Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
དྲང་སྲོང་ཁྲོ་བོའི་བསྟོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་ཁྲོ་བོའི་བསྟོད་པ།next

དྲང་སྲོང་ཁྲོ་བོའི་བསྟོད་པ།


RTZ034_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཁྲོ་བོའི་བསྟོད་པ་ནི། ཧཱུྃ། སྣང་སྲིད་སྡེ་བརྒྱད་གཉེན་པོ་རུ། །དྲི་མེད་འོད་ཟེར་ཁྲོ་བོའི་སྐུར། །རབ་བཞེངས་ཞེ་སྡང་རྡོ་རྗེ་ནི། །སྐུ་མདོག་སྟང་ཟིལ་བརྩེགས་པ་ཡི། །རི་རབ་ཉི་མས་འཁྱུད་པ་བཞིན། །བཟོད་པར་དཀའ་བའི་གཟི་བརྗིད་ཅན། །དབུ་སྐྲ་དམར་སེར་ནམ་མཁར་ཁྱབ། །དམར་ཟླུམ་སྤྱན་གསུམ་གློག་ལྟར་འཁྱུག །སྲིན་པོ་ལྟ་བུ་རྔམས་ཞལ་གདངས། །མཆེ་བའི་གྲྭ་ནས་ཁྲག་རྒྱུན་བབས། །ལྗགས་འདྲིལ་རྐན་སྒྲ་དྲག་ཏུ་རྡེབ། །སྨ་ར་སྨིན་མ་མེ་ལྟར་འབར། །སྦོམ་ཞིང་ཐུང་ལ་ཡན་ལག་རགས། །རྒྱན་མེད་གཅེར་བུ་འཇིགས་པའི་གཟུགས། །ཕྱག་གཡས་གནམ་ལྕགས་ཐོ་བ་ཡིས། །སྡེ་བརྒྱད་ཐམས་ཅད་རྡུལ་དུ་རློག །གཡོན་པས་རལ་གྲི་འབར་བ་ཡིས། །མགོ་ལུས་ཡན་ལག་དུམ་བུར་གཏུབས། །མཐའ་གཉིས་གནམ་ལྕགས་ལག་པའི་མཐིལ། །དགྲ་བགེགས་ཆ་ལང་བཞིན་བརྡབས་པའི། །ཤ་ཁྲག་སོར་མོའི་སྡིག་པ་ཡིས། །ལྷག་མ་མེད་པར་ཆེམས་ཆེམ་ཟ། །རེས་འགའ་ཐུན་ཟོར་ཐོག་སེར་འབེབ། །སྐབས་འགར་བྱང་ཆུབ་མཆོད་རྟེན་འཛིན། །རི་རབ་ལ་སོགས་ཕྱག་མཚན་གྱིས། །སོ་སོར་མ་འདྲེས་ལས་ཀུན་སྒྲུབ། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བཞུགས། །སྐུ་ལས་འབར་བའི་མེ་དཔུང་གིས། །སྲིད་གསུམ་ཐམས་ཅད་སྲེག་པར་


RTZ034_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཞལ་ནས་དྲང་སྲོང་དམོད་པའི་མཚོན། །ཕབ་པས་སྡེ་བརྒྱད་འབྱུང་པོ་འདུལ། །ཐུགས་ནི་མི་འགྱུར་བདེ་ཆེན་ལྡན། །སངས་རྒྱས་ཀུན་གྱི་མཐུ་སྟོབས་རྣམས། །གཅིག་བསྡུས་གསང་བའི་བདག་པོ་དང་། །དབྱེར་མེད་ཁྱོད་ལ་བདག་བསྟོད་དོ།། །།


previousདྲང་སྲོང་ཁྲོ་བོའི་བསྟོད་པ།next