རྡོར་ཕྲེང་སྤྱི་ལ་རུང་བའི་གཏོར་དབང་།
རྡོར་ཕྲེང་སྤྱི་ལ་རུང་བའི་གཏོར་དབང་གཅིག་ཡོད་དོ།།
ན་མོ་གུ་རུ་བཛྲ་དྷ་ར་ཡེ། དབང་རྡོ་རྗེ་ཕྲེང་བ་འདི་ལ་གཏོར་དབང་ནི་གཞུང་ན་མེད་པས། རྡོར་ཕྲེང་གནང་ཚེ་ཡང་བྱེད་སྲོལ་མི་འདུག་པས་བྱས་ན་སྐུ་ཡོན་ཡོད་པ་རྣམས་ཀྱིས། འདི་ལ་གཏོར་དབང་འབྱར་མི་འབྱར་སོགས་ཁ་ཟེར་བ་འོང་སྲིད་པས། རྡོར་ཕྲེང་ཚང་མ་གནང་བའི་ཚེ་གཏོར་དབང་མི་བྱ་སྟེ། བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་ཡང་དེ་ཡིན། ཡོན་བདག་སོགས་ཐ་མལ་པ་ལ་རྡོར་ཕྲེང་ནང་གི་དབང་རེ་རེ་བསྐུར་བའི་ཚེ། གཏོར་མ་མེད་ན་ཐ་མལ་པ་རྣམས་བློ་ཁ་མི་རྫོགས་པས། གཏོར་དབང་བྱེད་པ་ལ་འགལ་བ་མེད་སྟེང་དུ་ཤིན་ཏུ་ལེགས་པ་སྟེ། གསང་སྔགས་སྔ་འགྱུར་གྱི་རྒྱུད་འགའ་ཞིག་ལས། དབང་རྣམས་རྫོགས་པར་བསྐུར་ནས་ཀྱང་། །གཏོར་མའི་དབང་བསྐུར་མ་བྱས་ན། །དེ་ཡི་ཆ་ལག་ཉམས་པ་སྟེ། །ཐུན་
མོང་དངོས་གྲུབ་ཕྱིར་ལ་འགྱིངས། །ཞེས་དང་། རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི། གཅིག་ཤེས་ཀུན་གྲོལ་གཏོར་དབང་གི་མཇུག་ནས། དེས་ཡི་དམ་ཆོས་སྐྱོང་གང་ལ་ཡང་རྒྱས་བཀབ་བོ། །ཞེས་གསུངས། དེ་ཡང་བླ་མེད་ལ་གཏོར་དབང་དང་། བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་གཏོར་དབང་ཟེར་བ་མེད་ཀྱང་། གཏོར་མའི་བྱིན་རླབས་ཞེས་བྱ་བ་ཡོད་དེ། དཔེར་ན་གནས་བཅུ་སྨན་བླ་ལྟ་བུའོ། །ད་གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས། ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ། ངོ་བོ་མདུན་བསྐྱེད་དང་ཐ་དད་མེད་པའི་རྨེའི་དཀྱིལ་འཁོར་གྱི་ལྷ་ཚོགས། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་དངོས་ཡིན་སྙམ་དུ་གསལ་ཐོབ་ལ། སློབ་
དཔོན་གྱི་གཟུངས་སྔགས་བརྗོད་ཅིང་བླ་མ་བརྒྱུད་པའི་མཚན་ནས་སྨོས་ཏེ། གསོལ་བ་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་དུ་བསྒོམས་ལ་མ་ཡེངས་པར་རྩེ་གཅིག་ཏུ་འདུན་པ་དྲག་པོ་གཏོད་དེ་སྨོན་ལམ་ཐོབ་ཅིག །གཏོར་མ་ལག་ཏུ་ཐོགས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་བྱིན་བརླབ་ཅིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ དྲུག་པ་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། པཎ་ཆེན་ཨ་བྱཱ་ཀ་ར། པཎྜི་ཏ་དགེ་བའི་འབྱུང་གནས་སྦས་པ། གྲུབ་ཆེན་རྣལ་འབྱོར་ལེགས་སྤྱོད་ཞབས། པཎ་ཆེན་རཏྣ་རཀྵི་ཏ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་ཐོགཞོན་ནུ་དཔལ། སྙེ་མདོ་བ་ཀུན་དགའ་དོན་འགྲུབ། སེམས་དཔའ་རང་བྱུང་རྡོ་རྗེ། ཆོས་ཀྱི་རྒྱལ་མཚན། བླ་མ་ཛྙཱ་ན་ཤྲི། རིན་ཆེན་བཟང་པོ། རྗེ་མཐོང་བ་དོན་ལྡན། རྒྱལ་ཚབ་དཔལ་འབྱོར་དོན་གྲུབ། ཞྭ་དམར་ཆོས་ཀྱི་གྲགས་པ། གཞན་ཡང་ཨ་བྱཱ་ཀ་ར་ནས། ཨ་ནུ་པདྨ་རཀྵི་ཏ། པཎྜི་ཏ་བིཀྟ་དེ་ཝཱ། པཎ་ཆེན་ཤཱཀྱ་ཤི། པཎྜི་
