Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

3 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
གནམ་ཆོས་ལྷ་མོ་སྤྱིའི་དབང་བཤད།
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  


3 occurrences of འབེན་
[Clear Hits]

 
previousགནམ་ཆོས་ལྷ་མོ་སྤྱིའི་དབང་བཤད།next

གནམ་ཆོས་ལྷ་མོ་སྤྱིའི་དབང་བཤད།


CMR029_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལྷ་མོ་སྤྱིའི་དབང་བཤད་ཡོད་དོ༔


CMR029_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཁྱེད་རྣམས་ལ་དབང་བསྐུར་བ་ལ་ལོ་རྒྱུས་ཅུང་ཟད་མ་བཤད་ན་ཆ་ལག་མ་ཚང་བར་འགྱུར་བས༔ ལྷ་མོའི་ངོ་བོ་ནི་རྒྱུད་མེ་ལྕེ་འབར་བ་ལས༔ གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི༔ སྟོང་ཉིད་ཆོས་སྐུ་རྣམས་དང་ཡེ་ཤེས་ལྔ༔ སྤྲུལ་པའི་མཚན་མ་ལྷ་མོའི་མཚན་མོར་སྣང་༔ ཞེས་དང་༔ བསྐལ་པ་དུ་མའི་སྔོན་རོལ་ནས༔ དུས་གསུམ་སངས་རྒྱས་ཞལ་མཐོང་ཞིང་༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ༔ སྨད་པའི་ཞིང་འདིར་སྤྲུལ་སྐུ་ཡི༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ ཞེས་གསུངས་པས༔ ཆོས་སྐུ་ཡུམ་ཆེན་མོ་ནམ་མཁའ་ལྟར་ཀུན་


CMR029_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ཁྱབ་པའི་ངང་ལས༔ ལོངས་སྐུ་འཇའ་ཚོན་ལྟར་རྡོ་རྗེ་ཕག་མོ་དང་ཁྲོས་མ་སེང་གདོང་མ་དང་༔ ཀྲོ་ཏི་ཤྭ་རི་དང་རྡོ་རྗེ་རོ་ལངས་མ་དང་༔ བདག་མེད་མ་སོགས་དཀྱིལ་འཁོར་རྣམས་ཀྱི་གཙོ་མོའི་ཡུམ་དུ་གྱུར༔ དེའི་སྤྲུལ་སྐུ་ཉི་ཟེར་ལྟར་སོ་སོར་སྐྱེ་རྒྱུད་དང་ལོ་རྒྱུས་རྒྱུད་གྲུབ་ཐབས་མི་གཅིག་པའི་ལྷ་མོ་སྟོང་རྩ་བརྒྱད་བྱུང་སྟེ༔ རྙིང་མའི་ལྷ་མོའི་རྒྱུད་ལས༔ མི་མངོན་ནམ་མཁའི་དབྱིངས་ཤེད་ན༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་༔ སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ༔ སྐུ་ཡང་མི་གཅིག་སོ་སོར་བསྒོམ༔ སྔགས་ཀྱང་མི་


CMR029_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སོ་སོར་བཟླ༔ མཚན་ཡང་མི་གཅིག་སོ་སོར་འབོད༔ ཅི་ལྟར་བྱས་ཀྱང་ངོ་བོ་གཅིག༔ ཅི་ལྟར་སྒྲུབ་ཀྱང་དངོས་གྲུབ་འབྱུང་༔ ཞེས་གསུངས༔ དེ་ལྟར་ལྷ་མོ་ཡེ་ཤེས་པ་སྟོང་དང་རྩ་བརྒྱད་ངོ་བོ་གཅིག་ཀྱང་གཙོ་བོ་གསུམ་དུ་སྣང་སྟེ༔ དབྱིངས་ཡུམ་ཨེ་ཀ་ཙ་ཏི་དང་༔ སྦྱོར་ཡུམ་འདོད་ཁམས་དབང་ཕྱུག་དུད་སོལ་མ་དང་༔ སྒྲོལ་ཡུམ་རེ་མ་ཏི་གསུམ་ཡིན༔ ལེགས་སྦྱར་ལ་རེ་ཝ་ཏི་དང་༔ དེ་ལ་ཟུར་ཆགས་པས་རེ་མ་ཏི༔ བོད་སྐད་ནམ་གྲུ་མ་སྟེ༔ ནམ་གྲུའི་རིགས་ཐོབ་པ་བྱེ་བ་དུང་ཕྱུར་ཡོད་པ་ཐམས་ཅད་ངོ་བོ་གཅིག་པར་འདོད་པ་ནི་འཐད་དོ༔ དེ་ལ་གཙོ་མོ་དཔོན་གཡོག་གཉིས་སུ་བྱུང་ཚུལ་ནི༔ ལྷ་མོ་དེ་སྔོན་བསྐལ་པ་གོང་མ་ཞིག་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་ཏིང་ངེ་འཛིན་མི་གཡོ་བ་བྱེ་བ་བརྒྱད་ཀྱི་སེམས་དཔར་སྤྲུལ་ནས་བཞུགས་ཙམ་ན༔ སངས་རྒྱས་ཐམས་ཅད་ཀྱིས་སྤྱན་ཆེར་གཟིགས་དབང་བསྐུར་ནས་སེམས་ཅན་གྱི་དོན་ལ་བསྐུལ་བས༔ དེ་ཉིད་ཁྲོ་བོ་རྣམ་པར་སྣང་མཛད་ཅེས་བྱ་བ་ལྗང་གུ་ཞལ་བཅུ་གཅིག་པ༔ ཕྱག་སྟོང་ཞབས་སོ་གཉིས་པར་སྤྲུལ་ནས་སྟོང་གསུམ་གྱི་འཇིག་རྟེན་ཞབས་ཀྱིས་མནན་ནས༔ སྤྲུལ་པ་བསྡུས་ཏེ་རི་རབ་ཀྱི་


CMR029_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་བཞུགས་པ་ན༔ རྒྱལ་བ་རིགས་ལྔ་སེམས་དཔའ་སྤྱན་རས་གཟིགས་དང་༔ སྡེ་བརྒྱད་ཐམས་ཅད་ཀྱང་དེར་འདུས་པ་དང་༔ བྱང་ཆུབ་སེམས་དཔའ་དེས་དུག་པ་ཅན་གྱི་ལུས་སུ་གྱུར་ནས་བསྟན་པ་བསྲུང་ཞིང་གདུལ་དཀའ་བ་རྣམས་འདུལ་བར་ཤོག་ཅེས་སྨོན་ལམ་བཏབ་མ་ཐག༔ ལྷ་མོ་དཔོན་གཡོག་གཉིས་སུ་གྱུར་ཏེ་བོང་བུ་དང་དྲེལ་ལ་ཆིབས་ནས་འཇིག་རྟེན་དུ་རྒྱུ་བས༔ དེས་ལྷ་རྣམས་ལ་ལ་སྐག་ཅིང་སྔངས༔ ལ་ལས་འཕྱ་བར་བྱེད་པ་ན༔ སྤྱན་རས་གཟིགས་ཀྱི་ཞལ་ནས་འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཡིན་པས༔ མ་སྐྲག་པར་སྐྱབས་སུ་ཤེས་པར་གྱིས༔ མ་གཤེ་མཆོད་པ་གྱིས་གསུངས་པས༔ ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་བསྟོད་དོ༔ དེ་ནས་ལྷ་མོ་དཔོན་གཡོག་དམྱལ་བ་དང་༔ ཡི་དྭགས་དང་༔ དུད་འགྲོ་དང་༔ ལྷ་མ་ཡིན་གྱི་ཡུལ་དུ་བྱོན་ནས་ཆོས་བསྟན་པས་ཐམས་ཅད་ཐར་ལམ་ལ་བཀོད་ནས༔ དམྱལ་བ་སྟོང་བྱེད་ཡི་དྭགས་ཚེམ་བྱེད་མ༔ དུད་འགྲོའི་ལྷ་མོ་གཡང་ཤམ་མ་ཞེས་གྲགས༔ དེ་ནས་རི་རབ་ཀྱི་རྩེར་བྱོན་པས་ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་བསྟོད་པས༔ ཕྱག་ན་རྡོ་རྗེས་ལེགས་སོ་


