སློབ་དཔོན་པདྨས་མཛད་པའི་དྲག་པོ་ལྕགས་འདུལ་ལས་འདུལ་དཀར་བླ་གླུད་གཏང་བ་ཟས་གཏད་ཡར་གྱི་ཆོ་ག་འདོན་བསྒྲིགས་བལྟས་ཆོག་ཏུ་བཀོད་པ།
སློབ་དཔོན་པདྨས་མཛད་པའི་དྲག་པོ་ལྕགས་འདུལ་ལས་འདུལ་དཀར་བླ་གླུད་གཏང་བ་ཟས་གཏད་ཡར་གྱི་ཆོ་ག་འདོན་བསྒྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །
ན་མོ་བུདྡྷ་བོ་དྷི་སཏྭ་ཡ། སློབ་དཔོན་པདྨས་མཛད་པའི་བླ་གླུད་དང་། །བཙད་པོ་ཁྲིའུ་སྲོང་ལྡེ་བཙན་སྐུ་རིང་ལ། །རྒྱ་གར་ཡུལ་གྱི་མཁས་པ་པཎྜི་ཏ། །ཤྲཱི་ཨིནྡྲ་བོ་དྷི་ཞེས་ཀྱང་བྱ། །ཤཱཀྱ་པྲ་བྷ་དྷ་ན་ཤཱི་ལ་དང་། །བེ་རོ་ཙཱ་ན་ལ་སོགས་ལོཙྪ་བ། །རྣམས་ཀྱིས་མདོ་སྡེ་དུ་མའི་དོན་བསྡུས་ཏེ། །ཚེ་འདས་ཟས་གཏད་རྒྱས་པར་མཛད་པ་གཉིས། །གབ་སྤྱད་ཕྱག་ལེན་མ་འཁྲུལ་ཁྱེར་བདེར་བཀོད། །མདུན་དུ་ཕྱིང་པ་ལ་སོགས་གཞི་དཀར་སྟེང་། །རབ་ལ་རྡུལ་ཚོན་ལ་སོགས་དཀྱིལ་འཁོར་བྲི། །བསྡུས་ན་འབྲུ་ཡི་ཚོམ་བུ་འདབ་དྲུག་སྟེང་། །ནས་སམ་སྐྱུར་བ་ཐང་ཕྱེ་བཀང་བའམ། །ཡང་ན་འཇིམ་པ་ཟླུམ་པོ་བཞག་པའི་སྟེང་། །ཕོ་ལ་མདའ་དང་མོ་ལ་འཕང་ཞིག་བཙུགས། །ཡང་ན་སྨྱུག་རྒོད་ཡང་ན་ཤིང་ཐུར་ཆོག །དེ་
ལ་མིང་བྱང་ས་འབུ་ཏྲི་དེ་བཏགས། །ཕྲེང་བ་མདོ་འཛིན་ནོར་གཡུ་ལ་སོགས་པ། །ཚེ་འདས་ལུས་ལ་འབྱར་བའི་རྫས་ཤིག་དགོས། །རས་དཀར་དུམ་ཞིག་གདུགས་ཀྱི་ཚུལ་དུ་བཀབ། །གོང་དེར་དཀོན་མཆོག་མཆོད་པའི་ལྷ་བཤོས་གཅིག །ཕྱི་རྒྱུད་པ་ལ་བསྔོ་བའི་དཀར་གཏོར་གཅིག །རིགས་དྲུག་སྤྱི་ལ་བསྔོ་བའི་ལྕོག་རྡོག་གཅིག །ཚེ་འདས་ཉིད་ལ་འབྲང་རྒྱས་གྲུ་བཞི་པ། །རྩེ་ལ་ཁྱུང་གཟུགས་བཟོས་སམ་པར་བཏབ་བཙུགས། །གཡས་གཡོན་རྟ་ལུག་གཟུགས་བརྙན་གཉིས་ཀྱང་བཞག །དེ་གསུམ་སྡེར་སོགས་གཙང་མའི་སྣོད་དུ་བཞག །སྣོད་གཙང་ནང་དུ་བླ་གླུད་ངར་མི་གཅིག །དེ་ཡི་གཡས་གཡོན་ལུག་དང་ར་ཡི་གཟུགས། །དེ་མཐར་ཆངས་བུ་གཙང་མ་མང་ཞིག་བསྐོར། །ལྕོག་རྡོག་ཆངས་བུ་ཏིང་ལོ་བཅུ་རེའང་བཅའ། །མིང་བྱང་
མདུན་དུ་མར་མེ་ཕྱེ་མར་དང་། །འདོད་ཡོན་ཟས་སྣ་ཅི་འཛུམ་བཤམས་པ་དང་། །གོས་སྦྱིན་བཏང་རྒྱུའི་གོས་སམ་ལ་དུམ་བལ། །དེ་དག་བཤམས་ཤིང་བྲན་ནས་འདོན་བསྒོམ་སྦྲག །སྐད་ཅིག་གིས་རང་ཉིད་ཡི་དམ་གནས་འགྱུར་ནས། རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་དྲིལ་བུ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། སེང་གེའི་ཁྲི་ལ་བཞུགས་པ་ཡེ་ནས་དམ་ཡེ་དབྱེར་མེད་པའི་ཐུགས་ཀར་ཟླ་བའི་གདན་ལ་ཨོྃ་གྱི་མཐར། ཨོཾ་ཨཱ་ཛི་ན་ཛིག་ཧཱུྃ་ཞེས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་སྲིད་པ་གསུམ་གར་གནས་ཀྱང་རང་དབང་མེད་པར་བཀུག་ནས་མིང་བྱང་ལ་ཐིམ་པས་ཚེ་འདས་དངོས་སུ་གྱུར། འདིར་བདེན་སྟོབས་བརྗོད་ལ་ལན་གསུམ་བཀུག །ཚེ་འདས་ཀྱི་བླ་ཚེ་དེ་ཡང་ལུས་དང་གྲིབ་མ་བཞིན་དུ་དེར་འོང་བ་དང་། ཤ་བའི་རྗེས་སུ་ཁྱི་འོང་བ་ལྟར། བླ་འཁྱེར་བྱེད་པའི་ལྷ་འདྲེ་གནོད་བྱེད་ཐམས་ཅད་ཀྱང་རྗེས་སུ་འོང་ནས་ཀྱང་མདུན་དུ་མགྲོན་ལྟར་འཚོགས་ནས་བདག་གི་བཀའ་ཉན་པར་གྱུར། ཧཱུྃ། ང་ནི་རྣམ་པར་སྣང་མཛད་ཡིན། །ནམ་མཁའ་སྟོང་པ་མཛོད་དུ་བཅས། །བར་སྣང་
སྟོང་པ་ལམ་དུ་བསྲང་། །སྲིད་པ་ཆགས་འཇིག་ང་ཡི་ལུས། །ང་ལས་མ་བྱུང་ཅི་ཡང་མེད། །རྒྱལ་ཆེན་རིགས་བཞི་ང་ཡི་བྲན། །ལྷ་སྲིན་སྡེ་བརྒྱད་ང་ཡི་གཡོག །ང་ལས་མ་བྱུང་ཅི་ཡང་མེད། །སྐྱེ་བ་རྣམ་བཞི་ང་ལས་བྱུང་། །འགྲོ་བ་རིགས་དྲུག་སོ་སོར་འགྲོ། །རིགས་ཀྱི་བུ་ཁྱོད་ཚུར་ཉོན་དང་། །ཚེ་ལས་འདས་པ་ཚུར་ཉོན་དང་། །འཇིག་རྟེན་སྲིད་པའི་ཆོས་བཞི་ལས། །སྐྱེས་པའི་ཐ་མ་འཆི་བར་སྲིད། །འདུས་པའི་ཐ་མར་འབྲལ་བར་སྲིད། །སྐྱེ་འཆི་ལོ་རྒྱུས་དེ་ལས་བྱུང་། །སྐྱེ་ཤིའི་འདུ་འབྲལ་བྱུང་། །རི་གཟར་ཁ་ནས་ཆུ་འབབ་བཞིན། །སྐད་ཅིག་སྡོད་པའི་དབང་ཡང་མེད། །ཉོན་མོངས་སེམས་ཅན་སྙིང་རེ་རྗེ། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །ཚེ་འཕོས་མི་ལུས་སྣང་བ་ཡལ། །ལས་ཀྱི་དབང་གིས་འཁོར་བར་འཁྱམས། །ལུས་ཀྱི་སྒྱུ་མའི་ཕུང་པོ་ཞིག །སེམས་ཀྱི་མེ་ཏོག་ཡལ་ཏེ་སོང་། །དགེ་སྡིག་ལུས་དང་འགྲོགས་ཏེ་བསམ་དུ་མེད། །སྐྱེ་གནས་ལྟུང་བ་བཞི་པོ་གར་སྐྱེས་ཀྱང་། །དཀོན་མཆོག་གསུམ་གྱིས་བྱིན་བརླབས་པས། །ཚེ་འདས་གནས་འདིར་མྱུར་དུ་ཤོག །ཐོགས་མེད་སེམས་དང་བཅས་ཏེ་
ཤོག །ཆུ་བུར་མིག་གིས་མ་མཐོང་ཡང་། །འཕགས་པའི་སྤྱན་གྱིས་ས་ལེར་གཟིགས། །གང་ཟག་མཐུ་ཡིས་མ་ཁུག་ཀྱང་། །འཕགས་པའི་ཐུགས་རྗེས་འགུག་ཏུ་གསོལ། །རྫུན་གྱི་ཚིག་གིས་བསླུ་ནས་མི་ཉན་ཡང་། །བདེན་པའི་ཚིག་ལ་ཀུན་ཀྱང་ཉོན། །ཀྱེ་མ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །མི་ལུས་འཇིག་རྟེན་གནས་རབ་འདིར། །མྱ་ངན་འདས་པའི་ཁང་ཕུག་ནས། །དྲི་ཞིམ་སྤོས་ཀྱིས་ཆག་ཆག་གདབ། །ཆགས་པའི་གདན་ནི་བཤམས་ནས་ཀྱང་། །བཀྲ་ཤིས་ལྷ་ཡི་ལོངས་སྤྱོད་ལ། །སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །ཚེ་འདས་རྒྱལ་བའི་སྲས་པོ་ཁྱོད། །དམ་ཚིག་རྗེས་སུ་དྲན་གྱིས་ལ། །སློབ་མའི་ཚུལ་དུ་གཤེགས་སུ་གསོལ། །ཞལ་ཟས་བཤོས་སྐྱེམས་སྣ་ཚོགས་ལ། །མགྲོན་གྱི་ཚུལ་དུ་གཤེགས་སུ་གསོལ། །ཀྱེ་མ་གསུང་སྙན་འདི་ལ་སྐད་ཅིག་ཉོན། །ཐུགས་རྗེའི་ལྕགས་ཀྱུ་འདི་ལ་འཇུས། །ཤེས་རབ་གསལ་བའི་སྒྲོན་མེ་འདི་ལ་ལྟོས། །རྫུ་འཕྲུལ་སྐད་ཅིག་མྱུར་བའི་སེམས་དང་འགྲོག །བརྩོན་འགྲུས་གོ་ཆ་བརྟན་པའི་སེམས་ཐོབ་ལ། །མིང་གཞིའི་རྒྱུ་མའི་ཕུང་པོ་ལ། །དྲན་པའི་སེམས་ཀྱིས་དབང་གྱིས་ལ། །དེང་
འདིར་བསྔོས་པའི་གནས་འདིར་མྱུར་དུ་ཤོག །གདུགས་ཕུབ་འདི་ལ་བསིལ་གྲིབ་གྱིས། །འཕན་ཕྲན་འདི་ནི་སྐུ་ཡི་ཚད། །འཕན་ཤིང་འདི་ནི་སྐུ་ཡི་རྟེན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར། །རིན་ཆེན་འབར་བའི་གདན་མཆོག་ལ། །ཚེ་འདས་ཁྱོད་ཉིད་བཞུགས་སུ་གསོལ། །ཧཱུྃ་ཨ་ཀར་ཤ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། །ཨོཾ་ཨཱ་མུ་ཀ་སིདྡྷི་ཧཱུཾ། དེ་ནས་ཆངས་བུ་ཏིང་ལོ་ངར་མི་ཐམས་ཅད་དང་མགྲོན་བཞིའི་མཆོད་པ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་དཔག་ཏུ་མེད་པའི་ནང་དུ། མཆོད་པའི་སྤྲིན་ཕུང་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། མགྲོན་བཞི་སོ་སོའི་སྤྱན་ལམ་དུ་གང་ལ་གང་འདོད་ཀྱི་ལོངས་སྤྱོད་རྒྱ་ཆེ་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ན་མོ། བླ་ན་མེད་པའི་དཀོན་མཆོག་གསུམ། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས། །ཐུགས་རྗེའི་མངའ་བདག་སེམས་དཔའི་ཚོགས། །ཉན་ཐོས་རང་རྒྱལ་ཐམས་ཅད་ལ། །ཞལ་ཟས་ལ་སོགས་མཆོད་སྤྲིན་འབུལ། །ཐུགས་རྗེས་ཚེ་འདས་བསྐྱབ་ཏུ་གསོལ། །གཤེད་དང་བྲལ་ཞིང་ཟས་བསྔོ་ཐོབ། །
མཐོ་རིས་ཐར་ལམ་བགྲོད་པ་དང་། །བདག་དང་ཡོན་བདག་བར་ཆད་ཞི། །ཡུན་རིང་འཚོ་བར་བྱིན་གྱིས་རློབས། །ཕྱི་ནང་ཆོས་སྐྱོང་སྲུང་མ་དང་། །དཔལ་མགོན་བདུན་ཅུ་རྩ་ལྔ་ལ། །དཀར་གཏོར་རྒྱན་ལྡན་མཆོད་གཏོར་འབུལ། བདག་གི་མགོན་དང་སྡོང་གྲོགས་མཛོད། །འགྲོ་བ་རིགས་དྲུག་སེམས་ཅན་ལ། །ལྕོག་ཟླུམ་འདོད་ཡོན་རྒྱ་མཚོར་དམིགས། །སོ་སོར་གང་འདོད་མཆོད་སྦྱིན་བསྔོས། །དེ་ལྟར་མཆོད་སྦྱིན་བསོད་ནམས་དེས། །ཚེ་འདས་ཐར་ལམ་ཐོབ་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། །ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། དེ་ནས་ཆངས་བུ་ལྕོག་རྡོག་ཏིང་ལོ་རེ་རེ་ཆབ་ཀྱིས་བྲན་ལ་རིམ་བཞིན་འདི་ལྟར་བརྗོད། ཧཱུྃ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །བདེན་པའི་ཚིག་ལ་མི་ཉན་གང་ཡང་མེད།། སངས་རྒྱས་བཀའ་ལ་མི་ཉན་གང་ཡང་མེད། །དེ་བས་ཁྱོད་ཀྱང་བདེན་པའི་བཀའ་ལ་ཉོན། །ཧཱུྃ། ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །བདུད་དང་ལྕགས་སུ་བབ་པ་ཁྱོད། །
ཁྱོད་ཀྱང་སངས་རྒྱས་བཀའ་ལ་ཉོན། །ཁྱོད་ཀྱང་བདེན་པའི་ཚིག་ལ་ཉོན། །དྲི་ཟ་འཆི་ཁའི་སེམས་འཇུག་དང་། །དྲི་ཟའི་ཁྱབ་བྱེད་པི་ཤ་ཙ་ན་དང་། །སྨྲ་འདོད་ལ་སོགས་གནོད་སྦྱིན་རིགས། །ཝ་ར་ཧི་ཏ་ཀུན་དུ་རྟོགས་འདོད་དང་། །ཤ་ཟ་འབྱུང་པོའི་རིགས་གྱུར་པའི། །བྱེ་བ་དུང་ཕྱུར་དཔག་མེད་པ། །གཤིན་པོ་ཐར་པའི་གེགས་བྱེད་པ། །ཚེ་འདས་གཟུགས་བཟུང་གསོན་པོར་གནོད། །ཟ་འདྲེའི་རིགས་གྱུར་ཐམས་ཅད་དང་། །ཡི་དྭགས་གཤིན་རྗེའི་ཆད་པ་ཞེས། །འཇིགས་པའི་གཟུགས་སུ་སྤྲུལ་བྱས་ནས། །ཚེ་འདས་དམྱལ་བར་ཁྲིད་བྱེད་བགེགས། །གལ་ཏེ་མཐོ་རིས་སྐྱེས་ན་ཡང་། །ཚེ་ཐུང་ནད་མང་བྱེད་པའི་བགེགས། །གནོད་བྱེད་ལན་ཆགས་ཐམས་ཅད་ལ། །འདི་གསོན་གྱི་བླ་གླུད་མ་ཡིན་ཏེ། །གཤིན་གྱི་བླ་གླད་འདི་ལོངས་ལ། །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །འདི་ནི་བཟུང་བ་ཐོང་ལ་བཅིངས་བ་ཁྲོལ། བསྡམས་པ་ཀློད་ལ་མནན་པ་ཁྱོག །ཚེ་འདས་འདི་ནི་བཏང་དུ་གསོལ། །ཨོཾ་སརྦ་བྷུ་ཏ་གན་དྷར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཆངས་བུ་ལྕོག་རྡོག་ཏིང་ལོ་རྣམས་མིང་བྱང་གཡས་གཡོན་དུ་
ལན་གསུམ་རེ་བསྐོར་ལ། སྣོད་གཙང་གཅིག་ཏུ་བླུག་གོ །དེ་བཞིན་འོག་མ་ཀུན་ལ་འགྲེ། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་ཞེ་སྡང་ལས་ཀྱི་དབང་བཙན་ནས། །དམྱལ་བའི་གནས་ན་འདུག་པ་སྲིད། །དམྱལ་བའི་དེད་དཔོན་ཆེན་པོ་ནི། །རཀྟ་གླང་གི་མགོ་བོ་ཅན། །གཏི་མུག་ཕག་གི་མགོ་བོ་ཅན། །ཞེ་སྡང་སྦྲུལ་གྱི་མགོ་བོ་ཅན། །འདོད་ཆགས་བྱ་ཡི་མགོ་བོ་ཅན། །ང་རྒྱལ་ཁྱི་ཡི་མགོ་བོ་ཅན། །ཁྱོད་ཀྱི་ལག་ན་བླ་འདུག་སྲིད། །གསོན་གྱི་བླ་གླུད་མ་ཡིན་ཏེ། །གཤིན་གྱི་བླ་གླུད་ཆ་གཅིག་འབུལ། །ལས་ངན་འདི་ནི་བཏང་དུ་གསོལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་མན་ན་ར་ཀ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོང་ལྟར་སྐོར་ལ་བླུག །ཧཱུྃ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ཁྱོད་ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་སེར་སྣ་
ལས་ཀྱི་དབང་བཙན་པས། །ཡི་དྭགས་གནས་སུ་འདུག་པ་ཡིན། །ཡི་དྭགས་གནས་སུ་འདུག་པ་ན། །ཁྱོད་ཀྱི་ལུས་ནི་ཤི་བ་ཡིན། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །སེར་སྣ་དག་གིས་ཁྱོད་རེ་བསླུས། །སེར་སྣ་དག་གིས་ཁྱོད་རེ་བཅིང་། །སེར་སྣ་འཇུར་གེགས་རྣམ་སྨིན་གྱིས། །ད་ལྟ་ཡི་དྭགས་གནས་ན་འདུག །ཡི་དྭགས་རྒྱལ་མོ་ཁ་འབར་མ། །ཁ་འབར་མ་དང་འཇུར་གེགས་མ། །ཡི་དྭགས་ནང་གི་སྒྲིབ་པ་ཅན། །ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན། །ལ་ལས་ཟོས་ཀྱང་འགྲང་པ་མེད། །ལ་ལས་ཟོས་ཀྱང་དུག་ཏུ་མཐོང་། །ལ་ལས་ཟས་ལ་ཟ་དབང་མེད། །ལ་ལས་སྐོམ་ལ་མེ་དཔུང་མཐོང་། །ལ་ལས་རྣག་ཁྲག་དག་ཏུ་མཐོང་། །ལ་ལས་ཟས་ལ་མེ་དཔུང་མཐོང་། །སྐོམ་དུ་དེ་ནི་འཐུང་དབང་མེད། །དེ་འདྲའི་སྡུག་བསྔལ་བསམ་མི་ཁྱབ། །དེ་རང་གིས་བྱས་པའི་རྣམ་སྨིན་ཡིན། །དེ་བས་འགྱོད་པ་དྲག་པོ་སྐྱེས། །གཤེད་མ་ཁྱོད་ལ་གླུད་གཅིག་འབུལ། །གསོན་གྱི་བླ་གླུད་མ་ཡིན་ཏེ། །ཚེ་འདས་བླ་གླུད་འདི་འབུལ་ལོ། །ཚེ་འདས་འདི་ལ་བདུད་མ་བྱེད། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་
