Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་པ། དྲིས་ལན།


  collapse section
   
   
   
   
   
   
   
   
   
དྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པ།next

དྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པ།

དྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པའོ། །

དེའི་ལན་ནི། སོ་སོ་རང་རིག་པའི་དབྱིངས་རིག་གཉིས་སུ་མེད་པའི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ། ཤེར་ཕྱིན་གྱི་མཚན་ཉིད་ཡིན་ཏེ། མདོ་ལུགས་མ་༣༡ལས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། དངོས་དང་བཏགས་པ་གང་ཡིན་པའོ། །ཤེར་ཕྱིན་དངོས་ནི་ཆོས་ཉིད་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་དོན་དམ་པའི་ཤེས་རབ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་སུ་མེད་པའི་གཤིས་ལུགས་ཀྱི་སངས་རྒྱས་བདེན་པ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུ་བླ་ན་མེད་པའི་བྱང་ཆུབ་དེ་བཞིན་ཉིད་བདག་དག་པའི་བདག་དམ་པ་རང་གི་ངོ་བོ་སྐྱེ་འགག་དང་འཕེལ་འགྲིབ་ལ་སོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་ཡེ་ནས་སྟོང་པའི་གཞི་ལ་ལྷག་མར་གྱུར་པ་གང་ཡིན་པའི་གཞན་སྟོང་ཟབ་མོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་པྲ་ཕབ་བརྒྱད་དང་མཚུངས་པ་ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་རང་བཞིན་གཉུག་མའི་ཡོན་ཏན་མཚན་དཔེ་དང་སྟོབས་བཅུ་ལ་སོགས་པ་ནམ་མཁའ་གང་བའི་བདག་ཉིད་རྡུལ་ཕྲན་དང་རྣམ་ཤེས་ལས་འདས་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ཡིན་ནོ། །ཞེས་དང༌། མདོ་ལས། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་དང༌། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཞེས་སོགས་ཀྱི་ཤེར་ཕྱིན་དང༌། བྱང་ཆུབ་དང༌། དེ་བཞིན་ཉིད་རྣམས་གཅིག་ཡིན་པར་གསུངས་པ་དང༌། ཞེས་གསུངས་སོ། །གལ་ཏེ་ཤེར་ཕྱིན་མཚན་ཉིད་པ་དོན་དམ་པའི་སངས་རྒྱས་དེ་བཞིན་ཉིད་ངོ་བོ་ཡིན་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གསུངས་པ་དང་འགལ་ལོ། །ཞེ་ན་དེ་ལྟ་མ་ཡིན། ཞེས་པ་ནས། དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་ཤེར་ཕྱིན་མཚན་ཉིད་པ་ཡིན་གྱི་སློབ་པའི་གནས་སྐབས་རྒྱུན་མཐའི་ཡེ་ཤེས་འབའ་ཞིག་ནི་ཏིང་ངེ་འཛིན་དེ་མ་ཡིན་ནོ། །སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་པའི་རྗེས་ལ་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་བཞི་དང༌། ཉན་རང་དགྲ་བཅོམ་པའི་ཡེ་ཤེས་དང༌། བྱང་ཆུབ་སེམས་དཔའི་མོས་སྦྱོད་