Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
   
   
   
ལམ་སྟོན་བསྒོམ་པའི་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་སྟོན་བསྒོམ་པའི་ལུང་།next

ལམ་སྟོན་བསྒོམ་པའི་ལུང་།


DNG003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ལཱ་ས་ཧུ་སུ་ཀ་ནཱ་མ། བོད་སྐད་དུ། ལམ་སྟོན་བསྒོམ་པའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཉིས་མེད་ཀྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་


DNG003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་པདྨ་དབང་གིས་བདག་ཉིད་ལ། ཉེ་བའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་པདྨ་དབང་གི་བདག་ཉིད་ཆེན་པོ། སེམས་ཅན་འཁོར་བ་ལས་བསྒྲལ་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལམ་སྟོན་པའི་ཆོ་ག་བཤད་དུ་གསོལ། དེ་ནས་དཔལ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །སློབ་དཔོན་གསང་བའི་དབང་ཐོབ་དེས། །མཎྜལ་དྲུག་པའི་གཞུང་རྫོགས་ནས། །ལམ་བསྟན་ལུང་ནི་བསྟན་པར་བྱ། །མཆོད་པའི་ཚོགས་ནི་རབ་རྫོགས་ནས། །གསང་བའི་སློབ་དཔོན་དེ་ཉིད་ཀྱིས། །རིགས་དྲུག་གནས་ནས་དྲངས་པ་ཡི། །ཆོ་ག་འདི་ནི་བརྩམ་པར་བྱ། །མཎྜལ་ཟླུམ་པོའི་སྟེང་དག་ནས། །ཐུབ་པའི་ཕྱག་མཚན་བླངས་ནས་ནི། །ཚིག་འདིས་སྡུག་བསྔལ་གནས་ནས་དྲངས། །ཧཱུཾ་མ་རིག་འཁོར་བའི་རྩ་བ་སྟེ། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ལ་ཆགས་པར་མ་བྱེད་པར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཞེ་སྡང་འདི་ཡིས་ཁྱོད་རེ་བསླུས། །ཞེ་སྡང་ཁྱོད་ཀྱི་བདུད་ཡིན་པས། །དང་པོ་སྲིད་པར་འཁྱམས་པ་ཡང་། །ཞེ་སྡང་རང་དགར་སྤྱོད་པས་འཁོར། །ད་ལྟ་སྡུག་བསྔལ་སྤྱོད་པ་ཡང་། །ཞེ་སྡང་བདག་ཏུ་བཟུང་བས་ནོངས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཞེ་སྡང་བདག་ཏུ་མ་འཛིན་ཞིག །ཞེ་སྡང་བདག་ཏུ་འཛིན་པ་ན། །ཞེ་སྡང་ཆེན་པོའི་རྒྱུ་བསགས་ནས། །ངུ་འབོད་ཆེན་པོའི་གནས་སུ་འགྲོ། །སྡུག་བསྔལ་སྣ་ཚོགས་ཁྱོད་ཀྱིས་མྱོང་། །བཙོ་བསྲེག་གནས་ནས་ཐར་ཐབས་མེད། །མཚོན་ཆའི་ཆར་དང་མེ་ཆེན་འོབས། །འཆིང་དང་འཚོད་པའི་ལས་རྣམས་དང་། །འགུགས་འཆིང་བསྡམ་པའི་ལས་རྣམས་ཀྱིས། །ཡུན་རིང་ཐར་བའི་གནས་མེད་པས། །ཉམ་ཐག་སྡུག་བསྔལ་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །བཟོད་པའི་ཆུ་བོ་འདི་ལོངས་ཤིག །ཨོཾ་ན་ར་ཀ་ཏྲི་ཨ་སུ་དུ་པྲེ་ནྲྀ་སྥ་ར་ཎ་ཕཊ། ཨེ་མ་ཧོ། རིགས་ཀྱི་བུ། ཚེ་འདས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །འདི་ནས་


