Nitartha Digital Library
Tibetan
རྟ་ནག་རྣམ་འགྲེལ།

1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


 collapse section
  
 collapse section
  
  
  
  
  
 collapse section
  
གཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།
  
  
  
  
 collapse section
  
  
  
  
  
collapse section
  
 


1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousགཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།next

གཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།

༈ རང་ལས་རང་གི་ངོ་བོ་རྟོགས། །ཞེས་སོགས་ཀྱི་གཞུང་འདི་གང་ལས་འཕྲོས་ན། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་སྐབས་སུ་མེ་འཛིན་དབང་མངོན་ཚད་མའི་ཚད་གཞིར་ཁས་བླངས་པ་ལ། དེ་ལྟར་ཡིན་ན། དེ་རིག་པ་ཡིན་པ་གང་ལས་འགྲུབ། དེ་ཚད་མ་ཡིན་པ་གང་ལས་འགྲུབ་ཅེ་ན། དེ་རིག་པ་ཡིན་པ་དེ། རང་ཉམས་སུ་མྱོང་བའི་རང་རིག་ལས་འགྲུབ། ཞེས་འཆད་པར་བྱེད་པ་ལ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པ་འདི་བྱུང་། དེ་ཚད་མ་ཡིན་པ་དེ། ཕྱིས་འབྱུང་ཐ་སྙད་པའི་ཚད་མ་གཞན་ཞིག་ལ་བརྟེན་ནས་འགྲུབ་བོ། །ཞེས་འཆད་པར་བྱེད་པ་ལ། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་འདི་བྱུང་། ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་བརྩམ་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ཡོད་དེ། ཚད་མའི་མཚན་ཉིད་ལ་རྨོངས་པ་བཟློག་ཕྱིར་དུ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན། །ཞེས་པ་འདི་བྱུང་། །

