Nitartha Digital Library
Tibetan
 
previousརྗེ་བཙུན་རིག་བྱེད་དབང་མོ་ལ་བསྟོད་པ་ཡིད་འཕྲོག་མ།next

རྗེ་བཙུན་རིག་བྱེད་དབང་མོ་ལ་བསྟོད་པ་ཡིད་འཕྲོག་མ།

ན་མོ་གུ་རུ་བྷྱཿཡིད་འཕྲོག་སྐུ་ཡིས་སྲིད་གསུམ་དབང་དུ་བྱེད། །རབ་སྙན་གསུང་གིས་འགྲོ་བ་རྗེས་སུ་འཛིན། །ཟབ་ཡངས་ཐུགས་ནི་དུས་གསུམ་འཕགས་མའི་ཚོགས། །སྐྱེད་མི་ཡུམ་གྱུར་མ་ལ་ཕྱག་འཚལ་ལོ། །དཔག་ཡས་མཁྱེན་པའི་ལང་ཚོ་དར་བབས་ཤིང་། །བརྩེ་ཆེན་པདྨ་རཱ་གའི་མདངས་འཛིན་མ། །ཕྲིན་ལས་ཨུཏྤལ་གཞོན་ནུའི་ཕྱག་མཚན་གྱིས། །སྲིད་ཞིའི་ལེགས་ཚོགས་འགུགས་པ་ཁྱོད་ལ་བསྟོད། །འཛུམ་མའི་སྤྱན་ཟུང་པདྨོའི་མཚར་སྡུག་གིས། །སྐལ་བཟང་བུང་བའི་ཚོགས་ཀྱིས་ཡིད་འགུགས་ཤིང་། །གྲུབ་གཉིས་སྦྲང་རྩིའི་བཅུད་ཀྱིས་ཚིམ་མཛད་མ། །བཅོམ་ལྡན་འདས་མ་ཁྱོད་ལ་སྐྱབས་སུ་མཆི། །ཉོན་མོངས་ཤུགས་དྲག་ལས་ཀྱི་ཆད་པས་མནར། །རྐྱེན་ངན་ཡུལ་གྱི་འཇིགས་པ་ཆེར་མཐོང་ནས། །སྙིང་ནས་ཁྱོད་ལ་སྐྱབས་སུ་མཆི་ལགས་ན། །མྱུར་མགྱོགས་ཐུགས་རྗེའི་ཟུངས་ཤིག་རྗེ་བཙུན་མ། །དུག་ལྔ་སྐྱེས་ཀྱང་ལས་ངན་མི་གསོག་ཅིང་། །འགལ་རྐྱེན་བྱུང་ཡང་རང་ཚུགས་མི་འཆོར་བར། །རྐྱེན་ངན་བྱང་ཆུབ་ལམ་དུ་སློང་ནུས་པའི། །དྲན་ཤེས་བརྟན་པར་མཛོད་ཅིག་རྗེ་བཙུན་མ། །ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་སོལ། །འདི་ཕྱི་བར་དོའི་འཇིགས་པ་ཀུན་ལས་སྐྱོབས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་རྒྱུད་ལ། །མྱུར་དུ་འཇུག་པར་མཛོད་ཅིག་རྗེ་བཙུན་མ། །ལས་ངན་སྡིག་པའི་མུན་པ་དབྱིངས་སུ་སངས། །རྐྱེན་ངན་འཁྲུལ་བའི་སྣང་བ་སྤྲིན་བཞིན་ཡལ། །ཉམས་མྱོང་རྟོགས་པའི་ཡོན་ཏན་དབྱར་མཚོ་བཞིན། །འཕེལ་ཞིང་རྒྱས་པར་མཛོད་ཅིག་རྗེ་བཙུན་མ། །རང་སྣང་འཁྲུལ་བའི་རྟོག་པ་དབང་དུ་འདུས། །གཞན་སྣང་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །གཉིས་མེད་ཡེ་ཤེས་ལྷ་མོའི་རང་ཞལ་མཇལ། །དོན་གཉིས་མཐར་ཕྱིན་མཛོད་ཅིག་རྗེ་བཙུན་མ། །སྐྱབས་གནས་ཀུན་འདུས་བླ་མ་རྗེ་བཙུན་མས། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་གཏོང་བར། །སྲིད་ཞིའི་འཇིག་པ་ཀུན་ལས་བསྐྱངས་ནས་ནི། །མྱུར་དུ་ཁྱོད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་པ་འདིའང་རྩང་ཆེན་གོས་ཀྱི་དབེན་གནས་སུ་བློ་གྲོས་གཞན་ཕན་ཟླ་བས་སྦྱར་བ་དགེའོ།། །།


previousརྗེ་བཙུན་རིག་བྱེད་དབང་མོ་ལ་བསྟོད་པ་ཡིད་འཕྲོག་མ།next