པ་གློད་ལ་མནན་པ་ཁྱོག །བདེ་བར་ཐོངས་ལ་ཡང་བར་ཞོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་པྲ་ཏ་ཀ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ཁྱོད་ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་ནི་གཏི་མུག་ལས་ཀྱི་དབང་བཙན་པས། །གཏི་མུག་དབང་གིས་ཁྱོད་རེ་བསླུས། །གཏི་མུག་ལས་ཀྱིས་ཁྱོད་རེ་བཅིངས། །གཏི་མུག་ལས་ཀྱི་རྣམ་སྨིན་གྱིས། །ད་ལྟ་བྱོལ་སོང་གནས་སུ་འདུག །བྱོལ་སོང་དེད་དཔོན་གདུག་རྩུབ་ཆེ། །ཀླུ་ཆེན་བརྒྱད་པོ་འདི་ལྟ་སྟེ། །དགའ་བོ་འཇོག་པོ་པདྨ་དང་། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །ཀླུ་ཆེན་བརྒྱད་པོ་རིགས་བཞི་སོགས། །ཀླུ་བདུད་དང་ནི་མཚོ་སྨན་དང་། །གཉན་དང་ས་བདག་ལ་སོགས་པ། །ཁྱོད་ཀྱི་ལག་ན་བླ་འདུག་སྲིད། །ཀླུ་རིགས་རྣམས་ལ་གླུད་འདི་འབུལ། །གསོན་གྱི་བླ་གླུད་མ་ཡིན་ཏེ། །ཚེ་ལས་འདས་པའི་བླ་གླུད་དང་། །དཀར་གསུམ་མངར་གསུམ་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་
མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་ནཱ་ག་ཏིདྨ་ཀ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཕྲག་དོག་བྱས་པའི་རྣམ་སྨིན་གྱིས། །ཁྱོད་ད་ལྟ་ལྷ་མིན་གནས་ན་འདུག །ཕྲག་དོག་དབང་གིས་ཁྱོད་རེ་བསླུས། །ཕྲག་དོག་ལས་ལ་གྲུབ་པ་ཡིན། །ལྷ་མིན་རྒྱལ་པོ་ཐགས་བཟང་རིས། །གཤིན་རྗེ་གཤེད་དང་སྟོབས་ཆེན་གྱི་།ཁྱོད་ཀྱི་ལག་ན་བླ་འདུག་ན། །གསོན་པོའི་བླ་གླུད་མ་ཡིན་ཏེ། །ཚེ་འདས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་ཨ་སུ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ལེ་ལོ་གཡེང་བའི་དབང་བཙན་ནས། །ལྷ་ཡི་གནས་སུ་འདུག་པ་
སྲིད། །ལྷ་ཡི་གནས་ན་འདུག་པ་ན། །ལེ་ལོ་གཡེང་བས་ཁྱོད་བསླུས་ཏེ། །སྐྱེ་མཆེད་རིགས་བཞིའི་ལྷ་རྣམས་དང་། །གཞན་འཕྲུལ་དབང་བྱེད་ལྷ་རྣམས་དང་། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །ད་ལྟ་ལྷ་ཡི་གནས་སུ་སྐྱེས། །ལྷ་མིན་འཁྲུག་པས་ཁྱོད་རེ་བསླུས། །ང་རྒྱལ་དབང་གིས་ཁྱོད་རེ་བཅིངས། །ལེ་ལོ་གཡེང་བས་ཁྱོད་རེ་བསླུས། །ངན་སོང་གསུམ་དུ་ལྟུང་ལ་ཁད། །ལྷ་བས་བདུད་དུ་གྱུར་པ་སྲིད། །ལྷ་བས་བདུད་དུ་གྱུར་པ་ན། །གསོན་གྱི་བླ་གླུད་མ་ཡིན་པ། །ཚེ་འདས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་བྱེད་ཅིག །ཨོཾ་སརྦ་ལོ་ཀ་དེ་ཝ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་འདོད་ཆགས་ལས་ཀྱི་དབང་བཙན་ནས། །མི་ཡི་གནས་སུ་འདུག་པ་སྲིད། །མི་ཡི་ཡུལ་དུ་འདུག་པ་ན། །འདོད་ཆགས་
དབང་གིས་ཁྱོད་རེ་བསླུས། །འདོད་ཆགས་དབང་གིས་ཁྱོད་རེ་བཅིངས། །འདོད་ཆགས་དབང་གི་རྣམ་སྨིན་གྱིས། །ད་ལྟ་མི་ཡི་གནས་སུ་སྐྱེས། །ལྷ་སྲིན་སྡེ་བརྒྱད་གདུག་པ་ཆེ། །ཀླུ་དང་མ་མོ་གཤིན་རྗེ་དང་། །གཟའ་དང་བདུད་དང་བཙན་རྣམས་དང་། །ཡུལ་ལྷ་སྨན་དང་སྡེ་བརྒྱད་སོགས། །སྐྱེ་འགྲོ་མི་ཡི་སྲོག་ལ་འཇབ། །ཁྱོད་ཀྱི་ལག་ན་བླ་འདུག་སྲིད། །ཁྱོད་ཀྱི་ལག་ན་བླ་འདུག་ན། །གསོན་གྱི་བླ་གླུད་མ་ཡིན་པ། །ཚེ་འདས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོགས། །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ཁྱོད་ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་ང་རྒྱལ་ལས་ཀྱི་དབང་བཙན་ནས། །ཁྱོད་རྒྱལ་པོའི་ལག་ཏུ་བླ་འདུག་པས། །རྒྱལ་པོའི་ལག་ཏུ་བླ་འདུག་ན། །སྲོག་བདག་དུང་གི་ཐོར་ཚུགས་ཅན། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་བྱེད། །པེ་
ཀར་རྒྱལ་པོ་ཤིང་བྱ་ཅན། །ཁྱོད་ཆོས་འཁོར་ཡོངས་ཀྱི་སྲུང་མར་བསྐོས། །ཙིའུ་དམར་འགོང་པོ་སྤུན་དགུ་དང་། །རྒྱལ་འགོང་དམ་སྲི་ཐམས་ཅད་ནི། །སྐྱེ་འགྲོ་ཀུན་གྱི་བདུད་དུ་བབ། །ལན་ཆགས་བྲལ་ཞིང་གླུད་འདི་ལོངས། །གསོན་གྱི་བླ་གླུད་མ་ཡིན་པ། །ཚེ་འདིས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་ར་ཙ་གིང་ཀ་ར་སརྦ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་བདུད་ཀྱི་ལག་ན་འདུག་ཀྱང་སྲིད། །བདུད་ཀྱི་ལག་ན་འདུག་པ་ན། །བདུད་པོ་རེ་སྡེ་མགོ་ཉག་དང་། །ནག་པོ་བཀྲག་མེད་ཁམས་པ་མི་ཟན་དང་། །ཡབ་རྗེ་ནག་པོ་ལ་སོགས་མཆེད་བརྒྱད་དང་། །ལྕམ་དྲལ་བཅུ་གཉིས་མ་བདུད་རྒྱལ་མོ་དང་། །ཀོང་བཙུན་དེ་མོ་བརྟན་མ་བཅུ་གཉིས་སོགས། །དམ་སྲི་འགོང་པོ་ལ་སོགས་འཁོར་བཅས་རྣམས། །ཚེ་འདས་བླ་གླད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་
ཅིག །ཨོཾ་སརྦ་རུ་ཏྲ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་བཙན་གྱི་ལག་ན་འདུག་པ་སྲིད། །བཙན་ཡུལ་རྒྱལ་པོ་འཁོར་དང་བཅས། །བཙན་རྒྱལ་སྟག་ཤ་ཚོང་དཔོན་རྡོ་རྗེ་ལེགས་པ་སྟེ། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །ཤར་ཕྱོགས་གངས་རི་དཀར་གྱི་བཙན། །ལྷོ་ཕྱོགས་བཻཌཱུར་སྔོན་པོའི་བཙན། །ནུབ་ཕྱོགས་གཡའ་རི་དམར་པོའི་བཙན། །བྱང་ཕྱོགས་ཨིནྡ་ལྗང་གུའི་བཙན། །དབུས་གཙང་ཕུ་བཙན་མདའ་ཡི་བཙན། །ཉིན་རི་སྲིབ་རི་བར་གྱི་བཙན། །རི་བོ་སྟོང་གི་བཙན་དང་ནི། །ཕུ་བཙན་ཀློང་རྗེ་བཙན་པོ་ནི། །ས་བཙན་བྱེ་བའི་ཕག་ཐོད་དང་། །མ་བཙན་སྐྱེས་བུ་ལུང་བཙན་དང་། །འཇིག་རྟེན་ཁམས་ཀྱི་བཙན་རྣམས་དང་། །མ་ལུས་འཁོར་དང་བཅས་པ་ལ། །སྣང་སྲིད་ལྷ་འདྲེ་མ་ལུས་དང་། །འགྲོ་བ་རིགས་དྲུག་ཐམས་ཅད་ལ། །གླུད་དང་གསེར་སྐྱེམས་དམ་པ་དང་། ལོངས་སྤྱོད་རྒྱན་དང་ལྡན་པ་ནི། །ཚེ་ལས་འདས་པ་འདི་བཞེས་ཉིད། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །བདུད་དང་ལྕགས་སུ་མ་བྱེད་ཅིག །ཚེ་འདས་བཟུང་བ་
ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བདེ་བར་ཐོངས་ལ་ཡངེས་བར་ཞོག །ཚེ་ལས་འདས་པའི་བདུད་མ་བྱེད། །ཨོཾ་སརྦ་ཤུ་ལ་ཨི་དཾ་བྷ་ལི་ཏ་ཁ་། ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། གསོན་བདུད་གཤིན་ལྕགས་འབྱུང་པོའི་ཚོགས། །བླ་གླུད་མཆོད་སྦྱིན་འདི་བཞེས་ལ། །ལན་ཆགས་བུ་ལོན་བྲལ་བར་ཤོག །གསོན་པོ་ཚེ་ཡི་བདུད་དཔུང་ཤིག །གཤིན་གྱི་དུས་སུ་ལྕགས་མ་བྱེད། །གསོན་བདུད་གཤིན་ལྕགས་བྱེད་པ་འདི། །ཀུན་གྱིས་བསྡོང་ཡ་མ་བྱེད་ཅིག །རྒྱབ་རྟེན་དཔུང་གཉེན་མ་བྱེད་ཅིག །སརྦ་བྷ་ཏ་གཙཱ། ཞེས་བརྗོད་གཞུང་ཆུའི་ནང་དུ་བསྐུར། །འབྲོག་པ་སོགས་ཀྱིས་ར་ལུག་དངོས་སུ་བསྔོ། །ཚེ་ཐར་བཏང་བས་དབུལ་པོར་སྦྱིན་སྲོལ་ཡོད། །མེད་ན་ར་ལུག་གཟུགས་དང་ངར་མི་བྲན། །ཧཱུྃ། ང་ནི་ཆེ་མཆོག་ཧེ་རུ་ཀ །བར་སྣང་ཡངས་པའི་བང་མཛོད་དུ། །མང་དུ་བྱུང་སྟེ་ཆགས་འཇིག་བསྲང་། །ཀྱེ་དང་པོ་གླུད་བྱུང་གང་ནས་བྱུང་། །།གླུད་བྱུང་དང་པོ་འདི་ལྟར་བྱུང་། །ཀྱེ་ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བྲག་ཆེན་མོན་བྲག་སྔོན་པོའི་ནང་། །མོན་ལུག་བླ་སྒང་ཉལ་བ་གཟིགས། །མོན་རྗེ་རྒྱལ་པོ་དེར་འཛིན་དེས། །
དར་དཀར་ཡུག་གཅིག་ཁས་ཀྱིས་བཟུང་། །ཕྱི་ལ་བལྟས་པས་མཆོག་ཏུ་བཟུང་། །ནང་དུ་བལྟས་པས་ལུགས་སུ་གསོལ། །དཀའ་བས་མ་རྙེད་མི་ལས་བཙལ། །སྲ་བ་དེ་ནི་བྲག་ལ་བརྐོས། །མོན་གྱི་ལུ་གུ་ལ་སོགས་པ། །རྒྱ་ཡི་རྒྱལ་པོས་མིང་བཏགས་པ། །རྒྱ་ཡི་མོན་པ་ལ་སོགས་པ། །བོད་པ་རྣམས་ཀྱིས་མིང་བཏགས་པ། །མོན་ལུག་བླ་སྒང་ལ་སོགས་པ། །གཉན་པ་དེ་ནི་བདུད་གཉན་དང་། །ཆེ་ཞིང་བཙན་པ་རྒྱལ་པོ་ལགས། །རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། །རྒྱ་ནག་གཙུག་ལག་རྒྱལ་པོ་ཨ་དང་། །སྟག་གཟིག་ནོར་གྱི་རྒྱལ་པོ་དང་། །གེ་སར་དམག་གི་རྒྱལ་པོ་དང་། །རྒྱལ་པོའི་ཡུལ་ཕྱོགས་ཕ་ཀི་ན། །རྒྱལ་པོ་ཐོད་བཟུང་བོད་ཀྱི་ཡུལ་རྒྱལ་ནི། །།དུང་གི་མི་ཕོ་དཀར་པོ་ནི། །སྤྱན་བཟང་གཡུ་ཡི་སྨིན་མ་ཅན། །རྒྱལ་པོ་གཤེགས་པ་གནམ་དུ་གཤེགས། །ཀོང་ཡུལ་བྲག་དམར་ལོགས་སུ་གཤེགས། །ཆོས་འཁོར་རྒྱལ་པོ་དབུས་སུ་གཤེགས་།བསམ་ཡས་དབུ་ཡི་མངའ་གསོལ་བ། །གནམ་ལྷ་དབང་ཕྱུག་གསོལ་དུ་འབུལ། །བཙན་ལ་ཡས་དང་ཕུད་འཇལ་ལོ། །ཚེ་འདས་བླ་ལུག་འདི་ཡི་གླུད། །ཤར་
བཙན་མི་དཀར་རྟ་དཀར་ཅན། །སྐྱེས་བུ་དཀར་པོ་དུང་གི་བཙན། །ཉི་མ་ལྷོ་ཡི་ལྷོ་བཙན་ནི། །མི་སྔོན་རྟ་སྔོན་གཡུ་ཡི་བཙན། །ཉི་མ་ནུབ་བཙན་ཟངས་ཀྱི་མདོག །བྱི་རུའི་མི་དམར་རྟ་དམར་ཅན། །ཉི་མ་བྱང་བཙན་སེར་པོ་ནི། །གསེར་གྱི་མི་སེར་རྟ་སེར་ཅན། །གསེར་གྱི་བོ་དཀར་སྐྱེས་གཅིག་པོ། །དབུས་བཙན་མི་སྤྲ་རྟ་རུ་སྤྲ། །བཙན་བདུད་གཉན་སོགས་འཁོར་གྱིས་བསྐོར། །གཤིན་ཚེ་འདས་བླ་འདི་ལུག་གིས་བསླུ། །གཤིན་ར་རྒྱ་བོ་ར་འདི་བཀར། །ལྕགས་ཀྱི་ཕ་ནི་མོན་པ་འདྲ། །མ་ནི་བོག་ཡིན་སྲིན་མོའི་ཚོགས། །དེ་གཉིས་སྲིད་ཅིང་སྤྲུལ་པ་ལ། །བརྟན་མ་བཅུ་གཉིས་བུ་རུ་བལྟམས། །བརྟན་མ་བཅུ་གཉིས་ཕྱག་ཏུ་གླུད་འབུལ་ལོ། །གཤིན་ཚེ་འདིས་བློ་འདི་ལུག་གིས་བསླུ། །གཤིན་ར་རྒྱ་བོ་ར་འདི་བཀར། །ནམ་མཁའ་དབྱིངས་ཀྱི་འཇིག་རྟེན་ཁམས། །ཐོགས་པ་མེད་པར་རྒྱུག་པ་རྣམས། །ཚེ་ལས་འདས་པའི་བླ་འདི་ལུག་གིས་བསླུ། །ས་བདག་ལག་ནས་བླ་འདི་ལུག་གིས་བསླུ། །བསླུ་ནི་སེམས་ཀྱི་བླ་ལྟར་བསླུ། །ཉོ་ནི་རིན་ཆེན་གསེར་ལྟར་ཉོ། །ལྷ་གཉན་གངས་དཀར་རྩེ་ལ་གཤེགས། །ཀླུ་གཉན་རྒྱ་མཚོའི་
གཏིང་དུ་གཤེགས། །རྒྱལ་པོ་ཆོས་འཁོར་གླིང་དུ་གཤེགས། །བདུད་གཉན་བྲག་ནག་ལོགས་སུ་གཤེགས། །ཚེ་ཡི་གཤེད་མ་ལྕགས་ར་འདི་ཡིས་བཀར། །དང་པོ་གསོན་པོའི་བདུད་ལ་བབ། །ཐ་མ་གཤེད་ཀྱི་ལྕགས་སུ་མི་འབབས་པར། །བླ་གླུད་གཤེད་ར་གཤེད་ལུག་འབུལ། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བདེ་བར་ཐོངས་ལ་ཡངས་པར་ཞོག །འབང་ཀ་མེད་ན་བཀའ་རྒྱ་བཅུ་གཅིག་ཡོད། །མཁར་ནི་འོམ་བུ་གླང་མཁར་གཤེགས། །བསོད་རྩི་རྩོད་ན་ཁྱོད་དབང་མེད། །གླུད་དང་སྤྲ་ལ་དེང་དབང་གི །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་འདི་ར་ཡིས་བཀར། །མོན་ལུག་བླ་སྒང་ལྕགས་ར་འདི། །གསོན་གྱི་བླ་གླུད་མ་ཡིན་ཏེ། །དོ་ནུབ་གཤིན་གྱི་བླ་གླུད་ལགས། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །རྒྱལ་བ་ང་ཡི་བཀའ་ལ་ཉོན། །བདུད་པོ་ནག་པོ་བཀྲག་མེད་ལགས། །གཅེར་བུ་མགོན་མེད་འཆི་བ་ཕྲེང་ཐོགས་ཡིན། །གཅོད་པ་སྟར་ཐོགས་ཟེད་པ་སྐྱོགས་ཐོགས་ཡིན། །ཤོར་བ་གཞུ་ཐོགས་རེ་སྡེ་མགོ་ཉག་ཡིན། །ཆིབས་སུ་ཆིབས་པ་མི་ནག་ཟངས་གཡག་
ཆིབས། །རྟ་ནག་ཆིབས་ཤིང་རི་ཁྱི་སྔོན་མོ་ཁྲིད། །སྔ་ཞགས་མདའ་འཕེན་ཕྱི་ཞགས་དུག་ལྟར་སྒོངས། །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་ནི་ར་ཡིས་བཀར། །གླད་དང་ཁལ་ལོངས་ཤིག །ཀྱཻ། བཙན་གྱི་སྐྱེས་པོ་གནམ་གྱི་རྔ་ཡབ་ཅན། །བཙན་གྱི་ཁྱི་མོ་ས་ཡི་ཆགས་མོ་བཙུན། །ཡབ་ཀྱི་བཙན་གསོལ་གནམ་བཙན་མཐིང་ཡུམ་རྗེ། །རྗེ་ལ་བཙན་གསོལ་ས་ཡི་ཕྱི་མོ་བཙུན། །སྲས་ནི་བཙན་སྡེ་སྟོང་ཁམས་སྲིད། །ཡ་བ་སྐྱ་གཅིག་རོལ་པ་སྐྱ་བདུན་བཙན། །ཁམས་པ་སྐྱ་བདུན་བྲག་བཙན་རོལ་པ་དང་། །ས་བཙན་གངས་མཚོ་ཆུ་བཙན་ར་ཆེན་དང་། །ཤིང་བཙན་གཅིག་ལ་རྡོ་བཙན་བྱུག་པ་དང་། །ས་བཙན་ཉི་རྡོལ་སྤྲིན་བཙན་འཆིང་གཏུམ་རྗེ། །ཤར་བཙན་མི་སེར་རྟ་སེར་ཉི་མ་ཁ། །ལྷོ་བཙན་མི་སྔོན་རྟ་སྔོན་གཡུ་ཡི་གདོང་། །ནུབ་བཙན་མི་ནག་རྟ་ནག་ལྭ་ནག་ཅན། །བྱང་བཙན་མི་སྨུག་རྟ་སྨུག་ཕོད་དཀར་ཅན། །བཙན་སྡེ་ཁ་བཞི་བཙན་གྱི་རྒྱལ་པོ་བ། །སྐྱེས་བུ་ལུང་བཙན་བཙན་གྱི་རྗེ་བོ་བ། །གླང་རྗེ་བཙན་པོ་བཙན་གྱི་བློན་པོ་པ། །བྱི་བ་ཕག་ཐོད་སྐྱེས་བུ་ཕྱག་བརྙན་པ། །སྤྱི་བཙན་གྲི་ཕག་བླ་རྗེའི་