ནས་བཟུང་སྟེ་ས་ཆོས་ཀྱི་སྤྲིན་གྱི་བར་གྱི་ཡེ་ཤེས་དང༌། ཤེར་ཕྱིན་སྟོན་པའི་གཞུང་གི་ཚོགས་ཇི་སྙེད་པ་རྣམས་ཤེར་ཕྱིན་བཏགས་པ་པར་བསྟན་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་དེ་དག་ལས་འདིར་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱའོ། །ཞེས་དང༌། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །འབུམ་ཊིཀ་ཀྱང་དེ་དང་མཐུན་ནོ། །ཡུམ་བར་མའི་ལེའུ་ཉེར་གཉིས་པ་ལས་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དོན་དེ་ཉིད་གཟིགས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཞེས་གསུངས་སོ། །དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཡིན་པ་ཉིད་ཀྱིས་ལམ་གྱི་གནས་སྐབས་འབའ་ཞིག་ལ་གོ་བར་མི་བྱ་སྟེ། སེམས་ཅན་དང༌། སངས་རྒྱས་དང་སློབ་པའི་གནས་སྐབས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་གཉིས་མེད་ཡེ་ཤེས་དོན་དམ་པའི་དེ་བཞིན་གཤེགས་པ་ཉིད། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ཤེར་ཕྱིན་དངོས་ཡིན་ཞིང༌། གཞུང་གི་ཚོགས་དང་ལམ་ནི་ཤེར་ཕྱིན་བཏགས་པ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་གསུངས་པ་ལྟར་དེ་ཁོ་ན་ལྟར་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་པས་འབྲས་བུ་ཁོ་ན་ལ་གོ་བར་ཡང་མི་བྱ་སྟེ། ཆོས་ཀྱི་དབྱིངས་ཉིད་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་ལས། ཡུམ་གསུམ་གནོད་འཇོམས་སུ། ཞེས་པ་ནས། སངས་རྒྱས་སའི་རྡོར་ཏིང་ཤེར་ཕྱིན་དངོས་དང་དེ་ལས་གཞན་གཞུང་ལམ་འབྲས་བུ་ཀུན་བཏགས་པ་བར་བཞེད་དོ། །ཞེས་དང༌། ཤེར་སྙིང་ཚིག་འགྲེལ་༡༣ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་དངོས་དང་གཙོ་བོ་ནི། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཉིས་མེད་ཀྱི་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཡིན་ལ། ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི་གཞི་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་དང་མཐར་ཐུག་པ་སྟེ། ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། དེ་ལ་དོན་དུ་བྱེད་པའི་ལམ་དང་དེ་དག་སྟོན་པའི་གཞུང་ལ་ནི་བཏགས་པ་ཙམ་སྟེ། ཞེས་དང༌། དེ་ལས། དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལ་ཡང་གཞུང་དང་ལམ་གང་ཡིན་པ་བཏགས་པ་བ་དང་གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ། ཞེས་གསུངས་སོ། །ཉ་ཊཱིཀ་སོགས་ཀྱི་ཚིག་ཟིན་ལ་ལམ་ཤེར་ཕྱིན་དེ་ཤེར་ཕྱིན་ཡིན་པ་ལྟ་བུར་གསུངས་པའི་ཚུལ་འདི་ལྟ་སྟེ། ཇི་སྐད་དུ།མདོ་ཚིག་ལྟར་ན། ཆོས་རབ་ཏུ་