས་ནས། དེའི་གཟུགས་ཀྱི་ང་རྒྱལ་བསལ་བའི་ཕྱིར་ལེགས་འགྲོ་དེ་གྲོགས་མང་པོ་དང་བཅས་པར་བཱ་རཱ་ཎ་སཱིར་སོང་ངོ་། །དེ་སྐྱོན་ཅན་རྣམས་ཀྱིས་རེས་མའི་གཙོ་མོ་ལ་ཁྱོད་ཀྱི་མཛེས་པས་པདྨ་དག་ལ་བུང་བ་བཞིན་དུ་ཐམས་ཅད་འགུགས་པར་བྱེད་ན། མཁས་ཤིང་གསལ་བ་ལེགས་འགྲོ་དེ་འོང་བ་ལ་ཕོ་ཉ་བཏང་སྟེ་སྙན་པར་སྨྲ་བས་དེ་བཀུག་ནས་རང་དབང་དུ་གྱིས་ཞེས་སྨྲས་པ་ལྟར། དེས་ཕོ་ཉ་ཚིག་གསལ་བར་སྨྲ་བ་མངགས་པ་དེས་གུས་པར་ལེགས་འགྲོ་ལ་སྨྲས་པ། རེས་མའི་གཙོ་མོ་ཐམས་ཅད་ཀྱི་དཔལ་འཕྲོག་པར་བྱེད་པ་དེས་ཁྱོད་རང་གི་ཁྱིམ་བཞིན་དུ་འདིར་གཤེགས་ལ་བདག་ཅག་རྗེས་སུ་བཟུང་བར་མཛོད་ཅེས་སྨྲའོ། །ཞེས་བྱས་སོ། །ལེགས་འགྲོས་སྨྲས་པ། སྐྱེ་བོ་ཐམས་ཅད་ཀྱང་སེམས་དབང་དུ་བྱེད་པའི་སྔགས་ལ་གཟུགས་དང་ལྡན་པ་ཁྱོད་འདྲ་བ་མེད་པས་བདག་འདིར་འོངས་པ་ལ་དགོས་པ་
གཞན་མེད་དེ་བདག་དེར་འོང་འདོད་པ་ཁོ་ན་ཡིན་ནོ་ཞེས་སྨྲས་ནས་རེས་མའི་གཙོ་མོ་གོས་དཀར་པོ་དང་ལྡན་པའི་གཡོག་མོའི་ཚོགས་དང་བཅས་པའི་ཁྱིམ་དུ་ཞུགས་སོ། །དེར་རེས་མའི་གཙོ་མོས་ལེགས་འགྲོ་མཐོང་ནས་ལངས་ཏེ་དགའ་ཞིང་དགོད་ལ་མིག་ཟུར་གྱིས་ལྟ་བ་སོགས་སྒེག་ཅིང་ཆགས་པའི་རྣམ་འགྱུར་སྣ་ཚོགས་བསྟན་ནས་མཚན་མོ་ཕྲད་པར་འདོད་པའི་ཀུན་རྟོག་གིས་འདོད་པའི་གཏམ་སྣ་ཚོགས་སྨྲ་ཞིང་། དེར་ལེགས་འགྲོ་དེས་མཚན་མོ་དེ་ལ་རེས་མའི་གཙོ་མོ་དང་ལྷན་ཅིག་དགའ་མགུར་བྱས་ཏེ། ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བརྒྱ་རི་བའི་མུ་ཏིག་གི་དོ་ཤལ་བྱིན་ནོ། །གཉིས་པའི་ཞག་ལ་གསེར་གྱི་རྒྱན་ཆས་དེ་བརྒྱན་པར་བྱས་སོ། །གསུམ་པའི་ཞག་ལ་དངུལ་གྱི་རྒྱན་ཉུང་བ་ཙམ་བྱིན་པ་ལ། རེས་མའི་གཙོ་མོ་དེ་ཁྲོ་བ་དང་ལྡན་པར་སོང་ནས་རྒྱལ་པོ་ཚོངས་པས་བྱིན་ལ་གཏམ་ཞུས་ཤིང་། བདག་གིས་ནི་འདི་ལ་དགའ་བའི་སྤྱོད་པ་ཉི་མ་རེ་རེ་ལས་ཇེ་ལྷག་ཏུ་བྱས་ན། ལེགས་འགྲོ་འདི་ནི་མཉེས་གཤིན་ཇེ་ཆུང་དུ་འགྲོ་བ་ཅིའི་ཕྱིར་ཞེས་ཞུས་སོ། །རྒྱལ་པོས་ལེགས་འགྲོ་བོས་ནས་རེས་མའི་གཙོ་མོ་དང་ལྷན་ཅིག་གཏམ་བྱེད་དུ་བཅུག་པ་ན། བཟང་མོ་དེ་ན་རེ། ལྷ་ལགས་མཉེས་གཤིན་པ་མེད་པའི་ཡིད་འདི་སྨོས་པས་ཅི་ཞིག་བྱ་སྟེ། ཆུ་མེད་པ་ལ་ཟམ་པ་འཛུགས་པ་བཞིན་ནོ། །ལེགས་འགྲོ་འདི་ལ་དགའ་བར་བྱས་ཀྱང་འབྲས་བུ་མེད་པར་གྱུར་ཏོ་ཞེས་སྨྲས་སོ། །རྒྱལ་པོ་དེ་ལ་ལན་ཐོབ་ཅེས་སྨྲས་པ་ལ། ལེགས་འགྲོ་ན་རེ། འདིའི་བཙོང་བྱ་འདི་ནི་རང་
བཞིན་གྱིས་སྐྱོན་དང་བཅས་པ་སྟེ། འདི་ཡི་ལུས་ནི་ཞག་གི་སྐབས་རྣམས་སུ་འགྱུར་བར་མཐོང་ནས་རྒྱན་ཀྱང་གཞན་དང་གཞན་བྱིན་པ་ཡིན་ནོ། །མེ་ཏོག་རྙིང་པ་རྣམས་བུང་བས་དོར་བ་ལྟར། སྐྱེ་བོ་རྣམས་ཀྱིས་ཇི་སྲིད་ཡིད་དུ་འོང་བ་དེ་སྲིད་དུ་འདོད་པར་བྱས་ནས་རྙིང་པའི་ཚེ་འདོར་ཞིང་གསར་པ་བསྟེན་པ་ཡིན་ལ། དངོས་པོ་རྣམས་ནི་ཆོས་ཉིད་ཀྱིས་སྐད་ཅིག་གིས་སྐྱེ་ཞིང་འགག་སྟེ། ལང་ཚོ་ནི་རྒ་བས་འཕྲོག་ཅིང་། ཚེ་ནི་འཆི་བས་འཕྲོག་པ་སོགས་ཐམས་ཅད་མི་རྟག་གོ། རྒ་ན་འཆི་བས་སྡུག་བསྔལ་བས་སེམས་ཀྱི་བརྟན་པ་འཕྲོག་པར་བྱེད་པ་མི་ཤེས་པ་དག་ནི། བུད་མེད་ཅེས་བྱ་བ་རུས་པའི་ཕྲེང་བ་མི་གཙང་བའི་གཟེབ་ཅན་ལ་ཆགས་ནས་རྨོངས་པར་འགྱུར་ཏེ། མཁས་པ་རྣམས་ཀྱིས་བུད་མེད་ལ་ཆགས་པ་སྐྱོན་མང་པོ་གནས་སུ་ཤེས་ནས་སྨད་པར་བྱེད་དོ་ཞེས་སྨྲས་པ་ལ། རྒྱལ་པོས་ལེགས་སོ་ཞེས་བསྟོད་ཅིང་། རེས་མའི་གཙོ་མོ་དེ་ཡང་གཟུགས་དང་ལང་ཚོའི་ང་རྒྱལ་དང་བྲལ་ཏེ་རབ་ཏུ་ཞི་བ་ལ་རྩེ་གཅིག་ཞུགས་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་བག་མེད་པ་རྣམ་པར་བཟློག་ནས་ཚུལ་ཁྲིམས་བཟུང་བར་གྱུར་ཅིང་། བྱང་ཆུབ་སེམས་དཔའ་དེ་སླར་ཡང་ལྗོན་ཤིང་གི་བྲག་ཉིད་དུ་སོང་བར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་ལྷ་རྣམས་ཀྱི་རྒྱལ་པོ་བརྒྱ་བྱིན་ཉིད་དུ་གྱུར་པའི་ཚེ། ནགས་ཀྱི་གནས་སུ་དཀའ་ཐུབ་པ་ཞིག་གནས་པ་དེའི་དྲུང་དུ་རི་དྭགས་དང་འདབ་ཆགས་
རྣམས་ཀྱང་སློབ་མ་ལྟར་དགའ་བས་གནས་སོ། །དེར་གླང་མོའི་ཕྲུག་གུ་ཤིན་ཏུ་སྡུག་གུ་ཞིག་བཙས་པ་དེ་མ་དང་བྲལ་བ་དེ་ལ་དྲང་སྲོང་དེས་བུ་ལྟར་བྱམས་པར་བྱེད་ཅིང་། ཕྲུ་གུ་དེས་ཀྱང་པདྨའི་རྩ་བ་དང་འོད་མའི་འདབ་མ་སོགས་བཟུང་སྟེ་ཐུབ་པ་དེའི་ལག་ཏུ་གཏོད་པར་བྱེད་དོ། །དེ་ཤིང་ལོའི་ཁང་པའི་ཉེ་འཁོར་དུ་གནས་ཤིང་དྲང་སྲོང་དེ་གང་དུ་འགྲོ་བར་ཁྲིད་ནས་རི་དགས་པགས་པ་སོགས་དེ་ལ་བཀལ་ཏེ་འོང་བར་བྱེད་ཅིང་དྲང་སྲོང་གི་ལས་སུ་བྱ་བ་ཕལ་ལ་དེས་གྲོགས་བྱེད་དོ། །ནམ་ཞིག་ཕྲུ་གུ་དེ་རང་གི་མའི་རྗེས་སུ་འབྲང་ནས་ནགས་སུ་འཁྱམས་སོ། །དྲང་སྲོང་དེས་མེའི་སྦྱིན་སྲེག་སོགས་བྱས་ནས་ཟས་བཟའ་བའི་ཚེ་གླང་ཕྲུག་དེ་བཙལ་ཀྱང་མ་མཐོང་བས། ཟས་ཀྱི་བྱ་བ་བཞག་སྟེ། དེའི་རྐང་རྗེས་ལ་བལྟས་ནས་བཙལ་བ་ན་མའི་ནུ་མ་ནུ་བར་མཐོང་ནས་མྱ་ངན་བྱེད་པ། གླང་མོའི་ཕྲུ་གུ་དེས་མཐོང་ནས་བསུ་བར་གྱུར་ཏོ། །དྲང་སྲོང་དེས་མཆི་མས་མིག་གང་བཞིན་དེའི་མགོ་ལ་ལག་པས་བྱུགས་ཏེ། ཁྱོད་མའི་ནུ་མ་འཐུང་བས་ཅི་བྱ། ཆུ་འཐུང་ཞིང་བདག་ཅག་གི་བསྟི་གནས་སུ་འདོང་ཞེས་ཁྲིད་ནས། དེ་ལ་ཤིང་ལོའི་སྤྱིལ་བུ་བྱས་ཏེ། ཉིན་མཚན་དུ་དེ་སྲུང་བའི་སེམས་པས་ཤིན་ཏུ་བྱམས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་བརྒྱ་བྱིན་གྱིས་ལྷའི་མིག་གིས་གླང་པོའི་ཕྲུ་གུ་ལ་ཤིན་ཏུ་བྱམས་པས་ཡིད་ཞེན་པ་དྲག་པོ་ཅན་དེ་ལ་བལྟས་ནས་འདི་སྙམ་དུ། ཐུབ་