ཐུགས་རྗེ་ཆེན་པོའི་གསང་བ་འདུས་པའི་ལས་བྱང་རྩ་ཚིག
ཐུགས་རྗེ་ཆེན་པོའི་གསང་བ་འདུས་པའི་ལས་བྱང་རྩ་ཚིག་བཞུགས་སོ༔
ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱིཿ འགྲོ་མགོན་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འགྲོ་མགོན་ཐུགས་རྗེ་ཆེན་པོ་ཡི། །ལས་བྱང་རྩ་ཚིག་བསྡུས་པ་ནི། །མ་ཡེངས་སེམས་ཉིད་ངང་ལ་འདི་སྐད་དོ། །ས་མ་ཡ། རྒྱ་རྒྱ་རྒྱ། ན་མོ། དཀོན་མཆོག་གསུམ་དང་ཡི་དམ་ལྷ། །རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ཚད་མེད་བཞི་རུ་སེམས་བསྐྱེད་དོ། །ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཐམས་ཅད་རང་རང་གནས་སུ་དེངས། །སྲུང་དང་མཚམས་ཀྱི་ཕྲིན་ལས་འགྲུབ་པར་མཛོད། །རང་རིག་གསལ་སྟོང་དག་པའི་སྒོ་ཕྱེས་ཤིག །དོན་དམ་སྙིང་
པོའི་རང་བཞིན་མཇལ་ཕྱག་འཚལ། །སྲོག་གི་ཕྱིར་ཡང་མི་གཏོང་ས་མ་ཡ། །གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས། །གུས་པས་འབུལ་གྱིས་བཞེས་སུ་གསོལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །ཧཱུྃ། སྤྲོས་མེད་ཆོས་རྣམས་ཡེ་ནས་དག །དེ་ཉིད་མ་རྟོགས་སྙིང་རེ་རྗེ། །ཧཱུྃནི་ཡེ་ཤེས་སྙིང་པོ་སྲོག །ཧཱིཿལས་བྷཾ་འཕྲོས་གཞལ་ཡས་ཁང་། །ཕོ་བྲང་ཡོངས་རྫོགས་ཆེན་པོ་གསལ། །དལ་དབུས་ཧཱིཿཡིག་འཕྲོ་འདུ་ལས། །རང་
ཉིད་ཐུགས་རྗེ་ཆེན་པོར་བསྒོམ། །གསང་འདུས་ཐུགས་རྗེ་སྤྱན་རས་གཟིགས། །ཚེ་བདག་རྟ་མགྲིན་གསང་ཡེ་ཡུམ། །ནོར་འཛིན་གསང་འཛིན་རིགས་ལྔ་ཡུམ། །སེམས་དཔའ་ཡབ་ཡུམ་ཐུབ་པ་དྲུག །སངས་རྒྱས་སྟོང་རྩ་སྒོ་བ་བཞི། །རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས། ཤ །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །མ་འདྲེས་ནམ་མཁའི་འཇའ་ལྟར་གསལ། །ཧཱིཿ རྣམ་དག་བདེ་ཆེན་གཞལ་ཡས་ནས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དབྱེ་གསལ་མེད་པར་བཞུགས་སུ་གསོལ། །སྒོ་གསུམ་དད་པའི་ཕྱག་བགྱིའོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱིཿ ཤུ་མ་ཧཱ་ཛ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཧཱུྃ༔ ཡེ་མཆོད་ཆེན་པོར་བཞེས་སུ་གསོལ། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ ཧཱུྃ། བདེ་གཤེགས་ཀུན་འདུས་ཐུགས་རྗེའི་ལྷ། །རང་བྱུང་ཡེ་ཤེས་སྤྱན་རས་གཟིགས། །གསང་བ་འདུས་པ་གཙོ་འཁོར་དང་། །ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །རང་སྣང་དགོངས་རྒྱུད་དག་པས་ཐུགས་དམ་བསྐུལ། །བདག་གི་ཐུགས་སྲོག་ཧཱུྃ༔ཡིག་ལས། །
འོད་ཟེར་ཕར་འཕྲོས་རྒྱལ་བ་མཆོད། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །ཀུན་ཀྱང་ཐུགས་རྗེ་ཆེན་པོར་བསྒོམ། །ཚུར་འདུས་སྐུ་གསུང་ཐུགས་ཀྱི་བཅུད། བྱིན་རླབས་དངོས་གྲུབ་བདག་ལ་ཐིམ། །ཏིང་འཛིན་ཐུགས་སྲོག་ཧཱུྃཡིག་མཐར། །ཡིག་དྲུག་གཡོན་དུ་འཁོར་བར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡིག་བདུན་བསྙེན་པ་ཅི་ནུས་བཟླ། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱས་ཡིག་བདུན་བསྙེན་པ་དུང་ཕྱུར་གཅིག་ཐོན་པའི་དུས་ཀྱི་ཚེ་མ་འོངས་འགྲོ་ལ་ཕན་ཕྱིར་འདི་ཉིད་བྲིས་པས་དགེ་བས་འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།