CMR029_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས༔ དེ་དག་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བཀོད་པ་ལགས་སོ༔ དེ་ནས་སྐྱེ་བ་བརྒྱུད་ཚུལ་ནི༔ ལྷ་མོ་འདི་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར༔ འོད་སྲུང་གི་བསྟན་པ་ལ་ལྷ་མོ་དཔལ་ཞེས་བྱ་བ་གྱུར༔ དེ་དག་གི་ཚེ་ཡང་ལམ་ལ་སློབ་པ་དང་ཆོས་བསྲུང་བར་མཛད༔ མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་མོ་འཛུ་ཞེས་བྱ་བ་གྱུར་པ་དང་༔ དེ་དུས་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྱུར་ནས་བླ་མར་བསྟེན༔ དེ་ནས་འདས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་རྫོགས༔ ཤཱཀྱ་ཐུབ་པ་མ་བྱོན་བར་ཡུན་རིང་བས༔ ལྷ་མ་ཡིན་རྒྱལ་ནས་ལྷ་ཕམ་མོ༔ དེའི་ཚེ་ལྷ་དབང་ཕྱུག་དང་ལྷ་མོ་ཨུ་མའི་སྲས་མོར་འཁྲུངས་ནས༔ ལྷ་མ་ཡིན་གྱི་གཡུལ་བཟློག་པས་ལྷ་མོ་རྩ་མུན་ཏྲིར་གྲགས་སོ༔ དེ་ནས་རི་ཁྲོད་མེད་ངས་དགའ་བར་ཤིང་ལོ་མནབས་ནས་འཕགས་པ་མི་ཕམ་པའི་གཟུངས་བསྒྲུབས་པས་རི་ཁྲོད་ལོ་མ་ཅན་མཚན་དུ་གྲགས་སོ༔ ཀླུ་དུང་གི་འཛེར་པ་ཅན་སྐྱབས་ཤིང་ཁྱུང་བཏུལ་བས་ལྷ་མོ་དུང་སྐྱོང་མར་གྲགས་སོ༔ དེ་ནས་རི་རབ་ཀྱི་རྩེ་བྱང་ཤར་ཡོངས་འདུའི་དྲུང་རིན་པོ་ཆེའི་གཞལ་ཡས་ཁང་ན་ལྷ་


CMR029_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་མཆོད་ཅིང་བཞུགས་སོ༔ དེའི་ཚེ་ལྷ་རྣམས་ཀྱི་སྲིན་པོའི་ཡུལ་དུ་སྐྱོན་ཕབ་ནས་སྲིན་པོ་དྷ་ཤ་གྲི་ཝ་དང་སྲིན་པོ་རྣམ་ཙེ་གཉིས་མ་གཏོགས་ཤི་ནས༔ སྲིང་མོ་མ་ཧཱ་དེ་བ་ལ་ཕུལ་བས་རེ་མ་ཏི་འཁྲུངས་པ་ལ་ཕྱག་རྡོར་སོགས་ལྷ་སྲིན་རྣམས་ཀྱི་སྐྱེ་བ་ཀུན་ཏུ་རེ་མ་ཏིའི་མིང་དང་ལྡན་ནས་བསྟན་པ་བསྲུང་བར་སྨོན་ལམ་བཏབ༔ ཡབ་ཀྱི་སྦས་པའི་བུ་མོ་ཐལ་མདོག་མ་དང་༔ ཡུམ་གྱི་མི་ཕམ་ཁྲོ་གཉེར་ཅན༔ དུང་སྐྱོང་མས་སྲིན་མོ་དམར་འདབས་ཕུར་བའི་ཞེས་མིང་བཏགས༔ དེ་དུང་སྐྱོང་མའི་གཡོག་མོར་གྱུར་ནས་བསླུས་ནས་དུང་སྐྱོང་མ་སྲིན་པོ་དྷ་ཤའི་ཁབས་སུ་བྱོན་པ་ལས༔ ཡུམ་ཨུ་མས་དམོད་བོར་བས་སྲིན་མོའི་གཟུགས་སུ་གྱུར༔ སྲིན་ཕྲུག་ལྔ་བརྒྱ་འཕེལ་ཙམ་ན་སྲིན་པོ་ཤི་བས་རལ་གྲི་དང་ནོར་བུ་ནེའུ་ལེ་ཁྱེར་སྲིན་གྱི་བོང་བུ་ཞོན་ནས་དུར་ཁྲོད་དུ་འོང་སྟེ་ཤ་ཁྲག་སྤྱོད༔ གཤིན་རྗེས་རླུང་གི་འཁོར་ལོ་བསྒྲུབ་པས་རླུང་ནག་འཚུབ་མ་འགྲུབ་སྟེ༔ རྒྱ་མཚོའི་འགྲམ་དུ་དཔོན་གཡོག་གཉིས་བསྟན་པ་བསྲུང་བར་སྨོན་ལམ་བཏབ་ནས་རླུང་འཚུབ་ཀྱི་རྒྱ་མཚོར་བསྒྱུར་བས༔ དཔོན་མོ་གཤིན་རྗེ་ལྷག་པའི་མཐུ་ཆེན་གྱི་བུ་མོ་དང་༔ གཡོག་མོ་ཀླུ་མོ་རེ་མ་