DNG003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདིའི་འོག་ན། དཔག་ཚད་ལྔ་བརྒྱའི་འོག་རོལ་ན། ན་རག་དམྱལ་བའི་འཇིག་རྟེན་བྱ་བ་ཤིན་ཏུ་སྡུག་བསྔལ་དང་ལྡན་པ་ཚ་བ་དང་། གྲང་བའི་སྡུག་བསྔལ་འབའ་ཞིག་ཆེར་སྤྱོད་པ། སེམས་ཅན་ཉོན་མོངས་པ་ཞེ་སྡང་ཆེར་སྤྱད་པ་ལྟུང་བའི་གནས་ཡོད་དེ། དེ་རུ་ཅི་སྲིད་ལྷུང་སྲིད་ན། བསྐལ་པ་ལྔ་བརྒྱའི་བར་དུ་ཐར་བའི་ཐབས་མེད་པས། དེར་ཚེ་འདས་པ་ཁྱོད་ཀྱིས་ཉོན་མོངས་པ་ཞེ་སྡང་ལ་སྤྱད་པའི་དབང་གིས། དམྱལ་བའི་གནས་དེར་ལྷུང་སྲིད་ན། ཞིང་ཁམས་དེ་འདུལ་བའི་ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེའི་ཚེ་ཁྱོད་ཀྱིས་སངས་རྒྱས་ཡིད་ལ་དྲན་པ་དང་། ཆོས་ཡིད་ལ་དྲན་པ་དང་། དགེ་འདུན་ཡིད་ལ་དྲན་པ་དང་། ཡི་དམ་ཡིད་ལ་དྲན་པ་དང་། ཏིང་འཛིན་ཡིད་ལ་དྲན་པ་དང་། རྡོ་རྗེའི་སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ཐུབ་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་ཡི་དྭགས་ཀྱི་ཐུབ་པ་བླངས་ནས་འདི་སྐད་དོ། །ཧཱུཾ་འཁོར་བའི་རྒྱུ་ནི་མ་རིག་པ། །མ་རིག་སེམས་ཀྱི་རྩད་བཅད་ན། །འཁོར་བར་འཛིན་པ་ཡོད་མ་ཡིན། ཀྭ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཇིག་རྟེན་འདི་འདྲ་སྡུག་བསྔལ་ཆེ། །བདེ་བ་ཅན་གྱི་ཞིང་དུ་བཞུད། །འདོད་ཆགས་འདི་ཡིས་ཁྱོད་རེ་བསླུས། །འདོད་ཅིང་ཆགས་པའི་ལས་རྣམས་ནི། །བྱང་ཆུབ་སྙིང་པོ་སྒྲིབ་པའི་རྒྱུ། །དང་པོ་འཁོར་བར་ལྟུང་བ་ཡང་། །ཡིད་དང་ཆོས་མེད་སྣང་བ་ལ། །མེད་པ་ཡོད་པར་སྤྱད་པས་བསླུས། །འདོད་ཆགས་རང་དགར་སྤྱད་པས་ནོངས། །ད་ལྟའི་ཆགས་པ་ཆེན་པོ་ཡང་། །འདོད་ཆགས་ཡུལ་དུ་བཟུང་བས་ནོངས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འདོད་ཅིང་ཆགས་པར་མ་བྱེད་ཅིག །འདོད་ཅིང་ཆགས་པར་བྱས་པ་ན། །འདོད་ཆགས་ཡུལ་སྣང་དགྲར་ལངས་ནས། །བཀྲེས་སྐོམ་སྡུག་བསྔལ་


