Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན།
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousའཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན།next

འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན།


CMR012_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན་བཞུགས་སོ།།


CMR012_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཡ་མཱནྟ་ཀ་ཡེ། འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན་ནི་གཏོར་མ་ཟུར་གསུམ་ཁྲམ་རིས་ཅན་རྩང་བདུན་གྱིས་བརྒྱན། མར་གྱི་མེ་རི་དང་ཤས་རྒྱན། འཛོམ་ན་ཆོས་འབྱུང་བསྣོལ་མའམ། འབྲུའི་ཚོམ་བུ་བདུན་བཀོད་པའི་སྟེང་དུ་བཤམས། སྨན་རཀ་མཆོད་པ་རྣམ་ལྔས་བསྐོར། ཁྲོ་ཆུའི་ལས་བྱང་གི་བསྟོད་པ་ཡན་བདག་མདུན་དུས་གཅིག་བསྒོམ་ལ་བསྙེན་པ་སྐབས་དང་བསྟུན། སློབ་མ་ལ་ཁྲུས་བྱས་མཎྜལ་ཕུལ། དབང་བཤད་བྱས་ལ་གསོལ་བ་གདབ་པ་ནི། སློབ་དཔོན་ཆེན་པོ་བདག་ལ་དགོངས། །བདག་ནི་བླ་མ་ལྷ་ལ་རབ་ཏུ་དད། །ལས་ཀྱི་གཤིན་རྗེ་ནག་པོ་ཡི། །བྱིན་རླབས་དབང་རྣམས་སྩལ་དུ་གསོལ། །གསུམ་མམ་གཅིག


CMR012_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས། ཁྱོད་ནི་སྣོད་དང་མི་ལྡན་པའི། །མུ་སྟེགས་ཅན་དང་རིགས་ངན་ཅན། །ལོག་ལྟ་ཅན་དང་དམ་མེད་ཅན། །ཉམ་པ་ཅན་དང་ལོག་སེམས་ཅན། །གཡོ་སྒྱུ་ཅན་སོགས་མ་ཡིན་ནམ། །སློབ་མས། ཨེ་མ་སངས་རྒྱས་བསྟན་པ་བསྲུང་བ་དང་། །སློབ་དཔོན་སྐུ་དགྲ་བསྒྲལ་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་བྱའི་ཕྱིར། །བདག་ལ་གནང་བོར་མཛད་དུ་གསོལ། །གསུམ་མམ་གཅིག ད་ཁྱེད་རང་སྣོད་དང་ལྡན་པའི་ཕྱིར་སྐྱབས་འགྲོ་འདིའི་ལན་མོ་མཛོད། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སོགས་ནས། ལུས་ངག་ཡིད་གསུམ་གུས་པས་


CMR012_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། ཞེས་པ་སྐྱབས་འགྲོ་ལས་བྱང་ལྟར་དང་། ད་ནས་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། སྣང་གྲག་ཆོས་རྣམས་རང་བཞིན་མེད་པ་ལ། །ཞེས་སོགས་ལས་བྱང་སེམས་བསྐྱེད་བྱའོ། །དེ་ནས་སློབ་མ་ལས་བུམ་ཆུས་བྲན་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་དམར་ནག་བསྣོལ་མ། ཞེས་སོགས་ནས་གཙོ་བོའི་མངོན་རྟོགས་ལས་བྱང་ལྟར་བྱའོ། །དེའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་ཡས་མཚན་པ། ཐུགས་ཀའི་ཧཱུཾ་དང་ཡ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་སྔགས་ཀྱི་ཕྲེང་བ། ཐུགས་གནམ་ལྕགས་རྡོ་རྗེ་དང་ཧཱུྃ་དང་ཡ་མཐིང་ནག་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་སློབ་མ་ལ་སིབ་སིབ་ཐིམ་པར་གྱུར། ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན།། །ཞེས་སོགས་ལས་བྱང་གི་སྤྱན་འདྲེན་བྱས་པའི་མཇུག་ནས་རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་སྔགས་གསུམ་བདུན་སྤོས་དང་རོལ་མོ་བྱའོ། །ཡེ་ཤེས་པ་དེ་བརྟེན་པར་གྱུར། ཏིཥྛ་བཛྲ༔ རྡོ་རྗེ་མགོར་བཞག་སླར་ཡང་མཎྜལ་ཕུལ། ཨེ་མ། སངས་རྒྱས་བསྟན་པ་བསྲུང་བ་དང་། །རྡོ་རྗེ་སློབ་དཔོན་སྐུ་དགྲ་