CMR029_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཆུ་སྲིན་གདོང་དུ་སྐྱེས་ནའང་ཚེ་འཕོས༔ བདུད་རེ་སྡེ་མགོ་ཉག་དང་དྲན་པ་དབང་མེད་མའི་བུ་མོ་བདུད་མོ་རེ་མ་ཏིར་སྐྱེས་པས༔ ཕས་སྲིད་གསུམ་བློ་ཕྲོག་མ༔ མས་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་མིང་བཏགས༔ རིན་པོ་ཆེའི་རྒྱན་གྱིས་བརྒྱན་ནས་བདུད་མཁར་རྩེ་ན་འདུག་ཙམ་ན༔ དཔོན་མོས་སྔགས་ཀྱི་བསྐྱུགས་པས་སྐྱེ་བ་དྲན་ནས་བདུད་ཀྱི་ཁྲམ་ཤིང་དང་མཚོན་དྲུ་ཐོགས་ནས་འོང་༔ ལམ་དུ་སྲིན་པོ་བུམ་སྣ་ཤི་བའི་ནང་ཁྲག་གི་རྫིང་བུ་འཐུངས་པས་ཁ་རླངས་ནད་སྤྲིན་བྱུང་༔ བཙན་སྐྱ་རྡོ་རྗེ་ཟླ་བ་དང་འདྲོག་པས་ཤྭ་རྡེལ་བྱིན༔ སྲིན་གྱི་བོང་བུ་དང་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ལ་དྲེལ་སྔོན་རླུང་གི་གཤོག་པ་ཅན་བྱུང་བ་ཆིབས༔ ཁྲམ་ཤིང་དང་ཤཱ་དྷེལ་ཐོགས༔ དཔོན་མོས་བོང་བུ་ཞོན་རལ་གྲི་ཐོད་པ་ཐོགས༔ མཐུ་རྩལ་ཆེ་བས་སྐྱེ་བ་རྣམ་བཞིའི་སེམས་ཅན་རྣམས་ཟོས་ནས་སྟོང་ལ་ཁད་དུ་བྱས༔ འཇིག་རྟེན་གྱི་མ་མོ་དང་མཁའ་འགྲོ་ཐམས་ཅད་བྲན་དུ་གྱུར་ཏོ༔ དེའི་ཚེ་བྱང་ཆུབ་ཤིང་དྲུང་དུ་ཤཱཀྱ་ཐུབ་པ་དང་མཇལ་ནས༔ སེམས་བསྐྱེད་སྲོག་སྙིང་ཕུལ༔ ཨ་སུ་རའི་བྲག་ཕུག་ཏུ་བྲམ་ཟེ་མཆོག་སྲེད་དང་གསུམ་གྱི་ཨེ་ཀ་ཙ་ཏི་བསྒྲུབ་པས་ཞལ་