རྣམ་འབྱེད་འཁོར་གསུམ་དུ་མི་རྟོག་པའི་བློ་ཞེས་པར་རུང་སྟེ། བདག་ནི་ཤེས་རབ་བསྒོམ་མོ། །ཤེས་རབ་ནི་འདིའོ། །འདི་རྣམས་ཀྱི་དོན་དུའོ་སྙམ་ན་ཤེས་རབ་ཉིད་དུ་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་གསུངས་པས་དེ་ལྟར་འཕངས་སོ། །གཉིས་པ་ནི། སྟོང་པ་ཉིད་ལ་དམིགས་པའི་ཕྱིར་མཆོག་ཏུ་གྱུར་པའི་ཤེས་པ་ཡིན་པས་ཤེས་རབ། དེ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་ཅིང་སོང་བ་ཡང་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕ་རོལ་ཅེ་ན། བྱང་སེའི་ནི་རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་ལ་སངས་རྒྱས་ཀྱི་ནི་དག་པའི་ཕ་རོལ་ཏུའོ་ཞེས་དག་ལྡན་ལས་སོ། །ཡང་པྲཛྙཱ་ཞེས་པའི་པྲ་ཕྲལ་ཏེ་པཱ་ར་མཱརྠ་ཞེས་བསྒྱུར་བས་དོན་དམ་པ་ཛྙཱ་ནི་ཛྙཱ་ན་སྟེ་ཤེས་རབ། དོན་དམ་པ་ཤེས་པས་ཤེས་རབ་སྟེ་དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་དང༌། གང་ལ་བདེ་བར་གཤེགས་པའི་སྲས་རྣམས་འཇུག་པ་དེ་ཉིད་དེ་དག་གི་ཐུན་མོང་མ་ཡིན་པའི་ལམ་ཡིན་ལ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ཀྱི་ནང་དུ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འདུས་པའི་ཕྱིར་རོ་ཞེས་སོ། །དེས་ན་ཤེར་ཕྱིན་ལ་རྒྱུའི་ཤེར་ཕྱིན་དང་འབྲས་བུའི་ཤེར་ཕྱིན་གཉིས་སུ་བི་མ་ལ་མི་ཏྲས་བཤད་པ་ལྟར་ལེགས་སོ། །ཞེས་གསུངས་སོ། །ཉན་རང་ཤེར་ཕྱིན་མཚན་ཉིད་པ་མེད་པར་སྣང་སྟེ། ཉ་ཊཱིཀ་ལས། སྔ་རབས་པ་དག་ཐེག་པ་གསུམ་གྱི་ལམ་ལྔ་ཐམས་ཅད་ཤེར་ཕྱིན་མཚན་ཉིད་པར་སྨྲ་བ་ནི་བབ་ཅོལ་ཏེ། སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། །ཞེས་དང༌། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་སོགས་དང་འགལ་ཞིང༌། ཤེར་ཕྱིན་མཚན་ཉིད་པ་ཡིན་ན་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ལ། ཐེག་ཆེན་སེམས་བསྐྱེད་མེད་པའི་རྒྱུད་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཅེས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་དང༌། ཐེག་བསྡུས་བཤད་སྦྱར་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །ཅེས་སོགས་མཐའ་ཡས་པ་དང་འགལ་ལོ། །ཞེས་གསུངས་སོ། །གནོད་འཇོམས་སུ། སྨོན་ལམ་དང་བརྩོན་འགྲུས་བརྩམས་པ་དང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་དང་འཁོར་བ་དང་རྣམ་པར་རྟོག་པ་དང་ཡོན་ཏན་དང་ཤེས་པར་བྱ་བ་དང་རྣམ་པ་འདི་དགུའི་ཕ་རོལ་ཏུ་སོན་པའི་ཕྱིར། ཞེས་སོ། །ཉན་རང་གི་ལམ་ལ་ཡང་རྒྱུའི་མིང་གིས་བཏགས་ཏེ། གནོད་འཇོམས་སུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མཐར་ཕྱིན་པའི་སས་བསྡུས་