DNG003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སྐྱེ། །སྒྲིབ་པ་གསུམ་ལ་རྟག་ཏུ་གནས། །སེར་སྣའི་འཆིང་བ་མ་ཁྲོལ་བས། །ཟས་ཀྱིས་གདུངས་ཤིང་སྐོམ་མི་མྱོང་། །ཡིད་ནི་གཞན་འགྱུར་འདུག་དབང་མེད། །ཡུན་རིང་ཐར་བར་དཀའ་བའི་གནས། །དེ་རུ་ཁྱོད་ཀྱི་ཤེས་པ་ལྡང་། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །སྦྱིན་པའི་ཟས་ནོར་འདི་ལོངས་ཤིག །ཨོཾ་སརྦ་དུ་ཨ་སུ་པྲེ་ནྲྀ་སྥ་ར་ཎ་ཕཊ། ཨེ་མ་ཧོ། ཚེ་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །འདི་ནས་འཇིག་རྟེན་འདིའི་འོག་དཔག་ཚད་སུམ་བརྒྱའི་འོག་ན། བཀྲེས་ལྡན་ཆེན་པོ་ཞེས་བྱ་བའི། ཡི་དྭགས་ཀྱི་འཇིག་རྟེན་ཡོད་པས། དེ་ནི་འདོད་ཆགས་ཤས་ཆེར་སྤྱད་པ་ལས་ཆགས་པ་ཡིན་པས་རིགས་ཀྱི་བུ་ཁྱོད་ཇི་སྲིད་དེར་ལྷུང་སྲིད་པས། ཉོན་མོངས་པ་འཁོར་བ་ལ་མངོན་པར་ཆགས་པས་མ་ཞེན་ཅིག །དེར་ཅི་སྲིད་ལྷུང་སྲིད་ན། བསྐལ་པ་སུམ་བརྒྱའི་བར་དུ་ཐར་བའི་གནས་མེད་དོ། །ཚེ་འདས་པ་ཁྱོད་ཀྱིས་ཉོན་མོངས་པ་འདོད་ཆགས་ལ་སྤྱོད་པའི་དབང་གིས། འཇིག་རྟེན་ཁམས་དེར་ལྷུང་སྲིད་ན། ཞིང་ཁམས་དེ་འདུལ་བའི་ཐུབ་པ་ཁ་འབར་མ་ཞེས་བྱ་བ། ཁ་ནས་མེ་འབར་བ། ཕྱག་ན་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ། ཤིན་ཏུ་བཀྲེས་པའི་ངང་ཚུལ་ཅན་ཅིག་ཡོད་ཀྱིས། དེ་ལ་སྐྱབས་སུ་འདོང་བའི་ཕྱིར། དེའི་ཚེ་སངས་རྒྱས་ཡིད་ལ་དྲན་པར་གྱིས་ཤིག །ཆོས་ཡིད་ལ་དྲན་པར་གྱིས་ཤིག །འཕགས་པའི་དགེ་འདུན་ཡིད་ལ་དྲན་པར་གྱིས་ཤིག །ཡི་དམ་གྱི་ལྷ་ཡིད་ལ་དྲན་པར་གྱིས་ཤིག །ཏིང་འཛིན་ཡིད་ལ་དྲན་པར་གྱིས་ཤིག །སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ཐུབ་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ་ཞེས་བརྗོད་ལ་སྐྱབས་སུ་སོང་ཞིག །དེ་ནས་བྱོལ་སོང་གི་ཐུབ་པ་བླངས་ལ་འདི་སྐད་དོ། །ཨེ་མ་གསོན་ཅིག་དགོངས་