CMR029_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་༔ འདོད་ཁམས་མཐུ་མོ་ཆེར་དབང་བསྐུར༔ དགེ་སློང་ཕོ་མོ་གཉིས་རྒྱལ་པོའི་ཆད་པས་བསད་བདུད་དུ་སྐྱེས་ནས་མི་རྣམས་རེས་མོས་ཟ་བ་དེ་གཉིས་བསྒྲལ༔ སའི་ལྷ་མོས་ནམ་གྲུ་མཆེད་བརྒྱད་བྲན་དུ་ཕུལ༔ ཡུམ་ཨུ་མ་དང་རྟ་མགྲིན་དང་ཕྱག་ན་རྡོ་རྗེས་དབང་རྣམས་བསྐུར་བས་ས་རྣམ་པ་དྲུག་ཏུ་གཡོས་མཐུ་རྩལ་བསམ་གྱིས་མི་ཁྱབ་པར་གྱུར་པས༔ འཁོར་ལོས་བསྒྱུར་རྒྱལ་དང་སྡེ་བརྒྱད་ཐམས་ཅད་ཀྱི་རང་རང་གི་རྟགས་རེ་རེ་ཕུལ་ཞིང་བསྟོད་དོ༔ སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བར་གྱུར་ཏོ༔ བསྐལ་པ་འདི་ལ་སངས་རྒྱས་སྟོང་གི་བསྟན་པ་བསྲུང་ཞིང་། མཐར་བྱང་ཤར་གྱི་འཇིག་རྟེན་དུ་དཔོན་མོ་ནི་སངས་རྒྱས་པདྨོ་དམ་པ་དང་༔ གཡོག་མོ་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་བཤེས་གཉེན་ཞེས་བྱ་བར་འགྱུར་བ་ཕྱག་ན་རྡོ་རྗེས་ལུང་བསྟན་ཏོ༔ དེ་ཡང་དངོས་གྲུབ་འབྱུང་རྒྱུད་ནི་གསར་མ་ཉིད་དུ་སྣང་ལ༔ དེ་མིན་ལྷ་མོའི་རྒྱུད་ཕལ་ཆེ་བ་ནི་མ་མོ་དྲོད་གཏོང་གི་རྒྱུད་ཀྱི་ཆ་ལག་ཏུ་གཏོགས་པ་སྟེ༔ རྒྱ་གར་གྱི་རིག་འཛིན་དྷ་ན་སཾ་ཀྲི་ཏ་དུར་ཁྲོད་ཆེན་པོ་ཞིག་ན་བཞུགས་པ་ན་བུད་མེད་ནག་མོ་རལ་པས་ས་གཞི་ཁྱབ་པ་ཞིག་འབྱུང་ནས་


CMR029_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པས༔ ལྷ་མོའི་རྒྱུད་གཏེར་ནས་བཏོན༔ ཨོ་རྒྱན་རིན་པོ་ཆེས་ཡང་ལེ་ཤོད་དུ་ཕུར་པ་བསྒྲུབ་པའི་ཚེ་རེ་མ་ཏི་ཕུར་སྲུང་དུ་བསྐོས་པ་དང་༔ བོད་དུ་བྱོན་པས་མ་ཕམ་གྱི་མཚོ་བདག་ལྷ་མོ་དེ་གནམ་ལྕགས་ཀྱི་སེང་གེ་རི་རབ་ཙམ་བཞིར་སྤྲུལ་ནས་སློབ་དཔོན་ལ་ཉམས་ཚད་པ་དམ་ལ་བཏགས༔ ལྷ་མོའི་སྒྲུབ་སྐོར་མང་དུ་མཛད་ནས་གཏེར་དུ་སྦས་པ་གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་གྱིས་བཏོན་པའི་དབང་ལུང་གི་རྒྱུན་ཡང་ཐོབ་ལ༔ ཡང་ཨོ་རྒྱན་རིན་པོ་ཆེས་ལོ་ཙཱ་ཅོག་རོ་ཀླུའི་རྒྱལ་མཚན་ལ་གནང་བ་དང་༔ འོ་བྲན་དཔལ་གྱི་དབང་ཕྱུག་ལ་གནང་བའི་རྙིང་མ་བཀའ་མའི་རྗེས་གནང་རྒྱུན་ཡང་ཡོད་མོད་ཀྱི༔ འདི་ནི་གནམ་ཆོས་ཡིན་ཏེ༔ དེ་ཡང་རིག་འཛིན་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་དུས་སུ་སྐུ་མཚམས་ལ་བཞུགས་སྐབས་ལ༔ ཡུལ་ཕྱོགས་ཀུན་ཏུ་རིམས་ནད་ཀྱི་མི་མང་དུ་ཤི་བའི་དགུན་དཔྱིད་རྣམས་སུ༔ དཔལ་ལྡན་ལྷ་མོ་ཞི་བ་བསྟན་ནས་ལོ་མ་ཅན་དང་འོད་ཟེར་ཅན་ལ་སོགས་དང་ཤིང་ལོ་དང་དབྱངས་ཅན་མའི་སྒྲུབ་ཐབས་དང་༔ རིམས་ནད་བསྲུང་ཐབས་མང་པོ་དང་༔ ལྷ་མོ་གཟིག་ཤམ་ཅན་དུ་བྱས་ནས་ལུང་བསྟན་འགའ་རེ་དང་༔ ཁྲོ་