ཕྱག་བརྙན་པ། །ནུབ་བཙན་ཉུལ་པོ་བྱ་ཡི་ཕྱག་བརྙན་པ། །མ་བདུད་དཔོན་སློབ་ཕྱག་བརྙན་སྐར་མདའ་འཁྲུགས། །ཉུལ་བ་ཉུལ་བ་གསོད་པ་གྲི་ལྟར་འབེབས། །འཁྱུག་བདས་བྲེང་འཁྱིལ་དོན་དམ་ལུག་གིས་བསླུས། །གཤེད་མ་ལྕགས་ནི་ར་ཡིས་བསླུ། །གླུད་དང་ཁལ་ལོངས་ཤིག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག་སྣམ་བདུད་རྒྱལ་མོ་གོ་ཟུ་ལེབ་ཆུང་གསོལ། །དེ་ཡི་བཀའ་ཉན་ཤར་གྱི་གངས་དཀར་སྨན། །ལྷོ་ཡི་སྐྱི་འཐིང་ཡ་མ་སྐྱོང་། །ནུབ་ཀྱི་ཁུག་ཆོས་དབྱར་མོ་བསིལ། །བྱང་གི་ཏིང་ཏིང་ཏིང་མོ་བཙུན། །རང་གི་ཆས་བདེ་བྲག་གསུམ་བློ་བདེ་མ། །བ་ལམ་གྱི་ནི་དྲེལ་སྣ་མོ། །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་འདི་ར་ཡིས་བཀར་། །ཚེ་འདས་ལ་གནོད་པ་མ་བྱེད་ཅིག །གླུད་དང་ཁལ་ལོངས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ས་བདག་ཆེན་པོ་རུ་བཞི་ནི། །དབུས་ཀྱི་ས་བདག་པ་ཏི་ལ། །གཙང་བཙན་གཙང་ཀུན་འཁོར་བ་དང་། །ཧོ་བན་དང་ནི་ཐེ་སེ་དང་། །བེའུ་སྣ་ཡི་ལག་ཆེན་དང་། །ས་བདག་ཀླུ་གཉན་ཆེན་པོ་
དང་། །འཛམ་གླིང་མཐུ་ཆེན་དབང་སྒྱུར་བ། །ཡེ་ཤེས་ཤུག་དང་བསམ་པ་ཙམ་གྱིས་ནི། །ནམ་མཁའི་ཁམས་ལ་ཐོགས་པ་མེད་པར་གྱུར། །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་འདི་ར་ཡིས་བཀར། །ཚེ་འདས་འདི་ལ་མ་གནོད་ཅིག །བླ་འཛིན་མཆེད་སྡེ་བཞི་རྣམས་ནི། །མཚམས་བཞིར་གནས་པའི་གཤེད་པོ་ནི། །ལུས་པོ་མི་ཡི་ལུས་པོ་ལ། །ཁྱི་འབྲུག་གླང་གི་མགོ་བོ་ཅན། །ལྟོ་འཕྱེ་སྦྲུལ་གྱི་མཇུག་མ་ཅན། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །གཤིན་ལྕགས་གསོན་བདུད་བྱེད་པ་རྣམས། །བླ་གླུད་ངར་མི་ཆངས་བུ་ལོངས། །ཁྱེད་ཅག་འདོད་པ་ཚིམ་གྱུར་ཅིག །ཚེ་འདས་བླ་ཡིད་གསུམ་པོ་ལ། །སྦྲུལ་གྱི་མཇུག་མས་མ་འཁྱུད་ཅིག །ལག་པ་སྡེར་མོས་མ་འཇུ་ཞིག །བླ་གླུད་བཟང་པོ་འདི་ཁྱེར་ཅིག །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །གླུད་དང་ངར་མི་ཆངས་བུ་བཞེས། །ལྕགས་རི་ནག་པོའི་རྒྱབ་ཏུ་སོང་། གླིང་བར་མུན་པའི་ནང་དུ་སོང་། །སྡེ་བརྒྱད་གཞན་རྣམས་རང་གནས་གཤེགས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །བདག་ཉིད་རྣམ་སྣང་ཐུགས་ཀ་ནས། །སྤྲུལ་པའི་
ཁྲོ་ཚོགས་དཔག་མེད་ཀྱིས། །བགེགས་རྣམས་བསྐད་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ངར་མི་ར་ལུག་གཟུགས། སྤར་ཁ་གང་ལ་ཤི་བའི་འདྲེ་ལྔ་བདུད་གཅོད་གནས་པའི་ཕྱོགས། །ཡང་ན་ཚེ་འདས་དེ་ཉིད་ཀྱི། །ལོ་བདུད་ཕྱོགས་སུ་འབུལ་རྒྱུ་བསྐུར། །སུམྦྷ་ནི་བརྗོད་ནས་ལྕག་བྲབ། དེ་ནས་སྲུང་བའི་འཁོར་ལོ་བསྒོམས་བྱས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དེ་ནས་ཚེ་ལས་འདས་པའི་རྣམ་ཤེས་དང་། ཚེ་འདས་གཟུགས་བཟུང་བའི་བླ་གཉིས་པོ་མདུན་དུ་སྤྱན་དྲངས་དམིགས་ཤིང་ཟས་གཏད་པ། བྷཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཧཱུྃ། སྲིད་རྩེ་མི་སྣང་སྟོང་པ་ལས། །མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །ཚེ་འདས་གཤིན་གྱི་བླ་དེ་ནི། །སྐྱེ་བའི་ཆོ་འཕྲུལ་དེར་སྐྱེ་ནས། །ཡོན་ཏན་སྲུང་མའི་ཚོགས་རྣམས་ཀྱིས། །ཡིད་འོང་སྤྲིན་ལྟར་གཏིབས་ལ་བྱོན། །སྐད་ཅིག་ད་ལྟ་མྱུར་བར་བྱོན། །བང་ཡང་གློག་བས་མྱུར་བར་བྱོན། །ཀྱེ་གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ། །ངན་སོང་འཁོར་བའི་གནས་ནས་འདོན་པ་ལ། །བླ་མེད་དཀྱིལ་འཁོར་རྩ་ནས་བཞེངས་པའི་ཕྱིར། །ཚེ་འཕོས་འདས་པའི་བུ་ཁྱོད་
ཅུང་ཚུར་གསོན། །སྐྱེ་ཤིའི་མཚམས་ནས་དབུ་ཡར་ཁྱོག །ཡོད་མེད་མཚམས་ནས་ཞལ་ཚུར་སྟོན། །ཁྱོད་སྣང་སྲིད་མཚམས་ནས་སྙོན་ཚུར་གསོན། །ཁྱོད་མདང་གསུམ་མོར་གཟིམ་འོག་མིན་དགའ་ལྡན་གནས། །ད་ནངས་ཡར་བཞེངས་དཀྱིལ་འཁོར་ལྷ་ཡི་འགྲམ། །དཀྱིལ་འཁོར་བླ་མའི་མདུན་ནས་ཡར་ཡར་བཞེངས། །ཁྱོད་གཅིག་པུར་ཤི་བ་མ་ལགས་ཏེ། །སྔོན་གྱི་མེ་ཏོག་ཟླ་མཛེས་ཇི་བཞིན་དུ། །འཕང་བཙུན་འདས་པ་ཁྱོད་ཀྱང་དེ་བཞིན་བཞེངས། །བཀྲ་ཤིས་བུམ་པ་འདི་ལ་བརྟེན་ཏེ་བཞེངས། །ན་བཟའ་མཛེས་སྡུག་འདི་ལ་བརྟེན་ཏེ་བཞེངས། །བླ་བྲེ་གདུགས་ཕུལ་འདི་ལ་བརྟེན་ཏེ་བཞེངས། །འཕན་ཕྲན་ལུས་ཚད་འདི་ལ་བརྟེན་ཏེ་བཞེངས། །མཚན་བཟང་ཐུགས་རྟེན་འདི་ལ་བརྟེན་ཏེ་བཞེངས་། །ཀྱེ་མ་ཉོན་མོངས་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་སུ་ཡུན་རེ་རིང་། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །སྲིད་པའི་འཁོར་ལོ་དབང་རེ་ཆེ། །ལོག་པའི་རྣམ་ཤེས་ཁ་རེ་དྲག །འཁྲུལ་པའི་བག་ཆགས་སྤངས་རེ་དཀའ། །དམྱལ་བའི་སྡུག་བསྔལ་ཡུན་རེ་ཚ། །ལུས་བརྗེས་ཕུང་པོ་ཉོན་རེ་མོངས། །ཐུགས་རྗེས་དྲངས་པའི་དུས་ལ་
བབ། །ཐར་ལམ་དབྱེ་བའི་དུས་ལ་བབ། །སྒྲིབ་པ་སྦྱོང་བའི་དུས་ལ་བབ། །བསོད་ནམས་བསྐྱེད་པའི་དུས་ལ་བབ། །ལོངས་སྤྱོད་སྟེར་བའི་དུས་ལ་བབ། །གཤིན་གསོན་འཇལ་བའི་དུས་ལ་བབ། །དུས་ལ་བབ་ཀྱི་ཚེ་འདས་ཁྱོད། །བཀའ་དང་དམ་ལ་མ་འདའ་བར། །འབོད་པའི་གནས་འདིར་མྱུར་དུ་ཤོག །འཁོར་བའི་གནས་སུ་ཟླཡུན་རིང་པས། །།ཐུགས་རྗེའི་ལྕགས་ཀྱུ་དྲན་པར་གྱིས། །ལས་ཀྱི་རྒྱ་མཚོ་གཏིང་ཟབ་ལ། །བརྩོན་འགྲུས་གྲུ་གཟིངས་དྲན་པར་གྱིས། །སྲིད་པའི་འཁོར་ལོ་དབང་ཆེན་ལ། །རྟེན་འབྲེལ་སྒྱུ་མ་དྲན་པར་གྱིས། །ལོག་པའི་རྣམ་ཤེས་ཁེ་དྲག་ལ། །བཀའ་དང་དམ་ཚིག་དྲན་པར་གྱིས། །འཁྲུལ་པའི་བག་ཆགས་སྤང་དཀའ་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །དམྱལ་བའི་སྡུག་བསྔལ་མི་བཟོད་ལ། །ཚད་མེད་ཆོ་ག་དྲན་པར་གྱིས། །རྒྱུ་དྲུག་གནས་སུ་འཁོར་བ་ལ། །ཕ་རོལ་ཕྱིན་དྲུག་དྲན་པར་གྱིས། །མི་དགེ་བཅུ་པོའི་སྡིག་བགྱིས་ལ། །དགེ་བ་བཅུ་པོ་དྲན་པར་གྱིས། །ལུས་བརྗེས་ཕུང་པོ་ཉོན་མོངས་ལ། །ལྷ་ལུས་བདེ་བ་དྲན་པར་གྱིས། །དེ་ལྟར་སྤྱོད་དང་སྐྱེས་བུ་ཁྱོད། །སྤྱོད་ཡུལ་དག་
པའི་ཞིང་ཁམས་དང་། །རང་དབང་རྒྱལ་བའི་ཏིང་འཛིན་གྱིས། །བགྲོད་པའི་གནས་འདིར་བྱོན་པར་ཤོག །ནྲྀ་ཛཿཧཱུྃ་བཾ་ཧོཿ བྱང་གདན་གཤེད་གཞི་དཀར་པོ་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་སྲས་དྲི་མེད་གྲགས་པ་ཞེས་བྱ་བ། །ཉན་ཐོས་ལྷ་ཡི་དབང་པོའི་དབུས་སུ་ནི། །གདན་མེད་དེ་དག་ཐང་ལ་བཞུགས་པ་ལ། །ཉན་ཐོས་ལྷ་ཡི་སེམས་ཡིད་མ་བདེ་ཚེ། །རྫུ་འཕྲུལ་དག་གིས་ཀུན་ལ་གདན་བཏིང་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །འཇམ་ཞིང་བདེ་བའི་གདན་ལ་བཞུགས་སུ་གསོལ། །ནི་ཛཏིཥྛ་ལྷན། དེ་ནས་བུམ་པ་ཡོད་ན་མེ་ལོང་ལ་ཁྲུས་གསོལ། མེད་ན་རྔ་ཡབ་ཀྱིས་ཆུ་གཙང་བྲན་ཞིང་། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་བུ་དོན་གྲུབ་དམ་པ་དེ་ལ་ནི། །ལྷ་རྣམས་ཀུན་གྱིས་སྐུ་ཁྲུས་གསོལ་བ་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །ཡན་ལག་བརྒྱད་ལྡན་ཆུ་ཡིས་ཁྲུས་གསོལ་བས། །ཉོན་མོངས་བག་ཆགས་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ནས་རས་སམ་གདུགས་ཀྱི་ཚུལ་དུ་བསྔོ་བ་ནི། །འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །ཁྱེའུ་བསམ་དུ་མེད་པ་ཞེས་བྱ་
བ། །ལས་ཀྱི་དབང་གིས་ལྷ་ཡི་ཁ་ཟས་དང་། །རྒྱན་བཅས་བོར་ནས་ཐང་ལ་འཁྱམས་པ་ལ། །ལྷ་ཡི་དབང་པོ་ཚངས་པ་དྲི་མེད་ཀྱིས། །བྱིན་རླབས་དར་གྱི་ལྡིང་ཁང་ཕུབ་པ་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །དར་ཟབ་ལྡིང་ཁང་རྒྱན་དང་བཅས་པ་འདི། །ཚེ་འདས་ཚ་གྲང་སེལ་ལ་སྐྱབས་གྱུར་ཅིག །ཨོཾ་བཛྲ་ཚ་ཊ་རྒྱ།ཀ་པྲ་ཏིཥྛ་སྭཱ་ཧཱ། དེ་ནས་མིང་བྱང་མདུན་དུ་མར་མེ་བལྟམས་ལ། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་བུ་གསེར་གྱི་ལག་པས་ཚོགས་བསགས་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །ཡེ་ཤེས་གསལ་བའི་སྒྲོན་མེ་འདི་བལྟམས་པས། །མ་རིག་མུན་པའི་སྡུག་བསྔལ་བྱང་གྱུར་ཅིག །ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུཾ། དེ་ནས་ཇ་ཆང་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་བུ་དགེ་མཐོང་ཞེས་བྱ་ཚེ་འདས་ནས། །ལྕམ་སྲིང་ལྷ་མོ་བདེ་ལྡན་མས། །ལུས་སེམས་གདུང་བའི་ཁོག་ནས་མཆི་མ་བྱུང་། །འབྲས་ཆང་དྭངས་བ་བདུད་རྩི་བཅུད་གྱུར་སྐྱེམས། །རྒྱལ་བུ་དགེ་མཐོང་དེ་ལ་བསྔོས་པ་བཞིན། །བརྩེ་ཞིང་འབྲེལ་པའི་བུ་སྲིང་དག་གིས་ནི། །སྲི་ཞུ་གུས་པའི་ཡིད་ཀྱིས་སེམས་
བསྐྱེད་ནས། །ཡིད་ལ་དམིགས་པའི་བདུད་རྩི་སྨན་སྐྱོགས་འདིས། །རབ་ཏུ་གདུང་བའི་ཤུགས་ཀྱིས་སྦྱོར་བའི་སྐྱེམས། །སྔོན་གྱི་ལས་ཀྱིས་གྲུབ་པའི་བསོད་ནམས་དང་། །འཕྲལ་དུ་རྒྱུ་རྐྱེན་འཚོགས་པའི་རྟེན་འབྲེལ་མཐུས། །མཆུ་ལ་རེག་པས་སྒོ་དྲུག་དབང་པོ་གསལ། །ལྕེ་ལ་རེག་པས་ཤེས་རབ་དབང་པོ་རྣོ། །སྐྱིད་པར་བསྒྲིམ་པས་བརྩོན་འགྲུས་བར་ཆད་སེལ། །ཚིམ་པར་གསོལ་བས་སྒྲིབ་པ་རྣམ་གཉིས་བྱང་། །བཏུང་བས་རྟག་ཏུ་མི་འཛད་ལོངས་སྤྱོད་ཅིང་། །བདུད་རྩི་བཅུད་དང་ལྡན་པའི་སྐྱེམས་བཟང་དང་། །རྒྱ་ཇ་རོ་མཆོག་བརྒྱ་དང་ལྡན་པ་འདི། །ཚེ་འདས་ཁྱེད་ལ་སྐོམ་གྱི་སྐལ་དུ་བསྔོ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། དེ་ནས་ཕྱེ་མར་བསྔོ་བ་ནི། ཀྱེ་མ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ལ་བསྔོས་པའི་ཟས་མཆོག་དམ་པ་འདི། །སྔོན་ཚེ་འདས་པའི་སྔོན་རོལ་ནས། །འབྱུང་བ་ལྔ་ལས་གྲུབ་པའི་ཟས། །མ་ག་ཏ་ཡི་ཡིད་བཞིན་ལོངས་སྤྱོད་བཞིན། །མི་འཛད་གཏེར་དང་རྟག་ཏུ་ལྡན་པ་དང་། །ཟད་པ་མེད་ཅིང་ལོངས་སྤྱོད་འབྱུང་བར་ཤོག །སཾ་བྷ་ར༴ སོགས། མར་ཐུད་འོ་ཞོ་ཆུར་བ་ཤིང་ཐོག་བསྔོ་བ་ནི། །
བྱམས་པའི་རྒྱུད་ལ་བསྔོས་པའི་དཀར་གསུམ་འདི། །བྱང་ཆུབ་སེམས་གསུམ་གྱུར་ཏེ་ལོངས་སྤྱོད་པས། །འདོད་དགུ་འདོད་པའི་ཡོན་ཏན་དགུ་དང་ལྡན། །ཟད་པ་མེད་པའི་བདུད་རྩི་བསྔོ་བར་བྱ། །རང་གི་བློ་དང་ལྡན་པས་མཁས་པས་བཟོས། །ལྷ་ཡི་ལོངས་སྤྱོད་དག་པ་དཔེ་བླངས་ནས། །ཚུལ་ཁྲིམས་གཙང་མའི་ཞལ་ཟས་དམ་པ་འདི། །ཕ་རོལ་ཕྱིན་པའི་ཡོན་ཏན་དྲུག་དང་ལྡན། །དཀར་དམར་ཤ་ཐུད་རྣམ་པ་སྣ་ཚོགས་ཀྱིས། །སྦྱིན་པས་ཡོན་ཏན་ཐམས་ཅད་རྫོགས་གྱུར་ཅིག །ཟག་མེད་ཡོན་ཏན་གཏེར་དང་ལྡན་པར་བསྔོ། །ཞོ་དང་འོ་མ་སྐྱེས་བུ་ཀུན་གྱི་གསོས། །དཀར་བའི་མདོག་ལ་རོ་མཆོག་ཀུན་དང་ལྡན། །སྡུག་བསྔལ་ཉམ་ཐག་ཉོན་མོངས་ཀུན་གྱི་རྩི། །ཡིད་ལ་བསམ་པའི་ལོངས་སྤྱོད་འབྱུང་བར་ཤོག །ནམ་མཁའ་མི་འཛད་ཤིང་ཏོག་དྲི་ཞིམ་འདི། །རིན་ཆེན་འབྲུ་དང་ཡིད་བཞིན་ནོར་རྫས་རྣམས། །ཁ་མངར་བསམ་པའི་ལོངས་སྤྱོད་གཅལ་དུ་བཀྲམ། །ནམ་མཁའི་ཆར་བཞིན་འབབ་པས་འབྲེལ་མེད་ཅིང་། །ཇི་ལྟར་འདོད་པའི་ཡོན་ཏན་འབྱུང་བ་ལྟར། །ཚེ་འདས་ཁྱོད་ལ་ཟས་ཀྱི་སྐལ་དུ་བསྔོ། །སཾ་བྷ་ར་
སོགས། བར་དོའི་སེམས་ཅན་དྲི་ཡིས་ཚིམས་པ་ཡིན་པས། ཟས་སྣའི་གསུར་དུད་བྱས་ལ། དེ་རིང་ཕན་ཆད་རིགས་ཀྱི་བུ་ཁྱོད་ལ། །ཉོན་མོངས་འཁོར་བའི་བདུད་ཀྱིས་བསླུས་པ་ན། །དཀོན་མཆོག་གསུམ་གྱི་ཐུགས་རྗེས་སྐྱོབས་པར་ཤོག །བཀྲེས་སྐོམ་ཚ་གྲང་དག་གིས་ཉན་པ་ལ། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །ཟད་མེད་རིན་ཆེན་གཏེར་དུ་བསྔོས་པ་འདི། །ལྷ་ཡི་རྒྱལ་སྲིད་མཆོག་དང་མི་འབྲལ་ཤོག །སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་བྱིན་རླབས་ཀྱིས། །གང་དུ་ལུས་བླངས་སྐྱེ་གནས་ཐམས་ཅད་དུ། །རྟག་ཏུ་དཀོན་། མཆོག་གསུམ་པོ་མཆོད་པ་དང་། །རྣམ་དག་ཐེག་ཆེན་ས་ལ་བློ་སྦྱངས་ཏེ། །རྒྱལ་བ་འོད་དཔག་མེད་པའི་ཞལ་མཐོང་ནས། །སྒྲིབ་པ་གཉིས་སྤངས་ཆོས་ཉིད་དོན་རྟོགས་ནས། །ཡེ་ཤེས་ལྔ་ལྡན་མངོན་པར་སངས་རྒྱས་ཤོག །ས་ཕྱོགས་འདིར་ཡང་རྟག་ཏུ་བཀྲ་ཤིས་ཤོག །ཞིང་འདིར་བདེ་བར་འདུག་པའི་གསོན་པོ་ཀུན། །འཇིག་རྟེན་འདིར་ཡང་བཙན་ཕྱུག་འཕན་དར་ཤོག །ཕྱི་མ་བྱང་ཆུབ་དམ་པ་ཐོབ་པར་ཤོག །དེ་རིང་ཕན་ཆད་རིགས་ཀྱི་བུ་ཁྱོད་ལ། །བཀྲེས་སྐོམ་སྡུག་བསྔལ་རྟག་ཏུ་མེད་པར་ཤོག །གསོན་གཤིན་ལས་