༈ འདིའི་སྐབས་སུ་བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ལྷ་དབང་བློས། འོ་ན། གལ་ཏེ་ཁྱེད་ཅག་གི་ཚད་མ་ཉིད་དུ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། ཁོ་བོ་ཅག་ནི། རང་ལས་རང་གི་ངོ་བོ་རྟོགས། །རང་རིག་པ་ལས་ཚད་མ་ཞེས་བྱ་བ་དེ་ཤེས་པ་ཡོད་པ་ཉིད་དུ་འགྲུབ་པ་ཡིན་གྱི་ཚད་མ་ཉིད་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་ཡོད་པ་ཉིད་ལས་ཐ་དད་པ་མེད་པའི་ཕྱིར། ཚད་མ་ཉིད་ཀྱང་གཟུང་བ་ཉིད་ཡིན་ནོ། །ཞེ་ན། བདེན་ཏེ། མངོན་སུམ་དེ་ཚད་མར་སྐྱེས་པ་མ་ཡིན་པར་དེ་ཡང་གཟུང་བ་ཉིད་ནི་ཡིན་མོད་ཀྱིས། འོན་ཀྱང་། གཟུང་བའི་རྣམ་པ་གང་ཡིན་པ་དག་ལ་ངེས་པ་སྐྱེས་པར་བྱེད་པ་དེ་ལ་འཇུག་པར་བྱེད་པའི་ཕྱིར། ཚད་མ་ཉིད་དུ་འདོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །མཐོང་བ་ལ་ཁྱད་པར་མེད་ན་ཡང་། རྣམ་པ་གང་དོན་དུ་གཉེར་བ་དང་གོམས་པ་དང་སྐབས་ལ་སོགས་པ་ངེས་པའི་རྒྱུ་ཡོད་ན་དེ་ངེས་པ་ཡིན་གྱི་གཞན་ཆོད་པ་ནི་མ་ཡིན་ནོ། །དེས་ན་ཤེས་པ་ཡོད་པ་ཉིད་དམིགས་པ་ན་ཚད་མ་ཉིད་གཟུང་དུ་ཟིན་ཀྱང་མ་གཟུང་བ་དང་འདྲ་བ་ཡིན་ཏེ། ངེས་པ་མེད་པའི་ཕྱིར། འོ་ན། ཚད་མ་ཉིད་ཇི་ལྟར་ངེས་པར་བྱ་ཞེ་ན། ཐ་སྙད་ལས་ནི་ཚད་མ་ཉིད་དུ་ཕྱིས་འབྱུང་བ་ཅན་གྱི་དོན་དེ་བྱེད་པའི་ཡུལ་ཅན་གྱི་ཤེས་པས་སོ། །ཞེས་གསུངས། གཉིས་པ་ལུང་དེའི་དོན་འཆད་པ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་སྐབས་སུ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དང་། སྔོན་འཛིན་དབང་མངོན་དང་། མེ་འཛིན་དབང་མངོན་ཚད་མའི་མཚན་གཞིར་བསྟན་པ་ལ། ཁ་ཅིག་ན་རེ། སྔོན་འཛིན་དབང་མངོན་ཤེས་པར་སྒྲུབ་བྱེད་ཀྱི་ཚད་མ་དེ་གང་ཡིན། དེ་ཚད་མར་སྒྲུབ་བྱེད་ཀྱི་ཚད་མ་དེ་ཇི་ལྟ་བུ་ཞེ་ན། ཞེས་པའི་དྲི་བ་ནི། འོ་ན། གལ་ཏེ་ཁྱེད་ཅག་གི་ཚད་མ་ཉིད་དུ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། ཞེས་པས་འཆད། ལན་ནི། སྔོན་འཛིན་དབང་མངོན་ཆོས་ཅན། ཁྱོད་ཤེས་པར་སྒྲུབ་བྱེད་ཀྱི་ཚད་མ་ཡོད་དེ། སྔོན་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས་ཁྱོད་ཤེས་པར་སྒྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཁོ་བོ་ཅག་ནི། ཞེས་པ་ནས། ཚད་མ་ཉིད་ནི་མ་ཡིན་ནོ། །ཞེས་པའི་བར་གསུངས། ཁོ་ན་རེ། སྔོན་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས་སྔོན་འཛིན་དབང་མངོན་ཚད་མ་ཡིན་པ་དེ་རྟོགས་པར་ཐལ། དེས་སྔོན་འཛིན་དབང་མངོན་ཚད་མ་ཡིན་པ་དེ་གཟུང་བའི་ཕྱིར་ཏེ། དེས་སྔོན་འཛིན་དབང་མངོན་ཤེས་པ་ཡིན་པ་དེ་གཟུང་བ་གང་ཞིག །སྔོན་འཛིན་དབང་མངོན་ཤེས་པ་ཡིན་པ་དང་། དེ་ཚད་མ་ཡིན་པ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཞེས་པའི་རྩོད་པ་ནི། གལ་ཏེ་ཤེས་པ་ཡོད་པ་ཉིད། ཅེས་སོགས་ཀྱིས་བཤད། ལན་ནི། སྔོན་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེ་རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་མ་ཡིན་པས། དེས་སྔོན་འཛིན་དབང་མངོན་ཚད་མ་ཡིན་པ་དེ་གཟུང་བ་ཡིན་མོད་ཀྱི། དེ་སྔོན་འཛིན་དབང་མངོན་ཚད་མ་ཡིན་པ་དེ་ལ་ཚད་མ་མ་ཡིན་ཏེ། དེས་དེ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། ཞེས་འཆད་པ་ལ། བདེན་ཏེ། ཞེས་པ་ནས། གཞན་ནི་མིན་ནོ། །ཞེས་པའི་བར་གསུངས། ཁོ་ན་རེ། སྔོན་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེ། སྔོན་འཛིན་དབང་མངོན་ཤེས་པ་ཡིན་པ་དེ་དང་། དེ་ཚད་མ་ཡིན་པ་གཉིས་ལ་ངེས་པ་འདྲེན་ནུས་སུ་མཚུངས་པར་ཐལ། དེ་གཉིས་གཟུང་བར་མཚུངས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྔོན་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས། སྔོན་འཛིན་དབང་མངོན་ཤེས་པ་དང་། དེ་ཚད་མ་ཡིན་པ་གཉིས་གཟུང་བར་མཚུངས་ཀྱང་། སྔོན་འཛིན་དབང་མངོན་ཤེས་པ་ཡིན་པ་དེ་ལ་གོམས་པ་ཤས་ཆེ་བའི་སྟོབས་ཀྱིས་ངེས་པ་འདྲེན་ནུས། དེ་ཚད་མ་ཡིན་པ་ལ་གོམས་པ་ཤས་ཆུང་བའི་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མཐོང་བ་ལ། ཞེས་པ་ནས། ཆོད་པ་ནི་མ་ཡིན་ནོ། །ཞེས་པའི་བར་བྱུང་། སྔར་བཤད་པ་དེ་རྣམས་ཀྱི་དོན་བསྡུ་འཆད་པ་ལ། དེས་ན་ཤེས་པ་ཡོད་པ་ཉིད། ཅེས་པ་ནས། ངེས་པ་མེད་པའི་ཕྱིར། ཞེས་པའི་བར་གསུངས། སྔོན་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་དེས། སྔོན་འཛིན་དབང་མངོན་ཚད་མ་ཡིན་པ་མ་གྲུབ་ན། དེ་ཚད་མ་ཡིན་པ་གང་གིས་རྟོགས་ཤེ་ན། གསར་དུ་མི་བསླུ་བའི་རིག་པའི་རྟགས་ལས། སྔོན་འཛིན་དབང་མངོན་ཚད་མར་རྟོགས་པའི་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་ལ་བརྟེན་ནས་རྟོགས། ཞེས་འཆད་པར་བྱེད་པ་ལ། འོ་ན། ཚད་མ་ཉིད་ཇི་ལྟར་ངེས་པར་བྱ། ཞེས་པ་ནས། ཡུལ་ཅན་གྱི་ཤེས་པས་སོ། །ཞེས་པའི་བར་གསུངས། །

