Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
སྐབས་བརྒྱད་པའི་ངག་དོན་བཤད་པ།
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐབས་བརྒྱད་པའི་ངག་དོན་བཤད་པ།next

སྐབས་བརྒྱད་པའི་ངག་དོན་བཤད་པ།

སྐད་ཅིག་མ་གཅིག་སོགས་ལ། ཆོས་སྐུ་ཆོས་ཅན། སྐད་ཅིག་མའི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་མའི་སྦྱོར་བའི་རྗེས་ཐོག་ཏུ་ཁྱོད་མངོན་དུ་འགྱུར་བའི་ཕྱིར། ཐུབ་པའི་ངོ་བོ་ཉིད་སྐུ་སོགས་ལ་ཆོས་དབྱིངས་ཤིན་ཏུ་རྣམ་དག་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། གནས་འགྱུར་མཐར་ཕྱིན་པའི་ཟག་མེད་ཀྱི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའི་ཆོས་ཉིད་ཡིན་པའི་ཕྱིར། སྐུ་ལྷག་མ་གསུམ་སོགས་ལ། འདུས་བྱས་ཀྱི་སྐུ་གསུམ་ཆོས་ཅན། དོན་དམ་པར་ཆོས་དབྱིངས་ཀྱི་ངོ་བོ་ཡིན་ཀྱང་ཀུན་རྫོབ་དུ་སྐུ་ཐ་དད་དུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། སངས་རྒྱས་ནང་ཁོ་ན་དང་ས་བཅུ་པའི་བྱང་སེམས་དང་། ཉན་ཐོས་ཀྱི་སྤྱོད་ཡུལ་དུ་ཇི་ལྟར་སྣང་བའི་དབང་དུ་བྱས་ནས་སྐུ་ཐ་དད་དུ་བཞག་པའི་ཕྱིར། བྱང་ཆུབ་ཕྱོགས་མཐུན་སོགས་ལ། སྐབས་འདིར་བསྟན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་ཅིག་ཆོས་ཅན། ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་རྒྱུར་གྱུར་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པར་ཐར་པ་བརྒྱད་ཀྱི་མཚན་ཉིད་རིམ་བཞིན། བསམ་གཏན་གྱི་དངོས་གཞི་སེམས་ལ་བརྟེན་ནས་ལྟ་བ་པོ་བདག་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཞག་ནས་ཕྱི་རོལ་གཟུགས་ལ་སྡུག་མི་སྡུག་སྣ་ཚོགས་སུ་མོས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་། གཉིས་པ་ནི་གཞན་འདྲ་ལ་ལྟ་བ་པོ་བདག་ལ་གཟུགས་མེད་པར་འདུ་ཤེས་པས་ཅེས་པ་ཁྱད་པར་རོ། །གསུམ་པ་ན་བསམ་གཏན་བཞི་པ་ལ་བརྟེན་ནས་ལྟ་བ་པོ་བདག་ལ་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣ་ཚོགས་སྡུག་པར་རོ་གཅིག་ཏུ་མོས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །བཞི་པ་སོགས་ལ། རིམ་བཞིན། རང་སའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའི་ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་དང་། སྲིད་རྩེའི་སྙོམས་འཇུག་དག་པ་བ་དང་། འདུ་ཤེས་དང་། ཚོར་བ་འགོག་པའི་སྒྲིབ་པ་ལས་གྲོལ་བའི་སེམས་མེད་ཞི་བའི་སྙོམས་འཇུག་རྣམས་སོ། །ཟད་པར་བཅུ་ལས་དང་པོ་བརྒྱད་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་མཐའ་དག་བར་སྣང་བ་སོགས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་དང་ཐ་མ་གཉིས་ལ་རིམ་བཞིན་ནམ་མཁའི་སྙོམས་འཇུག་ལ་བརྟེན་ནས་མཐའ་དག་ནམ་མཁར་བྱེད་པ་དང་། རྣམ་ཤེས་ཀྱི་སྙོམས་འཇུག་ལ་བརྟེན་ནས་མཐའ་དག་རྣམ་ཤེས་སུ་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །ཟིལ་གནོན་བརྒྱད་ཀྱི་དོན་ནི། བསམ་གཏན་ལ་བརྟེན་ནས་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་རྣམས་རང་བཞིན་གྱི་དབྱིབས་ཟིལ་གྱིས་མནན་ནས་གང་སྤྲུལ་འདོད་ཀྱི་རྣམ་པར་སྣང་བའི་ཏིང་ངེ་འཛིན་དང་ཤེས་རབ་ནི། དང་པོ་གཉིས་སོ། །གསུམ་པ་དང་བཞི་པ་ལ། གཞན་སྔ་མ་དང་འདྲ་ལ། ནང་གཟུགས་མེད་པར་འདུ་ཤེས་ཅེས་པ་ཁྱད་པར་རོ། །ལྷག་མ་བཞི་ལ་རིམ་བཞིན་ནོ། །བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་ནང་གཟུགས་མེད་པར་འདུ་ཤེས་པས་སྔོན་པོ་སོགས་བཞི་ལ་རང་བཞིན་གྱིས་ཁ་དོག་ཟིལ་གྱིས་མནན་ནས་གང་སྤྲུལ་འདོད་ཀྱི་རྣམ་པར་སྣང་བའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །ཡོངས་དག་བཞི་ནི། བསམ་གཏན་ལ་བརྟེན་ནས་ལུས་འདོར་ལེན་ལ་དབང་ཐོབ་པ་རྟེན་དང ། སྤྲུལ་སྒྱུར་ལ་དབང་ཐོབ་པ་དམིགས་པ་དང་། སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་ཐུགས་དང་། གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་ཐོབ་པ་ཡེ་ཤེས་ཡོངས་དག་གོ། དབང་བཅུ་ནི་རིམ་བཞིན་ཇི་ལྟར་བཞེད་པ་བཞིན་ཚེ་འདོར་བ་དང་། ཇི་ལྟར་བཞེད་པ་བཞིན་ཏིང་ངེ་འཛིན་ལ་འཇུག་པ་དང་། འདོད་པ་བཞིན་ཡོ་བྱད་ཉེ་བར་གནས་པར་བྱེད་པ་དང་། ཇི་ལྟར་འདོད་པ་བཞིན་ལས་ཀྱི་འབྲས་བུ་སྒྱུར་བ་དང་། གཞན་དོན་དུ་ཇི་ལྟར་འདོད་པ་བཞིན་ལུས་ལེན་པ་དང་། ས་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་སྒྱུར་བ་དང་། ཇི་ལྟར་སྨོན་པ་བཞིན་འགྲུབ་པ་དང་། ཇི་ལྟར་འདོད་