DNG003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །མ་རིག་འཁོར་བའི་རྩ་བ་སྟེ། །འཁོར་བ་འདི་ནི་གཏི་མུག་ཆེ། །འདི་ན་འདུག་པར་མ་བྱེད་ཅིག །བདེ་བ་ཅན་གྱི་ཞིང་དེར་བཞུད། །གཏི་མུག་འདི་ཡིས་ཁྱོད་རེ་བསླུས། །གཏི་མུག་རྨུགས་པའི་རྒྱུ་འདི་ནི། །ཤེས་རབ་སྒྲིབ་པའི་རྒྱུ་ཡིན་པས། །གཏི་མུག་འདི་ལ་མ་སྤྱོད་ཅིག །དང་པོ་འཁོར་བར་ལྟུང་བ་ཡང་། །གཏི་མུག་མྱོས་པའི་དབང་གིས་ནོངས། །ད་ལྟ་རང་སྣང་དངོས་མེད་ལ། །གཏི་མུག་རང་དགར་སྤྱོད་པས་ནོངས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །གཏི་མུག་རྨུགས་པར་མ་བྱེད་ཅིག །རྨུགས་ཤིང་ཐོས་པ་མེད་པ་ན། །ཐོས་བསམ་ཤེས་རབ་མ་ཤེས་པས། །བྱོལ་སོང་རྨུགས་པའི་གནས་སུ་འགྲོ། །རྨུགས་ཤིང་དྲན་པ་མེད་པར་འགྱུར། །གཅིག་ལ་གཅིག་ཟའི་སྡུག་བསྔལ་ནི། །གཅིག་ལ་གཅིག་ཟ་ཁྱོད་ཀྱིས་མྱོང་། །ཤིན་ཏུ་རྨུགས་པར་བྱེད་པ་ཡིས། །ལུས་འདི་ཡང་ཡང་འཕོ་བར་འགྱུར། །དེ་རུ་ཁྱོད་ཉིད་སྐྱེས་གྱུར་ན། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །ཤེས་རབ་སྒྲོམ་བུ་འདི་ལོངས་ཤིག །ཨོཾ་སརྦ་པྲེ་ཨ་སུ་ནྲྀ་སྥ་ར་ཎ་ཕཊ། ཨེ་མ་ཧོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །འདི་ནས་རི་བོ་ཆེན་པོའི་མཚམས་བཞི་ན་གླིང་ཆེན་པོ་བཞིའི་བར་བར་ན་མུན་པའི་འཇིག་རྟེན་དཔག་ཏུ་མེད་པ་ཡོད་པས། དེ་ཚོར་བྱོལ་སོང་གི་རིགས་སྟོང་ཕྲག་དུ་མ་ཡོད་པ། དེ་རྣམས་གཅིག་གི་ཤ་གཅིག་གིས་ཟ་བའི་སྐལ་བ་ལས་བདེ་བ་སྐད་ཅིག་ཀྱང་མེད་པར་གནས་པས། དེ་ནི་སེམས་ཅན་ཉོན་མོངས་པ་གཏི་མུག་ཤས་ཆེར་སྤྱད་པ་འབའ་ཞིག་སྐྱེས་པའོ། །དེ་ན་ལྟུང་བའི་གནས་ཡོད་པས། ཞིང་ཁམས་དེར་མ་ཆགས་པར། དེ་ན་བྱོལ་སོང་འདུལ་བའི་ཐུབ་པ། རུ་རུ་རྨུགས་པ་ཞེས་བྱ་བ་སེང་གེའི་ངང་ཚུལ་ཅན། ཕྱག་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ་གཅིག་ཡོད་ཀྱིས། དེ་ལ་སྐྱབས་སུ་འདོང་བའི་ཕྱིར། སངས་རྒྱས་ཡིད་ལ་དྲན་པར་གྱིས་ཤིག །དམ་པའི་ཆོས་ཡིད་ལ་དྲན་