CMR029_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མོར་སྤྲུལ་ནས་དུད་སོལ་བྱ་མགོ་ཅན་དང་རེ་མ་ཏི་ཕྱག་དྲུག་མ་དང་༔ གཙོ་འཁོར་ཡོངས་རྫོགས་བསྟན་ནས་ལྷ་མོའི་སྤྱི་མདོས་ནད་རིམས་རྒྱུན་གཅོད་གནང་དེས་བཅོས་པས་ནད་རིམས་ཡང་བདེ༔ དེ་ནས་རིམ་པར་ལྷ་མོ་ཡེ་ཤེས་པ་དུད་སོལ་མ་དང་རང་བྱུང་ཨེ་ཀ་ཙ་ཏི༔ ལས་ཀྱི་རེ་མ་ཏི་དམག་ཟོར་མ་སྤྱང་ཞོན་མ༔ དུར་ཁྲོད་བདག་མོ༔ ངེ་ནེ་མ་ལ་སོགས་དུར་ཁྲོད་ཀྱི་ལྷ་མོ༔ སྲིན་མོ་གཡག་མགོ༔ གཡུ་སྒྲོན་བརྟན་མ་སྤྱི་སྒྲུབ༔ ཨ་ཕྱི༔ ཚེ་རིང་མ༔ རྐང་བཙུན་སོགས་སོ་སོའི་སྒྲུབ་ཐབས་བསྟེན་ནོ༔ དེ་དག་སོ་སོའི་ལས་ཚོགས་དངོས་གྲུབ་ཅི་འདོད་པ་ནི་སོ་སོར་གསལ་ལ༔ ཡེ་ཤེས་ཀྱི་ལྷ་མོ་དཔོན་གཡོག་བསྒྲུབ་པ་དང་༔ མཆོད་པ་དང་༔ དབང་ཐོབ་ཅིང་དམ་ཚིག་བསྲུང་བའི་དགོས་ཆེད་ཕན་ཡོན་ནི༔ མེ་ལྕེ་འབར་བའི་རྒྱུད་ལས༔ འདིའི་དོན་བསྒོམ་རྩེ་གཅིག་ཡིད་ཀྱིས་བཟླས་སོ༔ འདིས་ནི་མི་ནུབ་རྒྱལ་མཚན་དམ་པ་འཐོབ༔ འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་འཐོབ༔ འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་འཐོབ༔ འདིས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ༔ ཅེས་དང་༔ ལྷ་མོའི་བསྟོད་པའི་རྒྱུད་ལས༔


CMR029_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཕྱག་ན་རྡོ་རྗེས་བཀའ་སྩལ་པ༔ ལྷ་མོའི་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ༔ སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ༔ ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ༔ སྐྱོབ་པར་བྱེད་དོ༔ ཅི་འདོད་པའི་དངོས་གྲུབ་སྟེར་རོ༔ ཞེས་དང་༔ གསེར་འོད་དམ་པ་ནས༔ གལ་ཏེ་གཡུལ་འགྱེད་འཇིགས་པའི་གནས་དག་གམ༔ མེ་ནང་ལྟུང་བ་དག་ནི་མཐོང་གྱུར་ཏམ༔ ཆུ་བོ་ཉམ་ང་ཆོམ་རྐུན་འཇིགས་པ་འཚེ༔ འཇིགས་པ་དེ་དག་ཐམས་ཅད་སེལ་བར་ནུས༔ གལ་ཏེ་རྒྱལ་པོའི་ཁྲིམས་ཀྱིས་བཅིང་བསྒྲོག་གམ༔ གལ་ཏེ་ཤ་ཆང་གསོད་པར་བྱིན་པའི་ཚེ༔ སེམས་ནི་རྩེ་གཅིག་མི་གཡོ་གནས་གྱུར་ན༔ ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར༔ ཞེས་དང་༔ ལྷ་མོའི་གཟུངས་མི་འདྲ་བ་མང་པོ་ཞིག་དོན་མཐུན་པར༔ སྙིང་པོ་བཟླ་བས་ནད་རིམས་དང་ཡམས་དང་གདོན་དང་འབྱུང་པོའི་གནོད་པ་སྐྱོབ་ཅིང་དཔག་ཚད་ཚུན་ཆད་བསྲུང་གསུངས་པ་དང་༔ བསྟོད་རྒྱུད་ལས༔ མི་ནད་གང་ཡིན་ཁྱོད་མིང་ཤེས༔ དེ་ལ་འཇིགས་པ་མེད་པར་འགྱུར༔ ཞེས་དང་༔ དངོས་གྲུབ་འབྱུང་རྒྱུད་ལས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཚར་ཆོད་མ༔ བདུད་རྩི་སྨན་