པ་བཞིན་སྤྲུལ་པ་དང་། ཇི་ལྟར་འདོད་པ་བཞིན་ཡེ་ཤེས་མངོན་དུ་བྱེད་པ་དང་། གསུང་རབ་ཀྱི་ཆོས་ཇི་ལྟར་འདོད་པ་བཞིན་སྟོན་པར་ནུས་པ་རྣམས་སོ། །བསྲུང་བ་མེད་པ་གསུམ་ནི། སྒོ་གསུམ་གྱི་ཉེས་སྤྱོད་ལས་བསྲུང་མི་དགོས་པའི་ཡོན་ཏན། དྲན་པ་ཉེར་བཞག་གསུམ་ནི། ཆོས་གུས་པར་ཉན་པ་དང་མི་ཉན་པ་དང་བར་མའི་གདུལ་བྱ་ལ་མཚུངས་པར་རྗེས་ཆགས་དང་ཁོང་ཁྲོ་མི་མངའ་བའི་ཡོན་ཏན། བསྙེལ་བ་མི་མངའ་བ་ནི་གདུལ་བྱ་འདུལ་བའི་དུས་ལས་མི་འདའ་བའི་ཡོན་ཏན། བག་ཆགས་བཅོམ་པ་ནི་སྒྲིབ་གཉིས་ཀྱི་བག་ལ་ཉལ་སྤངས་པའི་ཡོན་ཏན། ཐུགས་རྗེ་ཆེན་པོ་ནི། འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་དུ་ཕན་པར་བཞེད་པའི་ཡོན་ཏན། གཞན་དག་ན་རེ་སོགས་ལ། གནས་གྱུར་མཐར་ཕྱིན་མི་མཐུན་པའི་ཟག་པ་མེད་པའི་སེམས་སེམས་བྱུང་ཆོས་ཅན། སངས་རྒྱས་ཀྱི་སར་ཁྱོད་གདོན་མི་ཟ་བར་ཁས་བླངས་དགོས་ཏེ། ཁས་མ་བླངས་ན་ཆོས་སྟོན་པ་སོགས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུ་མེད་དུ་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་སྐུས་མ་བསྡུས་པར་ཐལ། སངས་རྒྱས་ཀྱི་སྐུ་དེ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་ངེས་པ་གང་ཞིག །ཁྱོད་དེ་གསུམ་གང་དུའང་མ་འདུས་པའི་ཕྱིར། དགོས་པ་ཉེ་བར་བསྟན་པ་སོགས་ལ། ལུས་རྣམ་གཞག་དུ་ཆོས་སྐུ་མཛད་པ་དང་བཅས་པས་ཞེས་ཕྲིན་ལས་དང་སྦྱར་ནས་སྟོན་པའི་རྒྱུ་མཚན་ཡོད་དེ། ཚིག་ལེའུར་བྱས་པས་སྡེབ་སྦྱོར་ཉམས་པ་སྤངས་པའི་ཆེད་ཡིན་པའི་ཕྱིར། ཉན་ཐོས་ཉོན་མོངས་མེད་པའི་སོགས་ལ། ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཆོས་ཅན། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་དམན་ཏེ། ཉན་ཐོས་རང་ལ་དམིགས་པའི་ཉོན་མོངས་པ་མི་སྐྱེ་བ་ཙམ་བྱེད་ཀྱི་གཞན་གྱི་ཉོན་མོངས་དྲུངས་འབྱིན་མི་ནུས་པའི་ཕྱིར། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་ཐོས་ཀྱི་ཉོན་མོངས་མེད་པའི་དེ་ལས་ཁྱད་པར་འཕགས་ཏེ། གཞན་རྒྱུད་ཀྱི་ཉོན་མོངས་དྲུངས་འབྱིན་ནུས་པའི་ཕྱིར། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་སོགས་ལ། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ཆོས་ཅན། ལྷུན་