CMR012_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་དང་། །རུ་ཏྲ་ཆམ་ལ་ཕབ་པ་དང་། །དཀོན་མཆོག་དབུ་འཕང་བསྟོད་བྱའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དབང་རྣམས་བདག་ལ་སྩོལ། །གསུམ་མམ་གཅིག སྤྲོན། གཏོར་མ་འདི་ཉིད། ཅེས་གཙོ་བོའི་མངོན་རྟོགས་རྒྱས་པར་འདོན། བསྡུ་ན་རང་གིས་བསྒོམས་པས་འཐུས། ད་གཏོར་མ་འདི་དང་ཁྲོ་ཆུ་དུག་གདོང་གཉིས་སུ་མེད་པའི་སྤྱི་བོར་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་འགྱུར་མེད་སྐུ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་དང་བདུད་རྩིའི་དཀར་པོའི་རྒྱུན་བབ། ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །སྐུ་ཡི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དབྱངས་དང་བཅས་པས། ཧཱུྃ། གཏོར་སྣོད་བྷནྡྲ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་སྐུ་དང་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་


CMR012_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྐུར་བས། །སྐུ་མཆོག་གཡོ་མེད་སྐུ་ཡི་དབང་ཐོབ་ཤོག །ཅེས་རྩ་སྔགས་དང་། ཀཱ་ཡ་བཛྲ་ཨོ། ཞེས་སྤྱི་བོར་བཞག སྤྲོ་ན། དབང་དོན་བཤད་པ་དང་། བསྟོད་པ་ཤོ་ལོ་ཀ སྐུ་ཡི་བཀྲ་ཤིས་ཤོག སྦྱར་བ་འགྲེས་སོ། །མེད་ཀྱང་ཆོག་གོ། །དེ་བཞིན་དུ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་སོགས་འདྲེས། ཧཱུྃ། གཏོར་སྣོད་སོགས་ནས། གསུང་མཆོག་འགག་མེད་གསུང་གི་དབང་ཐོབ་ཤོག རྩ་སྔགས་དང་། ཝཱཀ་བཛྲ་ཨཱཿ མགྲིན་པར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་སོགས། ཧཱུྃ། གཏོར་སྣོད་སོགས། ཐུགས་མཆོག་གཡོ་མེད་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས་དང་། ཙིཏྟ་བཛྲ་ཧཱུྃ། སྙིང་ཁར། ལྟེ་བའི་འོད་ཟེར་སེར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཡོན་ཏན་གྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་སེར་པོ་དང་བདུད་རྩི་སེར་པོའི་རྒྱུན་བབ་ལྟར་ཞུགས་པས་ཁྱེད་རང་རྣམས་ཀྱི་ལུས་ཀྱིས་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དག །ཡོན་ཏན་རེ་བཀང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། གཏོར་སྣོད་སོགས། ཡོན་ཏན་རེ་བཀང་དབང་མཆོག་ཐོབ་པར་ཤོག །རྩ་


CMR012_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་སྭཱ། ལྟེ་བར། གསང་གནས་ནས་འོད་ཟེར་ལྗང་གུ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་ལྗང་གུ་སོགས། ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག ཧཱུྃ། གཏོར་སྣོད་སོགས། དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག །རྩ་སྔགས་མཇུག་ཏུ། ཀརྨ་ཨ་བྷི་ཥིཉྩ་ཧཱ། ཞེས་ལྔ་པོ་ལ་འོད་ཟེར་སྤྲོ་བསྡུ་སོགས་གོང་གི་འགྲེས་ཤེས་པར་བྱའོ། །དེ་ནས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་དང་བཅས་པའི། སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་དམ་ཅན་ལས་ཀྱི་གཤིན་རྗེའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབས་པས་ཡེ་ཤེས་པ་ཐམས་ཅད་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་འཇམ་དཔལ་ཁྲོ་ཆུ་དངོས་དང་དབྱེར་མེད་པར་གྱུར་སྙམ་པའི་ངང་ལ་མི་དམིགས་པའི་ངང་ལ་ཞོག་མཛོད། སྤྲོ་ན་གཏོར་མ་