འཕྲོ་མཐུན་པའི་ཉེ་འབྲེལ་གྱིས། །བཤོས་བཟང་ལོངས་སྤྱོད་བསྔོས་པ་འདི་རྣམས་ཀྱང་། །སྔགས་མཁན་དགོངས་པ་དག་པའི་མཐུ་སྟོབས་ཀྱིས། །ལོངས་སྤྱོད་ཞལ་ཟས་ཕུན་སུམ་ཚོགས་པར་ཤོག །སཾ་བྷ་ར་སོགས། དེ་ནས་འབྲང་རྒྱས་དང་མར་ཁྱུང་བསྔོ་བ་ནི། གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ། །རྣ་བའི་སྒོ་ནས་ཡུད་ཙམ་ཚུར་ཉོན་དང་། །མོའུ་འགལ་མ་ཡང་ལས་ཀྱི་རྣམ་སྨིན་གྱིས། །ཡི་དྭགས་ལུས་བླངས་བཀྲེས་སྐོམ་གདུངས་བ་ལ། །མོ་འགལ་བུ་ཡིས་སྲི་ཞུ་ཇི་བཞིན་དུ། །དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་ལས། །བྱིན་གྱིས་བརླབས་པའི་ཞལ་ཟས་བཟང་པོ་འདི། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་བཞིན། །ཉེ་དྲུང་བརྩེ་བས་བསྔོས་པའི་འབྲང་རྒྱས་ཁྱུང་། །ཞལ་ཟས་མཆོག་བཀྲམ་བཤོས་གཙང་སུམ་བརྩེགས་འདི། །དབྱིབས་ལེགས་མདོག་བཟང་གངས་རིའི་ལྷུན་པོ་འདྲ། །བྱང་ཆུབ་སེམས་ལྡན་མར་གྱིས་བསྐུས་པ་འདི། །རི་བོ་ལ༔ གངས་ལ་ཉི་མ་ཤར་བ་འདྲ། །སྣ་ཚོགས་རྒྱན་གྱིས་བཤོས་ལ་བརྒྱན་པ་འདི། །དགུ་ཐིག་གཞུང་ལྟར་སྐར་འཚོགས་བཀྲ་བ་བཞིན། །རི་རབ་ལྷུན་པོའི་དབྱིབས་ལ་དཔེ་བླངས་
ནས། །ནམ་འཕང་མཐོ་ཞིང་ཁ་ཁྱེར་ཡངས་པ་ལ། །རྩེ་མོ་ལ་ནི་ཡིད་བཞིན་ལྗོན་ཤིང་ལྡན། །རྩ་བ་ལ་ནི་བདུད་རྩིའི་རྒྱ་མཚོ་འཁྱིལ། །ལོགས་བཞི་ལ་ནི་ནམ་ཟླ་དུས་བཞི་འཆར། །ཟུར་བཞི་ལ་ནི་བདུད་རྩིའི་ཆུ་མིག་འབབ། །བདུད་རྩི་ལ་ནི་ཡིད་བཞིན་དགོས་འདོད་འབྱུང་། །ཁ་ཟུར་ལ་ནི་ཉི་ཟླ་གཟའ་སྐར་འཕྲོ། །ཡིད་བཞིན་ལྗོན་ཤིང་དེ་ཡི་རྩེ་མོ་ན། །དེ་ཡི་ནམ་མཁར་བྱ་ཁྱུང་གསེར་མིག་ལྡིང་། །སྔ་དྲོ་ཚུར་བལྟས་གསོན་པོའི་གཡང་ཡང་སྐྱབས། །ཕྱི་དྲོ་ཕར་བལྟས་གཤིན་གྱི་མགོན་སྐྱབས་བྱེད། །གཤོག་པ་གཡས་བརྐྱང་མཐོ་རིས་ཐར་ལམ་འབྱེད། །གཤོག་པ་གཡོན་བརྐྱང་ངན་སོང་སྒོ་གསུམ་གཅོད། །སྡེར་མོ་མཆུ་ཡིས་ལོག་འདྲེན་གཤེད་མ་འདུལ། །བྱིལ་ནི་མངོན་ཤེས་འཕྲུལ་གྱི་བྱིལ། །འདབ་ཆགས་གཞན་ལས་ཁྱད་པར་འཕགས། །བྱིའུ་ཁོག་སྟོད་ཡན་ཆད་ལ། །འབྲོག་མོ་གྲུ་གུའི་གཡང་ཡོད་དོ། །བྱིའུ་ཁོག་སྨད་མན་ཆད་ལ། །ཡུལ་མོ་གྲུ་གུའི་གཡང་ཡོད་དོ། །བྱིའུ་སྤྱི་གཙུག་སྟེང་ན་ནི། །དགོས་འདོད་འབྱུང་བའི་ནོར་བུ་ལ། །སྣ་ཚོགས་རིན་ཆེན་ཆར་དུ་འབེབས། །ཨོག་དཀྱིལ་འཕྲུལ་གྱི་བང་མཛོད་ནས། །
བཟའ་བཏུང་ལོངས་སྤྱོད་ཟད་མི་ཤེས། །བྱིའུ་ཆུང་འདི་ཡི་སྙིང་ཁ་ལ། །མཚུན་དང་དགྲ་བླའི་གཡང་ཡོད་དོ། །མགོ་ལ་ལྷ་ཡི་དཔལ་ཡོད་དོ། །མཇུག་མ་དག་གི་རྩེ་མོ་ན། །ཙནྡན་ཁོལ་མ་བཅུ་ཡི་གཡང་ཡོད་དོ། །གཤོག་པ་གཡས་ཀྱི་རྩེ་ཤེད་ན། །གོ་ཁྲབ་བཙན་པོའི་གཡང་ཡོད་དོ། །གཤོག་པ་གཡོན་གྱི་རྩེ་ཤེད་ན། །མཚོན་ཆ་རྣོ་བའི་གཡང་ཡོད་དོ། །མངོན་ཤེས་རྫུ་འཕྲུལ་བྱ་འདི་ཡིས། །གཤིན་གསོན་དབྱེ་བའི་ཡོན་ཏན་དང་། །ཕུག་ཡང་བརླན་པ་ཐམས་ཅད་ཀུན། །གསོན་པོ་ཤུལ་འདུག་ཐམས་ཅད་ཀྱི། །འཕན་དར་འཛོམ་པའི་གཡང་དུ་ལེན། །འདི་འདྲའི་མཁའ་ལྡིང་རྒྱལ་པོ་འདིའི།་་།གཤིན་གྱི་མགོན་དང་སྐྱབས་མཛོད་ཅིག །སཾ་བྷ་ར་སོགས། ཚེ་འདས་ཀྱི་གོས་གསར་པ་ཡོད་དམ། གོས་སྦྱིན་གཏོང་རྒྱུའི་གོས། མེད་ན་ལྭ་བ་བལ་དུམ་རས་སོགས་ཅུང་ཟད་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བའི། །ལྷ་ཡི་ན་བཟའ་པཉྩ་ལི་ཀ་དང་། །མཐོང་མཛེས་རེག་ན་འཇམ་པ་གོས་ཀྱི་མཆོག །གྲང་བའི་སྐྱབས་གྱུར་ཚ་བའི་བསིལ་གྲིབ་མཆོག །དབུ་ཞྭ་རིན་ཆེན་དབུ་རྒྱན་མཆོག་ཏུ་གྱུར། །ལྷམ་གྱིས་འཇིག་རྟེན་སྟོང་གསུམ་ཟིལ་
མནན་ཏེ། །སྐུ་རེགས་བཅིངས་པས་ཐམས་ཅད་དབང་དུ་སྡུས། །མནབས་ཤིང་རེག་པས་དུག་ལྔའི་སྐྱོན་སྦྱང་སྟེ། །བསྐལ་པ་བྱེ་བར་ཟད་མེད་སྤྱོད་པ་དང་། །ལྷ་ཡི་ན་བཟའ་དག་དང་མི་འབྲལ་ཤོག །སཾ་བྷ་ར་སོགས། ཧོར་སོག་པོ་སོགས་འབྲོག་པ་འགའ་ཞིག་གིས། རྟ་སྒ་བཅས་བྱས་པ་ཚེ་འདས་ལ་བསྔོས་ནས་དེ་ལ་དོ་མ་གཏད་པ་ཟེར། རྟ་ཡི་རྣ་མཆོག་བར་དུ་བྱང་བུ་ཡུད་ཙམ་བཟུང་། དེ་ལ་བྱ་རུ་བཅིང་པ་ཟེར། རྟ་དེ་ཡོན་ལ་འབུལ་སྲོལ་ཡོད་འདུག །ཡུལ་པ་ལ་སོགས་ཀྱིས་རྟ་གཏད་སྲོལ་མེད་པས་འབྲང་རྒྱས་འགྲམ་དུ་བཅས་པའི་གཟུགས་བརྙན་དེ། རྟ་དངོས་སུ་བསྒོམས་ནས་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བའི། །དཀོན་མཆོག་གསུམ་གྱི་ཐུགས་རྗེས་བྱིན་བརླབས་པས། །དགེ་བ་བཅུ་པོ་བསགས་པའི་ནུས་མཐུ་ཡིས། །རྟ་མཆོག་ཁྱོད་ཀྱི་ནུས་མཐུ་འདི་ལྟ་སྟེ། །དགོས་པའི་དོན་འགྲུབ་འཇིགས་པ་ཀུན་ལས་གྲོལ། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །བདེ་ལྡན་ལུས་ལ་སྤུ་ནི་གྲངས་མེད་ལྟར། །ཕྱུགས་ནོར་སྐྱིད་སྐྱེན་ཕུན་སུམ་གྲངས་མེད་ཤོག །རྣ་བ་གཤིབས་པས་ཐབས་དང་ཤེས་རབ་མཚོན། །མིག་གིས་གཟུགས་རྣམས་ཐམས་ཅད་སོ་སོར་མཐོང་། །འཚེར་བའི་སྐད་ཀྱིས་ལས་ངན་གདུག་པ་