གྱིས་གྲུབ་པར་འཇུག་སྟེ་འབད་རྩོལ་གྱི་མཚན་མ་མེད་པའི་ཕྱིར། ཆགས་པ་དང་བྲལ་བ་ཡིན་ཏེ། དངོས་པོ་ལ་མངོན་པར་མ་ཞེན་པའི་ཕྱིར། ཤེས་བྱ་ལ་ཐོགས་པ་མེད་དེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། རྟག་ཏུ་གནས་ཏེ་འཁོར་བ་ཇི་སྲིད་བར་གནས་པའི་ཕྱིར། འདྲི་བ་ཀུན་གྱི་ལན་འདེབས་པར་མཛད་དེ་སོ་སོ་ཡང་དག་རིག་བཞི་མཐར་ཕྱིན་ཡིན་པའི་ཕྱིར། ཉན་རང་གི་དེ་ལས་ཁྱད་པར་འཕགས་ཏེ། ཁྱད་པར་ལྔ་ལྡན་གྱི་སྨོན་གནས་མཁྱེན་པ་ཡིན་པའི་ཕྱིར། རྒྱུ་ནི་ཡོངས་སུ་སྨིན་སོགས་ལ། སངས་རྒྱས་ཆོས་ཅན། དུས་རྟག་ཏུ་གཞན་དོན་མཛད་ཀྱང་ཕྲིན་ལས་གདུལ་བྱ་འགའ་ཞིག་ལ་འཇུག་འགའ་ཞིག་ལ་མི་འཇུག་པའི་རྒྱུ་མཚན་ཡོད་དེ། དགེ་རྩ་སྨིན་དང་མ་སྨིན་པའི་དབང་གིས་ཡིན་པའི་ཕྱིར། ལྷའི་རྒྱལ་པོ་སོགས་ལ། རིགས་ཆད་ཆོས་ཅན། སངས་རྒྱས་འཇིག་རྟེན་དུ་བྱོན་ཀྱང་ཁྱོད་ལ་ཕྲིན་ལས་མི་འཇུག་པའི་རྒྱུ་མཚན་ཡོད་དེ། ཕྲིན་ལས་འཇུག་པའི་དགེ་བའི་རྩ་བ་རྒྱུད་ལ་མི་ལྡན་པའི་ཕྱིར། དེ་ལྟར་སོགས་ལ། རྟོག་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། ཀུན་ལ་ཁྱབ་པ་ཞེས་པའི་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། ཕྲིན་ལས་ཀྱི་གདུལ་བྱ་ཀུན་ལ་ཁྱབ་པའི་ཕྱིར། རྟག་ཞེས་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། འཁོར་བ་ཇི་སྲིད་བར་ཟད་པ་མི་མངའ་བའི་ཕྱིར། མཚན་ནི་སོགས་ལ། ངེས་པ་ལྔ་ལྡན་གྱི་ཆོས་སྐུ་ཆོས་ཅན། ལོངས་སྤྱོད་རྫོགས་སྐུ་ཡིན་ཏེ། མཚན་དཔེས་རྒྱན་པའི་སྐུ་གང་ཞིག་མཐར་ཕྱིན་པའི་བྱང་སེམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ལ་རྒྱུན་མི་འཆད་པར་ལོངས་སྤྱོད་པའི་ཕྱིར། ཕྱག་ཞབས་འཁོར་ལོའི་མཚན་དཔེ་སོགས་ལ། སངས་རྒྱས་ཀྱི་ལོངས་སྐུ་ཆོས་ཅན། མཚན་བཟང་པོ་སོ་གཉིས་ཐོབ་པའི་རྒྱུ་མཚན་ཡོད་དེ། བླ་མ་སྐྱེལ་བ་སོགས་མཚན་གྲུབ་པའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར། ཐུབ་པའི་སེན་མོ་ཟངས་མདོག་སོགས་ལ། སེན་མོ་ཟངས་ཀྱི་མདོག་འདྲ་བའི་དཔེ་བྱད་འགྲུབ་པའི་རྒྱུ་མཚན་ཡོད་དེ། ཐུགས་འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དེ་བཞིན་དུ་གཞན་ལའང་སྒྲེའོ། །གང་གི་སྲིད་པ་ཇི་སྲིད་བར་སོགས་ལ། མཆོག་གི་སྤྲུལ་སྐུ་ཆོས་ཅན། སྤྲུལ་སྐུ་ཡིན་ཏེ། ཐེག་པ་གསུམ་གྱི་གདུལ་བྱའི་དོན་དངོས་སུ་མཛད་པའི་སངས་རྒྱས་ཀྱི་སྐུ་ཡིན་པའི་ཕྱིར། དང་པོར་འགྲོ་བ་བཟང་པོ་སོགས་ལ། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པའི་ཕྲིན་ལས་མཛད་དེ། ལམ་སྐྱེ་བའི་གེགས་བདེ་འགྲོ་སྲིད་པ་ལ་ཆགས་པའི་ཡིད་བདེ་བ་དང་ངན་འགྲོ་སྡུག་བསྔལ་གྱིས་གདུང་པའི་ཡིད་མི་བདེ་བ་རྣམས་ཞི་བར་མཛད་པའི་ཕྱིར། སྦྱིན་པ་སོགས་ལ། གདུལ་བྱ་མ་བསྡུས་པ་སྡུད་པའི་ཕྲིན་ལས་མཛད་དེ། བསྡུ་བ་བཞིའི་སྒོ་ནས་གདུལ་བྱའི་དོན་མཛད་པའི་ཕྱིར། ཐོས་པ་སོགས་ལ། མ་སྨིན་པ་དམན་པ་སྨིན་པའི་ཕྲིན་ལས་མཛད་དེ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐྱེད་ནས་སྤང་གཉེན་བླང་དོར་གྱི་དོན་ཇི་ལྟ་བ་བཞིན་རྟོགས་པར་མཛད་པའི་ཕྱིར། སྒྱུ་མ་མཁན་སོགས་ལ། གདུལ་བྱ་གཞན་དོན་ལ་འགོད་པར་མཛད་དེ་རྗེས་ཆགས་ཁོང་ཁྲོ་སོགས་ཀྱིས་དབེན་པའི་བྱམས་སོགས་ཚད་མེད་བཞི་ལ་འགོད་པར་མཛད་པའི་ཕྱིར། རང་གི་དོན་སོགས་ལ། རང་དོན་ལ་འགོད་པར་མཛད་དེ། འཁོར་གསུམ་རྣམ་དག་གི་ཕྱིན་དྲུག་ལ་འགོད་པར་མཛད་པའི་ཕྱིར། རང་དང་གཞན་སོགས་ལ། གཉིས་དོན་ལ་འགོད་དེ། སྲོག་གཅོད་སྤོང་བ་སོགས་ལ་ལས་ལམ་བཅུ་ལ་འགོད་པའི་ཕྱིར། ཆོས་ཐམས་ཅད་ལ་སྟོང་ཉིད་གོམས་པ་ལ་འགོད་དེ། སྦྱོར་ལམ་ལ་འགོད་པར་མཛད་པའི་ཕྱིར། སྦྱིན་པའི་ཕར་ཕྱིན་སོགས་ལ། གཉིས་སུ་མེད་པ་ལ་འགོད་པར་མཛད་དེ། སྦྱིན་པའི་ཕར་ཕྱིན་རྫོགས་པས་ས་དང་པོ་ལ་འགོད་པར་མཛད་པའི་ཕྱིར། ཚོགས་ཡོངས་སུ་རྫོགས་པ་སོགས་ལ། ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་དུ་ཤེས་པ་ལ་འགོད་དེ། ས་གཉིས་པ་ནས་ལྔ་པའི་བར་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཚོགས་རྫོགས་པ་ལ་འགོད་པའི་ཕྱིར། དེ་བཞིན་དུ་སོགས་ལ། ཆོས་ཐམས་ཅད་དམིགས་པ་མེད་པ་ལ་འགོད་དེ། ས་དྲུག་པར་ཤེར་ཕྱིན་ལ་འགོད་པའི་ཕྱིར། དེའི་འོག་དུ་སོགས་ལ། སེམས་ཅན་སྨིན་པར་བྱེད་པ་ལ་འགོད་དེ། ས་བདུན་པར་ཐབས་ཀྱི་ཕར་ཕྱིན་ལ་འགོད་པའི་ཕྱིར། སྟོབས་ཀྱི་སོགས་ལ། ཉན་རང་དང་ཐུན་མོང་མིན་པའི་བྱང་སེམས་ཀྱི་ལམ་ལ་འགོད་དེ། ས་བརྒྱད་པར་སྟོབས་ཀྱི་ཕར་ཕྱིན་ལ་འགོད་པའི་ཕྱིར། དེ་ནས་སོགས་ལ། ཆོས་ཐམས་ཅད་