ཏ་བྷུ་མི་ཤྲཱི། བི་མ་ལ་ཤྲི་བྷ་དྲ། མང་དཀར་ལོ་ཙཱ་བ་བྱང་ཆུབ་སེང་གེ །ཀྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན། མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་། ཀུན་དགའ་བཟང་པོ། རྡོ་རྗེ་འཛིན་པ་གུ་ན་ཤྲཱི། མཁས་གྲུབ་བླ་མ་རྒྱལ་མཚན། ཞྭ་དམར་ཆོས་ཀྱི་གྲགས་པ། འབྲི་གུང་རིན་ཆེན་ཕུན་ཚོགས། རྒྱལ་བའི་ཡབ་གཅིག་ཆོས་རྒྱལ་ཕུན་ཚོགས། སངས་རྒྱས་དཀོན་མཆོག་རིན་ཆེན་། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། གཞན་ཡང་ངོར་ཆེན་ནས། །མཁས་གྲུབ་དཔལ་ལྡན་རྡོ་རྗེ། འཇམ་དབྱངས་བློ་གྲོས་རྒྱལ་མཚན། འབྲི་གུང་པཎ་ཆེན་ངག་དབང་ཆོས་ཀྱི་གྲགས་པ། འབྲི་གུང་ཞབས་དྲུང་སྐུ་ཆེ་བ་མཚུངས་མེད་གྲགས་པ་རྒྱལ་མཚན། ཞབས་དྲུང་དཀོན་མཆོག་རིན་ཆེན། སྤྲུལ་པའི་སྐུ་མཆོག་ལྷོ་རིན་པོ་ཆེ། འདྲེན་མཆོག་ཀརྨ་ཆགས་མེད། ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། ཁྱད་པར་དུ་རྗེའི་དཀྱིལ་
འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ། ཆོས་སྐྱོང་སྲུང་མ་དང་བཅས་པས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་བར་མཛད་དུ་གསོལ། འདི་ཡི་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས། བདུད་དང་གནོད་བྱེད་མ་རུངས་པའི་ཚོགས་ཐམས་ཅད་ཚར་བཅད། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། རྩ་སྔགས་དང་། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བཱ་ལིང་ཏ་ཨ་བྷི་ཥིཉྩ་མཱི། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་སྒེའི་ལྷ་ཚོགས་བྱིན་བརླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་ཉུང་ན་རྡོ་རྗེ་མགོར་བཞག །མང་ན་ནས་གཏོར། གཏོར་མ་སྒྲེའི་ལྷ་ཚོགས་སུ་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། རྗེའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་སྙམ་དུ་བྷོ། ཉུང་ན་
གཏོར་མའི་དུམ་བུ་ཡང་སྦྱིན། མང་ན་མི་དགོས། དེ་ནས། གཙོ་བོའི་ཇི་ལྟར་སོགས་གཞུང་ལྟར་རོ། །ཞེས་པ་ཐ་མལ་པ་ཡི་རྣམ་རྟོག་དགག་ཕྱིར། བྲིས་པ་ལ། འགལ་འཁྲུལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་དོན་དཔག་ཏུ་མེད་པ་འབྱུང་བར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།