DNG003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་ཤིག །འཕགས་པའི་དགེ་འདུན་ཡིད་ལ་དྲན་པར་གྱིས་ཤིག །ཡི་དམ་གྱི་ལྷ་ཡིད་ལ་དྲན་པར་གྱིས་ཤིག །ཏིང་འཛིན་ཡིད་ལ་དྲན་པར་གྱིས་ཤིག །རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ཤིག །སྙིང་པོ་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་དབང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་ལྷ་མ་ཡིན་གྱི་ཐུབ་པ་བླངས་ལ་འདི་སྐད་དོ། །ཧཱུཾ་ཚེ་འདས་བྱ་བ་རིགས་ཀྱི་བུ། །བྱོལ་སོང་ཡུལ་ན་གཏི་མུག་ཆེ། །འདི་ནས་སྟེང་ན་དཔག་ཚད་ཉིས་བརྒྱ་ན། །ལྷ་མ་ཡིན་ཞེས་བྱ་བ་ཡི། །འཇིག་རྟེན་ཉམས་དགའ་དང་རེ་སྤྲོ། །བྱོལ་སོང་ཡུལ་དུ་མ་འདུག་པར། །ལྷ་མ་ཡིན་གྱི་གནས་སུ་བྱོན། །མ་རིག་འཁོར་བའི་རྩ་བ་སྟེ། །རང་རིག་ཡེ་ཤེས་རྟོག་མེད་པས། །ལྷ་མ་ཡིན་གྱི་ཡུལ་དེ་ན། །གནས་པའི་ས་མེད་སྡུག་བསྔལ་ལྡན། །དེ་རུ་ཆགས་པ་མ་སྐྱེ་བར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཕྲག་དོག་འདི་ཡིས་ཁྱེད་རེ་བསླུས། །དང་པོ་འཁོར་བར་ལྟུང་བ་ཡང་། །ཕྲག་དོག་རླུང་ལྟར་འཚུབས་ནས་ནོངས། །ད་ལྟ་མཉམ་ལ་ཕྲག་དོག་པས། །རྟག་ཏུ་རྩོད་པ་རྒྱུན་མི་ཆད། །ཀྭ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕྲག་དོག་འཚུབ་པར་མ་བྱེད་ཅིག །འཚུབ་མ་ཐག་ཏུ་འཛིན་པ་ན། །རྩོད་ལྡན་འདི་ལ་རབ་ཆགས་ནས། །ཡུན་རིང་སྡུག་བསྔལ་ཁྱོད་ཀྱིས་མྱོང་། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །བསམ་གཏན་གོ་མཚོན་འདི་ལོངས་ཤིག །ཨོཾ་སརྦ་སུ་ཨ་ནྲྀ་སྥ་ར་ཎ་ཕཊཿཧཱུཾ་ཨ། ཀྱེ་ཚེ་འདས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །གནས་ལ་ཆགས་པ་ཆེན་པོས། སྡུག་བསྔལ་ཁྱོད་ཀྱིས་མྱོང་བར་གྱུར་ཏེ། ལྷ་མ་ཡིན་གྱི་གནས་ན། རྩོད་པའི་སྡུག་བསྔལ་


DNG003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་སྟེ། དེ་ནི་སེམས་ཅན་ཉོན་མོངས་པ་ཕྲག་དོག་ཤས་ཆེར་སྤྱོད་པ་འབའ་ཞིག་ལས་བྱུང་སྟེ། རིགས་ཀྱི་བུ་ཁྱོད་དེར་ཆགས་པར་མ་བྱེད་ཅིག །དེ་ན་ཆགས་པ་ཆེར་སྐྱེས་པ་ན། དེ་ན་ལྷ་མ་ཡིན་འདུལ་བའི་དབང་པོ་ཐགས་བཟང་རིས་བྱ་བ་སྐུ་ལ་བསམ་གཏན་གྱི་གོ་གྱོན་པ། ཕྱག་ན་བསམ་གཏན་གྱི་མདུང་ཐོགས་པ། ལྷ་མ་ཡིན་གྱི་ངང་ཚུལ་ཅན་ཡོད་ཀྱིས། དེ་ལ་སྐྱབས་སུ་འདོང་བའི་ཕྱིར། སངས་རྒྱས་ཡིད་ལ་དྲན་པར་གྱིས་ཤིག །དམ་པའི་ཆོས་ཡིད་ལ་དྲན་པར་གྱིས་ཤིག །འཕགས་པའི་དགེ་འདུན་ཡིད་ལ་དྲན་པར་གྱིས་ཤིག །ཡི་དམ་གྱི་ལྷ་ཡིད་ལ་དྲན་པར་གྱིས་ཤིག །རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ཤིག །སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །ལྷ་མ་ཡིན་འདུལ་བའི་ཐུབ་པ་ཐགས་བཟང་རིས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་ལྷའི་ཐུབ་པ་བླངས་ལ་འདི་སྐད་དོ། །ཧཱུཾ་གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །ལྷ་མིན་ཡུལ་ན་ཕྲག་དོག་ཆེ། །དེ་ན་སྡུག་བསྔལ་བསམ་མི་ཁྱབ། །དེ་ཡི་སྟེང་ན་ལྷ་ཡི་ཡུལ། །ཉམས་དགའ་དང་སྤྲོ་ཡིད་འོང་དང་། །ལོངས་སྤྱོད་སྣ་ཚོགས་འདི་ན་ཡོད། །རྒྱན་དང་རོལ་མོ་བསམ་མི་ཁྱབ། །ལྷ་མིན་ཡུལ་དུ་མ་འདུག་པར། །ལྷ་ཡི་ཡུལ་དུ་བདེ་བར་བྱོན། །ཧཱུཾ་མ་རིག་འཁོར་བའི་རྩ་བ་སྟེ། །རང་རིག་ཡེ་ཤེས་རྟོག་མེད་པས། །ལྷ་ཡི་གནས་ན་འདུག་ས་མེད། །ལོངས་སྤྱོད་ཉིད་ལ་ཆགས་ཆགས་ནས། །ངན་སོང་གསུམ་གྱི་གནས་སུ་ལྟུང་། །དེ་རུ་ཆགས་པར་མ་བྱེད་པར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ང་རྒྱལ་འདི་ཡིས་ཁྱོད་རེ་བསླུས། །ལྷ་ཡི་ཡུལ་ན་ང་རྒྱལ་ཆེ། །དང་པོ་འཁོར་བར་ལྟུང་བ་ཡང་། །ང་རྒྱལ་རི་བོ་བརྩེགས་པས་འཁོར། །ད་ལྟ་ང་རྒྱལ་སྤྱད་པས་ན། །དགའ་ལྡན་ལྷ་ཡི་ཡུལ་དུ་སྐྱེས། །ལོངས་སྤྱོད་འཁོར་ལ་ཆགས་ཆགས་