CMR012_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་ཐོགས་ལ་བསྟོད་པ་གང་རུང་ཞིག་གྱེར། མེད་ཀྱང་ཆོག །བླ་མ་བརྒྱུད་པ་ཧ་ལམ་པ་དང་། གཙོ་འཁོར་བདུན་གྱི་མཚན་ལས་བྱང་ལྟར་བསྒྲུང་ལ་བཀའ་བསྒོ་སྨོན་ལམ་དབང་སྤྱི་ལྟར་གང་འོས་བྱའོ། །དེ་ནས་སྔགས་པ་ཉམས་སུ་ལེན་མཁན་ཡིན་ན་གཏོར་མ་ལག་ཏུ་གཏད་ལ་འཁོར་ལས་གཤིན་རྣམས་ཀྱི་མིང་བརྗོད་ལ་བཀའ་བསྒོ་གང་འོས་སྤྱི་ལྟར་བྱ། ད་མེ་ཏོག་སྔོན་པོའི་ཕྲེང་བ་རེ་ཕུལ་བའི་མོས་པ་མཛོད་ལ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །སོགས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་སློབ་མའི་ཞལ་དུ་ཞུགས་ཐུགས་ཀར་འཁོད་པར་མོས་ལ། བསྙེན་སྔགས་དང་བཟློག་སྔགས་དང་། གལ་ཆེ་ན་བསད་སྔགས་དང་གསུམ། རྡོ་རྗེའི་ཕྲེང་བ་ནས་བཟུང་ལ་བྱ། སྔགས་ཕྲེང་མེ་ཏོག་གི་ཕྲེང་བ་བྱས་ནས་སྤྱི་བོར་བཅིངས་བའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །སོགས་བྱས། དེས་ཁྲོ་ཆུའི་གཏོར་དབང་ཐོབ་ནས་སྒྲུབ་པ་སྲུང་ཟློག་སོགས་རུང་བ་ཡིན་པས། འདི་ལ་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བཟུང་བའི་མོས་པས་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱས། གཏང་རག་གི་མཎྜལ་ཕུལ་མཛོད། ས་གཞི་སྤོས་ཆུས་བྱུག །སོགས་བྱ། སྤྱིར་ཁྲོ་ཆུའི་དབང་འདི་བསྐུར་བ་ལ། རང་བསྙེན་པ་ཐེམས་པ་སློབ་མ་


CMR012_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཅན་གལ་ཆེ་སྟེ། ས་ཡ་གཉིས་ཀྱིས་དངོས་གྲུབ་དབང་། །གྲངས་ལ་ངེས་མེད་རྟགས་ལ་གཅེས། །དྲོད་རྟགས་མ་ཐོན་རང་འདོད་ཀྱི། །སློབ་དཔོན་སློབ་མ་གཉིས་ཀ་ཕུང་། །ཤི་ན་རྡོ་རྗེ་དམྱལ་བར་འགྲོ། །སྲོག་དང་འདྲ་བས་སྙིང་ལ་འཆང་། །གསེར་དང་འདྲ་བས་ཕུགས་སུ་སྦོས། །ས་སྟེང་ནོར་གང་སྙིང་ལ་འཆང་། །སྙིང་དང་འདྲ་བའི་བུ་གཅིག་གིས། །གསེར་རམ་སྙིང་གི་ནོར་ཕུལ་ནས། །རྟག་ཏུ་བླ་མར་ཞུས་ལ་བསྟེན། །དེ་འདྲ་མིན་པའི་ཁ་འཛམ་གཡོ་སྒྱུ་ཅན། །བླ་མ་གསང་ཞིང་མན་ངག་རྐུ། །མཁས་པ་གཡོ་སྒྱུ་ཅན་གྱི་མིང་། །དེ་འདྲ་དག་ལ་བྱིན་པ་ན། །ཚེ་འདིར་ལས་ཀྱི་གཤིན་རྗེས་སྙིང་བཀའ་འོ། །ཕྱི་མ་རྡོ་རྗེའི་དམྱལ་བར་འགྲོ། །དེ་བས་དམ་ལ་མ་འདའ་ཞིག །ཞེས་སོ། །ས་ཡ་གཉིས་ནི་འབུམ་ཕྲག་ཉི་ཤུའོ། །རྟགས་ནི་གཞུང་དུ་གསལ་ཞིང་། རྟགས་ཡིག་སྤྱི་དང་མཚུངས། འདི་ནི་ལས་ཀྱི་གཤིན་རྗེའི་ངན་སྔགས་ཡིན་པས། གསུམ་ལས་སྤེལ་ན་སྡིག་ཆེའོ། གནང་བས་དགོངས་མཛོད་ཁྲོ་ཆུའི་གཏོར་དབང་ལག་ལེན་དུག་དབང་གཞུང་ནས་ཁོལ་དུ་ཕྱུང་བ་༧ རཱ་ག་ཨ་སྱས་བཀོད་པ་སངས་རྒྱས་བསྟན་པ་སྲུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན།next