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱང་ཤེར་ཕྱིན་གྱི་རྒྱུ་མཐུན་པ་ཡིན་པས་ཤེར་ཕྱིན་གྱི་མིང་ཐོབ་པར་འགྱུར་རོ། །ཞེས་སོ། །ཉ་ཊཱིཀ་གི་གསུངས་ཟིན་ལྟར་ན་གཞུང་ལམ་འབྲས་བུའི་ཤེར་ཕྱིན་ལ་དངོས་བཏགས་དང་གཙོ་ཕལ་ཅི་རིགས་ཡོད་དེ། ཉ་ཊཱིཀ་ལས།དེས་ན་ཆོས་ཉིད་ཤེར་ཕྱིན་གྱི་གཙོ་བོ་དང་གཞུང་ལམ་འབྲས་བུ་གསུམ་ཕལ་བའོ། །དེ་ལས་ཀྱང་སངས་རྒྱས་སའི་མི་རྟོག་ཡེ་ཤེས་གཙོ་བོ་དང་གཞན་ཕལ་བ་ཡིན་པས་རང་བཞིན་མེད་རྟོགས་ཀྱི་ཐེག་ཆེན་གྱི་སློབ་ལམ་མཉམ་བཞག་ཀུན་ཤེར་ཕྱིན་ཕལ་བ་ཡིན་ཅིང་ཤེར་ཕྱིན་ཕལ་བ་ལ་ཡང་ཤེར་ཕྱིན་གྱི་མཚན་ཉིད་ཚང་བས་སློབ་ལམ་ན་ཤེར་ཕྱིན་ཡོད་དོ། །ཕྱོགས་གླང་ཡང་གཙོ་ཕལ་དུ་དགོངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ནི་གཉིས་ཏེ། གཙོ་བོ་དང་ཕལ་བའོ་ཞེས་དཀོན་མཆོག་འབངས་ཀྱིས་བཤད་ལ་མི་ཕལ་བས་ཀྱང་མིའི་གོ་ཆོད་པ་བཞིན་ནོ།།གལ་ཏེ་སློབ་ལམ་ན་ཤེར་ཕྱིན་དངོས་མེད་ན། ས་བཅུ་ལ་ཕར་ཕྱིན་བཅུ་རིམ་བཞིན་དུ་རེ་རེ་གཙོ་ཆེ་བར་སྤྱོད་པ་མིན་པར་འགྱུར་ལ་འདོད་མི་ནུས་ཏེ་ས་བཅུ་བའི་མདོ་དང་དབུས་མཐའ་རྣམ་འབྱེད་དབུ་མ་འཇུག་པ་སོགས་ལས་དེ་ལྟར་དུ་རྒྱས་པར་བཤད་པ་དང་འགལ་ལོ། །ཡང་སློབ་ལམ་ན་མི་རྟོག་ཡེ་ཤེས་མེད་པར་འགྱུར་ཏེ་ཤེར་ཕྱིན་མེད་པས་སོ། །ཁྱབ་སྟེ་ཐེག་བསྡུས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཇི་སྐད་དུ། བྱང་སེམས་རྣམས་ཤེར་ཕྱིན་ལ་མི་གནས་པའི་ཚུལ་གྱིས་གནས་ནས། དེ་ལས་གཞན་པའི་ཕར་ཕྱིན་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །ཞེས་དང༌། དེའི་བཤད་སྦྱར་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་སོ། །རྣམ་པར་མི་རྟོག་པར་བསྟོད་པ་དང་ཤེར་ཕྱིན་ལ་བསྟོད་པ་གཉིས་དོན་གཅིག་ཏུ་འཕགས་པ་ཀླུ་དང་ཐོགས་མེད་ཀྱིས་བཤད་ཅིང༌། རྣམ་པར་མི་རྟོག་པ་ལ་སྦྱོར་བ་ལས་བྱུང་བ་དང་དངོས་གཞི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་ཀྱི་མི་རྟོག་ཡེ་ཤེས་ཏེ་གསུམ་པོ་མོས་སྤྱོད་དང་མཐོང་སྒོམ་སོགས་དང་རྗེས་ཐོབ་ཏུ་ཡོད་པར་བཤད་དོ། །ཡང་བྱང་འཕགས་རྣམས་ཤེར་ཕྱིན་གྱི་གཟུགས་བརྙན་ལ་སྤྱོད་པར་འགྱུར་ཏེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་འཕགས་པ་ཡིན་ཀྱང་ཤེར་ཕྱིན་དངོས་རྒྱུད་ལ་མེད་པས་སོ། །འདོད་ན་ཐེག་དམན་པ་དང་ཁྱད་མེད་པར་འགྱུར་རོ། །འཇུག་པར་ཡང༌། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྦྱིན་པ་འདི་ཡང་སྦྱིན་པར་བྱ་བ་དང་ལེན་པ་པོ་དང་སྦྱིན་པ་པོར་དམིགས་པ་དང་བྲལ་བར་གྱུར་ན་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་དང༌། སྦྱིན་པ་དེ་ཉིད་གསུམ་དུ་དམིགས་པ་ཡོད་ན་འཇིག་རྟེན་པའི་ཕར་ཕྱིན་ཞེས་བྱ་བར་བསྙད་དོ་ཞེས་