DNG003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ངན་སོང་འཁོར་བའི་གནས་སུ་ལྟུང་། ཀྭ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་རྒྱལ་རྟོག་པར་མ་འཛིན་ཅིག །ང་རྒྱལ་རྟོག་པར་བཟུང་བ་ན། །ལོངས་སྤྱོད་འདི་ལ་རབ་ཏུ་ཆགས། །ལོངས་སྤྱོད་འདི་ལ་ཆགས་པའི་མཐུས། །འཁོར་བ་ཉིད་ཀྱི་གནས་སུ་ལྟུང་། །ཡུན་རིང་ཐར་བའི་གནས་མི་ཐོབ། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །བརྩོན་འགྲུས་པི་ཝང་འདི་ལོངས་ཤིག །ཨོཾ་སརྦ་ཨ་སུ་ནྲྀ་སྥ་ར་ཎ་ཕཊ་ཧཱུཾ་ཨཱ། ཨེ་མ་ཧོ། ཚེ་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །ལྷའི་གནས་འདི་ན་ལོངས་སྤྱོད་འཁོར་བའི་རྒྱུ་ལ་ཆགས་པས། ཐ་མ་ངན་སོང་གསུམ་དུ་ལྟུང་བར་འགྱུར་བས། རིགས་ཀྱི་བུ་དེར་ཆགས་པར་མ་བྱེད་པར། ཞིང་ཁམས་དེ་ན་ལྷ་འདུལ་བའི་ཐུབ་པ། ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལྷའི་ཆ་བྱད་འཛིན་པ། ཕྱག་ན་པི་ཝང་དང་རོལ་མོ་བསྣམས་པ་གཅིག་ཡོད་ཀྱིས། དེ་ལ་སྐྱབས་སུ་འགྲོ་བའི་ཕྱིར། སངས་རྒྱས་ཡིད་ལ་དྲན་པ་དང་། དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་དང་། རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །ལྷའི་དབང་པོ་བརྒྱ་བྱིན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་མིའི་ཐུབ་པ་བླངས་ལ་འདི་སྐད་དོ། །ཧཱུཾ་གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །ལྷ་ཡི་ཡུལ་ན་ང་རྒྱལ་ཆེ། །ང་རྒྱལ་རང་དགར་སྤྱོད་པའི་ཕྱིར། །འདི་ན་ཆ་མཉམ་བྱང་ཆུབ་ཉེ། །ལྷ་ཡི་ཡུལ་དུ་མ་ཆགས་པར། །ཆ་མཉམ་མི་ཡི་གནས་འདིར་བྱོན། །ཧཱུཾ་མ་རིག་འཁོར་བའི་རྒྱུ་ཡིན་ཏེ། །འདི་ལ་ཆགས་པར་མ་བྱེད་པར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཁོང་ཁྲོ་འདི་ཡིས་ཁྱོད་རེ་བསླུས། །ཁོང་ཁྲོ་བདག་ཏུ་མ་འཛིན་ཅིག །ཁོང་ཁྲོ་བདག་ཏུ་འཛིན་པ་ན། །དང་པོ་འཁོར་བར་ལྟུང་བ་