CMR029_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱལ་མོ༔ ཞེས་གསུངས་ལ༔ ད་ལྟར་གསར་མ་ལུགས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་རྒྱ་གཞུང་འདི་ནི་གནམ་ཆོས་ཡིན་ཏེ༔ ལྷ་མོས་བིར་ཝ་པ་ལ་གསུངས་པ་ཕྱིས་ཡི་གེར་བཀོད་པའོ༔ དེ་ལྟར་སྲུང་བའི་མཆོག་དམ་པ་དངོས་གྲུབ་ཐམས་ཅད་འབྱུང་གནས་ཡིན་ཅིང་༔ ངོ་བོ་ཡེ་ཤེས་པ་ཡིན་ཀྱང་རྣོ་མྱུར་འཇིག་རྟེན་ལས་ཀྱང་ཆེ་ཞིང་ཤིན་ཏུ་གཉན་པས་དབང་ཐོབ་ནས་དམ་ཚིག་ལ་གནས་པ་གལ་ཆེ་སྟེ༔ འཕགས་པ་དུར་ཁྲོད་བདག་མོ་ལྷ་མོ་ནག་མོའི་རང་རྒྱུད་ལས༔ སྔགས་པས་བོས་ན་འོང་བས་ཀུན་གསོན་ལ༔ འགྲོ་བ་དབུགས་དང་བྲལ་ཁ་མི་སླེབ་མི་སྲིད་པས་དབུགས་བདག་ཆེན་མོ༔ ཕྲག་དོག་ཆེ་བས་བསྟེན་ཚུལ་དཀའ་མ༔ བཅོས་ན་ཐུབ་པས་བཟློག་སླ་མོ༔ ཕུད་ལ་དགའ་བར་ཕུད་བདག་ཆེན་མོ༔ ཐ་མ་ལྷག་མར་སྡུད་པས་ལྷག་ལ་དགྱེས༔ ཞེས་གསུངས་སོ༔ དེ་ཡང་གནམ་ཆོས་སྐབས་སུ་ལྷ་མོའི་རིགས་སྒྲུབ་ཐབས་རྣམ་གྲངས་མང་ཆེས་པ་གཅིག་བྱུང་བ་སོ་སོའི་ངོ་བོ་གཅིག་སྣང་ཞེས་དོག་པ་གླེང་བ་ན༔ སྤྲུལ་སྐུ་དགུང་ལོ་བཅུ་གསུམ་པ་བྱའི་ལོ་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་ཞལ་གཟིགས་