སོགས་གཞན་ལའང་སྦྱར་ཏེ་བཤད་པས་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཡིན་ན་ཤེར་ཕྱིན་དངོས་སུ་འདོད་དགོས་སོ། །ཡང་འཇུག་པར། ཕ་རོལ་ཅེས་བྱ་བ་ནི་གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པ་ནི་སྒྲ་བཤད་ཡིན་པས་སྒྲ་བཤད་ལ་ཁྱབ་པ་མི་རྩིའོ། །ཞེས་གསུངས་སོ། །དེའི་དགོངས་པ་ནི། ལམ་ཤེར་ཕྱིན་དེ་ཤེར་ཕྱིན་ཐོབ་བྱེད་དམ་ཕྱིན་བྱེད་ཀྱི་ལམ་མམ་ཉམས་ལེན་ཡིན་པས་ན་ཤེར་ཕྱིན་གྱི་མིང་བཏགས་ནས་བསྟན་པར་བཤད་ན་བཤད་ཚུལ་ཞིག་ཡོད་པར་སྣང་ངོ། །གཞུང་ལམ་གྱི་ཤེར་ཕྱིན་ནི་གོང་དུ་བཤད་པའི་ཤེར་ཕྱིན་གྱི་མཚན་ཉིད་མ་ཚང་བས་ཤེར་ཕྱིན་དངོས་མ་ཡིན་སྙམ་མོ། །སྔོན་མེད་ལེགས་བཤད་༣༡ལས། འཕགས་པའི་ལམ་གྱིས་བསྡུས་པ་སྤྲོས་་བྲལ་རྟོགས་པའི་ཡེ་ཤེས་ནི་ལམ་ཤེར་ཕྱིན་ཡིན་ནོ། །ཞེས་གསུངས་པ་དང༌། ཉ་ཊཱིཀ་དང་ཡུམ་གསུམ་གནོད་འཇོམས་སུ་ཚོགས་སྦྱོར་ལ་ལམ་ཤེར་ཕྱིན་ཡོད་པ་ལྟ་བུར་གསུངས་པ་གཉིས་ལ་དཔྱད་པར་བྱའོ། །དབུས་མཐའ་ལས། དེ་ཕྱིར་དམ་པའི་དོན་གྱི་ནི། །ཕ་རོལ་ཕྱིན་པ་བཅུ་འདོད་དོ། ཞེས་དང༌། ཐེག་བསྡུས་ལས། འདི་དག་་གི་མཚན་ཉིད་ཇི་ལྟར་ལྟ་ཞེ་ན། དམ་པ་དྲུག་གིས་ལྟ་བར་བྱ་སྟེ། ཞེས་དང༌། ཉ་ཊཱིཀ་༣༩༥ལས། ཕར་ཕྱིན་སྤྱིའི་མཚན་ཉིད། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའམ་ཕྱིན་བྱེད་གང་ཞིག་འཁོར་གསུམ་དུ་མི་རྟོག་པའི་བློ། ཞེས་དང༌། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་ཆོས་བཞི་ལྡན། ཞེས་སོགས་དང༌། ཉ་ཊཱིཀ་ལས། གལ་ཏེ་སློབ་ལམ་ན་ཤེར་ཕྱིན་དངོས་མེད་ན། ས་བཅུ་ལ་ཕར་ཕྱིན་བཅུ་རིམ་བཞིན་དུ་རེ་རེ་གཙོ་ཆེ་བར་སྤྱོད་པ་མིན་པར་འགྱུར་ལ། ཞེས་སོགས་ཀྱིས་ཕར་ཕྱིན་དང་ཤེར་ཕྱིན་ལ་ཁྱད་པར་ཡོད་མེད་དཔྱད་པར་བྱའོ། །ཕར་ཕྱིན་མདོ་ལུགས་མ་ལྟར་ཤེར་ཕྱིན་ལ་ཆོས་དབྱིངས་དགོས་ན་ཤེར་མདོ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ། ཅེས་སོགས་དང༌། རྣམ་པར་མི་རྟོག་པར་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱི་ངེས་བསྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། གཞན་ཞེས་བགྱི་བ་མ་མཆིས་ངེས། །ཞེས་དང༌། ཤེར་སྙིང་དཀའ་འགྲེལ་༧ལས། ལམ་གྱི་ཤེར་ཕྱིན་རྒྱལ་བའི་སྲས། །འཕགས་པ་རྣམས་ཀྱི་སྒོམ་བྱ་སྟེ། སོ་སོ་སྐྱེ་དང་ཐེག་དམན་གྱི། །འཕགས་པའང་ཤེར་ཕྱིན་སྒོམ་མོད་ཀྱི། །ཤེར་ཕྱིན་ཡོངས་རྫོགས་སྒོམ་པ་མེད། །ཅེས་གསུངས་པའི་དགོངས་དོན་ལ་དཔྱད་དགོས་སོ། །


previousདྲི་བ་དགུ་བ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཤེར་ཕྱིན་གྱི་མཚན་ཉིད་དང་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེར་ཕྱིན་ཡིན་མིན་ཁྱད་པར་གང་ཡིན་ཞེས་པ།next