DNG003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཁོང་ཁྲོ་རང་དགར་སྤྱད་པས་ནོངས། །ད་ལྟ་ཁོང་ཁྲོ་ཉིད་སྤྱད་ན། །མི་ཡི་སྡུག་བསྔལ་ཆེན་པོར་འགྱུར། །ཡུན་རིང་སྡུག་བསྔལ་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །ཚུལ་ཁྲིམས་ཕུང་པོ་འདི་ལོངས་ཤིག །ཨོཾ་སརྦ་ནྲྀ་ཏྲི་དུ་པྲེ་སུ་ཨ་སྥ་ར་ཎ་ཧཱུཾ་ཕཊཿཨཱ། ཨེ་མ་ཧོ། ཚེ་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཉོན་ཅིག །མིའི་གནས་འདི་ནི་བདེ་སྡུག་གི་ར་བ་ཆེན་པོ་སྟེ། འདི་ལ་མ་ཆགས་པར་བདེ་བ་ཅན་གྱི་ཞིང་དུ་བཞུད་ཅིག །མི་ཡི་གནས་འདི་འདུལ་བའི་ཤཱཀྱ་ཐུབ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཞབས་ཀྱི་པདྨ་ལས་སྤྲུལ་པའི་མིའི་ཆ་བྱད་ཅན་ཕྱག་ན་གསེག་ཤང་དང་པར་བུ་ཐོགས་པ་དེ་ཡིད་ལ་དྲན་པར་གྱིས་ལ། དེ་ལ་སྐྱབས་སུ་འགྲོ་བའི་ཕྱིར། སངས་རྒྱས་དང་། ཆོས་དང་། འཕགས་པའི་དགེ་འདུན་དང་། ཡི་དམ་གྱི་ལྷ་དང་། རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །མིའི་ཐུབ་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་མིའི་གནས་ནས་དྲི་མ་དཀྱིལ་འཁོར་གྱི་ཕྱི་ཁྱམས་མུ་ཁྱུད་ཀྱི་སྟེང་དུ་བཞག་ལ། རིགས་དྲུག་གི་དཀྱིལ་འཁོར་དབྱེ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ལམ་བསྟན་པ་འདི་སྐད་དོ། །ཧོ་རིགས་ཀྱི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་འདས་པ་འདི་ལ་གཤེད་དུ་བྱེད་པ་དང་། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ་ཚེ་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེ་རུ་སྐུས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ།


DNG003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་ཡོན་ཏན་གྱིས་འདུལ་བའི་སྒོ་ནས་ཆོས་བསྟན་པ་གཅིག་ཡོད་ཀྱིས་དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་ཉོན་ཅིག །ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེས་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་དུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེས་ཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་གྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་ཀྱིས། ཞིང་ཁམས་དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་མཐུ་སྟོབས་ཀྱི་དབང་ཞུས་ལ། བདུད་དང་ཉོན་མོངས་པ་ཟིལ་གྱིས་ནོན་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་དེ་ན། བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ། སྤྱན་རས་གཟིགས་དབང་ཕྱུག་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་འཇིགས་པར་མ་བྱེད་པར། བཅོམ་ལྡན་འདས་དེ་ལ་རྫུ་འཕྲུལ་གྱི་དབང་ཞུས་ལ། ཐུགས་རྗེ་ཕྱོགས་བཅུར་མཛད་ཅིང་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ལྷོ་