འདུལ། །རྩལ་ལྡན་གཞན་གྱི་སྟོབས་རྣམས་ཟིལ་གྱིས་གནོན། །འཇིགས་པའི་ཡུལ་ལ་མགྱོགས་པའི་ཤུགས་ཀྱིས་བསྒྲོད། །རྫུ་འཕྲུལ་རྐང་བཞིས་ངན་སོང་གནས་རྣམས་སྤང་། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་བསམ་པས་ཕྱིན། །ཡིད་བཞིན་རྫུ་འཕྲུལ་ཞིང་དང་ལྡན་གྱུར་ཏེ། །ཞིང་ཁམས་བདེ་བ་ཅན་དུ་ཕྱིན་པར་ཤོག །སཾ་བྷ་ར་སོགས། ཧོར་སོགས་འབྲོག་པ་རྣམས་ཀྱིས་ལུག་ཚེ་འདས་ལ་བསྔོས་པ་ནི། ཚེ་ཐར་བྱས་ཏེ་དབུལ་པོ་ལ་སྦྱིན་སྲོལ་ཡོད་འདུག་ཀྱང་འབྲང་རྒྱས་རྩ་བའི་ལུག་གི་གཟུགས་དངོས་སུ་དམིགས་ལ་བསྔོ་བ་ནི། འདས་པའི་དུས་སུ་ངོ་མཚར་རྨད་བྱུང་བའི། །འདི་ནས་ཚེ་འཕོས་ལུས་བརྗེས་ཚེ་འདས་ཁྱོད། །ཉེ་དྲུང་བརྩེ་བས་གཏད་པའི་ལུག་འདི་ནི། །དཀའ་ཞིང་དཀོན་པའི་ཡུལ་ནས་ཆེད་དུ་བཙལ། །མི་ལ་བྱིན་ཕྱིར་ཕྱུགས་ལ་རྔམ་མ་བྱས། །བལ་ཚོན་རྣོན་པོས་ཁོག་པའི་ཁ་མ་ཕྱེས། །ཞེ་སྡང་ཤན་པས་ཁོག་པའི་སྲོག་མ་བཅད། །ལྷ་སྤོས་གཙང་མས་མཚན་མའི་རྟོག་པ་སྤངས། །སྔགས་དང་ཕྱག་རྒྱས་ངན་སོང་རྟོག་པ་སྦྱངས། །རྨོངས་པའི་ཡིད་ནི་ཤེས་རབ་སྒྲོན་མེས་བསལ། །བླུན་པོའི་རྣ་བར་དམ་ཆོས་བདུད་རྩི་བླུགས། །ཨརྱ་ཛམ་
བྷ་ལ་ཡི་ཐུགས་རྗེ་ཡིས། །འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། །རྣམ་དག་སྒྲིབ་མེད་འཕྲུལ་གྱི་མེ་ལོང་གིས། །ཐེག་ཆེན་ཆོས་ལམ་དྲང་པོར་མཐོང་བར་ཤོག །སྐྱོན་བྲལ་རྣ་བའི་དབང་པོ་གསལ་བར་ཤོག །སོ་སོའི་སྐད་ཀྱི་བྱེ་བྲག་ཤེས་གྱུར་ནས། །དགེ་བཅུའི་ཆོས་ནི་མ་ལུས་ཐོབ་པར་ཤོག །དབྱངས་སྙན་པ་ཡི་འབའ་སྐད་འདི་ཉིད་ཀྱིས། །འདས་པའི་བཤེས་གཉེན་དགེ་བའི་བཀྲ་ཤིས་ཤོག །བྱང་ཆུབ་དམ་པའི་རྗེས་སུ་དྲན་པར་ཤོག །སཾ་བྷ་ར་སོགས། ཚེ་འདས་ཀྱི་རྣམ་ཤེས་ལམ་བསྟན་པ་ནི། ཧོ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །འདི་ནས་ནུབ་ཕྱོགས་བདེ་ཆེན་ན། །མགོན་པོ་སྤྱན་རས་གཟིགས་དབང་དང་། །སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །བྱང་ཆུབ་སེམས་དཔའ་འཁོར་དང་བཅས། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཞིང་དེའི་ཡོན་ཏན་བརྗོད་ལས་འདས། །སུ་ཞིག་དེ་ཡི་མཚན་འཛིན་པ། །མོས་ཤིང་གུས་པས་མཆོག་སྐྱེད་ན། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །དེ་ཕྱིར་ཁྱོད་ཀྱིས་མོས་གུས་ཆེན་པོ་བསྐྱེད། །ང་ནི་རྣམ་པར་སྣང་མཛད་དེ། །ཁྱོད་ནི་ལམ་མཆོག་འདྲེན་པ་ཡིན། །འདི་དང་ཞིང་
དེའི་བར་ལམ་དུ། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །ཁྱེད་ཀྱི་ཟླ་གྲོགས་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་པ་དེ། །དེ་ལ་སྐད་ལེན་མ་བྱེད་ཅིག །དེ་ལ་ཕྱི་མིག་མ་ལྟ་ཞིག །ཉེ་འཁོར་ཡུལ་ལ་མ་ཆགས་ཤིག །སྡུག་བསྔལ་སེམས་ལ་མ་འཕྲེང་ཞིག །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཀྱེ་མ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །འདི་ནས་ངེས་པར་ནུབ་ཕྱོགས་འཇིག་རྟེན་ཁམས། །བདེ་བ་ཅན་ཞེས་བྱ་བ་ན། །བཅོམ་ལྡན་སྣང་བ་མཐའ་ཡས་ཞེས་བྱ་བ། །བྱང་ཆུབ་སེམས་དཔའི་ཚོགས་བཅས་དང་། །འཕགས་པའི་དགེ་འདུན་དཔག་ཏུ་མེད་པས་བསྐོར། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར། །རིགས་ཀྱི་བུ་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་དེར་སོང་ཞིག །གླང་ཆེན་གྱི་ལྟ་སྟངས་ཀྱིས་ལྟོས་ཤིག །ཞིང་ཁམས་དེ་ཡིད་ལ་དྲན་པའི་ངང་ནས། རིག་པ་མ་འཁྲུལ་བར་སྐད་ཅིག་ལ་མདའ་འཕང་བ་ལྟར་བཞུད་ཅིག །རྩེ་གཅིག་ཏུ་བཞུད་ཅིག །བདེ་ཆེན་གཏན་གྱི་ཞིང་ཁམས་དམ་པ་དེ་ཟུངས་ཤིག །ཚེ་འདས་ཀྱི་རྣམ་པར་ཤེས་པ་བྱ་རྒོད་ཀྱིས་ནམ་འཕང་བཅད་པ་བཞིན་དུ། བདེ་བ་ཅན་ན་ཏ་ལེར་སོང་བར་བསྒོམས་ལ། །
ཕཊ༔ ཕཊ་དྲག་པོ་གཅིག་བརྗོད་ལ་མིང་བྱང་ལ་ཐེ་ཕག་བརྒྱག་མིང་ཡིག་སྣོག་སམ་བྱང་བུ་བསྲེག་རུང་དམིགས་མེད་དུ་བཞག །དེ་ནས་ཚེ་འདས་ཀྱི་བླ་ཕ་མཚུན་གྱི་གྲལ་དུ་བསྐྱལ་བ་ནི། ཚེ་ལས་འདས་པ་ཆེ་གེའི་བླ། །སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ། །མཚུན་ཡུལ་ཕ་མཚུན་གྲལ་དུ་བཙུད། །མཆོད་པས་ཚིམས་ནས་དགའ་ཞིང་མགུ། །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ནས། །གསོན་པོའི་མགོན་སྐྱབས་ནུས་པར་ཤོག །དུར་ས་མི་དམིགས་ཆོས་ཀྱི་དབྱིངས། །ཆོས་ཉིད་སྟོང་པའི་ཀློང་དུ་གཤེགས། །ཆོས་སྐུའི་ཞིང་དུ་རྟེན་ཆོས་ཤིག །བཛྲ་མུ་དྷརྨ་ཀཱ་ཡ༔ བྱང་བུ་བླ་རྡེལ་དཀར་པོ་དེ་རྣམས་དང་། །འདོད་ཡོན་ནང་གི་ཕྱེ་མར་ཚུམ་ཞིག་བཅས། །ཐག་ཉེ་ན་ནི་དུར་གྱི་ནང་དུ་བཏབ། །རིང་ན་ཁང་པའི་སྟེང་དུ་ཡར་ལ་བཏབ། །འབྲོག་པ་ཡིན་ན་གུང་ནས་ཡར་ལ་ནི། །གོམ་པ་བཅུ་གསུམ་འཇལ་བའི་ས་ལ་མཆོད། །འདོད་ཡོན་རྣམས་ནི་འབྲོག་པས་ཟ་སྲོལ་ཡོད། །ཡུལ་པས་སྤྲང་པོ་ཁྱི་འཁྱམས་སོགས་ལ་སྦྱིན། །ལོ་བརྒྱད་མན་ཆད་ཤི་ན་ཆུང་བརྡུང་དགོས། །ལོ་བརྒྱད་ལོན་ནས་ང་དགུའི་བར་ཤི་ན། །དྲག་པོའི་ལྕགས་འདུལ་དཀར་ནག་གཉིས་ཀ་དགོས། །དྲུག་ཅུ་ལོན་ནས་བཀྲ་ལ་ཐེ་བའི་ཕྱིར། །འདུལ་ནག་མི་བྱ་འདུལ་དཀར་འདི་ཉིད་བྱ། །དེ་ཡང་གཤེད་སྒྲོ་རྡེབ་ཅིང་གཤེད་བཀུག་ནས། །གཤེད་ཕུད་བྱ་ཚུལ་ལོག་ཏུ་གསལ་བ་ལྟར། །འདུལ་དཀར་འདི་ཉིད་
འབད་ན་ཕན་ཆེ་བ། །གལ་ཏེ་འདི་ཉིད་ཚན་ཆེར་མ་གྲུབ་ཀྱང་། །ཚར་གྲངས་བདུན་ལྔ་གསུམ་མམ་ཅི་འགྲུབ་ཀྱང་། །ཟ་འདྲེ་ཁ་ཕྲལ་ཤི་གསོན་གཉིས་ཀར་ཕན། །སློབ་དཔོན་པདྨས་མཛད་པའི་ལྕགས་འདུལ་གྱི། །འདུལ་དཀར་བླ་གླུད་བཏང་བའི་ཆོ་ག་དང་། །ཟས་གཏད་རྒྱས་པའི་དོན་ནི་ཅུང་ཞིག་བསྡུས། །ལམ་སྟོན་ལ་སོགས་ཁ་བསྐང་འདོན་འགྲིགས་སུ། །རཱ་ག་ཨ་སྱས་སྨྲས་ཤིང་བསྒྲིགས་པ་ལྟར་། །དགེ་ཚུལ་པདྨ་དད་པས་ཡི་གེར་བཀོད། །འགལ་བ་མཆིས་ན་འཁོར་འདས་ལྷ་ལ་བཤགས། །དགེ་བས་གཤིན་པོ་ཐར་ལམ་ཐོབ་པར་ཤོག །གསོན་པོ་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཤོག། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།