CMR029_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསུངས་པ༔ དུད་སོལ་ལོ་ཅན་གཅིག་ཡིན་ནོ༔ རང་བྱུང་རེ་ཏི་ཨེ་ཀ་ཙ༔ དམག་ཟོར་སྲོག་སྒྲུབ་གཅིག་ཡིན་ནོ༔ ཁྲི་སྨན་སི་ལེ་ཨ་ཕྱི་གཅིག༔ དུར་བདག་དེ་ནི་རྩ་འཇིབ་གཅིག༔ སྟག་སྨན་སོར་ལྡེམ་ཚེ་རིང་གཅིག༔ དངོས་གྲུབ་ཞལ་དང་དམ་སྲུང་གཅིག༔ བ་ལམ་དྲིལ་སྣ་ཁྲག་དགའ་གཅིག༔ གཏུམ་འཇིགས་ཀི་ལི་སྒྲ་སྒྲོག་དང་༔ སྤྱང་ཞོན་སྦྱོར་ཟིན་དཔལ་ལྷ་གཅིག༔ ཡི་དྭགས་ཁ་དང་ཁོ་ལེ་དང་༔ རབ་བརྟན་མ་ནི་གཅིག་ཡིན་ནོ༔ གཡུ་སྒྲོན་ཁ་ཆེ་གཡག་མགོ་གཅིག༔ ཞེས་གསུངས་སོ༔ དེས་ན་རེ་མ་ཏི་ནི་རིགས་གཅིག་གིས་མིང་མིའི་རུས་ལྟ་བུར་སྣང་བས༔ ལྷ་མོའི་རིགས་ཕལ་ཆེར་རེ་མ་ཏི་ཡིན་ཟེར་ནས༔ བསྟོད་འབུམ་ནས་ཡེ་ཤེས་ཀྱི་ལྷ་མོ་དཔོན་གཡོག་གི་བསྟོད་པ་སྦྱར་མཁན་མང་ན་ཡང་༔ རྒྱལ་པོའི་བསྟོད་པ་དེ་མངའ་ཞབས་ཀྱི་མི་སུ་མཐོང་ལ་སྦྱར་བ་ལྟར་འགྱུར་རམ་བསྟན་པར་བྱའོ༔ སྤྲུལ་སྐུ་དགུང་ལོ་བཅུ་བདུན་པ་ལ་སྐུ་མཚམས་ཁོངས་སུ་དགོངས་གཏེར་མང་ཞིག་ཕབ་པ་ལ་ཡང་༔ རེ་མ་ཏི་མཆེད་གསུམ་གྱི་སྒྲུབ་ཐབས༔ ལྷ་མོ་རི་དྭགས་རྐྱང་ལ་ཆིབས༔ ལྷ་མོ་རྐང་ཐང་རི་རབ་སྟེང་ན་བཞེངས་པ༔ དུར་ཁྲོད་ཀྱི་མ་མོ་བརྣོ་


CMR029_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་ཅན༔ ཀོ་རི་མ་བརྒྱད་སོགས་ཀྱི་སྒྲུབ་ཐབས་མང་ཞིག་བྱུང་བ་ལས༔ ད་ལམ་ཡེ་ཤེས་ཀྱི་ལྷ་མོ་ཧྥེའམ༔ འཇིག་རྟེན་གྱིའམ༔ ལས་ཀྱི་ལྷ་མོ་སྒྲེའམ༔ གཟུངས་དབང་ངམ༔ བཀའ་གཏད་བྱེད་པ་ཡིན་པས༔ སྤྱིར་གསང་སྔགས་གྱི་དམ་ཚིག་བསྲུང་དགོས་པ་གཞིར་བཅས༔ ཁྱད་པར་ཡེ་ཤེས་ཀྱི་ལྷ་མོ་དཔོན་གཡོག་གི་དམ་ཚིག་ཀྱང་དེར་འདུས་མོད་ཀྱིས༔ བྱེ་བྲག་ནི་མེ་དང་རླུང་དང་བུད་མེད་སྦྲུམ་མ་ལ་མི་སྨད་པ༔ ནལ་ཕྲུག་དང་བོང་བུ་ལ་བྱམས་པར་བྱ་བ༔ ཕྲེང་བ་མི་ལག་མི་འགྲིམ༔ རླུང་ནག་འཚུབ་མ་ལ་རྒྱབ་མི་སྟོན་པ༔ རྡོ་སོལ་མཐོང་ན་ཚུ་ལ་མི་བསྐུར་བ༔ དེ་རྣམས་ཡང་སྲུང་གལ་ཆེ་ནས་ཡིད་ལ་བཞག་ནས༔ དཔལ་ལྡན་ལྷ་མོ་དཔོན་གཡོག་སྤྱིའམ༔ བྱེ་བྲག་ཚེ་ཆོས་སྐྱོང་དུ་བསྟེན་ཕྱིར་དབང་ཞུ་སྙམ་པས་རྗེས་ཟློས་མཛོད༔ ཅེས་པ་ཡང་གནམ་ཆོས་ཀྱི་རྩ་བའི་གཏེར་སློབ་ཏུ་གྱུར་པ་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ལྷ་མོ་སྤྱིའི་དབང་བཤད།next