DNG003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་འཇམ་པའི་མགོན་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡོད་དེ། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་སྤྱན་ཁོང་དུ་ཆུད་པ་ཞེས་བྱ་བའི་དབང་ཞུས་ལ། སྣང་སྲིད་ཀྱི་ཆོས་ཐམས་ཅད་བཤད་ཅིང་ཀ་དག་གི་སར་བཞུད་ཅིག །ནུབ་བྱང་གི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཡིད་འཁྲུགས་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྟན་པའི་དབང་ནོས་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་དེ་ལ་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ། ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །འོག་གི་ཕྱོགས་ན་ཞིང་ཁམས་མ་གཡོས་པ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། དེ་ལ་རང་རིག་མངོན་པར་སྣང་བ་ཞེས་བྱ་བའི་དབང་ཡོད་ཀྱིས། དེ་ལས་དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་བཞུད་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་དབུས་ན། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་ཤིན་ཏུ་ཡངས་པ་འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་རྔམས་པ་ཅིག་ཡོད་དེ། དེ་ནས་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིག །ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །


DNG003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་འགྲོས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །མངོན་པར་དགའ་བ་ཞེས་བྱ་བའི་ཚལ་ན། བྱང་ཆུབ་མཐའ་ཡས་ཀྱི་ཕུགས། སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ན། འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ། ཤིན་ཏུ་སྐྱི་བུང་བ་གཅིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་སོང་ཞིག །དེ་འདས་པའི་ཕྱི་རོལ་ན་སངས་རྒྱས་མར་མེ་མཛད་བཟང་པོ་ཞེས་བྱ་བ་རྒྱན་འོད་ཀྱི་ཕུང་པོ་དང་ལྡན་པ་ཡོད་དེ། དེ་ཁྱོད་ལ་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དེ་མཐོང་བའི་དུས་སུ་སྐུས་འདུལ་བའི་ཆོས་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་མ་དང་ལྡན་པས། སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་མ་ཚེ་འདས་པའི། བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །རིགས་ཀྱི་བུ་ཆོས་ཆེན་པོ་སྣང་བའི་ཐུགས་རྗེ་འདས་པའི་ཕ་རོལ་ན། རང་རིག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་འགྲོས་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །རིག་པ་འདུས་མ་བྱས་པའི་སྣང་བ་ཞེས་བྱ་བ་ན། ཆོས་ཉིད་སྟོང་པ་གསལ་བ་ཆེན་པོའི་གནས་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ཤིན་ཏུ་སྐྱི་བུང་བ་གཅིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་བྱ་ཁྱུང་ནམ་མཁར་ལྡིང་བའི་འགྲོས་ཀྱིས་སོང་ཞིག །དེ་འདས་པའི་ཕ་རོལ་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ལ་སྣང་བར་འགྱུར་གྱིས། དེ་སྣང་བའི་དུས་སུ་སྐུ་གསུམ་དབྱེར་མི་ཕྱེད་པའི་ཆོས་སྟོན་པར་འགྱུར་རོ། །ཆོས་ཀྱི་སྐུ་སྐྱེ་འགག་ཐམས་ཅད་དང་བྲལ་བར་བསྟན་པས། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱིས་སྐུ་བརྟན་པར་གྱིས་ཤིག །གསུང་བརྟན་པར་གྱིས་ཤིག །
ཐུགས་བརྟན་པར་གྱིས་ཤིག །རིག་པ་བརྟན་པར་གྱིས་ཤིག །དེས་ནི་སྐྱེ་བ་མེད་པར་ཐལ་ལོ། །དེ་སྐད་ཅེས་ལམ་བསྟན་པར་བྱའོ། །གཞན་དག་གི་ཕུང་པོ་སྦྱང་ཡང་། རིགས་དྲུག་གནས་ནས་དྲངས་པ་དང་། ལམ་བསྟན་འདི་ལྟར་ཤེས་པར་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ལམ་བསྟན་པའི་ལེའུ་སྟེ་དྲུག་པའོ། །རྫོགས་སོའོ།། །།


previousལམ་སྟོན་བསྒོམ་པའི་ལུང་།next