ལ་མངོན་ཞེན་ལྡོག་པ་ལ་འགོད་དེ། སྔ་མ་དེའི་ཕྱིར། དེའི་རྗེས་སུ་སོགས་ལ། བྱང་ཆུབ་ཐོབ་པ་ལ་འགོད་དེ། ས་དགུ་པར་སྨོན་ལམ་གྱི་ཕར་ཕྱིན་ལ་འགོད་པའི་ཕྱིར། དེའི་འོག་དུ་སོགས་ལ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་དེ། ས་བཅུ་པར་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འགོད་པའི་ཕྱིར། དེ་ཉིད་སོགས་ལ། རང་གི་ངོ་བོ་རྫོགས་བྱང་དུ་ངེས་པ་ལ་འགོད་དེ། སྐྱེ་བ་གཅིག་གིས་ཐོགས་པའི་ས་ལ་འགོད་པའི་ཕྱིར། ཕྱོགས་བཅུའི་སོགས་ལ། སེམས་ཅན་ཚད་མེད་པའི་དོན་དང་། སངས་རྒྱས་ཚད་མེད་པ་སོགས་ཀྱི་དྲུང་དུ་འགྲོ་བ་སོགས་ཀྱི་ཡོན་ཏན་ལ་འགོད་དེ། སྔ་མའི་ཕྱིར། དེ་ལྟ་བུའི་སོགས་ལ། བྱང་ཆུབ་དངོས་སུ་འདྲེན་པར་བྱེད་པའི་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་དེ། ས་བཅུ་པའི་ཁྱད་པར་གྱི་ལམ་ལ་འགོད་པའི་ཕྱིར། ལས་དང་སོགས་ལ། གྲངས་མེད་གསུམ་དུ་སྦྱོར་བཞི་སྒོམ་པའི་ལས་འབྲས་ཀྱི་འབྲེལ་བ་ཆུད་མི་ཟ་བ་ལ་འགོད་དེ། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་སྐྱེད་བྱེད་སྐད་ཅིག་མའི་སྦྱོར་བ་ལ་འགོད་པའི་ཕྱིར། ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ལ་འགོད་དེ། སྔ་མ་དེའི་ཕྱིར། ཕྱིན་ཅི་ལོག་ཐམས་ཅད་སྤང་པ་ལ་འགོད་དེ། དེའི་ཕྱིར་གཞི་མེད་པའི་ཕྱིན་ཅི་ལོག་སྤངས་པའི་ཡེ་ཤེས་ལ་འགོད་དེ། དེའི་ཕྱིར། བྱང་སེམས་ཀྱི་རྣམ་བྱང་ལ་འགོད་དེ། དེའི་ཕྱིར། རྣམ་བྱང་གི་རྒྱུ་ཚོགས་ལ་འགོད་དེ། དེའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ཐ་མི་དད་དུ་ཤེས་པ་ལ་འགོད་དེ། དེའི་ཕྱིར། དེ་བཞིན་གཤེགས་པའི་སོགས་ལ། གདུལ་བྱ་མི་གནས་པའི་མྱང་འདས་ལ་འགོད་པའི་ཕྲིན་ལས་མཛད་དེ། དེ་བཞིན་གཤེགས་པའི་ས་ལ་འགོད་པར་མཛད་པའི་ཕྱིར། སེམས་སྐྱེད་པ་དང་པོ་སོགས་ལ། འགྲེལ་ཆུང་དོན་གསལ་འདིར་ཆོས་ཅན། དོན་བདུན་ཅུའི་ཐོག་མ་སེམས་བསྐྱེད། ཐ་མ་ཕྲིན་ལས་གཉིས་ལ་གོ་རིམ་ངེས་པ་བསྟན་པ་ལ་དགོས་པ་ཡོད་དེ། དེ་དག་གིས་མཚོན་ནས་གདམས་ངག་སོགས་ལྷག་མ་རྣམས་ཀྱི་གོ་རིམ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྐབས་བརྒྱད་པའི་ངག་དོན་ནོ།། །།


previousསྐབས་བརྒྱད་པའི་ངག་དོན་བཤད་པ།next