༈ དེས་ན། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་གི་གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་རིག་པ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན། དེ་ལྟར་མི་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན་ཟེར་ན། དང་པོ་ལ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན། རང་ཉིད་མི་འབྱུང་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲ་བ་དེ་དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དབང་མངོན་དེའི་རྗེས་སུ་འབྲངས་ནས་སྐྱེས་པའི་དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཏུ་འཛིན་པའི་དབང་མངོན་དེ་བཅད་ཤེས་སུ་ཐལ་ལོ། །འདོད་མི་ནུས་ཏེ། ཊཱིཀྐ་ལས། ངེས་བྱེད་ཀྱི་ཚད་མ་ཕྱི་མ་བཅད་ཤེས་སུ་ཐལ་བ་དང་། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་ཉིད་མི་བསླུ་བ་ཡིན་པ། རང་ཉིད་ཀྱིས་ངེས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། སྔོན་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེས་ཁོ་རང་ངེས་པར་ཐལ། དེས་ཁོ་རང་མི་བསླུ་བར་ངེས་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཁོ་རང་དང་སྔོན་པོ་གཉིས་ཀྱི་ནང་ནས་སྔོན་པོ་ཁོ་ན་ངེས་པའི་ཕྱིར་ཏེ། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། ཞེས་གསུངས་པའི་ཕྱིར། གཞན་ཡང་། རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཤཱཀྱ་བློས། མངོན་སུམ་ལ་རང་ལས་ངེས་པ་དང་། གཞན་ལས་ངེས་པ་ཡོད་ཀྱི། རྗེས་དཔག་ནི་རང་ཁོ་ན་ལས་ངེས་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྒྱང་འཕེན་དེས་ཀྱང་དེ་མི་བསླུ་བར་རྟོགས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དེ་མེད་པར་བདེན་ཞེན་གྱིས་འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྒྱང་འཕེན་དེས་རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་རྟོགས་པར་ཐལ། རྒྱང་འཕེན་གྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་དེས་དེའི་རྒྱུད་ཀྱི་རྗེས་དཔག་རྟོགས་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཁྱོད་རྟོགས་པར་ཐལ། ཁྱོད་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཊཱིཀ་ཆེན་ལས། རང་རྒྱུད་ཀྱི་ཚད་མ་ཡིན་ན། ངེས་པར་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་དགོས་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། རང་ཉིད་ལ་བརྟེན་ནས། རང་ཉིད་མི་བསླུ་བའི་རིག་པ་ཡིན་པར་ངེས་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། ཐལ་འགྱུར་བའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐལ་འགྱུར་བ་དེས། རང་རྒྱུད་ཀྱི་རྗེས་དཔག་གསར་དུ་མི་བསླུ་བའི་རིག་པར་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་འདུས་བྱས་ཐམས་ཅད་རྫུན་པ་བསླུ་བའི་ཆོས་ཅན་དུ་བདེན་ཞེན་གྱིས་འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ངོ་བོ་རང་ཉིད་ཀྱིས་ངེས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེས་ཁོ་རང་ངེས་པར་ཐལ། དེས་ཁོ་རང་གི་ངོ་བོ་ངེས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་ལས་ངེས་ཀྱི་ཚད་མ་ཡིན་ན། རང་གི་ངོ་བོ་རང་ཉིད་ཀྱིས་ངེས་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན་དགོས་པར་ཐལ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ནི། སྔོན་འཛིན་དབང་མངོན་ལྟ་བུ་རིག་པ་ཡིན་པ་དེ། ཁོ་རང་ཉམས་སུ་མྱོང་བའི་རང་རིག་གིས་གྲུབ། ཅེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་ཉིད་མི་བསླུ་བ་ཡིན་པའི་ཆ། རང་སྟོབས་ཀྱིས་ངེས་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཁྱོད་མི་བསླུ་བ་ཡིན་པར་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་ཁྱོད་ངེས་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རང་ལས་ངེས་ཀྱི་ཚད་མ་ཡིན་ན། རང་ཉིད་མི་བསླུ་བ་ཡིན་པའི་ཆ་རང་སྟོབས་ཀྱིས་ངེས་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན་དགོས་པར་ཐལ། ཊཱིཀྐ་ལས། དེས་ན་མི་བསླུ་བའི་ཆ་རང་སྟོབས་ཀྱིས་ངེས་ན་རང་ངེས་དང་། གཞན་སྟོབས་ཀྱིས་ངེས་ན་གཞན་ངེས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རང་ཉིད་མི་བསླུ་བའི་རིག་པ་ཡིན་པ་རང་ཉིད་ཀྱིས་ངེས་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན་ན། རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་དེས། ཁོ་རང་མི་བསླུ་བ་ཡིན་པ་དེ་ཚད་མ་གཞན་ལ་བརྟེན་ནས་རྟོགས་དགོས་པར་ཐལ། ཁོ་རང་གིས་དེ་ལྟར་མ་རྟོགས་པའི་ཕྱིར། འདོད་ན། དེ་གཞན་ལས་ངེས་ཀྱི་ཚད་མར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཊཱིཀྐ་ལས། གཞན་སྟོབས་ཀྱིས་ངེས་ན་གཞན་ངེས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་བོ། །ཁ་ཅིག་ན་རེ། རང་ཉིད་མི་བསླུ་བ་ཡིན་པ་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་བརྟེན་ནས་རྟོགས་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བར་རྟོགས་པའི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཚུར་མཐོང་དེས། རང་རྒྱུད་ཀྱི་སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བར་རྟོགས་པའི་རྗེས་དཔག་མི་བསླུ་བ་ཡིན་པ་དེ། མངོན་སུམ་གྱིས་རྟོགས་པར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་དེ་འདྲའི་རྗེས་དཔག་དེ། རང་ཉིད་མི་བསླུ་བ་ཡིན་པ། རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་བརྟེན་ནས་རྟོགས་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། ཚུར་མཐོང་དེས། རང་རྒྱུད་ཀྱི་དེ་འདྲའི་རྗེས་དཔག་རང་གི་གཞལ་བྱ་ལ་མི་བསླུ་བ་ཡིན་པ་མངོན་སུམ་གྱིས་རྟོགས་པར་ཐལ་ལོ། །འདོད་ན། ཚུར་མཐོང་དེས། སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་དེ། མངོན་སུམ་གྱིས་རྟོགས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པ་དེ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་ན། སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་དེ། མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་སྲུངས་བ་ལ་བརྟེན་ནས་མངོན་མཐོའི་གོ་འཕང་ཐོབ་པ་སྒྲུབ་ཕྱིར་དུ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རིགས་པ་ཡང་དག་འགོད་རིགས་པའི་ཕྱིར། རྩ་བར་འདོད་ན། ཚུར་མཐོང་དེ། ཤིན་ཏུ་ལྐོག་འགྱུར་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཏུ་ཐལ། དེ་སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་མངོན་སུམ་གྱིས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་འཕགས་པ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། ཚུར་མཐོང་དེས་རང་རྒྱུད་ཀྱི་སྦྱིན་པ་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་རྟོགས་པའི་རྗེས་དཔག་མི་བསླུ་བ་ཡིན་པ་དེ་མངོན་སུམ་གྱིས་རྟོགས་པར་ཐལ། དེས་རང་རྒྱུད་ཀྱི་ཤིན་ཏུ་ལྐོག་འགྱུར་རྟོགས་པའི་རྗེས་དཔག་མི་བསླུ་བ་ཡིན་པ་དེ་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཏེ། དེས་རང་རྒྱུད་ཀྱི་ཤིན་ཏུ་ལྐོག་གྱུར་རྟོགས་པའི་རྗེས་དཔག་ཚད་མ་ཡིན་པ་དེ་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཏེ། དེས་རང་རྒྱུད་ཀྱི་ཤིན་ཏུ་ལྐོག་གྱུར་རྟོགས་པའི་རྗེས་དཔག་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཏེ། དེས་རང་རྒྱུད་ཀྱི་ཅུང་ཟད་ལྐོག་གྱུར་རྟོགས་པའི་རྗེས་དཔག་མངོན་སུམ་གྱིས་རྟོགས་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། ཚུར་མཐོང་དེས་ཤིན་ཏུ་ལྐོག་གྱུར་མངོན་སུམ་གྱིས་རྟོགས་པར་ཐལ། དེས་ཅུང་ཟད་ལྐོག་གྱུར་མངོན་སུམ་གྱིས་རྟོགས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེས་སྒྲ་བྱས་པ་མངོན་སུམ་གྱིས་རྟོགས་པའི་ཕྱིར། འདོད་ན། དེ་འཕགས་པ་ཡིན་པར་ཐལ་ལོ། །སྔར་གྱི་མཚན་ཉིད་དེ་ལ། སྐྱོན་འཕེན་པ་ཁ་ཅིག་ན་རེ། ཆོས་ཉིད་རྟོགས་པའི་རྗེས་དཔག་ཆོས་ཅན། རང་ཉིད་མི་བསླུ་བ་ཡིན་པ་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་བརྟེན་ནས་རྟོགས་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། ཆོས་ཉིད་རྟོགས་པའི་རྗེས་དཔག་མི་བསླུ་བ་ཡིན་པ་དེ། རྗེས་དཔག་ཏུ་ཐལ་ལོ། །འདོད་མི་ནུས་ཏེ། དེ་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ཤིན་ཏུ་ལྐོག་གྱུར་རྟོགས་པའི་རྗེས་དཔག་མི་བསླུ་བ་ཡིན་པ་དེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་རང་གི་གཞལ་བྱ་ལ་མི་བསླུ་བ་ཡིན་པ་དེ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པ་དེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཏེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པ་དེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན། རང་ཉིད་མི་བསླུ་བའི་ཆ་ལ་ངེས་ཤེས་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དྲངས་པའི་ངེས་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་ཉེར་ལེན་བྱས་པ་ལ་རྟེན་ནས་བྱུང་བའི་ངེས་ཤེས་ཡོད་པར་ཐལ་ལོ། །འདོད་ན། ཁྱོད་ཀྱིས་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྟོག་པ་ཡོད་པར་ཐལ་ལོ། །འདོད་ན། སངས་འཕགས་ཀྱིས་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་སེམས་ཅན་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་གྱིས་དྲངས་པའི་ངེས་ཤེས་ཡོད་པར་ཐལ། རྣམ་མཁྱེན་གྱི་འབྲས་བུར་གྱུར་པའི་ངེས་ཤེས་དེ། དེ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་དེ། དེ་འདྲའི་ངེས་ཤེས་འདྲེན་ནུས་ཀྱི་བློ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་རང་གི་འབྲས་བུར་གྱུར་པའི་ངེས་ཤེས་འདྲེན་བྱེད་ཀྱི་བློ་ཡིན་པར་ཐལ། ཁྱོད་རང་གི་འབྲས་བུར་གྱུར་པའི་ངེས་ཤེས་སྐྱེད་བྱེད་ཀྱི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། རང་གི་གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། དེ་ལྟར་མི་ནུས་པའི་གསར་དུ་མི་བསླུ་བའི་རིག་པ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། ཚད་མ་ཡིན་ན། རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ན། སྣང་ལ་མ་ངེས་ཀྱི་བློ་ཡིན་པས་ཁྱབ་བོ། །ཟེར་ན། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་ན་གནས་པ་མེད་ན། རང་ཉིད་མི་འབྱུང་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་དབང་མངོན་དེ་དེ་འདྲའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་ནས་ངེས་དགོས་པའི་ཕྱིར་ཏེ། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར། གཞན་ཡང་། ཚད་མའི་མཚན་གཞི་དང་། གཞན་ལས་ངེས་ཀྱི་ཚད་མའི་གཞི་མཐུན་མེད་པར་ཐལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ན། སྣང་ལ་མ་ངེས་ཀྱི་བློ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པའི་གཞུང་འདི། ཚད་མའི་མཚན་གཞི་གཅིག་གི་སྟེང་དུ་གསར་དུ་མི་བསླུ་བའི་རིག་པ་གཏན་ལ་འབེབས་བྱེད་ཀྱི་ཚད་མ་འཆད་བྱེད་ཀྱི་གཞུང་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དོན་ལ་མི་རྟག་པ་ཡིན་ཞིང་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་སྒྲ་འཛིན་དབང་མངོན་དེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེ་ཡང་གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེ་སྒྲ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། གཞན་ཡང་། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱའི་གཙོ་བོ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ལ་རང་ལས་ངེས་ཀྱི་ཚད་མ་གང་ཞིག །དེ་ཁྱོད་ཀྱི་གཞལ་བྱའི་གཙོ་བོ་ཡིན་པའི་ཕྱིར། ཁོ་རང་ལ། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཆོས་ཅན། མ་འཁྲུལ་བའི་ཚད་མར་ཐལ། རང་གི་གཞལ་བྱའི་གཙོ་བོ་ལ་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་པ་ལ་མ་འཁྲུལ་བའི་ཚད་མ་གང་ཞིག །སྒྲ་མི་རྟག་པ་ཁྱོད་ཀྱི་གཞལ་བྱ་གཙོ་བོ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རང་གི་འཇུག་ཡུལ་ལ་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་འཇུག་ཡུལ་ལ་མ་འཁྲུལ་བའི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འཁྲུལ་པའི་ཚད་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་རང་ལས་ངེས་ཀྱི་གསར་དུ་མི་བསླུ་བའི་རིག་པ་ཡིན་པ་གང་ཞིག །དེ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། མ་འཁྲུལ་བའི་ཚད་མར་ཐལ། རང་གི་གཞལ་བྱ་ལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་གང་ཞིག །དེ་མ་འཁྲུལ་བའི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་ཁོ་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་། ཞེས་སོགས་ཀྱི་དབང་མངོན་ཆོས་ཅན། དེ་འདྲའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་རྟོགས་པའི་རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། དེ་ལ་རང་ལས་ངེས་ཀྱི་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། རང་ལས་ངེས་ཀྱི་ཚད་མར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། མ་འཁྲུལ་བའི་ཚད་མར་ཐལ། སྒྲ་མི་རྟག་པ་རྟོགས་པའི་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྒྲ་མི་རྟག་པ་ལ་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར། རང་རེས། ཆོས་དེ་ལ་ཚད་མ་ཡིན་ན་ཆོས་དེ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ། ཆོས་དེ་ལ་ཚད་མ་ཡིན་ན། ཆོས་དེ་ལ་མ་འཁྲུལ་བའི་ཚད་མ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ཆོས་ཅན། མི་རྟག་པར་གྱུར་པའི་སྒྲ་ལ་རང་ལས་ངེས་ཀྱི་ཚད་མར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེས་མི་རྟག་པར་གྱུར་པའི་སྒྲ་ཁོ་ཁོ་རང་དུ་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། གྲངས་ཅན་གྱིས་ཀྱང་དེ་ཁོ་ཁོ་རང་དུ་རྟོགས་པར་ཐལ་ལོ། །ཁོ་རང་ལ། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་རྟོགས་པའི་རྗེས་དཔག་དེས། མི་རྟག་པར་གྱུར་པའི་སྒྲ་ཁོ་ཁོ་རང་དུ་རྟོགས་པར་ཐལ། དེ་མི་རྟག་པར་གྱུར་པའི་སྒྲ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་དེ་ལ་རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། གྲངས་ཅན་གྱིས་ཀྱང་དེ་ཁོ་ཁོ་རང་དུ་རྟོགས་པར་ཐལ་ལོ། །ཡང་ཁོ་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་གི་རྒྱུད་ཀྱི་དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ལ་རང་ལས་ངེས་ཀྱི་ཚད་མར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་དབང་མངོན་དེས་དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ཁོ་ཁོ་རང་དུ་རྟོགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་འདྲའི་དབང་མངོན་དེས། དེ་མེའི་ཁ་དོག་ཏུ་རྟོགས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དེ་མེའི་ཁ་དོག་ཏུ་རྟོགས་པ་ལ་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ། བྱས་རྟགས་ཀྱིས། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་དེ་དོན་ལ་མི་རྟག་པ་ཡིན་པའི་སྒྲ་ཁོ་ཁོ་རང་དུ་རྟོགས་པའི་བློ་ཡིན་པར་ཐལ། དེ་དོན་ལ་མི་རྟག་པ་ཡིན་པའི་སྒྲ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་སྒྲ་རྟོགས་པའི་རྗེས་དཔག་དེ་དེ་ལ་རང་ལས་ངེས་ཀྱི་ཚད་མ་གང་ཞིག །དེ་དང་དེའི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་གཉིས། རང་ལས་ངེས་ཀྱི་ཚད་མར་མཚུངས་པའི་ཕྱིར། འདོད་ན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་དེས། མི་རྟག་པ་ཡིན་པའི་སྒྲ་ཁོ་ཁོ་རང་དུ་རྟོགས་པར་ཐལ་ལོ། །གཞན་ཡང་། ཁོ་རང་ལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ན། རང་གི་གཞལ་བྱ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་དགོས་པར་ཐལ། ཚད་མ་ཡིན་ན། རང་གི་གཞལ་བྱ་ལ། རང་ལས་ངེས་ཀྱི་ཚད་མ་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་གི་རྒྱུད་ཀྱི་དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་གི་གཞལ་བྱ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། མཚན་གཞི་ལ། ཁ་ཅིག་ན་རེ། རིགས་གཏེར་ལས། དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་པའི་དོན་དུ་བསམས་ནས་གཞན་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། དང་པོ་པའི་ཚད་མ། ཡིད་མ་གཏད་པའི་ཚད་མ། འཁྲུལ་རྒྱུ་ཅན་གྱི་ཚད་མ་གསུམ། དང་པོ་ནི། པདྨ་ར་གའི་ཁ་དོག་སྔར་མཐོང་མ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་པདྨ་ར་གའི་ཁ་དོག་འཛིན་པའི་དབང་མངོན་ལྟ་བུ། གཉིས་པ་ནི། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་བཞིན་པའི་སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུ། གསུམ་པ་ནི། སྨིག་རྒྱུ་ལ་ཆུ་འཛིན་གྱི་སྒྲོ་འདོགས་དངོས་སུ་འདྲེན་པར་བྱེད་པའི་སྨིག་རྒྱུའི་ཁ་དོག་འཛིན་པའི་དབང་མངོན་ལྟ་བུའོ། །ཟེར་ན། མཚན་གཞི་གཉིས་པ་མི་འཐད་པར་ཐལ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་བཞིན་པའི་སྐྱེས་བུའི་རྒྱུད་ལ་སྒྲ་འཛིན་ཉན་ཤེས་མེད་པའི་ཕྱིར། ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། མཚན་གཞི་གསུམ་པ་དེ་མི་འཐད་པར་ཐལ། དེ་འདྲའི་དབང་མངོན་དེས། རང་ཡུལ་ལ་ངེས་པ་འདྲེན་པར་མི་ནུས་པའི་ཕྱིར་ཏེ། དེས་སྨིག་རྒྱུ་ལ་ཆུ་འཛིན་གྱི་སྒྲོ་འདོགས་དངོས་སུ་འདྲེན་པར་བྱེད་པའི་ཕྱིར། གཞན་ཡང་། འཁྲུལ་རྒྱུ་ཅན་གྱི་ཚད་མ་མེད་པར་ཐལ། ཚད་མ་ཡིན་ན། དེ་མ་ཡིན་དགོས་པའི་ཕྱིར་ཏེ། མངོན་རྗེས་ཀྱི་ཚད་མ་གང་རུང་ཡིན་ན་དེ་མ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡིད་སྒྲ་སྙན་ལ་ལྷག་པར་ཆགས་བཞིན་པའི་སྐྱེས་བུའི་རྒྱུད་ལ་གཟུགས་འཛིན་མིག་ཤེས་མེད་པར་ཐལ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་བཞིན་པའི་སྐྱེས་བུའི་རྒྱུད་ལ་སྒྲ་འཛིན་ཉན་ཤེས་མེད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་མིག་ཤེས་མེད་པར་ཐལ་ལོ། །འདོད་ན། དེ་ལོང་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། ལོང་བ་མ་ཡིན་པའི་གཉིད་འཐུག་པོ་ལོག་བཞིན་པའི་འདོད་ཁམས་པའི་སེམས་ཅན་དེ་ལོང་བ་ཡིན་པར་ཐལ། དེའི་རྒྱུད་ལ་མིག་ཤེས་མེད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྒྱུད་ལ་རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་མེད་པའི་ཕྱིར། དེའི་རྒྱུད་ཀྱི་མིག་དབང་གཟུགས་ཅན་པ་དེ་དེ་མཚུངས་ཀྱི་མིག་དབང་གཟུགས་ཅན་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རིགས་གཏེར་ལས། དོན་རིག་གཉིས་དང་རང་རིག་དང་། །རྗེས་སུ་དཔག་རྣམས་རང་ལ་ངེས། །ཞེས་པའི་དོན་དུ་བསམས་ནས། གོམས་པ་ཅན་གྱི་མངོན་སུམ། དོན་བྱེད་སྣང་ཅན་གྱི་མངོན་སུམ། རང་དོན་རྗེས་དཔག་རྣམས་གང་རུང་ཡིན་ན། རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་ཟེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་འཛིན་དབང་མངོན་ཆོས་ཅན། སྒྲ་མི་རྟག་པ་ལ་ཚད་མར་ཐལ། དེ་ལ་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་དེས། སྒྲ་མི་རྟག་པར་ཚད་མས་གྲུབ་པ་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་མངོན་སུམ་གྱིས་ཚད་མས་གྲུབ་པར་ཐལ་ལོ། །འདོད་ན། སྒྲ་མི་རྟག་པ་ཆོས་ཅན། དེ་སྐོར་གྱི་ཕྱི་རྒོལ་ཡང་དག་གི་མངོན་སུམ་གྱིས་ཚད་མས་མ་གྲུབ་པར་ཐལ། དེ་སྐོར་གྱི་གཞན་དོན་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། ངོ་བོ་མ་གྲུབ། ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མངོན་སུམ་བཅད་ཤེས་ཡོད་པར་ཐལ། མངོན་སུམ་ལ་ཚད་མས་མ་ཁྱབ་པའི་ཕྱིར། འདོད་ན། རིགས་གཏེར་ལས། དེས་ན་མངོན་སུམ་བཅད་ཤེས་ཀྱི། །གཞི་མཐུན་སྲིད་པ་ཤེས་པས་བཀག །ཅེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། མངོན་སུམ་ཚད་མ་དང་བཅད་ཤེས་ཀྱི་གཞི་མཐུན་མེད་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་ལ་མེ་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཟེར་ན། མེ་དང་ཁ་དོག་གི་གཞི་མཐུན་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། མེ་ཡིན་ན། རེག་བྱའི་སྐྱེད་མཆེད་དང་འབྱུང་བ་ཡིན་དགོས། ཁ་དོག་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མེ་དང་ཁ་དོག་གི་གཞི་མཐུན་ཡོད་པར་ཐལ། མེ་དམར་པོ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར་ཏེ། དེ་དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་མེ་དམར་པོ་ཡིན་པའི་ཕྱིར་ན་མ་ཁྱབ་བོ། །འདོད་ན། མི་དམར་པོ་དེ་དམར་པོ་ཡིན་པར་ཐལ། མེ་དམར་པོ་དམར་པོ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁ་དོག་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མེ་དང་ཁ་དོག་གི་གཞི་མཐུན་ཡོད་པར་ཐལ། མེ་དང་མིག་ཤེས་ཀྱི་གཟུང་བྱའི་གཞི་མཐུན་ཡོད་པའི་ཕྱིར། འགལ་མེ་འཁོར་ལོར་སྣང་བའི་མིག་ཤེས་དེ་ལ། འགལ་མེ་སྣང་བའི་ཕྱིར་ཏེ། དེ་ལ་འགལ་མེ་འཁོར་ལོར་སྣང་བའི་ཕྱིར། དེ་འདྲའི་མིག་ཤེས་ཡོད་པའི་ཕྱིར་ཏེ། འགལ་མེ་ལ་སོགས་མྱུར་འཇུག་གི། རྗེས་སུ་འགྲོ་བའི་གནོད་པ་ཅན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འགལ་མེའི་ཁ་དོག་འཁོར་ལོའི་ཁ་དོག་ཏུ་སྣང་བའི་མིག་ཤེས་ཡོད་པ་དེ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་། རྟོག་པས་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དོན་ལ་མེའི་ཁ་དོག་ཡིན་ཞིང་། རྟོག་པས་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་བ་མེད་པའི་ཕྱིར། མེའི་ཁ་དོག་ཡིན་ན་རྟོག་པས་མེའི་ཁ་དོག་ཏུ་རྟོགས་པས་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟོག་པས་དེ་ཡིན་མིན་ཐེ་ཚོམ་ཟ་བ་ཡོད་པར་ཐལ། རྟོག་པས་ཐེ་ཚོམ་ཟ་བ་ཡོད་པའི་ཕྱིར་ཏེ། གང་ཟག་གིས་ཐེ་ཚོམ་ཟ་བ་ཡོད་པའི་ཕྱིར་ཏེ། གང་ཟག་གི་རྒྱུད་ཀྱི་ཐེ་ཚོམ་གྱིས་ཐེ་ཚོམ་ཟ་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་བོ། །འོ་ན། ཁོ་རང་ལ། དོན་ལ་མེའི་ཁ་དོག་ཡིན་ཞིང་། རྟོག་པས་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་ཁ་དོག་དམར་ལམ་པ་ཆོས་ཅན། རྟོག་པས་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་བ་ཡིན་པར་ཐལ། དོན་ལ་མེའི་ཁ་དོག་ཡིན་ཞིང་། རྟོག་པས་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མ་ཁྱབ་སྟེ། འོ་ན། རྟོག་པ་ཕྱི་རོལ་ཡུལ་ལ་འཇུག་པ་བསྡུས་ཤིང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་དེ་ནི་ཆོས་ཅན། ཁྱོད་ཀྱི་རྟོག་པ་ཕྱི་རོལ་ཡུལ་ལ་འཇུག་པ་བསྡུས་པར་ཐལ། ཁྱོད་ཆོས་ཅན་དེའི་ཕྱིར། ཁྱབ་པ་ཁས། ཟེར་ན་མི་འགྲིག་གོ། མ་གྲུབ་ན། དེ་འདྲའི་རྣལ་འབྱོར་པ་དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར་ཏེ། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་རྟོག་པ་དེ་ཕྱི་རོལ་གྱི་ཡུལ་ལ་མི་འཇུག་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་ཀ་བ་དང་བུམ་པ་ལ་སོགས་པ་ལ་འཇུག་པའི་ཕྱིར། ཁ་ཅིག་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེ་སྣང་བ་རང་ལས་ངེས་ཤིང་། བདེན་པ་གཞན་ལས་ངེས་ཀྱི་ཚད་མ་དང་། དོན་ལ་ཤ་པ་ཡིན་ཞིང་། ཤ་པ་ཡིན་མིན་གྱི་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཡལ་ག་ལོ་འདབ་དང་བཅས་པའི་ཤིང་འཛིན་པའི་དབང་མངོན་དེ། སྤྱི་རང་ལས་ངེས་ཤིང་། ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཡིན་ནོ། །ཟེར་ན། དང་པོ་ལ། དེ་ཆོས་ཅན། སྣང་བ་རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། སྣང་བ་རང་ལས་ངེས་ཤིང་། བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། སྣང་བ་རང་ལས་ངེས་ཤིང་། བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། གཉིས་པ་དེ་ཡང་ཆོས་ཅན། སྤྱི་རང་ལས་ངེས་ཀྱི་ཚད་མར་ཐལ། སྤྱི་རང་ལས་ངེས་ཤིང་། ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། སྤྱི་རང་ལས་ངེས་ཤིང་། ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་འདྲའི་ཤིང་འཛིན་པའི་དབང་མངོན་དེ། སྤྱི་རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། དེས་ཁོ་རང་ལ་སྣང་བའི་ཡལ་ག་ལོ་འདབ་དང་བཅས་པའི་ཤིང་དེ་ངེས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེ། དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་དེ་ལ་རང་ལས་ངེས་ཀྱི་ཚད་མ་དང་། དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་ལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ནོ། །ཟེར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པའི་དོན་སྤྱི་ལ་འཁྲུལ་པའི་ཚད་མ་ཡིན་པར་ཐལ། དོན་ལ་མེའི་ཁ་དོག་ཡིན་ཞིང་། མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་དེ། དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་མེའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་དེ་ལ་ཚད་མར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། དེ་འདྲའི་དབང་མངོན་དེ་དོན་ལ་མེའི་ཁ་དོག་ཏུ་གྱུར་པའི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། དེ་གཞན་ལས་ངེས་ཀྱི་ཚད་མར་སོང་བའི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་དབང་མངོན་ཆོས་ཅན། ཁྱོད་གཞན་ལས་ངེས་ཀྱི་ཚད་མར་སོང་བའི་ཡུལ་ཡོད་པར་ཐལ། ཁྱོད་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་འཁྲུལ་པའི་ཚད་མར་སོང་བའི་ཡུལ་ཡོད་པར་ཐལ། ཁྱོད་འཁྲུལ་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་སྒྲ་མི་རྟག་པ་ལ་ཡང་འཁྲུལ་པའི་ཚད་མ་མ་ཡིན། དེ་སྒྲ་མི་རྟག་པའི་དོན་སྤྱི་ལ་ཡང་འཁྲུལ་པའི་ཚད་མ་མ་ཡིན་པའི་ཕྱིར་རོ། །


previousགཞུང་གི་འཕྲོས་ཚུལ་དང་མཐའ་དཔྱད་པ།next